Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 6 / 19 (50.000 ký tự/trang)
་པ་དང་།
སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པར་བསྒོམས་པའི་ཏིང་ངེ་འཛིན་ལ་བརྟེན་ནས་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་རྣམས་ལ་མི་རྟག་པ་དང་། སྟོང་པ་དང་། བདག་མེད་པར་བསམ་སྟེ། གཏན་ལ་ཕབ་ནས་མི་རྟག་པ་དང་། སྟོང་པ་ལ་སོགས་པའི་དོན་ལ་ཐེ་ཚོམ་མེད་པར་གྱུར་པ་ནི་
ཆོས་ལ་སེམས་པ་ཤིན་ཏུ་ངེས་པ་ཞེས་བྱ་སྟེ། འདིས་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ཆོས་ལ་ངེས་པར་སེམས་པ་ཐོབ་པ་བསྟན་ཏེ། འདི་ཡན་ཆད་ཚིགས་བཅད་རྐང་པ་གསུམ་གྱིས་ཚོགས་ཀྱི་ལམ་བཤད་དོ། །རྟོགས་པའི་རྒྱུ་ཅན་དོན་གྱི་རྣམ་པར་རྟོག །ཅེས་བྱ་བ་ལ། ཕྱིའི་དངོས་པོའི་

གཟུགས་དང་སྒྲ་ལ་སོགས་པ་དང་། སྣམ་བུ་ལ་སོགས་པ་ནི་དོན་གྱི་རྣམ་པ་ཞེས་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས། ཆོས་ལ་ངེས་པར་སེམས་པ་ཐོབ་པ་དེས། །དེའི་རྗེས་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་འདི་དག་ཐམས་ཅད་ཀྱི་རྒྱུ་ལས་བྱུང་བ་ཡིན་
ཏེ། སེམས་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་རྟོགས་པའི་རྒྱུ་ཅན་དོན་གྱི་རྣམ་པར་རྟོག་པ་ཞེས་བྱ་སྟེ། འདིས་ཡིད་ཀྱི་རྟོག་པ་ལས་དོན་དུ་སྣང་བར་ཁོང་དུ་ཆུད་པ་དེ་སྟོན་ཏོ། །དེ་ལྟར་རྟོགས་པ་ཡང་མོས་པས་སྤྱོད་པའི་ས་དྲོད་ཀྱི་དུས་སྣང་བ་ཐོབ་པའི་
ཏིང་ངེ་འཛིན་གྱི་དུས་ན་རྟོག་པ་སྟོན་ཏོ། །རྟོག་པ་ཙམ་དུ་དོན་རྣམས་དེས་རིག་ནས། །དེས་སྣང་སེམས་ཙམ་ལ་ནི་རབ་ཏུ་གནས། །ཞེས་བྱ་བའི་རྐང་པ་གཉིས་ཀྱིས་བསྡུས་པའི་དོན་ནི། དོན་རྣམས་སེམས་ལས་སྣང་བ་མཐོང་བ་དང་། །དེ་ནས་སེམས་ཙམ་ལ་གནས་པ་དེ་སྟོན་ཏོ། །དོན་
རྣམས་ཞེས་བྱ་བ་ནི་གཟུགས་དང་སྒྲ་ལ་སོགས་པ་གཟུང་བའི་ཆོས་རྣམས་ལ་བྱ་སྟེ། གཟུང་བའི་ཆོས་རྣམས་སེམས་ལས་ཇི་ལྟར་བྱུང་ཞིང་སྐྱེ་བ་མངོན་སུམ་དུ་གྱུར་པ་ནི་རྟོག་པ་ཙམ་དུ་དོན་རྣམས་དེས་རིག་བྱས་ཏེ། ཚིག་དེས་དོན་རྣམས་ལ་སྣང་བ་མཐོང་བར་བསྟན་ཏོ། །འདི་ནི་ངེས་
པར་འབྱེད་པའི་ཕྱོགས་སྤྱི་བོའི་དུས་དེ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཏོ། །དེ་སྣང་བ་ཞེས་བྱ་བའི་རྣམ་པར་ཤེས་པ་ལ་སྣང་བའི་གཟུང་བའི་ཆོས་རྣམས་ལ་བྱ་སྟེ། གཟུང་བའི་ཆ་སྤངས་ནས་གཟུང་བ་དང་བྲལ་བའི་སེམས་ཙམ་གྱི་ཆོས་ལ་གནས་པ་ནི་སེམས་ཙམ་ལ་རབ་ཏུ་གནས་པར་
བྱ་སྟེ། འདིས་ནི་སེམས་ཙམ་ལ་གནས་པ་བསྟན་ཏོ། །འདིས་ནི་ངེས་པར་འབྱེད་པའི་ཕྱོགས་བཟོད་པའི་དུས་ཏེ་དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཏོ། །འདི་ཡན་ཆད་སྦྱོར་བའི་ལམ་བསྟན་ཏོ། །ཆོས་ཀྱི་དབྱིངས་ཀྱང་ཤིན་ཏུ་མངོན་སུམ་དུ་གྱུར་ཅེས་བྱ་བ་
ལ། དེ་ནས་ངེས་པར་འབྱེད་པའི་ཏིང་ངེ་འཛིན་གྱི་ཆའི་འོག་ཏུ་ས་དང་པོ་མཐོང་བའི་ལམ་བསྐྱེད་ནས། མཐོང་བའི་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནས་གཉིས་ཀྱི་མཚན་དང་རྣམ་པར་བྲལ། །ཞེས་བྱ་བ་ལ། མཐོང་

བའི་ལམ་ལ་ཆོས་ཀྱི་དབྱིངས་མངོན་སུམ་དུ་གྱུར་པ་དང་། དེ་ནས་གཟུང་བའི་སྒྲིབ་པའི་མཚན་ཉིད་དང་ཡང་བྲལ་འཛིན་པའི་སྒྲིབ་པའི་མཚན་ཉིད་དང་ཡང་བྲལ་ཏེ། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ལ་གནས་སོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་མཐོང་བའི་ལམ་
བསྟན་ཏོ། །ད་ནི་ཚིགས་སུ་བཅད་པ་གསུམ་པས་མཐོང་བའི་ལམ་ན་ཆོས་ཀྱི་དབྱིངས་ཇི་ལྟར་མངོན་སུམ་དུ་འགྱུར་བའི་རྒྱུ་དང་ཐབས་བསྟན་ཏོ། །དེ་བས་ན། སེམས་ལ་གཞན་མེད་པར་ནི་བློས་རིག་ནས། །དེ་ཕྱིར་སེམས་ཀྱང་མེད་པར་ཤིན་ཏུ་རྟོགས། །ཞེས་བྱ་བ་ལ་སོགས་པའི་
ཚིགས་སུ་བཅད་པ་གཅིག་སྨོས་སོ། །འདི་ལྟར་བཟོད་པའི་དུས་ན་གཟུང་བའི་སྒྲིབ་པ་སྤངས་པ་དང་། འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་གཟུང་བ་མེད་ན་འཛིན་པ་མེད་དོ་ཞེས་རྟོགས་ཏེ། ཇི་ལྟར་ཞེ་ན། བུམ་པ་དང་སྣམ་བུ་ལ་སོགས་པ་འདི་དག་ནི་སེམས་ལས་ལོགས་ཤིག་ན་ཡོད་པ་
མ་ཡིན་ནོ་ཞེས་ཁོང་དུ་ཆུད་དོ། །དེ་ལྟར་ཕྱིའི་ཡུལ་མེད་པས་འདི་ལ་དམིགས་པའི་སེམས་ཀྱང་མེད་དོ་ཞེས་རྟོགས་ཏེ་གཟུང་བ་མེད་ན་འཛིན་པ་ཡོད་པར་མི་རིགས་པའི་ཕྱིར་རོ། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་
ཞེས་བྱ་སྟེ། འཇིག་རྟེན་གྱི་ཆོས་མཆོག་གི་ཚེ་གཟུང་བ་དང་འཛིན་པ་གཉིས་མེད་པར་ཁོང་དུ་ཆུད་ནས་གཟུང་འཛིན་གྱི་སྒྲིབ་པ་སྤངས་པ་དང་དེ་མ་ཐག་ཏུ་མཐོང་བའི་ལམ་བསྐྱེད་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ཏེ། དེ་མ་
ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་བྱ་བ་ལ། དེ་ལྟར་འཇིག་རྟེན་གྱི་ཆོས་མཆོག་གི་རྗེས་ལ་མཐོང་བའི་ལམ་སྐྱེས་ནས་མཐོང་བའི་མཐོང་ལམ་ན་གཟུང་བ་དང་འཛིན་པ་གཉིས་དང་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས་ཏེ། མཐོང་
བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་སོ་ཞེས་བྱ་བའི་དོན་ཏོ། །བློ་དང་ལྡན་པ་རྟག་པར་ཐམས་ཅད་དུ། །མཉམ་སོང་མི་རྟོག་ཡེ་ཤེས་རྟོགས་དག་གིས། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཞི་པས་བསྒོམ་པའི་ལམ་སྟོན་ཏེ། བློ་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའོ། །

བྱང་ཆུབ་སེམས་དཔའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་དུག་སྨན་ཆེན་པོ་ལྟར་སྒྲིབ་པའི་དུག་སེལ་ཏོ་ཞེས་བྱ་བར་སྦྱར་རོ། །རྟག་པར་ནི་ས་གཉིས་ནས་ས་བཅུ་མན་ཆད་རྒྱུན་དུ་སྒྲིབ་པ་སྤོང་ངོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་ཐམས་ཅད་དང་ནང་གི་
དངོས་པོ་ཐམས་ཅད་ལ་ཞེས་བྱ་བའི་དོན་ཏོ། །མཉམ་པར་སོང་བ་ཞེས་བྱ་བ་ནི་ཕྱིའི་དངོས་པོ་ལ་སྟོང་པར་མཐོང་བ་དེ་བཞིན་དུ་ནང་གི་དངོས་པོ་ལ་ཡང་སྟོང་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །གཟུང་བ་ལ་ཡང་མི་རྟོག །འཛིན་པ་ལ་ཡང་མི་རྟོག་པས་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ།
ཡེ་ཤེས་དེའི་མཐུས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་གནས་ཉེས་པ་བསགས་པས་ཁྲོད་སྟུག་པོ། །དུག་སྨན་ཆེན་པོ་ལྟ་བུར་དུག་སེལ་ཏོ། །ཞེས་བྱ་བ་ལ། དེའི་སྒྲས་ནི་བསྒོམ་པའི་ལམ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །གནས་ནི་བྱང་ཆུབ་སེམས་དཔའི་སེམས་
ཀུན་གཞི་རྣམ་པར་ཤེས་པ་གཞན་གྱི་དབང་གི་མཚན་ཉིད་ལ་བྱའོ། །ཉེས་པ་ནི་ཀུན་གཞི་ལ་ཡོད་པའི་ཉོན་མོངས་པའི་སྒྲིབ་པ་དང་གཟུང་འཛིན་གྱི་བག་ཆགས་ལ་བྱའོ། །བསགས་པ་ནི་འཁོར་བ་ཐོག་མ་མེད་པའི་དུས་ནས་བག་ཆགས་སེམས་ལ་ཞེན་པར་བྱས་པའོ། །བག་ཆགས་དེ་ཡང་
ཤེས་པར་བྱ་བ་དཀའ་ཞིང་སྤང་བར་བྱ་བ་དཀའ་སྟེ། ཕྲ་བས་ན་ཁྲོད་སྟུག་པོ་ཞེས་བྱའོ། །དུག་སྨན་ཆེན་པོ་སྨན་གང་ཐིགས་པ་འགའ་ཙམ་དུག་གི་བུམ་པར་ལྷུང་ན་དུག་ཐམས་ཅད་སྨན་དུ་འགྱུར་བ་དང་། བསྣམས་པ་ཙམ་གྱིས་ཀྱང་དུག་སེལ་བར་བྱེད་པ་སྟེ། དཔེར་ན་དུག་སྨན་ཆེན་
པོ་བསྣམས་པ་དང་། མྱངས་པས་དུག་ཐམས་ཅད་མེད་པར་བྱེད་པ་དེ་བཞིན་དུ་བསྒོམ་པའི་ལམ་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་ཕྲ་མོ་ལ་སོགས་པ་དུག་དང་འདྲ་བར་བསལ་ནས་གཞན་དུ་འགྱུར་ཏེ། སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་
ཤེས་མངོན་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡིད་ཀྱི་རྟོག་པས་ཆོས་དེ་དག་གི་དོན་རབ་ཏུ་སྣང་བས་ཞེས་བྱ་བ་ལ་སོགས་པ་ལ་སེམས་ལས་བུམ་པ་དང་སྣམ་བུ་ལ་སོགས་པ་དེ་དག་སྣང་བར་ཟད་ཀྱི་སེམས་ལས་མ་གཏོགས་པར་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་ཅིང་ཡིད་ཆེས་པའི་

དོན་ཏོ། །འདི་ནི་དྲོད་ཀྱི་དུས་དང་སྦྱར་རོ། །གྲངས་མེད་པ་རབ་དབྱེའི་དུས་ཀྱིས་དེའི་ཕ་རོལ་ཡོངས་སུ་རྫོགས་པས་ན་མཐའ་ཡས་པས་ཕ་རོལ་ཏོ་ཞེས་བྱ་བ་ལ། མཐའ་ཡས་པའི་སྒྲ་ནི་བསྐལ་པའི་གྲངས་རབ་ཏུ་དབྱེ་བའི་དུས་དང་སྦྱར་ཏེ། བསྐལ་པ་གྲངས་
མེད་པ་གཅིག་གི་བར་དུ་བསྒྲུབས་པས་ན་མཐའ་ཡས་པ་ཞེས་བྱའོ། །དེའི་རྗེས་ལ་ས་དང་པོ་ཐོབ་པ་ན་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དོན་རྣམས་ཡིད་ཀྱི་རྟོགས་པ་ཙམ་རིག་ནས། །ཞེས་བྱ་བ་ལ། གཟུང་བ་ལ་སོགས་པ་དངོས་པོ་གཟུང་བའི་ཆ་རྣམས་སེམས་ལས་འབྱུང་བར་མངོན་སུམ་
དུ་མཐོང་ཞེས་བྱ་བའི་དོན་ཏོ། །འདི་ནི་སྤྱི་བོའི་དུས་སོ། །འདི་ལྟ་བུར་སྣང་བའི་སེམས་ཙམ་ལ་གནས་ཏེ་ཞེས་བྱ་བ་ལ། གཟུང་བ་དང་འཛིན་པ་ལྟ་བུར་སྣང་བ་ལས་གཟུང་བའི་ཆ་སྤངས་ནས་འཛིན་པའི་ཆ་ཙམ་ལ་གནས་པ་སྟེ། འདི་ནི་བཟོད་པའི་དུས་སོ། །དེ་ཡན་ཆད་ཆོས་ཀྱི་
དབྱིངས་མངོན་སུམ་དུ་འགྱུར་རོ་ཞེས་བྱ་བ་དང་། དྲོད་དང་རྩེ་མོ་དང་། བཟོད་པ་སྐྱེས་པའི་དུས་ལ་མཐོང་བའི་ལམ་སྐྱེས་ནས་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གསུམ་པས་ནི་ཇི་ལྟར་ཆོས་ཀྱི་དབྱིངས་དེ་མངོན་སུམ་དུ་རིག་པ་སྟོན་ཏོ་ཞེས་བྱ་བ་ལ། ཚིགས་
སུ་བཅད་པ་གསུམ་པས་ནི་ཐབས་གང་དང་རྒྱུ་གང་གིས་མཐོང་བའི་ལམ་སྐྱེས་ན་ཆོས་ཀྱི་དབྱིངས་མངོན་སུམ་དུ་བྱེད་པའི་རྒྱུ་སྟོན་ཏེ། དེ་ཡང་འཇིག་རྟེན་གྱི་ཆོས་མཆོག་གི་ཏིང་ངེ་འཛིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཞི་པས་ནི་བསྒོམ་པའི་ལམ་ནི་གནས་ཡོངས་སུ་རྗེས་པས་དོན་དམ་པའི་ཡེ་
ཤེས་ལ་འཇུག་པར་སྟོན་ཏོ་ཞེས་བྱ་བ་ལ། ཚིགས་སུ་བཅད་པ་བཞི་པས་ནི་བསྒོམ་པའི་ལམ་སྟེ་ས་གཉིས་པ་ནས་ས་བཅུ་མན་ཆད་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་སྟེ། གནས་གཞན་དུ་གྱུར་ནས་སངས་རྒྱས་ཀྱི་ས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །རྟག་པར་ཞེས་བྱ་བ་ནི་ས་གཉིས་པ་ནས་ས་བཅུ་མན་ཆད་རྒྱུན་དུ་སྒྲིབ་པ་སྤོང་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དབང་གི་ངོ་བོ་ཉིད་དེ་ལ་མཉམ་དུ་སོང་སྟེ་ཞེས་བྱ་བ་ནི་ཉོན་མོངས་པའི་བག་ཆགས་དང་། གཟུང་འཛིན་གྱི་བག་ཆགས་ཀྱིས་ཀུན་གཞི་ལ་ཁྱབ་པར་གནས་ཞེས་བྱ་

བའི་དོན་ཏོ། །རིང་དུ་ཞུགས་པ་ཞེས་བྱ་བ་ནི་བག་ཆགས་དེ་དག་ཐམས་ཅད་ཀྱང་འཁོར་བ་ཐོག་མ་མེད་པ་ནས་བསགས་བསགས་པ་ཡང་སྤོངས་ཤིང་བསལ་དཀའ་ཞེས་བྱ་བའི་ཐ་ཚིག་གོ། །དོན་དམ་པའི་ཡེ་ཤེས་ཀྱི་ཆེ་བའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དོན་དམ་པའི་ཡེ་ཤེས་ནི་རྣམ་
པར་མི་རྟོག་པའི་ཡེ་ཤེས་ཏེ། ཡེ་ཤེས་དེའི་ཆེ་བའི་བདག་ཉིད་བསྟན་པ་དང་། ཆེ་བའི་བདག་ཉིད་བསྟན་པའི་སྒོ་ནས་མཐར་ཐུག་པའི་ལམ་ཡང་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐུབ་པས་གསུངས་པའི་ཆོས་ལེགས་པར་གཞག་པ་ཞེས་བྱ་བ་དེ་ལ།
ཐུབ་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཏེ། ལུས་དང་ངག་ཡིད་གསུམ་གྱི་སྒོ་ནས། སྡིག་པ་མི་དགེ་བ་མི་མཛད་པས་ཐུབ་པར་ཐུབ་པའོ། །ཐུབ་པ་དེས་གསུངས་པ་ནི་ཐུབ་པ་དེས་བཤད་ཅེས་བྱ་བའི་དོན་ཏོ། །ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཏེ་ཆོས་དེ་དག་ནི་ཐོག་མར་
ཡང་དགེ། །བར་དུ་ཡང་དགེ། །ཐ་མར་ཡང་དགེ། །ཚིག་བཟང་པོ། །དོན་བཟང་པོ། །ལེགས་པར་གཞག་པ་ཞེས་བྱ་སྟེ། ཆོས་དེ་དག་གི་དོན་དམ་པ་ལ་བློ་གྲོས་གཞག་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རྩ་བའི་ཆོས་ཀྱི་དབྱིངས་ལ་བློ་གྲོས་གཞག །ཅེས་བྱ་བ་ལ། དོན་དམ་པའི་
ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་མདོ་སྡེ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་ནས་དམིགས་པར་བྱེད་པའི་སེམས་ནི་རྩ་བའི་སེམས་ཞེས་བྱའོ། །སེམས་དེ་ལ་རྩ་བའི་སེམས་ཞེས་བྱ་བར་ཅི་མངོན་ཞེ་ན། མདོ་སྡེ་རྒྱན་གྱི་གཙུག་ལག་ཉིད་ལས་འབྱུང་བར་
མངོན་ཏེ། འདིའི་རྗེས་སུ་བསྟན་པ་དང་། བཤད་པའི་སྐབས་ལས། དེ་བས་མདོ་སྡེ་ལ་སོགས་པའི། །ཆོས་གཉིས་སྟོན་པ་དེ་ལ་ནི། །དང་པོ་ཉིད་དུ་བརྟུལ་ཞུགས་པས། །མདོ་སོགས་མིང་ལ་སེམས་གཞག་བྱ། །ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གསུམ་གྱིས་སེམས་
རྣམ་པ་དྲུག་བཤད་དེ། དྲུག་གང་ཞེ་ན། རྩ་བའི་སེམས་དང་། རྗེས་སུ་དཔྱོད་པའི་སེམས་དང་། རྣམ་པར་དཔྱོད་པའི་སེམས་དང་། རྗེས་སུ་འཛིན་པའི་སེམས་དང་། ཀུན་དུ་བསྡུས་པའི་སེམས་དང་། རྗེས་སུ་སྟོན་པའི་སེམས་སོ་ཞེས་བཤད་དོ། །དེ་ལ་རྩ་བའི་སེམས་གང་ཞེ་ན། གང་

མདོ་སྡེ་ལ་སོགས་པའི་མིང་ལ་དམིགས་པ་སྟེ། མདོ་དང་ལུང་དུ་བསྟན་པའི་སྡེ་ལ་སོགས་པའི་ཆོས་ལ། མདོ་སྡེ་འདིའི་མིང་ནི་ལང་ཀར་གཤེགས་པ་ཞེས་བྱ་སྟེ། མདོ་སྡེ་འདིའི་མིང་ནི་ས་བཅུ་པ་ཞེས་བྱ་ཞེས་བྱ་བ་ལ་སོགས་པ་མདོ་སྡེ་རྣམས་
ཀྱི་མིང་ལ་དམིགས་པ་ནི་རྩ་བའི་སེམས་ཞེས་བྱའོ། །ཡང་ན་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ཀྱི་མིང་དང་། ཚིག་དང་ཡི་གེ་རྣམས་ལ་སོ་སོར་མི་དམིགས་པར་ཐེག་པ་ཆེན་པོའི་ཆོས་ཐམས་ཅད་ཀྱི་དོན་ཐམས་ཅད་གཅིག་ཏུ་བཟླུམས་པ་ནས་དེ་ལ་དམིགས་པར་བྱེད་པའི་སེམས་ལ་རྩ་
བའི་སེམས་ཞེས་བྱའོ། །བློ་གྲོས་ཞེས་བྱ་བ་ནི་ཤེས་རབ་ལ་བྱ་སྟེ། རྩ་བའི་སེམས་དང་འབྲེལ་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལ་དམིགས་ཤིང་ཆོས་ཀྱི་དབྱིངས་ལ་བསྒོམ་པ་དང་། ཆོས་ཀྱི་དབྱིངས་ལ་སེམས་པར་བྱེད་པ་ནི་ཆོས་ཀྱི་དབྱིངས་བློས་གཞག་པ་ཞེས་བྱ་སྟེ། དྲན་རྒྱུད་
རྟོག་པ་ཙམ་རིག་བརྟན་པ་དག །ཅེས་བྱ་བ་ལ། རྩ་བའི་སེམས་དང་འབྲེལ་པའི་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ལ་དམིགས་པའི་དུས་ན། སེམས་ཀྱི་རྒྱུད་ལས་དང་པོ་ཕུལ་དུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པའི་ཆོས་ལ་སེམས་ཤིང་དྲན་པ་ཡང་དག་སེམས་
ལས་བྱུང་བ་དང་སེམས་ཙམ་དུ་རིག་ནས་སེམས་ཙམ་མོ་སྙམ་དུ་རྟོག་པ་དེ་ཡང་སྤངས་ཏེ། དེ་ལ་ཡང་མི་རྟོག་པ་ནི་བརྟན་པ་ཞེས་བྱ་སྟེ། དེ་ལྟར་དུ་སེམས་དཔའ་བྱང་ཆུབ་སེམས་དཔའ་དེ་མཐར་འདི་ལྟར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མྱུར་དུ་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ། །ཞེས་
བྱ་བ་ལ། ཡོན་ཏན་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་མྱུར་དུ་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ་སྟེ། མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །དེ་ཁོ་ནའི་སྐབས་བཤད་པ་
རྫོགས་སོ།། །།དེ་ཁོ་ནའི་སྐབས་བཤད་པའི་རྗེས་ལ། མཐུའི་མཚན་ཉིད་ཀྱི་སྐབས་བཤད་པར་ཅིས་འབྲེལ་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་རྣམ་པ་གཉིས་བྱ་བ་ཡིན་ཏེ། བདག་གི་དོན་དང་གཞན་གྱི་དོན་ཏོ། །དེ་ལ་རང་ཉིད་ཀྱིས་སངས་རྒྱས་ཀྱི་

ཆོས་ཡོངས་སུ་རྫོགས་པར་བྱ་བ་ནི་བདག་གི་དོན་ཏོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ནི་གཞན་གྱི་དོན་ཏོ། །དེ་ལ་བདག་གི་དོན་དེ་ཁོ་ན་ཁོང་དུ་ཆུད་པར་གྱུར་ན་སངས་རྒྱས་ཀྱི་ཆོས་ཡོངས་སུ་རྫོགས་པར་འགྱུར་རོ། །དེ་ནས་དེ་ཁོ་ན་ཁོང་དུ་ཆུད་པའི་འོག་ཏུ་སེམས་ཅན་ཡོངས་སུ་
སྨིན་པར་བྱ་བའི་ཕྱིར་འཕྲུལ་གྱི་མིག་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་བསྒྲུབས་པས་ནི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ། འཕྲུལ་གྱི་མིག་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་དེ་ཡང་སྐབས་ཀྱི་མངོན་པར་རྟོགས་པ་དང་མཐར་ཐུག་པའི་མངོན་པར་རྟོགས་པ་
གཉིས་ཀྱིས་འགྲུབ་སྟེ། དེ་བས་ན་དེ་ཁོ་ནའི་རྗེས་ལ་མཐུའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་ནི་དེ་ཁོ་ནའི་དོན་ཡིན་པར་བཤད། བདག་ཉིད་ཀུན་ནས་ཉོན་མོངས་པ་མེད་པས་ཀྱང་དབང་པོ་མ་ཐོབ་པ་དང་སེམས་ཅན་རྣམས་
གདུག་ཅིང་དགུག་པར་མི་ནུས་པར་བྱང་ཆུབ་སེམས་དཔའ་སྐྱོ་བ་སྐྱེས་ཏེ། དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྐྱོ་བར་མི་འགྱུར་བར་ཐབས་བསྟན་པའི་ཕྱིར། དེ་ཁོ་ནའི་རྗེས་ལ་མཐུའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གང་ལ་བསླབ་པར་བྱ་བ་ལ་རྣམ་པ་བདུན་དུ་
གཞག་པ་ལས་དེ་ཁོ་ནའི་སྐབས་ཀྱི་རྗེས་ལ་མཐུ་སྨོས་པ་བཞིན་ཏེ་བཤད་དགོས་པའི་ཕྱིར། དེ་ཁོ་ནའི་འོག་ཏུ་མཐུའི་སྐབས་བཤད་པར་འབྲེལ་ཏོ། །མཐུའི་སྐབས་འདི་ལ་དོན་རྣམ་པ་དྲུག་འབྱུང་སྟེ། མཐུའི་མཚན་ཉིད་རབ་ཏུ་དབྱེ་བ་དང་། མཐུའི་རྒྱུ་དང་། མཐུའི་འབྲས་
བུ་དང་། མཐུའི་ལས་དང་། མཐུའི་ལྡན་པ་དང་། མཐུའི་རབ་ཏུ་དབྱེ་བའོ། །མཐུའི་མཚན་ཉིད་རབ་ཏུ་དབྱེ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མཐུ་ནི་འཕྲུལ་གྱི་མིག་ནས་ཟག་པ་ཟད་པ་མངོན་པར་ཤེས་པའི་བར་དུ་མངོན་པར་ཤེས་པ་དྲུག་ལ་བྱ་སྟེ། མངོན་པར་ཤེས་
པ་དྲུག་གི་མཚན་ཉིད་དང་རང་བཞིན་གང་ཡིན་པ་ལས་བརྩམས་ཏེ། ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །སྐྱེ་བ་ཞེས་བྱ་བ་ལ། འདིར་འཆི་བ་མ་སྨོས་སུ་ཟིན་ཀྱང་། གང་ན་དུད་པ་ཡོད་པ་དེ་ན་མེ་ཡོད་པར་གདོན་མི་ཟ་བ་བཞིན་དུ་སྐྱེ་བ་ཡོད་ན་འཆི་བ་གདོན་མི་ཟ་བར་

འབྱུང་ལ། འཆི་བ་ཡོད་ན་ཡང་སྐྱེ་བ་གདོན་མི་ཟ་བར་འབྱུང་བས་དོན་གྱི་ཤུགས་ཀྱིས་འཆི་བ་ཡང་བསྟན་པ་ཡིན་པར་རིག་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་འདི་ནས་ཤི་ནས་གནས་ཆེ་གེ་མོ་ཞིག་ཏུ་སྐྱེ་སྟེ། དེ་ནས་ཤི་ནས་ཀྱང་གནས་ཆེ་
གེ་མོ་ཞིག་ཏུ་སྐྱེ་ཞེས་བྱ་བ་ནས། སངས་མ་རྒྱས་པ་དང་མྱ་ངན་ལས་མ་འདས་པའི་བར་དུ་སེམས་ཅན་གྱི་སྐྱེ་བ་དང་། འཆི་བ་ཤེས་ཏེ། འདི་ནི་འཆི་བ་དང་སྐྱེ་བ་ཤེས་པའི་མངོན་པར་ཤེས་པའོ། །ངག་ཅེས་བྱ་བ་ལ་སེམས་ཅན་ཤི་འཕོས་ནས་ལྷ་དང་མི་དང་། སེམས་ཅན་དམྱལ་བ་དང་།
བྱོལ་སོང་ལ་སོགས་པའི་ལམ་རྒྱུད་ལྔ་དེ་དང་དེ་དག་ཏུ་སྐྱེ་བའི་ཚིག་ཅི་དང་ཅི་སྨྲས་པ་ཤེས་ཤིང་ཐོས་ཏེ། འདི་ནི་ལྷའི་རྣ་བའི་མངོན་པར་ཤེས་པའོ། །སེམས་ཤེས་བྱ་བ་ལ། སེམས་འདི་ནི་འདོད་ཆགས་དང་བཅས། འདི་ནི་འདོད་ཆགས་དང་བྲལ། འདི་ནི་ཞེ་སྡང་དང་བཅས།
འདི་ནི་ཞེ་སྡང་དང་བྲལ་ཞེས་བྱ་བ་ལ་སོགས་པ་སེམས་ཅན་གྱི་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་ཤེས་པ་ནི་སེམས་ཤེས་པ་ཞེས་བྱ་སྟེ། འདི་ནི་སེམས་ཀྱི་རྣམ་གྲངས་མངོན་པར་ཤེས་པའོ། །དགེ་བ་དང་མི་དགེ་བ་སྐྱེད་ཅེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱིས་འཁོར་བ་ཐོག་མ་མེད་པ་
ནས་དགེ་བ་ཅི་བྱས་པ་དང་། མི་དགེ་བ་ཅི་བྱས་པ་ཤེས་ཏེ། སེམས་ཅན་འདིས་ཚེ་རབས་སྔ་མ་འདིའི་ཚེ་ན་ནི་སྦྱིན་པ་བྱས་པས་སྦྱིན་པའི་བག་ཆགས་དང་ལྡན། ཚེ་རབས་སྔ་མ་འདིའི་ཚེ་ན་ནི་ཚུལ་ཁྲིམས་བསྲུངས་པས་ཚུལ་ཁྲིམས་ཀྱི་བག་ཆགས་དང་ལྡན་པ་ཞེས་བྱ་བ་ལ་སོགས་པ་ཚེ་
རབས་སྔ་མ་ལ་ཅི་དང་ཅི་བྱས་པའི་བག་ཆགས་ཤེས་པ་དང་། དེ་བཞིན་དུ་སེམས་ཅན་འདིས་ཚེ་སྔ་མ་འདིའི་ཚེ་ན་ནི་སྲོག་བཅད་པ་བྱས་པས་སྲོག་གཅོད་པའི་བག་ཆགས་དང་ལྡན་ཞེས་བྱ་བ་ལ་སོགས་པ་ཚེ་རབས་སྔ་མ་ལ་མི་དགེ་བ་ཅི་དང་ཅི་བྱས་པའི་བག་ཆགས་ཤེས་པ་ནི་དགེ་བ་དང་
མི་དགེ་བ་སྐྱེད་པ་ཞེས་བྱ་སྟེ། འདི་ནི་སྔོན་གྱི་གནས་མངོན་པར་ཤེས་པའོ། །དེའི་གནས་དང་ཞེས་བྱ་བ་ལ། དེའི་གནས་ནི་དེ་བཞིན་གཤེགས་པ་རྣམས་བཞུགས་པའི་སངས་རྒྱས་ཀྱི་ཞིང་དང་། སེམས་ཅན་རྣམས་གནས་པའི་འཇིག་རྟེན་གྱི་ཁམས་ལ་བྱ་སྟེ། དེ་བཞིན་གཤེགས་

པ་ལ་མཆོད་པའི་ཕྱིར་རྫུ་འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་བྱ་བ་ཤེས་པ་དང་། སེམས་ཅན་འདུལ་བར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཁམས་དེ་དང་དེ་དག་ཏུ་རྫུ་འཕྲུལ་གྱིས་འགྲོ་བར་བྱ་བ་ཤེས་པ་ནི་དེའི་གནས་ཤེས་པ་ཞེས་བྱ་སྟེ། འདི་ནི་རྫུ་འཕྲུལ་གྱི་ཡུལ་མངོན་པར་ཤེས་
པའོ། །འབྱུང་བ་ཞེས་བྱ་བ་ལ། འབྱུང་བ་ནི་ཐབས་གང་གིས་བདག་དང་སེམས་ཅན་གཞན་འཁོར་བ་ལས་ཐར་པར་བྱ་སྟེ། དེ་ཤེས་པ་ནི་འབྱུང་བ་ཤེས་པ་སྟེ། དེ་ནི་ཟག་པ་ཟད་པ་མངོན་པར་ཤེས་པ་ཞེས་བྱའོ། །མངོན་སུམ་གང་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་པོ་
དེ་དག་ཀྱང་། སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་བཞིན་དུ་གསལ་བར་མངོན་སུམ་དུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཀུན་འགྲོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་འཇིག་རྟེན་གྱི་ཁམས་ཀུན་དུ་ཡང་འཇུག་ལ་དུས་གསུམ་ཀུན་དུ་ཡང་འབྱུང་བས་ན་ཀུན་དུ་
འགྲོ་བ་ཞེས་བྱའོ། །རབ་ཏུ་ཐར་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་རེ་རེ་ཞིང་ཡང་སེམས་ཅན་གྱི་དོན་དུ་རྣམ་པ་དུ་མར་བྱ་བ་ལ་ཐོགས་པ་མེད་ཅེས་བྱ་བའི་དོན་ཏོ། །བསྟན་པ་ཐོབ་པའི་དུས་ནི་ཐོག་མ་མེད། །ཅེས་བྱ་བ་ལ། བསྟན་པ་ཐོབ་པ་ནི་བྱང་ཆུབ་སེམས་དཔའོ། །མཐུ་ནི་བྱང་ཆུབ་
སེམས་དཔའི་དེ་དག་གི་མངོན་པར་ཤེས་པ་དྲུག་ལ་བྱའོ། །ཐོགས་པ་མེད་པ་ནི་མངོན་པར་ཤེས་པ་དེ་དག་འཇིག་རྟེན་གྱི་ཁམས་ཀུན་དུ་འཇུག་པ་དང་། དུས་ཐམས་ཅད་དུ་འབྱུང་བས་ཐོགས་པ་མེད་པ་སྟེ། འདི་ནི་ཉན་ཐོས་དང་རང་སངས་རྒྱས་དང་། འཇིག་རྟེན་གྱི་དྲང་སྲོང་གི་མངོན་
པར་ཤེས་པས་ཀྱང་འཕགས་པ་སྟོན་ཏོ། །ཅིའི་ཕྱིར་ཞེ་ན། དེ་དག་གི་མངོན་པར་ཤེས་པ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་འཇུག་པ་དང་། དུས་ཐམས་ཅད་དུ་མི་འབྱུང་བས་ཐོགས་པ་དང་བཅས་པའོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཞེས་བྱ་བ་ནི། བྱང་ཆུབ་སེམས་
དཔའི་མངོན་པར་ཤེས་པ་རྣམས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དོན་དྲུག་པོ་དེ་དག་རབ་ཏུ་དབྱེ་བ་དང་བཅས་པ་ཞེས་བྱ་བ་ནི་མངོན་པར་ཤེས་པ་དྲུག་པོ་དེ་དག་གཅིག་ལ་ཡང་དུ་མར་སྤེལ་བར་མངོན་སུམ་དུ་བྱ་བ་ལ། བྱང་ཆུབ་

སེམས་དཔའ་རྣམས་ཐོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཐུ་མངོན་པར་ཤེས་པས་བསྡུས་པའོ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་པོ་དེ་ནི། བྱང་ཆུབ་སེམས་དཔའི་མཐུ་ཞེས་བྱ་སྟེ་མངོན་པར་
ཤེས་པ་དྲུག་ཏུ་རྟོགས་པ་ཉིད་ལ་བྱང་ཆུབ་སེམས་དཔའི་ཞེས་བྱ་བའོ་ཞེས་བྱ་བའི་དོན་ཏོ། །མཐུའི་མཚན་ཉིད་རྣམ་པར་དབྱེ་བའི་རང་བཞིན་གྱི་དོན་གསུངས་སོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་མཐུའི་མཚན་ཉིད་རྣམ་པ་དྲུག་ཏུ་དབྱེ་བའི་སྒོ་ནས་བྱང་ཆུབ་སེམས་དཔའི་
མཐུའི་རང་བཞིན་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །རྒྱུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་གི་མཚན་ཉིད་དང་དབྱེ་བ་བཤད་ནས། རྒྱུ་གང་གིས་མངོན་པར་ཤེས་པ་དྲུག་ཐོབ་པར་འགྱུར་བའི་རྒྱུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་
སྟེ། རྒྱུ་རྣམ་པ་གསུམ་གང་ཞེ་ན་བསམ་གཏན་བཞི་པ་ལ་གནས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་དང་། ཇི་ལྟར་རྣམ་པར་གཞག་པ་ཡིད་ལ་བྱེད་པའོ། །བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་བྱ་བ་ལ། གཟུགས་ཀྱི་ཁམས་ཀྱི་བསམ་
གཏན་བཞི་པ་སྟེ། བསམ་གཏན་དང་པོ་དང་། བསམ་གཏན་གཉིས་པ་དང་། བསམ་གཏན་གསུམ་པ་དང་། བསམ་གཏན་བཞི་པའོ། །ཤིན་ཏུ་དག་པ་ནི་སྲེད་པ་ཤས་ཆེར་བསྒོམས་པ་དང་། ང་རྒྱལ་ཤས་ཆེར་བསྒོམས་པ་དང་། ཐེ་ཚོམ་ཤས་ཆེར་བསྒོམས་པ་མེད་པའོ། །
ཡང་ན་ཐོད་རྒལ་དང་། ལུགས་སུ་བསྒོམས་པ་དང་། ལུགས་སུ་མི་བསྒོམས་པ་ཐོབ་པ་ནི་དག་པ་ཞེས་བྱའོ། །ཡང་ན་ཉེས་པ་བརྒྱད་སྤངས་པ་ནི་དག་པ་སྟེ། ཉེས་པ་བརྒྱད་པོ་གང་ཞེ་ན། དབུགས་རྔུབ་པ་དང་། འབྱུང་བ་དང་། རྟོག་པ་དང་། དཔྱོད་པ་དང་། བདེ་བ་དང་།
སྡུག་བསྔལ་བ་དང་། ཡིད་བདེ་བ་དང་། མི་བདེ་བའོ། །ཐོབ་ནས་ཞེས་བྱ་བ་ནི་བསམ་གཏན་བཞི་པ་དག་གནས་དེ་ལ་བརྟེན་ནས་ཞེས་བྱ་བའི་དོན་ཏོ། །མི་རྟོག་ཡེ་ཤེས་ཡོངས་སུ་གཟུང་བ་དང་། །ཞེས་བྱ་བ་ནི་བསམ་གཏན་བཞི་པ་ལ་གནས་པའི་ཚེ། གཟུང་འཛིན་ལ་མི་རྟོག་

པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་འབྲེལ་དེས་ཀྱང་ཡོངས་སུ་ཟིན་ཞེས་བྱ་བའི་དོན་ཏོ། །རྣམ་པར་གཞག་བཞིན་ཡིད་ལ་བྱེད་པ་ལས། །ཞེས་བྱ་བ་ནི་དེའི་ཚེ་ཅི་ཞིག་ཡིད་ལ་བྱེད་ཅེ་ན། རྒྱུ་གང་དང་གང་གིས་མངོན་པར་ཤེས་པ་གང་དང་གང་ཐོབ་པར་འགྱུར་བའི་རྒྱུ་མདོ་སྡེ་ལས་
བཤད་དེ་རྣམ་པར་གཞག་པ་དེ་ཡིད་ལ་བྱེད་པ་བས་མངོན་པར་ཤེས་པ་ཐོབ་པར་འགྱུར་ཏེ། དེའི་རྒྱུ་ཡང་མདོ་སྡེ་ལས་འཕྲུལ་གྱི་མིག་གིས་མངོན་པར་ཤེས་པ་ཐོབ་པར་འདོད་པས་ཕྱོགས་ཐམས་ཅད་སྣང་བས་ཁྱབ་པར་མོས་ཤིང་ཡིད་ལ་གྱིས་ཤིག །དེ་གསུངས་པ་དང་། རྫུ་
འཕྲུལ་མངོན་པར་ཤེས་པ་ཐོབ་པར་འདོད་པས་ལུས་ཡང་པར་མོས་ཤིང་ཡིད་ལ་གྱིས་ཤིག་ཅེས་གསུངས་པ་ལྟ་བུའོ། །མཐུ་གྲུབ་པ་ཡི་དམ་པ་ཐོབ་པར་འགྱུར་བ་དང་། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པ་དྲུག་ནི་ཉན་ཐོས་དང་རང་སངས་རྒྱས་དང་། འཇིག་
རྟེན་པའི་མངོན་པར་ཤེས་པ་བས་འཕགས་པས་ན་དམ་པ་ཞེས་བྱ་བ་སྟེ། བསམ་གཏན་བཞི་པ་ལ་ནི་གནས། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་མི་ལྡན། ཇི་ལྟར་རྣམ་པར་གཞག་པའི་ཆོས་ཡིད་ལ་བྱས་ནས་མཐུ་རྣམ་པ་དྲུག་ཐོབ་པ་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །
འབྲས་བུའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་མངོན་པར་ཤེས་པ་དྲུག་གི་རྒྱུ་བཤད་ནས། མངོན་པར་ཤེས་པ་དྲུག་གི་འབྲས་བུ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ། །མངོན་པར་ཤེས་པ་དྲུག་གི་འབྲས་བུ་ཡང་རྣམ་པ་གསུམ་སྟེ། དཔེ་མེད་ཅིང་རྒྱ་ཆེ་
བའི་སྤྱོད་པ་ཤིན་ཏུ་གནས་པ་དང་། སངས་རྒྱས་ལ་མཆོད་པ་བྱེད་པ་དང་། སེམས་ཅན་འདྲེན་པར་བྱེད་པའོ། །གང་གིས་འཕགས་དང་འཕྲུལ་དང་ཚངས་པ་ཡི། །དཔེ་མེད་རྒྱ་ཆེན་སྤྱད་པ་ཤིན་ཏུ་གནས། །ཞེས་བྱ་བས་དཔེ་མེད་པ་རྒྱ་ཆེན་པོ་སྤྱོད་པས་གནས་པ་བསྟན་ཏེ། དེ་ལ་
འཕགས་པའི་གནས་པ་ནི་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པས་གནས་པའི་བདེན་པ་བཞིས་གནས་པའམ་ས་དང་ཕ་རོལ་ཏུ་ཕྱིན་པས་གནས་པའོ། །འཕྲུལ་གྱི་གནས་པ་ནི་གཟུགས་ཀྱི་ཁམས་བསམ་གཏན་བཞི་པ་ལ་གནས་པའམ། གཟུགས་མེད་པའི་སྙོམས་པར་

འཇུག་པ་བཞི་ལ་གནས་པའོ། །ཚངས་པའི་གནས་པ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་གནས་པའོ། །དེ་ལ་ཡང་རྣམ་པར་ཐར་པ་གསུམ་ལས་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལས་འཕགས་པ་དག་ཕལ་ཆེར་གནས་སོ། །
བདེན་པ་བཞི་ལས་ཀྱང་འགོག་པའི་སྙོམས་པར་འཇུག་པ་ལ་འཕགས་པ་དག་ཕལ་ཆེར་གནས་སོ། །གཟུགས་དང་གཟུགས་མེད་པའི་ཏིང་ངེ་འཛིན་ལས་ཀྱང་འཕགས་པས་བསམ་གཏན་བཞི་པ་ལ་གནས་པ་དག་ཕལ་ཆེར་གནས་སོ། །ཚད་མེད་པ་བཞི་ལས་ཀྱང་སྙིང་རྗེ་ཆེན་པོ་
ལ་འཕགས་པ་དག་ཕལ་ཆེར་གནས་སོ། །ཕྱོགས་སུ་དེ་སོང་སངས་རྒྱས་སེམས་ཅན་དག །ཡང་དག་མཆོད་ཅིང་རྣམ་དག་འགུགས་པར་བྱེད། །ཅེས་བྱ་བ་ལ། མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ཏུ་སོང་ནས་སངས་རྒྱས་
བཅོམ་ལྡན་འདས་ལ་མཆོད་པ་བྱེད་དེ། འདིས་ནི་སངས་རྒྱས་མཆོད་པའི་འབྲས་བུ་བསྟན་ཏོ། །གཞན་ཡང་རྫུ་འཕྲུལ་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དག་ཏུ་སོང་ནས་འཕུར་བ་དང་འབར་བ་ལ་སོགས་པའི་སྒོ་ནས་སེམས་ཅན་འགུགས་ཏེ། དགེ་བ་ལ་འཇོག་པར་
བྱེད་དེ་འདིས་ནི་སེམས་ཅན་འདྲེན་པའི་འབྲས་བུ་བསྟན་ཏོ། །ལས་རྣམ་པ་དྲུག་གི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་བཞིའོ་ཞེས་བྱ་བ་ལ། མངོན་པར་ཤེས་པའི་འབྲས་བུ་བསྟན་ནས་ད་ཚིགས་སུ་བཅད་པ་བཞིས་མངོན་པར་ཤེས་པ་དྲུག་གི་ལས་འཆད་དེ། ལས་
རྣམ་པ་དྲུག་གོ། །མཐོང་བའི་ལས་དང་། སྟོན་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་གཉིས་སྒྱུ་མ་ལྟ་བུར་ཁོང་དུ་ཆུད་པ་ནི་
མཐོང་བའི་ལས་སོ། །དབང་བཅུ་དང་ལྡན་པས་སེམས་ཅན་རྣམས་ལ་འཕུར་བ་དང་། འབར་བ་ལ་སོགས་པ་དང་། འཇིག་རྟེན་གྱི་ཁམས་སུ་འཇིག་པ་དང་། ཆགས་པ་སྟོན་པ་ནི་སྟོན་པའི་ལས་ཞེས་བྱ་སྟེ། ལས་དེ་གཉིས་བསྟན་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་

ཞེས་བྱ་བའི་དོན་ཏོ། །སེམས་ཅན་བཅས་པ་སྐྱེ་དང་འཇིག་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ་མ་འདྲ་བར་མཐོང་། །ཞེས་བྱ་བ་ལ། མངོན་པར་ཤེས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་སྣོད་ཀྱི་འཇིག་རྟེན་དང་སེམས་ཅན་དུ་བཅས་པ་སྐྱེས་ཏེ། འཇིག་རྟེན་གྱི་ཁམས་
འཆགས་པ་དང་། འཇིག་སྟེ་བསྐལ་པའི་ས་སྦྱོང་བ་ན་སྒྱུ་མ་དང་འདྲ་བར་མཐོང་ངོ་། །ཇི་ལྟར་ཞེ་ན། དཔེར་ན་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་ལ་སོགས་པ་རང་བཞིན་གྱིས་སྟོང་ཞིང་མེད་ཀྱང་སྐྱེ་བར་ཡང་སྣང་བ་དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་
གཉི་ག་ཡང་རང་བཞིན་གྱིས་སྟོང་སྟེ། མེད་ཀྱང་སྐྱེ་བར་སྣང་འཇིག་པར་ཡང་སྣང་བས་སྒྱུ་མ་དང་འདྲའོ་ཞེས་མཐོང་ངོ་། །འདི་ནི་མཐོང་བའི་ལས་ཏེ་ལས་རྣམ་པ་གཅིག་གོ། །དབང་ལྡན་རྣམ་པ་སྣ་ཚོགས་བཅས་པར་ཡང་། ཇི་བཞིན་འདོད་པར་དེ་དག་ཡང་དག་སྟོན། །ཞེས་བྱ་བ་
ལ། མངོན་པར་ཤེས་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ནི་དབང་དང་ལྡན་པས་རྫུ་འཕྲུལ་རྣམ་པ་སྣ་ཚོགས་ཀྱིས་སེམས་ཅན་གང་ལ་རྫུ་འཕྲུལ་གང་བསྟན་ན་འདུལ་ཞིང་དགའ་བར་འགྱུར་བ་སེམས་ཅན་གང་ལ་རྫུ་འཕྲུལ་དེ་སྟོན་ཏེ་འབར་བ་སྟོན་པས་འདུལ་བའི་སེམས་ཅན་རྣམས་
ལ་འབར་བར་སྟོན། འཕུར་བས་འདུལ་བའི་སེམས་ཅན་རྣམས་ལ་འཕུར་བ་སྟོན་པ་ལ་སོགས་པའོ། །འདི་ནི་སྟོན་པའི་ལས་ཏེ་ལས་གཉིས་པའོ། །འོད་ཟེར་གྱི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་ཕྱོགས་
བཅུར་འོད་ཟེར་སྟོན་པ་ལས་བརྩམས་ནས་ཚིགས་སུ་བཅད་པ་རྩོམ་སྟེ། དེ་ཡང་དོན་རྣམ་པ་གཉིས་ཀྱི་ཕྱིར་འོད་ཟེར་གཏོང་ངོ་། །གང་ཞེ་ན། ངན་སོང་དུ་སྐྱེས་པའི་སེམས་ཅན་སྡུག་བསྔལ་བ་རྣམས་མཐོ་རིས་སུ་དགོད་པར་བྱ་བའི་ཕྱིར་འོད་ཟེར་བཏང་བ་དང་། བདུད་ཀྱི་གནས་དང་
བདུད་རྣམས་བསྐྱོད་ཅིང་སྐྲག་པར་བྱེད་པའི་ཕྱིར་འོད་ཟེར་གཏོང་ངོ་། །འོད་ཟེར་བཏང་བས་མི་བཟད་སྡུག་བསྔལ་དང་། །ངན་སོང་བ་རྣམས་མཐོ་རིས་འགྲོ་བར་བྱེད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་དང་དབང་བཅུ་དང་ལྡན་པས་ཕྱོགས་བཅུར་འོད་

ཟེར་བཏང་བས་སེམས་ཅན་དམྱལ་བའི་གནས་ན་བཙོ་ཞིང་གཏུབས་པ་ལ་སོགས་པའི་སྡུག་བསྔལ་དང་། ཡི་དགས་ཀྱི་གནས་ན་བཀྲེས་པ་ལ་སོགས་པའི་སྡུག་བསྔལ་དང་། བྱོལ་སོང་གི་གནས་ན་གཅིག་གིས་གཅིག་གསོད་པ་ལ་སོགས་པའི་
སྡུག་བསྔལ་རྣམས་འོད་ཟེར་དེས་རེག་པ་དང་། དད་པ་སྐྱེ་ཞིང་འཕྲལ་དུ་ཡང་སྡུག་བསྔལ་ཞི་བར་བྱེད་པ་དང་། དེ་ནས་ཤི་འཕོས་ནས་ལྷ་དང་མིའི་གནས་བདེ་འགྲོར་སྐྱེ་བར་བྱེད་དེ། འདི་ནི་ལས་གསུམ་པའོ། །བདུད་གནས་གཞལ་མེད་ཁང་མཐོ་མཛེས་པ་དག། །བདུད་
བཅས་རབ་ཏུ་བསྐྱོད་ཅིང་སྐྲག་པར་བྱེད། །ཅེས་བྱ་བ་ལ། བདུད་ཀྱི་གནས་ནི་བདུད་དེ་དག་འཁོད་པའི་ཁང་ཁྱིམ་སྟེ། མཐོ་བ་ནི་རྩེག་མ་དང་རིམ་པ་དུ་མ་འདུག་པའོ། །མཛེས་པ་ནི་རིན་པོ་ཆེ་ལས་བྱས་པའོ། །བདུད་བཅས་ཞེས་བྱ་བ་ནི་བདུད་འཁོར་དང་བཅས་པ་སྟེ། འོད་ཟེར་
བཏང་སྟེ། བདུད་ཀྱི་གནས་རྣམས་ནི་བསྐྱོད། བདུད་ཀྱི་གནས་གཡོས་པས་བདུད་རྣམས་ཀྱང་སྐྲག་པར་བྱེད་དེ། འདི་ནི་ལས་བཞི་པའོ། །རྣམ་པར་རོལ་པའི་ལས་དང་སྤྲུལ་པའི་ལས་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། རྣམ་པར་རོལ་པ་ནི་ནམ་མཁའ་
མཛོད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ལ་སོགས་པ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་འཇུག་པའོ། །སྤྲུལ་པའི་ལས་ནི་སེམས་ཅན་གྱི་དོན་དུ་རྣམ་པ་གསུམ་དུ་སྤྲུལ་པར་བྱེད་དོ། །བཟོའི་གནས་སྤྲུལ་ནས་སེམས་ཅན་འདུལ་བ་དང་། སྐྱེ་བ་སྤྲུལ་ནས་སེམས་ཅན་འདུལ་
བ་དང་། དགའ་ལྡན་གྱི་ཕོ་བྲང་ནས་འཆི་བ་བསྟན་ནས་མྱ་ངན་ལས་འདས་པའི་བར་དག་སྤྲུལ་པ་བསྟན་ནས། སྤྲུལ་པའི་མཆོག་བསྟན་ནས་སེམས་ཅན་འདུལ་བར་བྱེད་པའོ། །ཏིང་འཛིན་དཔག་ཏུ་མེད་ལ་རྣམ་རོལ་ཅིང་། །མཆོག་རྣམས་འདུས་པའི་འོག་ཏུ་ཡང་དག་སྟོན། །
ཅེས་བྱ་བ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་པ་ནི་ཚོགས་རྣམས་འདུས་པ་ཞེས་བྱ་སྟེ། དེ་བཞིན་གཤེགས་པ་དང་བྱང་ཆུབ་སེམས་དཔའ་གཙོ་བོ་ཚོགས་པའི་དབུས་སུ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་སྙོམས་པར་འཇུག་པ་སྟོན་པ་ནི་ཏིང་

ངེ་འཛིན་གྱིས་རྣམ་པར་རོལ་པ་ཞེས་བྱ་སྟེ། དཔེར་ན་འཕགས་པ་འཇམ་དཔལ་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའི་འཁོར་གྱི་དབུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང་། སུས་ཀྱང་ཏིང་ངེ་འཛིན་དེ་ལས་བསླང་བར་མ་ནུས་པ་དང་། བུ་མོ་ལེགས་པའི་
བློ་གྲོས་ཀྱིས་བསླང་ངོ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །འདི་ནི་རྣམ་པར་རོལ་པའི་ལས་དེ་ལས་རྣམ་པ་ལྔའོ། །ལས་དང་སྐྱེ་བ་དང་ནི་མཆོག་གི་སྤྲུལ་པས་ཀྱང་། །ཐམས་ཅད་དུས་སུ་སེམས་ཅན་དོན་བྱེད་དོ། །ཞེས་བྱ་བས་སྤྲུལ་པའི་ལས་བསྟན་ཏེ། ལས་སྤྲུལ་
པས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད། སྐྱེ་བ་སྤྲུལ་པས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད། མཆོག་གི་སྤྲུལ་པས་ཀྱང་དུས་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལས་དྲུག་དང་། དེ་ལ་རྫ་མཁན་དང་། པི་ཝང་
མཁན་ལ་སོགས་པའི་བཟོའི་གནས་རྣམ་པ་སྣ་ཚོགས་བྱེད་པར་སྤྲུལ་པ་ནི་ལས་སྤྲུལ་པ་ཞེས་བྱ་སྟེ། ལྷ་དང་ཀླུ་དང་གནོད་སྦྱིན་ནས་བྱོལ་སོང་ལ་སོགས་པའི་གནས་སུ་སྐྱེས་ནས། དེ་དག་གི་ལུས་འདྲ་བར་བསྟན་པ་ནི་སྐྱེ་བ་སྤྲུལ་པ་ཞེས་བྱའོ། །འོག་མིན་གྱི་ཕོ་བྲང་ནས་
མྱ་ངན་ལས་འདས་པའི་བར་དག་བསྟན་པ་ནི་མཆོག་གི་སྤྲུལ་པ་ཞེས་བྱའོ། །ཞིང་ཡོངས་སུ་དག་པར་བྱེད་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལས། མངོན་པར་ཤེས་པའི་ལས་དྲུག་བསྟན་ནས། ད་ནི་མངོན་པར་ཤེས་པ་དྲུག་དང་ལྡན་པ་རྣམས་སངས་རྒྱས་
ཀྱི་ཞིང་རྣམ་པ་གཉིས་དག་པར་བྱེད་དོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཞིང་རྣམ་པ་གཉིས་ནི་སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་ནོ། །ཞིང་རྣམས་འདོད་པ་བཞིན་དུ་བསྟན་པའི་ཕྱིར། །ཡེ་ཤེས་ལ་ཡང་དབང་བས་
དག་པ་ཐོབ། །ཅེས་བྱ་བ་འདི་སྣོད་ཀྱི་འཇིག་རྟེན་དག་པར་བྱེད་པ་སྟོན་ཏེ། དེ་ཡང་གང་གིས་དག་པར་བྱེད་པ་དང་། གང་དག་པར་བྱེད་པ་སྟེ་རྣམ་པ་གཉིས་སོ། །བྱང་ཆུབ་སེམས་དཔའ་དབང་བཅུ་ཐོབ་པ་སྟེ། དབང་བཅུ་ལ་ཡེ་ཤེས་ཀྱི་དབང་གིས་སངས་རྒྱས་ཀྱི་ཞིང་

རྣམས་དང་ཤེལ་གྱི་ཁ་དོག་ཏུ་བསྟན་ན་དགའ་བ་རྣམས་ལ་ཤེལ་གྱི་ཁ་དོག་ཏུ་སྟོན་པ་དང་། གསེར་གྱི་ཁ་དོག་ཏུ་བསྟན་ན་དགའ་བ་རྣམས་ལ་གསེར་ལ་སོགས་པའི་ཁ་དོག་ཏུ་སྟོན། དེ་དག་ཐོབ་ཅེས་བྱ་བ་ནི་དེ་ལྟར་སྟོན་ནུས་ཞེས་བྱ་བའི་ཐ་ཚིག་
གོ། །སངས་རྒྱས་མཚན་དག་མེད་པར་སངས་རྒྱས་མཚན། །ཡང་དག་བསྒྲགས་པས་དད་པས་ཁམས་གཞན་འགྱེད། །ཅེས་བྱ་བས། སེམས་ཅན་གྱི་འཇིག་རྟེན་དག་པར་བྱེད་པར་སྟོན་ཏེ། བྱང་ཆུབ་སེམས་དཔའ་མངོན་པར་ཤེས་པ་དྲུག་དང་ལྡན་པ་དེས།
འཇིག་རྟེན་གྱི་ཁམས་གང་ན་ཡང་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་མཚན་མི་གྲག་ཅིང་མེད་པའི་འཇིག་རྟེན་གྱི་ཁམས་དེར་དཀོན་མཆོག་གསུམ་གྱི་མཚན་གྲག་པར་བྱ་སྟེ། དད་པ་སྐྱེས་ནས་འཇིག་རྟེན་གྱི་ཁམས་གང་ན་དཀོན་མཆོག་གསུམ་ཡོད་པའི་འཇིག་རྟེན་
གྱི་ཁམས་དེར་སྐྱེ་བ་ལ་འཇོག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ལྡན་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་གི་ལས་དང་། མངོན་པར་ཤེས་པ་དྲུག་གི་སངས་རྒྱས་ཀྱི་ཞིང་དག་པར་བྱེད་པ་བསྟན་ནས། །ད་ནི་མངོན་པར་
ཤེས་པ་དྲུག་ཡོད་པ་དེ་ཡོན་ཏན་དང་ལྡན་པ་བསྟན་པའི་དོན་ཏེ། དེ་ཡང་སེམས་ཅན་སྨིན་པར་བྱེད་ནུས་པར་བྱེད་པ་དང་ལྡན་པ་དང་། རབ་ཏུ་བསྔགས་པ་དང་ལྡན་པ་དང་། ཚིག་གཟུང་བར་འོས་པ་དང་ལྡན་པ་སྟེ་རྣམ་པ་གསུམ་དང་ལྡན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་
ཅན་སྨིན་བྱེད་ནུས་པར་འགྱུར་བ་ནི། །ཇི་ལྟར་འདབ་མ་རྒྱས་པའི་བྱ་བཞིན་དུ། །ཞེས་བྱ་བ་ལ། སེམས་ཅན་སྨིན་པར་བྱེད་ནུས་པ་དང་ལྡན་པ་བསྟན་ཏེ། དཔེར་ན་བྱ་འདབ་གཤོག་རྫོགས་ཤིང་རྒྱས་པ་ནམ་མཁའ་ལ་འགྲོ་བ་ན་ཆེན་པོ་འབད་པ་མེད་པར་དགའ་མགུར་འགྲོ་
ཞིང་ནམ་འཕང་གཅོད་པ་དེ་བཞིན་དུ་མངོན་པར་ཤེས་པ་དྲུག་དང་ལྡན་པ་གཅིག་ཏུ་འབད་པ་མེད་པར་བསྡུ་བའི་དངོས་པོ་བཞིས་སེམས་ཅན་བསྡུས་ནས་མི་དགེ་བ་ལས་བཟློག་པས་དགེ་བ་ལ་གཞག་པ་ལ་སོགས་པའི་དགེ་བའི་སྒོ་ནས་སེམས་ཅན་སྨིན་པར་བྱེད་ནུས་སོ་ཞེས་བྱ་བའི་

དོན་ཏོ། །སངས་རྒྱས་ལས་ཀྱང་ཤིན་ཏུ་བསྔགས་པ་ཐོབ། །ཅེས་བྱ་བས་རབ་ཏུ་བསྔགས་པ་དང་ལྡན་པ་བསྟན་ཏེ། མངོན་པར་ཤེས་པ་དང་ལྡན་ན་སེམས་ཅན་སྨིན་པར་བྱེད་ལ་དེ་བཞིན་གཤེགས་པ་ལ་འདྲི་ཞིང་ཞུ་བ་རྣམས་ཀྱང་ཕྱིན་ཅི་མ་ལོག་པར་འདྲི་བས་ཇི་
སྐད་དུ་མདོ་སྡེ་དག་ལས་རིགས་ཀྱི་བུ་ཁྱོད་ཀྱིས་མདོ་ཞུ་བ་ཞུས་པ་དང་དྲི་བ་དྲིས་པ་ལེགས་སོ་ལེགས་སོ་ཞེས་བྱ་བ་ལ་སོགས་པའི་བསྔགས་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྐྱེ་དགུ་རྣམས་ལ་ཚིག་གཟུང་འོས་པར་འགྱུར། །ཞེས་བྱ་བས། ཚིག་གཟུང་
བར་འོས་པ་དང་ལྡན་པ་བསྟན་ཏེ། མངོན་པར་ཤེས་པ་དང་ལྡན་ན་གཞན་གྱི་སེམས་དང་མཐུན་པར་ཚིག་སྨྲ་བ་དང་། རྫུ་འཕྲུལ་རྣམ་པ་སྣ་ཚོགས་བསྟན་ནས་སེམས་ཅན་མགུ་བར་བྱས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དེའི་ཚིག་སེམས་ཅན་ཐམས་ཅད་ཀྱིས་མི་གཅོག་
ཅིང་ཇི་སྐད་བསྒོ་བ་བཞིན་དུ་ཉན་དུ་བཏུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འཇུག་པའི་དོན་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ལྡན་པའི་དོན་བསྟན་ནས་མངོན་པར་ཤེས་པ་དྲུག་དང་ལྡན་པའི་སེམས་ཅན་བྱང་ཆུབ་སེམས་དཔའ་རྣམས་མཐུ་རྣམ་པ་
དྲུག་གིས་སེམས་ཅན་གྱི་དོན་ལ་ཇི་སྐད་འཇུག་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །མངོན་ཤེས་དྲུག་དང་ཞེས་བྱ་བ་ལ། མངོན་པར་ཤེས་པ་དྲུག་ནི་འཕྲུལ་གྱི་མིག་གི་མངོན་པར་ཤེས་པ་ནས་ཟག་པ་ཟད་པ་མངོན་པར་ཤེས་པའི་བར་དུ་
དྲུག་སྟེ། འདི་ནི་མཐུ་རྣམ་པ་གཅིག་གོ། །རིག་པ་གསུམ་ཞེས་བྱ་བ་ལ། རིག་པ་གསུམ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པ་དང་། འཆི་འཕོ་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ། སྔོན་གྱི་གནས་རྗེས་སུ་དྲན་པའི་རིག་པས་ནི་སྔོན་གྱི་དུས་ལ་མཁས་སོ། །འཆི་
འཕོའི་རིག་པས་ནི་ཕྱི་མའི་དུས་ལ་མཁས་སོ། །ཟག་པ་ཟད་པའི་རིག་པས་ནི་ད་ལྟར་གྱི་དུས་ལ་མཁས་པ་སྟེ། འདི་ནི་མཐུ་རྣམ་པ་གཉིས་སོ། །རྣམ་ཐར་བརྒྱད་དང་ཞེས་བྱ་བ་ལ། རྣམ་པར་ཐར་པ་བརྒྱད་ནི་གཟུགས་ཅན་གཟུགས་ལ་ལྟ་བ་སྟེ། རྣམ་པར་ཐར་པ་དང་པོའོ། །

ནང་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་ལ་ལྟ་བ་སྟེ། རྣམ་པར་ཐར་པ་གཉིས་སོ། །བཟང་པོའི་རྣམ་པར་ཐར་པ་ལུས་ཀྱི་མངོན་སུམ་དུ་བྱས་ནས་གནས་ཏེ་རྣམ་པར་ཐར་པ་གསུམ་པའོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་།
རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅུང་ཟད་མེད་པའི་སྐྱེ་མཆེད་དང་། ཅུང་ཟད་མེད་མིན་སྐྱེ་མཆེད་དང་། འགོག་པའི་སྙོམས་པར་འཇུག་པ་དང་བརྒྱད་དེ། འདི་ནི་རྣམ་པ་གསུམ་མོ། །དེ་བཞིན་ཟིལ་གནོན་བརྒྱད་ཅེས་བྱ་བ་ལ། ཟིལ་གྱིས་གནོན་པའི་སྐྱེ་
མཆེད་ཀྱང་བརྒྱད་དེ་གང་ཞེ་ན། ནང་གཟུགས་ཀྱི་འདུ་ཤེས་ལ། ཕྱིའི་གཟུགས་རྣམས་ལ། ཆུང་བ་དང་། ཁ་དོག་བཟང་པོ་དང་། ཁ་དོག་ངན་པ་དང་། གྱ་ནོམ་པར་མཐོང་སྟེ། གཟུགས་དེ་དག་ཀྱང་ཟིལ་གྱིས་མནན་ནས་མངོན་པར་ཤེས་པ་ཟིལ་གྱིས་མནན་ནས་
མཐོང་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་པོའོ། །དེ་བཞིན་དུ་ནང་གཟུགས་ཀྱི་འདུ་ཤེས་ལ། ཕྱིའི་གཟུགས་རྣམས་ལ་ཆེན་པོར་མཐོང་སྟེ། འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གཉིས་པའོ། །ནང་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་རྣམས་
ལ་ལྟ་སྟེ། ཆུང་ངུའོ་ཞེས་བྱ་བ་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་གསུམ་པའོ། །ནང་གཟུགས་མེད་པའི་འདུ་ཤེས་ལ་ཕྱིའི་གཟུགས་རྣམས་ལ་ལྟ་སྟེ། ཆེན་པོའོ་ཞེས་བྱ་བ་འདི་ནི་ཟིལ་གྱིས་གནོན་པའི་སྐྱེ་མཆེད་བཞི་པའོ། །དེའི་སྟེང་དུ་སྔོན་པོ་དང་། སེར་པོ་
དང་། དམར་པོ་དང་། དཀར་པོ་བསྣན་ཏེ་བརྒྱད་དེ་འདི་ནི་མཐུ་རྣམ་པ་བཞིའོ། །ཐམས་ཅད་སྐྱེ་མཆེད་བཅུ་དང་ཞེས་བྱ་བ་ལ། ཐམས་ཅད་སྐྱེ་མཆེད་བཅུ་ནི་ས་དང་། ཆུ་དང་། མེ་དང་། རླུང་སྟེ་འབྱུང་བ་ཆེན་པོ་བཞི་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་
པོ་སྟེ་ཁ་དོག་བཞི་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་གཉིས་ཀྱིས་བསྣན་ཏེ་བཅུའོ། །འདི་ནི་མཐུ་རྣམ་པ་ལྔའོ། །དཔག་ཏུ་མེད་པའི་ཏིང་ངེ་འཛིན་རྣམས་ནི། །ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དཔག་ཏུ་མེད་པ་

རྣམས་ཀྱང་བྱང་ཆུབ་སེམས་དཔའི་མཐུ་ཡིན་ཏེ། དེ་ཡང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལ་སོགས་པ་སྟེ། འདི་ནི་མཐུ་རྣམ་པ་དྲུག་གོ། །བརྟན་པ་ཐོབ་པའི་མཐུ་ཞེས་བྱ་བ་ལ། གོང་དུ་བཤད་པ་དྲུག་པོ་དེ་དག་ནི། བྱང་ཆུབ་
སེམས་དཔའ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་མཐུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་རྣམ་པར་དབྱེ་བའི་མཚན་ཉིད་ཀྱི་དོན་དྲུག་གི་མཐུ་བཤད་ནས། དེའི་ཆེ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། མཐུ་རྣམ་པ་དྲུག་ཏུ་ཕྱེ་བའི་སྒོ་ནས་
མཐུ་རྣམ་པ་དྲུག་གིས་བྱང་ཆུབ་སེམས་དཔའི་མཐུ་ནི་དྲུག་ཡིན་ནོ་ཞེས་བཤད་ནས། ད་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་ཆེ་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། ཆེ་བ་ཡང་རྣམ་པ་གསུམ་མོ། །གང་ཞེ་ན། དབང་གི་ཆེ་བ་དང་། དགའ་བའི་ཆེ་བ་དང་། སྲིད་པ་ནི་
མི་འཇིགས་པའི་ཆེ་བའོ། །དེ་ནི་དབང་གི་མཆོག་རྣམས་ཐོབ་པའི་བློ། །འགྲོ་བ་དབང་མེད་རང་དབང་བཀོད་རྟག་ཏུ། །ཞེས་བྱ་བ་ལ། དབང་གི་ཆེ་བ་བསྟན་ཏེ། མངོན་པར་ཤེས་པ་དྲུག་པའི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་དོན་ཏོ། །མཐུ་རྣམ་པ་དྲུག་ཐོབ་པའམ་དབང་
རྣམ་པ་བཅུ་ཐོབ་པའམ་ཡེ་ཤེས་རྣམ་པར་དག་པ་ལ་དབང་ཐོབ་པས་ན་དབང་གི་མཆོག་ཐོབ་པའི་བློ་ཞེས་བྱ་བ་དེ། བློ་ནི་ཤེས་རབ་ལ་བྱའོ། །སེམས་ཅན་རྣམས་ལས་དང་ཉོན་མོངས་པའི་དབང་དུ་སོང་ནས་ཚེ་འདིར་ཡང་ལས་དང་ཉོན་མོངས་པས་གར་དྲངས་པར་འཇུག་
པས་ན་རང་དབང་མེད་པ་དང་། ཚེ་རབས་གཞན་དུ་ཡང་ལས་དང་ཉོན་མོངས་པས་གང་དུ་འཕངས་པར་མི་འདོད་བཞིན་དུ་འགྲོ་དགོས་པས་ན་རང་དབང་མེད་པ་སྟེ། རང་དབང་མེད་པའི་སེམས་ཅན་དེ་དག་རྫུ་འཕྲུལ་བསྟན་ཏེ། དད་པ་སྐྱེས་ནས་དགེ་བ་ལ་བཀོད་པས་ན་རང་དབང་
བཀོད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཀྱི་དབང་དུ་བྱས། །ཞེས་བྱ་བའི་དོན་ཏོ། །རྟག་ཏུ་གཞན་ལ་ཕན་བྱ་གཅིག་ཏུ་མངོན་པར་དགའ། །ཞེས་བྱ་བས་དགའ་བའི་ཆེ་བ་བསྟན་ཏེ། བདག་གི་དོན་དུ་མི་སེམས་པར་དུས་ཐམས་ཅད་དུ་ཡང་སེམས་ཅན་གཞན་ལ་

ཕན་པ་དང་བདེ་བར་བྱ་བ་འབའ་ཞིག་ལ་མོས་ཤིང་དེ་འབའ་ཞིག་སེམས་པས་ན་གཞན་ལ་ཕན་པར་བྱ་བར་རྣམ་པར་དགའ་བ་ཞེས་བྱའོ། །སེང་གེ་བཞིན་དུ་རབ་བརྟན་སྲིད་ན་སྤྱོད། །ཅེས་བྱ་བས་སྲིད་པ་ན་མི་འཇིགས་པའི་ཆེ་བ་བསྟན་ཏེ། དཔེར་
ན་སེང་གེ་ནགས་དང་ནགས་ཀྱི་འདབ་ན་ཕུག་དང་རི་ལ་སོགས་པ་ན་གནས་ཤིང་རྒྱུ་བའི་ཚེ། རི་དགས་གང་གིས་ཀྱང་མི་འཇིགས་པར་གནས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བརྟན་པ་ཐོབ་པ་རྣམས་སེམས་ཅན་གྱི་དོན་དུ་ཁམས་གསུམ་ལ་གནས་པའི་ཚེ་ཡང་བདུད་དང་
མུ་སྟེགས་ལ་སོགས་པ་གང་གིས་ཀྱང་མི་འཇིགས་ཤིང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པས་གོས་སུ་དོགས་པའི་འཇིགས་པ་ཡང་མེད་པར་ཡོད་དོ་ཞེས་བྱ་བའི་དོན་ཏོ། །མཐུའི་སྐབས་བཤད་པ་རྫོགས་སོ།། །།མཐུའི་སྐབས་བཤད་པའི་
རྗེས་ལ། ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་ཐེག་པ་སྒྲུབ་པའི་སྐབས་སུ། རྒྱ་ཆེའི་ཕྱིར་དང་ཟབ་པའི་ཕྱིར། །ཡོངས་སུ་སྨིན་དང་རྣམ་མི་རྟོག །འདི་ལ་གཉིས་ནི་བསྟན་པའི་ཕྱིར། །དེ་ནི་བླ་ན་མེད་པའི་ཐབས། །ཞེས་བཤད་དེ།
མཐུ་རྒྱ་ཆེན་པོ་བཤད་པ་མཐོང་བས་ནི་སེམས་ཅན་ཡོངས་སུ་སྨིན་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་སྒོ་ནས་མཐུ་མཐོང་བ་དང་། དེ་ལ་ཚོགས་པ་སྐྱེས་ནས་ཐོབ་པར་བྱ་བའི་ཕྱིར་འབད་པར་བྱེད་དེ། དེ་ནི་མཐུ་ཉིད་ཀྱི་སྐབས་སུ་བཤད་ཟིན་ཏོ། །ཟབ་པ་བཤད་པས་ནི་རྣམ་
པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་སྒོ་ནས་བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་འགྱུར་ཏེ། དེའི་ཕྱིར་ཡོངས་སུ་སྨིན་པའི་སྐབས་བཤད་པས་ནི་མཐུའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་
སྐྱོ་བ་མེད་པའི་ཐབས་ཡིན་པར་བཤད། འཁོར་བ་ན་གནོད་པ་དང་། སྡུག་བསྔལ་རྣམ་པ་སྣ་ཚོགས་ཀྱིས་སྐྱོ་བ་མེད་པར་དུས་རིང་པོར་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པས་ན། དགེ་བའི་ཆོས་

རྣམས་རྒྱ་ཆེར་འཕེལ་བར་འགྱུར་ཏེ། དེ་བས་ན་དགེ་བའི་ཆོས་རྒྱ་ཆེར་འཕེལ་བར་བྱེད་པའི་ཐབས་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད་དེ། དེའི་ཕྱིར་མཐུའི་འོག་ཏུ་ཡོངས་སུ་སྨིན་པར་བྱེད་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་གང་ལ་བསླབ་པར་བྱ་བའི་
རྣམ་པ་བདུན་བཤད་པ་ལས་མཐུའི་རྗེས་ལ་བདག་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་སྨོས་པས་ན་དེ་བཤད་པའི་སྐབས་སུ་བབ་པའི་ཕྱིར། མཐུའི་རྗེས་ལ་ཡོངས་སུ་སྨིན་པའི་སྐབས་བཤད་པར་འབྲེལ་ཏོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་
སྨིན་པར་བསྡུ་བའི་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཡོངས་སུ་སྨིན་པ་རྣམ་པ་གཉིས་ལ་བདག་ཡོངས་སུ་སྨིན་པ་འཆད་དེ་ཡོངས་སུ་སྨིན་ཞེས་བྱ་བ་ནི། དཔེར་ན་ནམ་ཤིང་ཏོག་བཟའ་བར་རུང་བའི་དུས་ན་ཡོངས་སུ་སྨིན་པ་ཞེས་བྱ་བ་དང་། ཁ་ཟས་བཟའ་བར་རུང་བའི་དུས་ན་
ཡོངས་སུ་སྨིན་པ་ཞེས་བྱ་བ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ནམ་དགའ་བ་དང་དད་པ་ལ་སོགས་པ་ཡོན་ཏན་དུ་ཤེས་པ་ཆེན་པོ་དང་ལྡན་ན་བྱང་ཆུབ་སེམས་དཔའི་ཡོངས་སུ་སྨིན་པར་འགྱུར་བ་ཞེས་བྱའོ། །དེ་ལ་ཡང་དང་པོའི་ཚིགས་བཅད་གཅིག་གིས་ནི་ཡོངས་སུ་སྨིན་
པའི་དོན་མདོར་བསྟན་པའོ། །གྲོགས་མཆོག་ཅེས་བྱ་བ་ལ་སོགས་པ་ཚིགས་བཅད་ལྷག་མས་ནི་གོང་མའི་དོན་གཉིས་ཞིབ་ཏུ་འཆད་པས་ན་ཚིགས་བཅད་དང་པོ་ནི་བསྡུས་པའི་ཚིགས་སུ་བཅད་པ་ཞེས་བྱའོ། །དགའ་ཞིང་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ཟབ་ཅིང་
རྒྱ་ཆེན་པོ་འབྱུང་བ་བདག་དང་གཞན་གྱི་དོན་དུ་བསྟན་པ་དེ་འབའ་ཞིག་ལ་དགའ་ཞིང་དེ་ལ་འདོད་པ་ཡོད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཆོས་ལ་འདོད་པ་མེད་ན་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་སྨིན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །དད་པ་ཞེས་བྱ་བ་ལ་
ཐེག་པ་ཆེན་པོའི་གང་ཟག་དགེ་བའི་བཤེས་གཉེན་རྣམས་ལ་འདི་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་སྟོན་པར་བྱེད་པ་ཡིན་པས་ན་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་དུ་སེམས་པ་ནི་དད་པ་ཞེས་བྱ་སྟེ། དེ་ལྟ་བུའི་སེམས་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དོ། །རབ་ཞི་ཞེས་བྱ་བ་ལ་

ནམ་རང་བཞིན་གྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཤས་ཆུང་བར་གྱུར་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་སྤོང་ནུས་པའི་མཐུ་དང་ལྡན་པ་ནི་རབ་ཏུ་ཞི་བ་ཞེས་བྱ་སྟེ། དེ་ལྟ་བུའི་མཐུ་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དུ་གྱུར་པར་རིག་པར་
བྱའོ། །སྙིང་བརྩེ་བ་ཞེས་བྱ་བ་ལ། སེམས་ཅན་སྡུག་བསྔལ་བ་མཐོང་ནས་སེམས་ཅན་དེ་དག་གི་སྡུག་བསྔལ་ཇི་ལྟར་བསལ་བར་བྱ་སྙམ་དུ་སེམས་པ་ནི་སྙིང་བརྩེ་བ་ཞེས་བྱ་སྟེ། སྙིང་རྗེ་དེ་ལྟ་བུ་ཡོད་ན་ཡོངས་སུ་སྨིན་པའི་མཚན་ཉིད་དུ་རིག་པར་བྱའོ། །བཟོད་པ་དང་ནི་ཞེས་
བྱ་བ་ལ། བདག་ཉིད་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཚེ། མགོ་དང་རྐང་ལག་ལ་སོགས་པ་གཏོང་བ་དང་། གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་བྱུང་ཡང་ཉམས་སུ་ལེན་ནུས་ན་ནི་བཟོད་པ་ཞེས་བྱ་སྟེ། བཟོད་
པ་དེ་ལྟ་བུ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་ཡོངས་སུ་སྨིན་པར་འགྱུར་བར་རིག་པར་བྱའོ། །ཡིད་རྣོ་བ་ཞེས་བྱ་བ་ལ། ཆོས་རྣམས་བཤད་པའི་དུས་ན་ཡང་། དང་པོ་ཉན་པའི་དུས་ན་ཡང་དོན་དང་ཚིག་འཛིན་ནུས་ལ། དེའི་འོག་ཏུ་ཚིག་རྣམས་ནི་མི་བརྗེད་པར་ཚིག་འཛིན་ནུས།
དོན་རྣམས་ནི་མ་ནོར་བར་རྟོགས་ནུས་པ་ནི་ཡིད་རྣོ་བ་ཞེས་བྱ་སྟེ། དེ་ལྟ་བུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་རྣམས་ཡོངས་སུ་སྨིན་པར་འགྱུར་བར་རིག་པར་བྱའོ། །མཐུ་ཡོད་པ་དང་ཞེས་བྱ་བ་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཤས་ཆེར་བསགས་པས་ཉོན་མོངས་པ་
རྣམས་ཀྱིས་ཟིལ་གྱིས་མི་ནོན་ཅིང་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ནི་མཐུ་ཡོད་པ་ཞེས་བྱ་སྟེ། དེ་འདྲ་བ་དང་ལྡན་པ་ཡང་ཡོངས་སུ་སྨིན་པར་འགྱུར་བའི་མཚན་ཉིད་དོ། །མི་འཕྲོགས་པ་དང་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་གནས་པའི་
དུས་ན་བདུད་ལ་སོགས་པ་སངས་རྒྱས་ཀྱི་གཟུགས་སུ་སྤྲུལ་ཏེ། བྱང་ཆུབ་སེམས་དཔའ་སྤྱོད་པ་འདོར་དུ་བཅུག་ཀྱང་སྤྱོད་པ་མི་གཏོང་བ་དང་། མུ་སྟེགས་པས་རྣམ་པ་སྣ་ཚོགས་བཤད་དེ་གཞན་དུ་བསྒྱུར་བར་བརྩམས་ཀྱང་ལྟ་བ་མི་འགྱུར་བ་ནི་མི་འཕྲོགས་པ་ཞེས་བྱ་སྟེ། དེ་

ལྟ་བུར་གྱུར་ན་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་ནོ། །ཡན་ལག་དང་ལྡན་པ་ཞེས་བྱ་བ་ལ། ནམ་ཡོངས་སུ་སྨིན་པར་གྱུར་པ་དེ་ནི་སྤོང་བའི་ཡན་ལག་ལྔ་དང་ལྡན་ཏེ། སྤོང་བའི་ཡན་ལག་ལྔ་ནི་དད་པ་དང་། གཡོ་མེད་པ་དང་། སྒྱུ་མེད་པ་དང་། ནད་མེད་པ་དང་། གནས་
མཐུ་དང་ལྡན་པ་སྟེ། དེ་ལྔའི་དོན་ཞིབ་ཏུ་ནི་འོག་ནས་འཆད་དོ། །རབ་ཅེས་བྱ་བ་ནི་གང་དུ་བཤད་པའི་ཆོས་དགུ་པོ་ཀུན་ཀྱང་ཤས་ཆེན་པོ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་རྒྱལ་སྲས་ཡོངས་སུ་སྨིན་པའི་མཚན། །ཞེས་བྱ་བ་ནི་གོང་དུ་བཤད་པའི་ཆོས་དགུ་པོ་དེ་དག་ནི་བྱང་
ཆུབ་སེམས་དཔའ་རྣམས་ཀྱི་ཡོངས་སུ་སྨིན་པའི་མཚན་ཉིད་དེ། དེ་དགུ་དང་ལྡན་ན་བྱང་ཆུབ་སེམས་དཔའ་དེ་ཡོངས་སུ་སྨིན་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དགའ་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། གོང་དུ་ཆོས་
རྣམ་པ་དགུ་ཞིག་གླེངས་པ་ལས་དགའ་བའི་སེམས་ཇི་ཙམ་ཞིག་ཐོབ་ན། དགའ་བ་སྨིན་པར་གྱུར་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་དོན་རྣམ་པ་གསུམ་གྱིས་བསྟན་ཏེ། དགའ་བ་ཡོངས་སུ་སྨིན་པར་བྱེད་པའི་རྒྱུ་དང་། དགའ་བ་ཡོངས་སུ་
སྨིན་པའི་རང་བཞིན་དང་། དགའ་བ་ཡོངས་སུ་སྨིན་པའི་ལས་དང་གསུམ་མོ། །གྲོགས་མཆོག་ལ་སོགས་གསུམ་དང་ཞེས་བྱ་བ་ལ། གྲོགས་ནི་དགེ་བའི་བཤེས་གཉེན་ལ་བྱ་སྟེ། དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། མཉན་ནས་ཆོས་ཀྱི་
དོན་ཕྱིན་ཅི་མ་ལོག་པར་ཡིད་ལ་བྱེད་པ་ནི་གྲོགས་མཆོག་ལ་སོགས་པ་གསུམ་ཞེས་བྱ་སྟེ། འདི་ནི་དགའ་བ་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །བརྩོན་འགྲུས་ཆེ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཆོས་ཉན་པ་དང་། སེམས་པ་དང་། བསྒོམ་པ་ལ་རེས་འགའ་འཇུག་ལ་རེས་
འགའ་མི་འཇུག་པ་མ་ཡིན་གྱི། རྒྱུན་མི་འཆད་པར་འཇུག་པས་ན་བརྩོན་འགྲུས་ཆེ་བ་ཞེས་བྱའོ། །དམ་པའི་མཐར་ཕྱིན་ཞེས་བྱ་བ་ལ། བསམ་གྱིས་མི་ཁྱབ་པའི་གནས་བཞི་ལ་ཐེ་ཚོམ་དང་སོམ་ཉི་མེད་པ་ནི་དམ་པའི་ཆོས་མཐར་ཕྱིན་པ་ཞེས་བྱ་སྟེ། བསམ་གྱིས་མི་ཁྱབ་པའི་

གནས་བཞི་ནི། སེམས་ཅན་གྱི་ལས་རྣམ་པ་སྣ་ཚོགས་བསམ་གྱིས་མི་ཁྱབ་པ་དང་། སྨན་དང་སྔགས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་། དེ་བཞིན་གཤེགས་པའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་དང་། རྣལ་འབྱོར་པའི་སྤྱོད་ཡུལ་བསམ་གྱིས་
མི་ཁྱབ་པ་སྟེ། བརྩོན་འགྲུས་ཆེ་བ་དང་། དམ་པའི་མཐར་ཕྱིན་པ་དང་། གཉིས་ཀྱིས་དགའ་བ་ཡོངས་སུ་སྨིན་པའི་རང་བཞིན་བསྟན་ཏོ། །མཆོག་གི་ཆོས་ཀྱང་སྡུད་ཅེས་བྱ་བ་ལ། མཆོག་གི་ཆོས་ནི་ཐེག་པ་ཆེན་པོའི་ཆོས་ཏེ། སྡུད་ཅེས་བྱ་བ་ནི་ཐེག་པ་ཆེན་པོའི་ཆོས་
འཇིག་རྟེན་ལ་རིང་དུ་གནས་ཤིང་མི་ནུབ་པར་བྱ་བའི་ཕྱིར་སྲུང་བར་བྱེད་དེ། དེ་ཡང་ཇི་ལྟར་སྲུང་བར་བྱེད་ཅེ་ན། ཇི་ཙམ་དུ་ཐེག་པ་ཆེན་པོའི་ཆོས་འཆད་པའི་གང་ཟག་དང་། ཉན་པའི་གང་ཟག་ཡོད་པ་དེ་ཙམ་དུ་ཐེག་པ་ཆེན་པོའི་ཆོས་མ་ནུབ་པ་ཡིན་པར་ཁོང་དུ་ཆུད་པས་ཐེག་
པ་ཆེན་པོའི་ཆོས་འཆད་པ་ཡིན་པ་དང་། ཉན་པའི་གང་ཟག་རྣམས་ལ་འཚེ་བ་དང་གནོད་པ་བྱེད་པ་རྣམས་ཀྱི་སྐྱབས་བྱེད་ཅིང་ཡོ་བྱད་རྣམ་པ་སྣ་ཚོགས་ཀྱིས་སྟོན་པར་བྱེད་པའོ། །འདིས་ནི་ཡོངས་སུ་སྨིན་པའི་ལས་བསྟན་ཏོ། །དམ་ཆོས་ཆེར་གཟུང་ཕྱིར་ནི་སྙིང་རྗེ་ཅན། །ཡང་དག་
ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཅེས་བྱ་བ་ནི་དགའ་བ་ཡོངས་སུ་སྨིན་པ་བསྟན་པ་དེ་ཡང་། སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་རྣམས་ཐེག་པ་ཆེན་པོའི་ཆོས་གཟུང་ཞིང་འཇིག་རྟེན་དུ་རིང་དུ་གནས་པར་བྱ་བའི་ཕྱིར་དགའ་བ་ཡོངས་སུ་སྨིན་པར་བྱ་བ་ལ་འཇུག་སྟེ། གོང་
དུ་བཤད་པ་དེ་དག་ནི་དགའ་བ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའི་མོས་པ་ཡོངས་སུ་སྨིན་པའི་མཚན་ཉིད་དེ་ནི་ཐེག་པ་ཆེན་པོའི་ཆོས་གཟུངས་སུ་གཟུང་བའི་དབང་དུ་བྱས་པར་རིག་པར་བྱའོ། །བྱང་ཆུབ་སེམས་དཔའ་དགའ་བ་ཡོངས་
སུ་སྨིན་པ་ཡང་ཐེག་པ་ཆེན་པོའི་ཆོས་འཇིག་རྟེན་དུ་ཡུན་རིང་དུ་གནས་པའི་དོན་དུ་སྨིན་པར་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དད་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དད་པའི་ཆ་ཇི་ཙམ་ཞིག་སེམས་ལ་སྐྱེས་ན་དད་པ་ཡོངས་སུ་སྨིན་པ་ཞེས་བྱ་བ་བསྟན་པའི་

ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ། དེ་ཡང་དོན་དུ་ན། དད་པའི་རྒྱུ་ཡང་བསགས། དད་པའི་རང་བཞིན་ཡང་ཕུན་སུམ་ཚོགས། དད་པའི་ལས་དང་ཡང་ལྡན་ན། དད་པ་ཡོངས་སུ་སྨིན་ཏོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡོན་ཏན་
ཤེས་དང་ཞེས་བྱ་བ་ལ། ཡོན་ཏན་ཤེས་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡོན་ཏན་ཁོང་དུ་ཆུད་པ་སྟེ། དེ་ཡང་ཇི་ལྟར་ཁོང་དུ་ཆུད་ཅེ་ན། ཇི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ལ་
སོགས་པའི་ཡོན་ཏན་དང་ལྡན་པར་ཁོང་དུ་ཆུད་པའོ། །དེ་ལྟར་ཁོང་དུ་ཆུད་པ་ལས་དད་པ་སྐྱེ་བར་འགྱུར་བས་ན་འདི་ནི་རྒྱུ་ཡིན་ནོ། །ཡིད་ཀྱང་མི་ཕྱེད་ན་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་ཁོང་དུ་ཆུད་ནས་དེ་ཕན་ཆད་སངས་རྒྱས་ལ་
སེམས་མི་ཕྱེད་པ་དང་། ཆོས་དང་དགེ་འདུན་ལ་སེམས་མི་ཕྱེད་པ་སྟེ། འདི་ནི་དད་པ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །ཏིང་འཛིན་མྱུར་ཐོབ་དང་ཞེས་བྱ་བ་ལ། དད་པ་ཡོངས་སུ་སྨིན་པར་གྱུར་ན་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་དང་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་དཔའ་
བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་དཔག་ཏུ་མེད་པ་རྣམས་མྱུར་དུ་ཐོབ་པར་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །འབྲས་བུ་མྱོང་དང་ཞེས་བྱ་བ་ལ། འབྲས་བུ་ནི་རྫུ་འཕྲུལ་གྱི་མིག་ལ་སོགས་པའི་མངོན་པར་ཤེས་པ་དྲུག་ལ་བྱ་སྟེ། དད་པ་ཡོངས་སུ་སྨིན་ན་མངོན་པར་ཤེས་པ་དྲུག་
ཀྱང་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཏིང་ངེ་འཛིན་ཐོབ་པ་དང་འབྲས་བུ་མྱོང་བ་གཉིས་ནི་ལས་ཡིན་པར་རིག་པར་བྱའོ། །རྒྱལ་སྲས་རྣམས་ནི་སྟོན་ལ་མོས་པའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་སངས་རྒྱས་འདོད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་
རྣམས་སངས་རྒྱས་བཅོམ་ལྡན་འདས་ལ་མོས་ཤིང་དད་པར་བྱ་བའི་ཕྱིར། རྒྱུ་དང་རང་བཞིན་དང་། ལས་གསུམ་དང་ལྡན་པའི་དད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རབ་ཏུ་ཞི་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། ཞི་བ་

ནི་ཉོན་མོངས་པ་སྤོངས་ཏེ་ཉོན་མོངས་པ་ཇི་ཙམ་ཞིག་སྤངས་ན་རབ་ཏུ་ཞི་བ་སྨིན་པར་འགྱུར་བ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་སྟེ་དེ་ཡང་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་རབ་ཏུ་ཞི་བ་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་སྟོན་ཏོ། །ཤིན་ཏུ་བསྡམས་
ཤིང་ཞེས་བྱ་བ་ལ། ཤིན་ཏུ་བསྡམས་པ་ནི་དྲན་པ་དང་ཤེས་བཞིན་གྱིས་ཟིན་པས་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་རྣམས་ཡུལ་ལ་མི་འཇུག་པར་བཀག་པ་ནི་ཤིན་ཏུ་བསྡམས་པ་ཞེས་བྱ་སྟེ། དང་པོ་སྡོམ་པ་ལེན་པ་ནས་བརྩམས་ཏེ། ཟས་ལ་ཚོད་རིག་པ་དང་།
སྲོད་དང་ཐོ་རངས་ལ་མི་ཉལ་བ་དང་། དབང་པོ་བསྡམས་པ་ལ་སོགས་པའི་ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་ཐུག་པའི་ལམ་སྟེ། ལམ་འདི་དག་ནི་རབ་ཏུ་ཞི་བ་སྨིན་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཉོན་
མོངས་རྟོག་པ་སྤངས་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཉོན་མོངས་པ་ནི་རྣམ་པར་རྟོག་པ་ཡིན་ཏེ། དེ་ཡང་འདོད་ཆགས་ལ་རྟོག་པ་དང་། ཞེ་སྡང་ལ་རྟོག་པ་དང་། ཡོད་པར་རྟོག་པ་དང་། མེད་པར་རྟོག་པ་དང་། རྟག་པར་རྟོག་པ་དང་། མི་རྟག་པར་རྟོག་པ་ལ་སོགས་
པ་སྟེ། རྟོག་པ་དེ་དག་སྤངས་པ་ནི་རབ་ཏུ་ཞི་བ་ཡོངས་སུ་སྨིན་པའི་རང་བཞིན་ནོ། །བར་ཆད་མེད་ཅིང་ཞེས་བྱ་བ་ལ། འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་
བ་བསྒོམ་པ་ལ་བར་ཆད་མེད་དོ། །རྒྱུན་དུ་སྒོམ་པར་བྱེད་པ་ནི་རབ་ཏུ་ཞི་བ་ཡོངས་སུ་སྨིན་པའི་ལམ་རྣམ་པ་གཅིག་གོ། །དགེ་བ་ལ་མངོན་པར་དགའ་ཞེས་བྱ་བ་ནི་སྦྱིན་པ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བར་དྲུག་ལ་སྤྱོད་དེ་བསྒོམ་པ་ལ་རང་བཞིན་གྱིས་དགའ་བ་སྟེ། འདི་
ནི་ཡོངས་སུ་སྨིན་པའི་ལམ་རྣམ་པ་གཉིས་སོ། །རྒྱལ་བའི་སྲས་ཀྱི་ཉོན་མོངས་བསལ་བའི་ཕྱིར། །ཡང་དག་ཡོངས་སུ་སྨིན་པའི་མཚན་ཉིད་འདོད། །ཅེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པའི་ཉོན་མོངས་པ་བསལ་བའི་ཕྱིར་ཡོངས་སུ་སྨིན་

པའི་རྒྱུ་དང་། རང་བཞིན་དང་། ལས་གསུམ་ནི་བྱང་ཆུབ་སེམས་དཔའི་ཉོན་མོངས་པ་རབ་ཏུ་ཞི་བའི་མཚན་མ་ཡོངས་སུ་སྨིན་པའི་མཚན་ཉིད་ཡིན་པར་འདོད་ཅེས་བྱ་བའི་དོན་ཏོ། །སྙིང་རྗེ་ཡོངས་སུ་སྨིན་པའི་མཚན་ཉིད་ཀྱི་དབང་དུ་བྱས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ།
སེམས་ཅན་སྡུག་བསྔལ་བ་མཐོང་ན་སེམས་ཅན་སྡུག་བསྔལ་བསལ་བའི་ཕྱིར་འཇུག་པ་ནི་སྙིང་རྗེ་སྟེ་སེམས་ཀྱི་བརྩེ་བ་ཇི་ཙམ་ཞིག་སྐྱེས་ན་སྙིང་རྗེ་ཡོངས་སུ་སྨིན་པ་ཡིན་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་སྙིང་རྗེའི་རྒྱུ་དང་། རང་བཞིན་
དང་། ལས་གསུམ་དང་ལྡན་ན་སྙིང་རྗེ་ཡོངས་སུ་སྨིན་པ་སྟོན་ཏོ། །སྙིང་རྗེ་རང་བཞིན་དང་ནི་ཞེས་བྱ་བ་ལ། རང་བཞིན་གྱི་སྒྲ་ནི་རིགས་ལ་བྱ་སྟེ། སྙིང་རྗེའི་རིགས་ཅན་ཞེས་བྱ་བའི་དོན་ཏོ། །དེའང་རྣལ་འབྱོར་སྤྱོད་པའི་ས་ལས། རིགས་དང་ཁམས་དང་ས་བོན་དང་། །
རང་བཞིན་དག་ནི་དོན་གཅིག་སྟེ། །མིང་གི་རྣམ་གྲངས་ཙམ་དུ་ཟད། །ཅེས་བྱ་བ་བཤད་དོ། །གཞན་སྡུག་མཐོང་བ་ཞེས་བྱ་བ་ལ། སེམས་ཅན་གཞན་དག་སྐྱེ་བ་དང་། རྒ་བ་དང་། འདོད་པ་མི་རྙེད་པ་ལ་སོགས་པའི་སྡུག་བསྔལ་གྱིས་སྡུག་བསྔལ་བར་གྱུར་པ་མཐོང་ནས།
དེ་དག་གི་སྡུག་བསྔལ་བསལ་བར་བྱའོ་སྙམ་དུ་སེམས་པ་ནི་སྙིང་རྗེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཆུང་ངུའི་སེམས་ཀྱང་ཡང་དག་རབ་ཏུ་སྤོང་། །ཞེས་བྱ་བ་ལ། ཆུང་ངུའི་སེམས་ནི་ཉན་ཐོས་དང་། རང་སངས་རྒྱས་སེམས་ཅན་གཞན་གྱི་དོན་བཏང་ནས་མྱ་ངན་ལས་འདས་པར་འཇུག་པ་
སྟེ། སེམས་དེ་སྤངས་ནས་སེམས་ཅན་གྱི་དོན་དུ་འཁོར་བར་འགྲོ་བར་སེམས་པ་ནི་ཆུང་ངུའི་སེམས་སྤོང་བ་ཞེས་བྱ་སྟེ། སྙིང་རྗེའི་རང་བཞིན་དང་། གཞན་སྡུག་བསྔལ་བ་མཐོང་ནས་སྙིང་རྗེ་བ་དང་། ཆུང་ངུའི་སེམས་སྤོང་བ་དང་གསུམ་ནི་སྙིང་རྗེའི་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །
ཁྱད་པར་འགྲོ་དང་ཞེས་བྱ་བ་ལ། གོང་དུ་སྨོས་པའི་རྒྱུ་གསུམ་གྱིས་རྒྱུ་བྱས་ནས་སྙིང་རྗེ་ཡང་ཇེ་ཆེར་འགྲོ་སྟེ། ས་དང་པོའི་དུས་པས་ས་གཉིས་པའི་དུས་ན་སྙིང་རྗེ་ཆེ་བ་ལས། ས་དགུ་པའི་སྙིང་རྗེ་བས་ས་བཅུ་པའི་སྙིང་རྗེ་ཆེ་བར་གྱུར་པ་ནི་ཁྱད་པར་དུ་འགྲོ་བ་ཞེས་བྱ་སྟེ། འདི་ནི་སྙིང་རྗེ་

ཡོངས་སུ་སྨིན་པའི་རང་བཞིན་ནོ། །འགྲོ་བའི་མཆོག་འགྱུར་བ་ཞེས་བྱ་བ་ལ། དེ་ལྟ་བུའི་སྙིང་རྗེ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེ་ས་དང་པོའི་དུས་ན་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བར་རྟོགས་པ་དེའི་ཚེ། སེམས་ཅན་ཀུན་ལས་འཕགས་
པའི་ལུས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཐོབ་པ་ནི་འགྲོ་བའི་མཆོག་ཏུ་གྱུར་པ་ཞེས་བྱ་སྟེ། འདིས་ནི་ལས་བསྟན་ཏོ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་།
སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དུས་ན་གྲང་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་ལེན་པ་ནི་བཟོད་པ་ཞེས་བྱ་སྟེ། སྡུག་བསྔལ་ཅི་ཙམ་ཞིག་ཉམས་སུ་ལེན་པར་ནུས་ན་བཟོད་པ་ཡོངས་སུ་སྨིན་པར་གྱུར་པ་ཡིན་ནོ་ཞེས་བྱ་བའི་ཚིགས་སུ་བཅད་པ་རྩོམ་
མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་བཟོད་པ་ཡོངས་སུ་སྨིན་པའི་རྒྱུ་དང་རང་བཞིན་དང་། ལས་གསུམ་དང་ལྡན་ན་ཡོངས་སུ་སྨིན་པ་ཡིན་པར་བསྟན་ཏོ། །རང་བཞིན་བརྟན་པ་ཞེས་བྱ་བ་ལ། བརྟན་པ་དང་། བཟོད་པ་དང་། མི་བརྗེད་པ་དང་། ཞེ་སྡང་མེད་པ་ལ་སོགས་པ་ནི་
བཟོད་པའི་མིང་གི་རྣམ་གྲངས་སོ། །རང་བཞིན་ཡང་འདིའི་སྐབས་སུ་རིགས་ལ་བྱ་སྟེ། རང་བཞིན་གྱིས་བཟོད་པའི་རིགས་ཡོད་ཅེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཟོད་པའི་རིགས་ཡོད་པས་ན། བཟོད་པ་ཕུན་སུམ་ཚོགས་པ་འཆད་པའི་མདོ་སྡེ་མ་ཐོས་ཀྱང་གཞན་གྱིས་གནོད་
པར་བྱས་པ་ལ་སོགས་པའི་སྡུག་བསྔལ་རྣམས་ཉམས་སུ་ལེན་ཅིང་ཞེ་སྡང་མི་སྐྱེའོ་ཞེས་བྱ་བའི་དོན་ཏོ། །སོ་སོར་བརྟགས་པ་བསྒོམ་པ་ཞེས་བྱ་བ་ལ། སོ་སོར་བརྟགས་པ་ནི་ཤེས་རབ་ལ་བྱ་སྟེ། བཟོད་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་མདོ་སྡེ་དག་ཐོས་ནས་ཆོས་ཐམས་ཅད་སྒྱུ་
མ་དང་། རྨི་ལམ་དང་། སྨིག་རྒྱུ་ལྟ་བུར་ཁོང་དུ་ཆུད་པ་དང་། སྡུག་བསྔལ་བ་དང་། གནོད་པ་བྱས་པ་དག་ལ་བཟོད་ཅིང་ཉམས་སུ་ལེན་ཏོ། །སོ་སོར་བརྟགས་པས་བསྒོམ་པའི་དོན་དག་ནི་དེ་ལྟ་བུའོ། །ཡང་ན་གཞན་དག་གིས་བདག་ལ་གནོད་པ་བྱས་པ་དང་། བདག་གིས་གྲང་བ་དང་

ཚ་བ་ལ་སོགས་པའི་སྡུག་བསྔལ་མྱོང་བ་འདི་དག་ཀྱང་ཚེ་སྔ་མ་ལ་བདག་གིས་གཞན་ལ་གནོད་པ་བྱས་པའི་རྒྱུས་ཚེ་འདིར་བདག་སྡུག་བསྔལ་མྱོང་བར་འགྱུར་བ་ཡིན་ཏེ། དེ་ཡང་བདག་གིས་གནོད་པ་བྱས་ན་ནི་ཚེ་རབས་གཞན་དུ་ཡང་སྡུག་བསྔལ་མྱོང་བར་འགྱུར་བས་གནོད་པ་
ཅི་ཙམ་བྱུང་ཡང་བཟོད་པར་བྱའོ་སྙམ་དུ་སེམས་པ་ནི་སོ་སོར་བརྟགས་པ་བསྒོམས་པ་ཞེས་བྱ་སྟེ། རང་བཞིན་བརྟན་པ་དང་། སོ་སོར་བརྟགས་པ་གཉིས་ནི་བཟོད་པ་ཡོངས་སུ་སྨིན་པའི་རྒྱུ་ཡིན་ནོ། །སྡུག་བསྔལ་གྲང་ལ་སོགས་པ་རྟག་མི་མཇེད། །ཅེས་བྱ་བ་ལ། སེམས་
ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གྲང་བ་དང་། ཚ་བ་དང་། སྦྲང་བུ་དང་། ཤ་སྦྲང་དང་། བཀྲེས་པ་དང་སྐོམ་པ་ལ་སོགས་པའི་སྡུག་བསྔལ་རྣམས་བྱུང་ཡང་ཉམས་སུ་ལེན་ཅིང་སེམས་མི་ལྡོག་པ་ནི་མི་མཇེད་པ་ཞེས་བྱ་སྟེ།
འདི་ནི་བཟོད་པའི་རང་བཞིན་ནོ། །ཁྱད་པར་འགྲོ་དང་ཞེས་བྱ་བ་ལ། ས་བཅུ་གོང་ནས་གོང་དུ་བཟོད་པ་སྤངས་ཤིང་ཤས་ཇེ་ཆེ་ཇེ་ཆེར་གྱུར་པ་ནི་ཁྱད་པར་འགྲོ་བ་ཞེས་བྱ་སྟེ། འདི་བཟོད་པའི་ལས་རྣམ་པ་གཅིག་གོ། །དེ་ལ་དགེ་བ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ། བཟོད་པ་དང་
ལྡན་པ་རྣམས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱོད་པ་ལ་དགའ་སྟེ། འདི་ནི་བཟོད་པའི་ལས་རྣམ་པ་གཉིས་སོ། །བཟོད་པ་ཡོངས་སུ་སྨིན་པའི་མཚན་ཉིད་འདོད་ཅེས་བྱ་བ་ལ། གོང་དུ་བཤད་པ་ལྟ་བུར་བཟོད་པའི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་བཟོད་པ་ཡོངས་
སུ་སྨིན་ནོ་ཞེས་བྱ་བའི་དོན་ཏོ། །ཡིད་རྣོ་བ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། དྲན་པ་དང་ཤེས་རབ་གཉིས་པོ་ཡིད་རྣོ་བ་ཞེས་བྱ་བའོ། །ཡང་ན་ཡིད་རྣོ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་རྣམ་གྲངས་ཀྱི་མིང་སྟེ། ཡིད་རྣོ་བ་ཞེས་ཀྱང་
བྱ། ཤེས་རབ་ཅེས་ཀྱང་བྱ་སྟེ། དེ་བས་ན་མདོ་སྡེ་དེ་དག་ལས། བཅོམ་ལྡན་འདས་ཀྱིས་ཤེས་རབ་ཀྱི་དབང་དུ་བྱས་ནས་ཤེས་རབ་ཅན་ཡིད་རྣོ་བ་མཁས་པའོ་ཞེས་གསུངས་སོ། །དོན་དུ་ན་དེ་ཁོ་ན་ཁོང་དུ་མ་ཆུད་པ་བསྐལ་པ་གྲངས་མེད་པ་གཅིག་གི་

བར་དུ་ཉན་པ་དང་སེམས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པའི་གང་ཟག་མོས་པས་སྤྱོད་པ་རྣམས་ཀྱི་ཤེས་རབ་ལ་ཡིད་རྣོ་བ་ཞེས་བྱ་སྟེ། དེ་ཡང་ཡིད་རྣོ་བ་ཞེས་བྱ་བའི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་ཡིད་རྣོ་བ་ཡོངས་སུ་སྨིན་པ་
ཡིན་ནོ་ཞེས་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །རྣམ་སྨིན་དག་ཅིང་ཞེས་བྱ་བ་ལ་ཚེ་རབས་སྔ་མ་ལ་དམ་པའི་ཆོས་ཉན་པ་དང་། སེམས་པ་ལ་སོགས་པའི་དགེ་བ་བྱས་པས་གར་སྐྱེས་ཀྱང་མིག་ལ་སོགས་པའི་དབང་པོ་ཐམས་ཅད་ཚང་བ་དང་རང་བཞིན་
གྱིས་ཤེས་རབ་རྣོ་བའི་མཚན་ཉིད་དང་ལྡན་པའི་ཕུང་པོ་ལྔ་ཐོབ་པ་ནི་རྣམ་པར་སྨིན་པ་དག་པ་ཞེས་བྱ་སྟེ། འདིས་ནི་ཡིད་རྣོ་བ་རྣམ་པར་སྨིན་པའི་རྒྱུ་བསྟན་ཏོ། །ཐོས་པ་ལ་སོགས་མི་བརྗེད་ཅེས་བྱ་བ་ལ། གོང་དུ་དྲན་པ་དང་ཤེས་རབ་གཉིས་ལ་ཡིད་རྣོ་བ་ཞེས་བྱའོ་ཞེས་བསྟན་ཏེ། དྲན་
པ་དང་ལྡན་པའི་ཕྱིར་དམ་པའི་ཆོས་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པ་དང་། སྔོན་ལུས་ཀྱི་སྒོ་ནས་ལས་ཅི་བྱས་པ་དང་ངག་གི་སྒོ་ནས་ཚིག་ཅི་སྨྲས་པ་རྣམས་དྲན་ཞིང་མི་བརྗེད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་ལེགས་སྨྲས་ཉེས་སྨྲས་རབ་ཏུ་ཆུད། །ཅེས་བྱ་བ་ལ།
ཤེས་རབ་དང་ལྡན་པས་ན་བདག་དང་གཞན་གྱིས་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་ངོས་ཟིན་ཅིང་རྟོགས་ཏེ། འདིས་ཚིག་འདི་སྨྲས་པ་ནི་མ་ནོར་ཏེ་ལེགས་པར་སྨྲས་པ་ཡིན་ནོ་ཞེས་རྟོགས། འདིས་ནི་ཚིག་འདི་སྨྲས་པ་ནི་ནོར་ཏེ་ཉེས་པར་སྨྲས་པ་ཡིན་ནོ་ཞེས་རྟོགས་ཏེ།
མཉན་པ་ལ་སོགས་མི་བརྗེད་པ་དང་། ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པ་ཁོང་དུ་ཆུད་པ་ནི་ཡིད་རྣོ་བའི་རང་བཞིན་ནོ། །དྲན་པ་ཡིན་ཏེ་ཞེས་བྱ་བ་ནི་མཉན་པ་ལ་སོགས་པ་མི་བརྗེད་པར་ནི་དྲན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །བློ་ཆེན་སྐྱེ་བ་རུང་ཞེས་བྱ་བ་ལ། ཇི་ལྟར་བྱས་པ་
མི་བརྗེད་པ་དང་། ལེགས་ཉེས་ཀྱང་ངོས་ཟིན་ཏེ་བྱེ་བྲག་བྱེད་པའི་ཤེས་རབ་དེས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པ་བས་བློ་ཆེན་སྐྱེ་བ་རུང་ཞེས་བྱ་བ་སྟེ། འདི་ནི་ལས་སོ། །དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ནི་ས་དང་པོར་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་

མཚན་ཉིད་དུ་རྟོགས་པའི་གཉིས་སུ་མེད་པའི་ཡེ་ཤེས་ལ་བྱའོ། །སྟོབས་དང་ལྡན་པ་བསྐྱེད་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ་སྟོབས་ཞེས་བྱ་བ་དང་། མཐུ་ཞེས་བྱ་བ་དོན་གཅིག་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་
སྒྲིབ་པ་གཉིས་སྤངས་ཏེ། ཆོས་ཀྱི་དབྱིངས་རྟོགས་པར་ནུས་པ་ནི་སྟོབས་ཞེས་བྱའོ། །དེའི་སྟོབས་ཀྱི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་སྟོབས་ཡོངས་སུ་སྨིན་པ་ཡིན་ནོ་ཞེས་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དགེ་བ་གཉིས་ཀྱིས་
ཁམས་གཉིས་རྒྱས་པ་དང་། །ཞེས་བྱ་བ་ལ། དགེ་བ་གཉིས་ནི་བསོད་ནམས་ཀྱི་ཚོགས་ཀྱི་དགེ་བ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་དགེ་བའོ། །ཁམས་ཀྱི་སྒྲས་ནི་ཚོགས་དེ་གཉིས་ཀྱི་ས་བོན་ལ་བྱ་སྟེ། བསོད་ནམས་ཀྱི་ཚོགས་ཀྱིས་བསོད་ནམས་ཀྱི་ས་བོན་རྟས་པར་བྱེད། ཡེ་
ཤེས་ཀྱི་ཚོགས་ཀྱིས་ཀྱང་ཡེ་ཤེས་ཀྱི་ས་བོན་རྟས་པར་བྱེད་ཅེས་བྱ་བའི་དོན་ཏོ། །འདིས་ནི་སྟོབས་ཡོངས་སུ་སྨིན་པའི་རྒྱུ་བསྟན་ཏོ། །འབྲས་བུ་སྐྱེ་བའི་རྟེན་དུ་རུང་བའི་མཆོག །ཅེས་བྱ་བའི་རྟེན་ཞེས་བྱ་བ་ནི་ལུས་ལ་བྱ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་
པས་གཟུང་འཛིན་སྤངས་ནས་སྟོང་པ་ཉིད་ཁོང་དུ་ཆུད་དེ། སངས་རྒྱས་ཀྱི་ས་ཐོབ་པ་ནི་འབྲས་བུ་སྐྱེ་བ་ཞེས་བྱ་སྟེ། དེ་ལྟ་བུ་ནུས་པའི་ལུས་ཐོབ་པར་གྱུར་ན། འབྲས་བུ་སྐྱེ་བའི་རྟེན་དུ་རུང་བའི་མཆོག །ཅེས་བྱ་སྟེ། འདིས་ནི་སྟོབས་ཀྱི་རང་བཞིན་བསྟན་ཏོ། །མཆོག་གི་སྒྲས་ནི་
ལུས་དེ་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་ལས་འཕགས་པར་བསྟན་ཏོ། །བསམ་པ་གྲུབ་ཅིང་ཞེས་བྱ་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་དག་ཉིད་ཅི་བསམས་པ་རྣམས་ཀྱང་དེ་བཞིན་དུ་འགྲུབ་ལ། སེམས་ཅན་གྱི་བསམ་པ་ཡང་ཡོངས་སུ་ཁེངས་པར་
བྱེད་ཅེས་བྱ་བའི་དོན་ཏོ། །འདི་ནི་སྟོབས་ཀྱི་ལས་རྣམ་པ་གཅིག་གོ། །འགྲོ་བའི་མཆོག་ཏུ་གྱུར་ཞེས་བྱ་བ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་དེ་ཡེ་ཤེས་ཀྱི་ཚོགས་དང་ལྡན་པ་ནི་སེམས་ཅན་ཀུན་ལས་ཤེས་པས་འཕགས་བསོད་ནམས་ཀྱི་ཚོགས་དང་ལྡན་པ་ནི་སེམས་

ཅན་ཀུན་ལས་ལུས་མཛེས་པ་དང་ལོངས་སྤྱོད་ཀྱིས་འཕགས་ཞེས་བྱ་བའི་དོན་ཏོ། །འདི་ནི་སྟོབས་ཡོངས་སུ་སྨིན་པའི་ལས་གཉིས་པའོ། །སྟོབས་རྙེད་པ་ཡོངས་སུ་སྨིན་པའི་མཚན་ཉིད་དོ་ཞེས་བྱ་བ་ནི་སྟོབས་ཀྱི་རྒྱུ་དང་། རང་བཞིན་དང་། ལས་
གསུམ་དང་ལྡན་ན་སྟོབས་ཡོངས་སུ་སྨིན་པ་རྙེད་དོ་ཞེས་བྱ་བའི་དོན་ཏོ། །མི་འཕྲོགས་པ་ཡོངས་སུ་སྨིན་པ་ལས་བརྩམས་ཏེ་ཚིགས་སུ་བཅད་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་བསོད་ནམས་ཀྱི་མཐུ་དང་། ཡེ་ཤེས་ཀྱི་ཚོགས་ཀྱི་མཐུ་དང་ལྡན་པས་བདུད་ལ་སོགས་
པས་ནི་སྤྱོད་པ་བསྒྱུར་བར་མི་ནུས་པ་ལ། མུ་སྟེགས་པ་ལ་སོགས་པས་ཀྱང་ལྟ་བ་བསྒྱུར་བར་མི་ནུས་པ་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མི་འཕྲོགས་པའི་རྒྱུ་དང་། རང་བཞིན་དང་། ལས་གསུམ་དང་ལྡན་ན་མི་འཕྲོགས་པ་
ཡོངས་སུ་སྨིན་པ་ཡིན་པར་བསྟན་ཏོ། །ཆོས་བཟང་རིགས་པ་རྣམ་པར་དཔྱོད་པའི་སེམས། །ཞེས་བྱ་བ་ལ། ཆོས་བཟང་པོ་ནི་ཐེག་པ་ཆེན་པོའི་ཆོས་ཏེ། ཐེག་པ་ཆེན་པོའི་ཆོས་ལ་རིགས་པ་རྣམ་པ་བཞིས་དཔྱད་ཅིང་བསམ་པ་ལས། ཆོས་ཀྱི་དོན་གཏན་ལ་ཕབ་ཅིང་
ཐེ་ཚོམ་མེད་པའི་སེམས་རྙེད་པ་ནི་རིགས་པས་རྣམ་པར་དཔྱོད་པའི་སེམས་ཞེས་བྱ་སྟེ། འདི་ནི་མི་འཕྲོགས་པའི་རྒྱུའོ། །དེ་ལ་རིགས་པ་བཞི་ནི་ལྟོས་པའི་རིགས་པ་དང་། བྱ་བ་བྱེད་པའི་རིགས་པ་དང་། གཏན་ཚིགས་བསྒྲུབ་པའི་རིགས་པ་དང་། ཆོས་ཉིད་ཀྱི་རིགས་
པའོ། །དེ་ལ་རྒྱུ་ལས་བརྟེན་ནས་འབྲས་བུ་སྐྱེ་བའི་རིམ་པ་ལ་ལྟོས་པའི་རིགས་པ་ཞེས་བྱ་སྟེ། དཔེར་ན་གཟུགས་དང་མིག་གི་དབང་པོ་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བ་ནི་ལྟོས་པའི་རིགས་པ་ཞེས་བྱའོ། །རྒྱུ་རྐྱེན་གྱི་མཐུ་ལས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་
གཟུགས་ལ་ལྟ་བ་ལ་སོགས་པ་རང་གི་ལས་བྱེད་པ་ནི་བྱ་བ་བྱེད་པའི་རིགས་པ་ཞེས་བྱའོ། །གཏན་ཚིགས་སྒྲུབ་པའི་རིགས་པ་ནི་གསུམ་སྟེ། འབྲས་བུའི་རྒྱུ་དང་། རང་བཞིན་གྱི་རྒྱུ་དང་། མི་དམིགས་པའི་རྒྱུའོ། །དེ་ལ་འབྲས་བུའི་རྒྱུ་ནི་གང་ན་དུ་བ་ཡོད་པ་དེ་ན་མེ་ཡོད་དོ་ཞེས་

བྱ་བ་ལྟ་བུའོ། །རང་བཞིན་གྱི་རྒྱུ་ནི་ཤིང་ཞེས་བྱ་བས་ཤིང་ཤ་པ་དང་ཐང་ཤིང་ལ་སོགས་པ་ཀུན་ལ་ཁྱབ་པས་ན་འདི་ནི་ཤིང་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཤིང་ཤ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལྟ་བུའོ། །མི་དམིགས་པའི་རྒྱུ་ནི་ས་ཕྱོགས་འདི་ན་དམིགས་སུ་རུང་བའི་མཚན་ཉིད་
ཀྱི་བུམ་པ་མི་སྣང་བ་ནི་བུམ་པ་མེད་དོ་ཞེས་བྱ་བ་ལྟ་བུའོ། །ཆོས་ཉིད་ཀྱི་རིགས་པ་ནི་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པའི