Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 11 / 19 (50.000 ký tự/trang)
ཅེ་ན། དེའི་ཕྱིར། ཉོན་མོངས་པ་འདུལ་བ་ལ་བརྩོན་པས་དེ་གཉིས་རབ་ཏུ་རྟོགས་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། འདུལ་བ་ལ་བརྟེན་ནས་མི་གཙང་
བ་བསྒོམ་པ་ལ་སོགས་པའི་སྒོ་ནས་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ན་ཚིག་དང་ཡི་གེའི་མཚན་ཉིད་ཀྱི་ཆོས་དང་ཕུང་པོ་དང་ཁམས་ལ་སོགས་པའི་མཚན་ཉིད་ཀྱི་དོན་ནམ་མཐོ་རིས་ཀྱི་མཚན་ཉིད་ཀྱི་ཆོས་དང་མྱ་ངན་ལས་འདས་པའི་མཚན་ཉིད་ཀྱི་དོན་རྣམས་རྟོགས་པར་འགྱུར་བས་ན་འདུལ་བས་ནི་
ཆོས་དང་དོན་མངོན་སུམ་དུ་བྱེད་དོ། །མངོན་པའི་ཆོས་ཀྱིས་ནི་ཆོས་དང་དོན་ཡང་དག་པར་བརྗོད་པ་རྣམ་པར་གདོན་མི་ཟ་བ་ལ་མཁས་པའོ་ཞེས་བྱ་བ་ལ་ཆོས་དང་དོན་ཡང་དག་པར་བརྗོད་པ་ནི་ཆོས་དང་དོན་གཞན་ལ་བཤད་དོ། །རྣམ་པར་གདོན་མི་ཟ་བ་ལ་མཁས་པ་ནི་གཏན་ལ་དབབ་པ་ལས་ཕྱིན་ཅི་མ་
ལོག་པར་མཁས་པ་ལ་བྱ་སྟེ། མངོན་པའི་ཆོས་ཀྱི་མཚན་ཉིད་ལ་མཁས་པར་གྱུར་ན་ཆོས་དང་དོན་རྣམས་གཞན་ལ་མ་ནོར་བར་བཤད་པ་ལ་མཁས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལ་མདོ་སྡེའི་ནང་ནས་མདོར་བསྡུས་ན་དོན་དུ་ཞིག་འབྱུང་། འདུལ་བའི་ནང་ནས་དོན་མདོར་བསྡུས་ན་དོན་དུ་ཞིག་

འབྱུང་། མངོན་པའི་ཆོས་ཀྱི་ནང་ནས་དོན་མདོར་བསྡུས་ན་དོན་དུ་ཞིག་འབྱུང་བ་དང་། ཅིའི་ཕྱིར་ཞེ་ན། མདོ་སྡེ་ཞེས་བྱ། ཅིའི་ཕྱིར་ན་འདུལ་བ་ཞེས་བྱ། ཅིའི་ཕྱིར་ན་མངོན་པའི་ཆོས་ཞེས་བྱ་ཞེ་ན། དེའི་ཕྱིར། མདོ་སྡེ་འདུལ་བ་མངོན་པའི་ཆོས། །མདོར་ན་རྣམ་པ་བཞིའི་དོན་འདོད། །ཅེས་བྱ་བ་སྨོས་
ཏེ། མདོ་སྡེ་ཡང་མདོར་ན་དོན་རྣམ་པ་བཞི་འབྱུང་བའི་ཕྱིར་མདོ་སྡེ་ཞེས་བྱ་བར་འདོད་ལ། འདུལ་བ་ཡང་མདོར་ན་དོན་རྣམ་པ་བཞི་འབྱུང་བས་འདུལ་བར་འདོད་ལ། མངོན་པའི་ཆོས་ཀྱང་མདོར་ན་དོན་རྣམ་པ་བཞི་འབྱུང་བས་མངོན་པའི་ཆོས་སུ་འདོད་དོ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་པས་ནི་དེ་ཤེས་
པས། །རྣམ་པ་ཐམས་ཅད་མཁྱེན་པ་འཐོབ། །ཅེས་བྱ་བ་ལ། བློ་ལྡན་པ་ནི་བྱང་ཆུབ་སེམས་དཔའོ། །དེ་ཞེས་བྱ་བ་ནི་སྡེ་སྣོད་གསུམ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྡེ་སྣོད་གསུམ་ཤེས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་རྣམས་
ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་ཚོལ་བ་ཙམ་དུ་ཟད་དེ། རྣམ་པ་ཐམས་ཅད་མཁྱེན་པ་མི་ཚོལ་བས་ན་སྡེ་སྣོད་གསུམ་མ་ཤེས་ཀྱང་ཟད་ལ་མི་སྐྱེ་བའི་ཡེ་ཤེས་འཐོབ་སྟེ། རྒྱུ་གང་གིས་འཐོབ་ཅེ་ན། ཚིགས་སུ་བཅད་པ་གཅིག་ཙམ་གྱི་དོན་ཤེས་པས་ཀྱང་ཟད་ལ་མི་སྐྱེ་བའི་ཡེ་ཤེས་འཐོབ་པར་འགྱུར་རོ། །
གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་སྟོན་ཕྱིར་མདོ་ཡིན་ནོ། །ཞེས་བྱ་བ་ལ། གནས་དང་མཚན་ཉིད་དང་ཆོས་ཀྱི་དོན་ཏོ། །རྣམ་པ་བཞི་སྟོན་པའི་ཕྱིར་མདོ་སྡེ་ཞེས་བྱའོ། །དེ་ལ་གནས་ལ་རྣམ་པ་གསུམ་སྟེ། ཡུལ་གང་དུ་བཤད་པ་དང་། གང་གིས་བཤད་པ་དང་། གང་གི་དོན་དུ་
བཤད་པའོ། །དེ་ཡང་མདོ་སྡེ་དེ་དག་ལས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་དགེ་སློང་དང་། བྱང་ཆུབ་སེམས་དཔའ་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ་ཞེས་བྱ་བ་གསུངས་སོ། །དེ་ལྟར་ན་རྒྱལ་པོའི་ཁབ་ལ་སོགས་པ་ཡུལ་གང་དུ་བཤད་པ་དེ་
ཡང་གནས་ཡིན་པར་བསྟན་ཏོ། །བཅོམ་ལྡན་འདས་གང་གིས་བཤད་པའི་དོན་བསྟན་པའི་བཅོམ་ལྡན་འདས་ཀྱང་གནས་ཡིན་པར་བསྟན་ཏོ། །གང་ཟག་གང་གི་དོན་དུ་ཆོས་བཤད་པའི་གང་ཟག་དེ་ཡང་གནས་ཡིན་པར་བསྟན་ཏོ། །མཚན་ཉིད་ལ་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པའི་མཚན་

ཉིད་དང་། དོན་དམ་པའི་བདེན་པའི་མཚན་ཉིད་དེ། དེ་ལ་བུམ་པ་དང་སྣམ་བུ་དང་གང་ཟག་ཅེས་བྱ་བ་ལ་སོགས་པ་ཚིག་ཏུ་བརྗོད་ཅིང་བསམ་དུ་རུང་བ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་དོ། །བརྗོད་དུ་མི་རུང་ཞིང་བསམ་དུ་མི་རུང་བ་རྣམས་ནི་དོན་དམ་པའི་བདེན་པའི་མཚན་
ཉིད་དོ། །ཡང་བརྗོད་པ་དང་བརྗོད་པ་ལས་གཞན་པའི་དབང་པོ་སྤྱོད་ཡུལ་དུ་གྱུར་པ་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །བརྗོད་པ་ལས་གཞན་པ་ལ་མི་ལྟོས་པ་ནི་དབང་པོ་སྤྱོད་ཡུལ་དུ་མ་གྱུར་པ་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །ཡང་ན་ཀུན་ནས་ཉོན་མོངས་པ་ནི་དམིགས་པའི་ཡུལ་དུ་གྱུར་པ་
རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་ཟས་བཞི་དང་། རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་སོགས་པ་ནི་ཆོས་ཞེས་བྱ་སྟེ། ཟས་བཞི་ནི་ཁམ་གྱི་ཟས་དང་། རེ་བ་དང་། ཡིད་ལ་
བྱེད་པ་དང་། རྣམ་པར་ཤེས་པའི་ཟས་སོ། །དགོངས་པ་བཞི་པ་ནི་དོན་ཞེས་བྱའོ། །མངོན་དུ་ནི་རྒྱུན་མི་འཆད། ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཞེས་བྱ་བ་ལ། མངོན་པའི་ཆོས་སྟོན་པ་དང་། རྒྱུན་མི་འཆད་པར་སྟོན་པ་དང་ཟིལ་གྱིས་གནོན་པ་དང་། རྟོགས་པར་བྱེད་པས་མངོན་པའི་ཆོས་
ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བདེན་པ་བཞི་དང་། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་དང་། རྣམ་པར་ཐར་པའི་སྒོ་གསུམ་ལ་སོགས་པ་མྱ་ངན་ལས་འདས་པའི་ལམ་བསྟན་པས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་དང་། མྱ་ངན་ལས་འདས་པའི་ཆོས་མངོན་དུ་བྱེད་པས་ན་མངོན་
པའི་ཆོས་ཞེས་བྱའོ། །རྒྱུན་མི་འཆད་པ་ནི་རྣམ་པ་མང་པོའི་དོན་ཏེ། ཆོས་གཅིག་པ་ཡང་གཟུགས་ཡོད་པ་དང་། གཟུགས་མེད་པ་དང་། བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་དང་། བལྟར་ཡོད་པ་དང་། བལྟར་མེད་པ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་མང་དུ་འཆད་པའི་ཕྱིར་མངོན་
པའི་ཆོས་ཞེས་བྱའོ། །མངོན་པའི་ཆོས་ལ་མཁས་ན་རྩོད་པ་དང་རྩོད་པའི་གཞི་ལ་སོགས་པ་ལ་མཁས་པས་རྩོད་པ་ཐམས་ཅད་ཞི་བར་བྱེད་དོ། །ཕས་ཀྱི་རྒོལ་བ་ཟིལ་གྱིས་གནོན་པས་ན་མངོན་པའི་ཆོས་ཞེས་བྱའོ། །མངོན་པའི་ཆོས་ལ་མཁས་ན་མདོ་སྡེ་རྣམས་ཀྱི་དོན་རྟོགས་པར་འགྱུར་ཏེ།

མདོ་སྡེའི་དོན་རྟོགས་པར་བྱེད་པའི་ཕྱིར་མངོན་པའི་ཆོས་ཞེས་བྱའོ། །ལྟུང་བ་སྐྱེ་དང་བསླང་བ་དང་། །དབྱུང་བའི་ཆོས་ནི་འདུལ་བ་སྟེ། །ཞེས་བྱ་བ་ལ། གང་ན་ལྟུང་བ་དང་ལྟུང་བ་སྐྱེ་བ་དང་། བསླང་བ་དང་དབྱུང་བ་སྟེ། ཆོས་རྣམ་པ་བཞི་འབྱུང་བ་དེ་ལ་འདུལ་བ་ཞེས་བྱ་བའི་དོན་ཏོ། །གང་ཟག་
དང་ནི་བཅས་པ་དང་། །རབ་ཏུ་དབྱེ་བ་ངེས་པའི་ཕྱིར། །ཞེས་བྱ་བ་ལ། རྣམ་པ་གཞན་དུ་ཡང་གང་ཟག་དང་བཅས་པ་དང་། རྣམ་པར་དབྱེ་བ་ཡང་ངེས་པ་སྟེ། ཆོས་རྣམ་པ་བཞི་འབྱུང་བ་ལ་འདུལ་བ་ཞེས་བྱ་བའི་དོན་ཏོ། །དེ་ལ་ལྟུང་བ་ནི་ལྟུང་བའི་སྡེ་ལྔའོ་ཞེས་བྱ་བ་ལ། ལྟུང་བ་སྡེ་ལྔ་ནི་ཕས་
ཕམ་པ་དང་། དགེ་འདུན་གྱི་ལྷག་མ་དང་། ཉེས་པ་སྦོམ་པོ་དང་། སོ་སོར་བཤགས་པ་དང་། ལྟུང་བའོ། །ལྟུང་བ་སྐྱེ་བ་ནི་མི་ཤེས་པ་དང་། བག་མེད་པ་དང་ཉོན་མོངས་པ་མང་བ་དང་། མ་གུས་པའི་ཕྱིར་རོ་ཞེས་བྱ་བ་ལ། རྒྱུ་བཞི་ལས་ལྟུང་བ་སྐྱེ་བར་འགྱུར་ཏེ། རྒྱུ་བཞི་ནི་མི་ཤེས་པ་ལ་
སོགས་པའོ། །དེ་ལ་མི་ཤེས་པ་ནི་ཅི་ཙམ་གྱིས་ནི་ཕས་ཕམ་པར་འགྱུར། ཅི་ཙམ་གྱིས་ནི་ལྟུང་བར་འགྱུར། ཕས་ཕམ་པ་ནི་གང་ལྟུང་བ་ནི་གང་ཡིན་པ་མི་ཤེས་པས་ལྟུང་བ་སྐྱེ་བར་འགྱུར་བའོ། །བག་མེད་པ་ནི་བྱིས་པ་དང་བུ་མོ་དང་ཁྱིམ་ན་གནས་པ་དག་དང་། བྱ་བ་ངན་པ་དག་ལ་ཞུགས་པས་ལྟུང་བ་
འབྱུང་བར་འགྱུར་རོ། །ཉོན་མོངས་པ་མང་བ་ནི་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཤས་ཆེ་བས་ཉོན་མོངས་པའི་དབང་དུ་གྱུར་ནས་ལྟུང་བ་བྱུང་བའོ། །མ་གུས་པ་ནི་དང་པོ་ཉིད་ཚངས་པར་སྤྱོད་པ་ཉིད་འདོད་པའི་ཕྱིར་རབ་ཏུ་བྱུང་བ་ནི་མ་ཡིན་གྱི་རྒྱལ་པོའམ་རྐུན་པོ་ལ་སོགས་པའི་འཇིགས་པའམ་
འཚོ་བ་ཙམ་གྱི་དོན་དུ་རབ་ཏུ་བྱུང་བས་བསླབ་པ་བླངས་ནས་ཡང་ཚུལ་ཁྲིམས་ལ་མ་གུས་ཏེ། ཚོད་ཡོད་པར་འཛིན་པ་དང་ལེ་ལོ་བྱེད་པས་ལྟུང་བ་བྱུང་བར་གྱུར་པའོ། །བསླང་བ་ནི་བསམ་པ་སྟེ། ཆད་པའི་ལས་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ། ཆད་པའི་ལས་ཀྱིས་ཉེས་པ་ལས་ཐར་བར་བྱེད་
པ་ལས་ནི་འབྱུང་བར་ཞེས་བྱ་བའི་ལྟུང་བ་དང་ཉེས་པ་ལ་སོགས་པ་གང་བྱུང་ན་སེམས་ཀྱིས་འགྱོད་པ་བསྐྱེད་ཅིང་ཕྱིན་ཆད་མི་བྱ་བར་བསྡམས་པས་ཉེས་པ་ལས་ཐར་བར་གྱུར་པ་ལ་མིང་དུ་བསླབ་པ་ཞེས་བྱའོ། །དབྱུང་བ་ནི་རྣམ་པ་བདུན་ཏེ་ཞེས་བྱ་བ་ལ། ལྟུང་བ་སྡེ་ལྔ་ལས་གང་ཡང་རུང་བ་དེ་ལས་བྱུང་བའི་

ཐབས་རྣམ་པ་བདུན་ཡོད་དེ། རྣམ་པ་བདུན་ནི་སོ་སོར་བཤགས་པ་དང་། ཆད་པ་ལས་ཁས་ལེན་པ་དང་། བསྒྱུར་བ་དང་། དགྲོལ་བ་དང་། གནས་ཡོངས་སུ་གྱུར་པ་དང་། ཡང་དག་པར་སོ་སོར་རྟོག་པ་དང་ཆོས་ཉིད་ཐོབ་པའོ། །དེ་ལ་སོ་སོར་བཤགས་པ་དང་ཞེས་བྱ་བ་
ལ། ལྟུང་བ་ལ་སོགས་པའི་ཉེས་པ་བྱུང་བ་ན་དགེ་སློང་གཅིག་གམ་གཉིས་སམ་གསུམ་མམ་བཞི་ལ་སོགས་པའི་མདུན་དུ་མཐོལ་ནས་ཉེས་པ་ལས་ཐར་བར་བྱེད་པ་ནི་སོ་སོར་བཤགས་པ་ཞེས་བྱའོ། །བསླབ་པ་བྱིན་པ་ལ་སོགས་པ་ལ་ཆད་པའི་ལས་ཁས་ལེན་པ་དང་ཞེས་བྱ་བ་ལ་དགེ་སློང་
འགའ་ཞིག་གིས་འདོད་ཆགས་ཀྱི་དབང་གིས་རབ་ཏུ་གཟིར་ནས་སེམས་འཁྲུགས་པར་འགྱུར་བཞིན་དུ་མི་ཚངས་པར་སྤྱོད་པའི་ཆོས་བྱས་པ་ལས་ཕྱིས་འགྱོད་པ་ཆེན་པོ་སྐྱེས་ནས་སེམས་ལ་གཅགས་པར་གྱུར་ཏེ་ཉེས་པ་གཅིག་ཙམ་ཡང་མི་འཆབ་པའི་སེམས་ཐོབ་ནས་ཉེས་པ་ཀུན་བཤགས་ནས་དེ་ཆད་
པའི་ལས་ཁས་ལེན་དུ་བཅུག་ལ་དེ་ནས་བསླབ་པ་སླར་སྦྱིན་པར་བྱ་སྟེ། དེ་ལ་ཆད་པའི་ལས་ནི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་ཐ་མར་བཞག་ཅིང་ཐ་མར་ཟ་བ་སྦྱིན་པ་དང་། དགེ་སྦྱོང་ཐམས་ཅད་ཀྱི་དང་པོར་བཞག་ཅིང་དང་པོར་བཟའ་བ་སྦྱིན་པ་ལ་སོགས་པ་འཆད་པའི་ལས་བྱེད་དུ་གཞུག་པའོ། །བསླབ་པ་
ལས་རྣམ་གྲངས་ཀྱི་གནང་བའི་ཕྱིར་བསྒྱུར་བ་དང་ཞེས་བྱ་བ་ལ། བསྒྱུར་བས་དབྱུང་བ་ནི་བཅོམ་ལྡན་འདས་ཀྱིས་ཕྱི་དྲོའི་ཁ་ཟས་བཟའ་བར་མི་གནང་ངོ་ཞེས་བསླབ་པར་བྱེད་པ་ལས་རྣམ་གྲངས་གཞན་གྱིས་བཟའ་བར་གནང་བ་ཡང་ཡོད་དེ་ལམ་དུ་སོན་པ་ལ་དུས་ཞེས་འབྱུང་བ་ལ་སོགས་པའོ། །དགེ་འདུན་
ཚོགས་པ་བསླབ་པའི་གནས་དགྲོལ་བའི་ཕྱིར་དགྲོལ་བ་དང་ཞེས་བྱ་བ་ལ། བཅོམ་ལྡན་འདས་ཀྱིས་འཕགས་པ་དགའ་བོ་ལ་བཀའ་སྩལ་པ། ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་དྲན་པར་གྱིས་ཤིག་དང་། བསླབ་པ་བཅས་པ་རྣམས་ལ་བསླབ་པའི་ཚིག་ཕྲན་ཚེགས་རྣམས་དགྲོལ་བར་བྱ་ཞེས་གསུངས་
པ་ལས་མྱ་ངན་ལས་འདས་པའི་ཚེ་འཕགས་པ་དགའ་བོ་མྱ་ངན་གྱིས་ནོན་ནས་བཅོམ་ལྡན་འདས་ལ་བསྐུལ་ཏེ། དགོངས་པར་བྱ་བ་མ་གསོལ་ཏོ། །དེ་ནས་ཕྱིས་མྱ་ངན་ལས་འདས་པའི་འོག་ཏུ་ཅིའི་ཕྱིར་བཅོམ་ལྡན་འདས་ལ་དགོངས་པར་མ་གསོལ་ཅེས་འཕགས་པ་འོད་སྲུངས་ཆེན་པོ་ལ་སོགས་པ་ཡང་དག་

པར་སྡུད་པར་བྱེད་པ་རྣམས་ཀྱིས་འཕགས་པ་དགའ་བོ་ཆད་པས་གཅད་དོ། །དེ་ལྟར་མྱ་ངན་ལས་འདས་པའི་དུས་ན་བསླབ་ཚིག་ཕྲན་ཚེགས་རྣམས་དགྲོལ་བར་བྱའོ་ཞེས་གསུངས་པ་དེ་ལ་བརྟེན་ནས་ཐམས་ཅད་ཡོད་པར་སྨྲ་བའི་གཞུང་གི་སྡེ་ལས་དགེ་འདུན་ཚོགས་པས་བསླབ་ཚིག་ཕྲ་མོ་རྣམས་དགྲོལ་བར་བྱ་བ་ཡོད་
དོ་ཞེས་གྲགས་སོ། །དེའང་གྲག་པ་ཙམ་དུ་ཟད་དེ་བསླབ་ཚིག་ལས་དགེ་འདུན་གྱིས་སྔོན་ཡང་དགྲོལ་བ་མེད། ད་ལྟར་ཡང་དགྲོལ་བ་མེད་དོ། །དགེ་སློང་ཕ་དང་དགེ་སློང་མ་ཕོ་མོས་ཀྱི་མཚན་གྱུར་ནས་ཐུན་མོང་མ་ཡིན་པའི་ལྟུང་བ་ནི་གནས་ཡོངས་སུ་གྱུར་པ་དང་ཞེས་བྱ་བ་ལ། གནས་ཡོངས་སུ་གྱུར་པའི་སྒོ་
ནས་ཉེས་པ་ལས་བྱུང་བ་ནི་དགེ་སློང་ཕ་ལ་ཕས་ཕམ་པ་བཞི་ཡོད་ལ། དགེ་སློང་མ་ལ་ཕས་ཕམ་པ་བརྒྱད་ཡོད་པ་ལ་སོགས་པའི་ཕམ་པ་དང་། ལྟུང་བ་རྣམ་པ་མང་ཉུང་དུ་གྱུར་ཏེ། མི་མཐུན་པས་ན་དགེ་སློང་ཕོ་མོ་གཉིས་ཀ་ལྟུང་བ་ཐུན་མོང་མ་ཡིན་པ་ཞེས་བྱའོ། །དེ་ལྟར་དགེ་སློང་ཞིག་གལ་ཏེ་
མཚན་གྱུར་ནས་བུད་མེད་ཀྱི་མཚན་སྐྱེས་པར་གྱུར་ན་དགེ་སློང་གི་ཚེ་ལྟུང་བ་བྱུང་ཡང་ལྟུང་བ་དེ་ཐུན་མོང་མ་ཡིན་ཏེ། དགེ་སློང་ཉིད་ཀྱིས་བཤགས་པར་བྱ་བ་ཡིན་པས་བུད་མེད་དུ་མཚན་གྱུར་ན་ཉེས་པ་བཤགས་པ་ལ་སོགས་པའི་ཆོ་ག་མ་བྱས་ཀྱང་ཉེས་པ་ལས་འབྱུང་བར་འགྱུར་རོ། །གལ་ཏེ་དགེ་སློང་མ་
ཞིག་མཚན་གྱུར་ཏེ་ཕོར་གྱུར་ན་དགེ་སློང་མའི་ལྟུང་བ་ཡང་དགེ་སློང་མ་ཉིད་ཀྱིས་བཤགས་པར་བྱ་བ་ཡིན་ཏེ། ལྟུང་བ་ཐུན་མོང་མ་ཡིན་པས་སྐྱེས་པའི་མཚན་བྱུང་བར་གྱུར་ན་བཤགས་པ་ལ་སོགས་པའི་ཆོ་ག་མ་བྱས་པར་ཡང་ཉེས་པ་ལས་འབྱུང་བར་འགྱུར་རོ། །ཆོས་ཀྱི་མདོའི་རྣམས་སོ་སོར་རྟོག་པའི་
བྱེ་བྲག་སྟེ་ཡང་དག་པར་སོ་སོར་རྟོག་པ་དང་ཞེས་བྱ་བ་ལ། ཡང་དག་པར་སོ་སོར་རྟོག་པའི་སྒོ་ནས་འབྱུང་བར་འགྱུར་བ་ནི་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། ཟག་པ་དང་བཅས་པ་སྡུག་བསྔལ་བ་དང་། ཞི་བ་མྱ་ངན་ལས་འདས་པའོ་ཞེས་ཆོས་ཀྱི་མདོ་གསུངས་
པ་ལ་སོ་སོར་བརྟགས་ཏེ། དོན་ཤེས་ཀྱིས་མཐོང་ནས་ཉེས་པ་ཕྲན་ཚེགས་ཕྲན་ཚེགས་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདེན་པ་མཐོང་བས་ཕྲ་མོའི་ལྟུང་བ་མེད་པའི་ཆོས་ཉིད་ཐོབ་པའི་ཕྱིར་ཆོས་ཉིད་ཐོབ་པའོ་ཞེས་བྱ་བ་ལ། ཆོས་ཉིད་ཐོབ་པའི་སྒོ་ནས་འབྱུང་བར་འགྱུར་བ་ནི་བདན་པ་བཞི་

མཐོང་ན་སྔོན་ཉེས་པ་ཕྲན་ཚེགས་བྱས་པ་ལས་ཀྱང་ཐར་བར་འགྱུར་ལ། ཕྱིས་ཀྱང་ཉེས་པ་ཕྲན་ཚེགས་མི་བྱེད་པའི་ཆོས་ཉིད་ཐོབ་པས་ན་ལྟུང་བ་ལས་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གང་ཟག་ལས་ནི་དེ་ལ་བརྟེན་ནས་བཅས་པ་དང་ཞེས་བྱ་བ་ལ། གང་ཟག་གི་སྒོ་ནས་འདུལ་
བར་གཞག་པ་ནི་ཉེས་པ་བྱེད་པའི་གང་ཟག་གང་ལ་བརྟེན་ནས་བསླབ་ཚིག་བཅས་པས་ཏེ། དཔེར་ན་ཚེ་དང་ལྡན་པ་བཟང་བྱིན་ལ་བརྟེན་ནས་བསླབ་པའི་གནས་དང་པོ་མི་ཚངས་པར་སྤྱོད་པ་མི་གནང་བའི་བསླབ་ཚིག་བཅས་པ་ལྟ་བུའོ། །བཅས་པ་ལ་ནི་གང་ཟག་གི་ཉེས་པ་གསོལ་ན་སྟོན་པས་དགེ་འདུན་ལ་
སོགས་ཏེ་བསླབ་པ་བཅས་པའོ་ཞེས་བྱ་བ་ལ། བཅས་པའི་སྒོ་ནས་འདུལ་བར་གཞག་པ་ནི་གང་ཟག་གང་གིས་ཉེས་པ་བྱས་པའི་ཉེས་པའི་དམིགས་དགེ་སློང་རྣམས་ཀྱིས་སངས་རྒྱས་ལ་གསོལ་ནས་སངས་རྒྱས་ཀྱིས་དགེ་འདུན་ལ་སོགས་ཏེ། དགེ་སློང་དག་དང་ཕྱིན་ཆད་དགེ་སློང་རྣམས་ཀྱིས་ཆོས་འདི་ལྟ་བུ་བྱེད་
དུ་མི་གནང་ངོ་ཞེས་བསླབ་པ་བཅས་པའོ། །རྣམ་པར་དབྱེ་བ་ལས་ནི་གང་བསླབ་པའི་གནས་བཅས་པ་ལ་མདོར་བསྟན་པ་ནི་རྣམ་པར་དབྱེ་བའོ་ཞེས་བྱ་བ་ལ། རྣམ་པར་དབྱེ་བའི་སྒོ་ནས་འདུལ་བར་གཞག་པ་ནི་ཇི་ལྟར་བཅོམ་ལྡན་འདས་ཀྱིས་རྩྭ་དང་ཆུ་སྔོན་པོའི་གནས་དག་ཏུ་བཤང་བ་དང་གཅི་བ་མི་བྱའོ་
ཞེས་བསླབ་པའི་ཚིག་བཅས་ཏེ། མདོར་བསྟན་པ་ལས་རྒྱས་པར་ཕྱེ་ནས་བཤད་པ་སྟེ། ཇི་ལྟ་ཞེ་ན། རྒྱལ་པོའི་ཀུན་དགའ་ར་བར་སོང་ལ་དྲུག་སྡེ་རྣམས་ཀྱིས་རྩྭ་སྔོན་པོ་ལ་སོགས་པ་རྩེད་མོའི་གནས་དག་ན་བཤང་གཅི་བྱས་པ་ལས་བསླབ་པའི་གནས་བཅས་སོ་ཞེས་ཞིབ་ཏུ་བཤད་པ་ལྟ་བུའོ། །རྣམ་
པར་གདོན་མི་ཟ་བའི་ཕྱིར་ཏེ། དེ་ལ་ལྟུང་བ་དང་ལྟུང་བ་མ་ཡིན་པ་དང་ཇི་ལྟར་རབ་ཏུ་ངེས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བ་ལ། རྣམ་པར་གདོན་མི་ཟ་བའི་སྒོ་ནས་འདུལ་བར་གཞག་པ་ནི་ལྟུང་བ་སྡེ་ལྔ་ལས་འདི་ནི་ལྟུང་བ་ཡིན། འདི་ནི་ཕས་ཕམ་པ་ཡིན། འདི་ནི་ཉེས་པ་སྦོམ་པོ་ཡིན། འདི་ཙམ་གྱིས་ནི་
ལྟུང་བར་འགྱུར། འདི་ཙམ་གྱིས་ནི་ལྟུང་བར་མི་འགྱུར་རོ་ཞེས་གཏན་ལ་ཕབ་སྟེ་བསྟན་པའོ། །དམིགས་པ་བཙལ་བའི་སྐབས་བཤད་པ་རྫོགས་སོ།། །།དམིགས་པ་རྙེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། དམིགས་པ་རྙེད་པ་ནི་དམིགས་པ་མངོན་སུམ་དུ་གྱུར་པ་

སྟེ། དམིགས་པ་ཡོངས་སུ་ཚོལ་བའི་སྐབས་ཀྱི་རྗེས་ལ་དམིགས་པ་རྙེད་པའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་བཤད་པ་ལྟར་དམིགས་པའི་ཡུལ་བཙལ་ཏེ་ཡུལ་རྙེད་ན་གཏན་ལ་ཕབ་ན་དེའི་འོག་ཏུ་དམིགས་པའི་ཡུལ་མངོན་སུམ་དུ་གྱུར་པས་ན་དམིགས་པ་ཡོངས་སུ་ཚོལ་བའི་
སྐབས་ཀྱི་རྗེས་ལ། དམིགས་པ་རྙེད་པ་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་དམིགས་པའི་ཡུལ་ཡང་རྣམ་པ་བཞི་སྟེ། ཆོས་ལ་དམིགས་པ་དང་། ནང་ལ་དམིགས་པ་དང་། ཕྱི་ལ་དམིགས་པ་དང་། ཕྱི་ནང་གཉིས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལ་དམིགས་པའོ། །ཆོས་ལ་
དམིགས་པར་འདོད་པ་སྟེ། །ཞེས་བྱ་བ་ལ། དེ་ལ་ཆོས་ཞེས་བྱ་བའི་སྒྲ་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱ་སྟེ། དེ་དག་ཀྱང་ཤེས་རབ་རྣམ་པ་གསུམ་གྱི་དམིགས་པར་བྱ་བའི་ཡུལ་དུ་འདོད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཆོས་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་ལ་བྱ་སྟེ། དེའང་
བྱང་ཆུབ་སེམས་དཔའ་དབང་པོ་རྣོན་པོ་རྣམས་ཀྱི་དམིགས་པར་བྱ་བ་ཡིན་པར་འདོད་ཀྱི་ཐམས་ཅད་ཀྱི་དམིགས་པར་བྱ་བའི་ཡུལ་ནི་མ་ཡིན་ནོ། །ཡང་ན་ཆོས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་གཉིས་ལ་བྱ་སྟེ། ཆོས་དེ་དག་ཉིད་སྐྱེ་ཞིང་འཇིག་པའི་རང་བཞིན་ཅན་དུ་ཟད་ཀྱི་དེ་ལས་མ་
གཏོགས་པའི་བདག་དང་ནང་ན་བྱེད་པ་སྐྱེས་བུ་གང་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །ནང་དང་ཞེས་བྱ་བ་ལ། གཟུགས་ཀྱི་ཕུང་པོ་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པའི་ཕུང་པོ་ལ་ནང་ཞེས་བྱའོ། །ཡང་ན་འཛིན་པར་གྱུར་པ་མིག་གི་སྐྱེ་མཆེད་ནས་ཡིད་ཀྱི་སྐྱེ་མཆེད་ཀྱི་བར་ལ་འཛིན་པ་ཞེས་
བྱའོ། །ཕྱི་དང་ཞེས་བྱ་བ་ལ་གཟུགས་ནས་ཆོས་ཀྱི་སྐྱེ་མཆེད་ཀྱི་བར་གྱི་ཡུལ་དྲུག་བཟུང་བར་གྱུར་པ་ལ་ཕྱི་ཞེས་བྱའོ། །དེ་ལ་ཆོས་ལ་དམིགས་པ་དང་པོར་བསྟན་ཀྱང་ཆོས་ལ་དམིགས་པ་རྙེད་པ་བཤད་པ་མང་བས་ན་ཕྱིས་ཚིགས་བཅད་གཉིས་པ་དང་། གསུམ་པས་རྒྱས་པར་འཆད་ཀྱི་ནང་གི་དམིགས་པ་
རྙེད་པ་དང་། ཕྱིའི་དམིགས་པ་རྙེད་པ་དེས། ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་བཤད་པ་ཉུང་བས་ན་དེ་དག་གི་དམིགས་པ་རྙེད་པ་དང་པོར་བཤད་པར་བྱ་སྟེ། དེ་བས་ན་གཉིས་ཀའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་རྣམ་པ་གཉིས་ལ། གཉིས་ཀ་ཞེས་

བྱ་སྟེ། ནམ་ཕྱིའི་དེ་བཞིན་ཉིད་མངོན་སུམ་དུ་གྱུར་ན་ཕྱིའི་དམིགས་པ་རྙེད་པ་དང་། ནམ་ནང་གི་དེ་བཞིན་ཉིད་མངོན་སུམ་དུ་གྱུར་ན་ནང་གི་དམིགས་པ་རྙེད་པ་ཞེས་བྱའོ། །རྒྱུ་གང་གིས་ཕྱི་ནང་གི་དེ་བཞིན་ཉིད་མངོན་སུམ་དུ་འགྱུར་ཞེ་ན། དེའི་ཕྱིར། དོན་གཉིས་ཀྱིས་ནི་གཉིས་ཀའི་
རྙེད། །ཅེས་བྱ་བ་སྨོས་ཏེ། དོན་གཉིས་ཀྱིས་ནི་ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པར་འགྱུར་ཏེ། དོན་གཉིས་ཀྱིས་ནི་གཟུང་བའི་དོན་དང་འཛིན་པའི་དོན་ཐ་དད་པ་མ་ཡིན་པར་མཐོང་བ་དང་། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་དད་པ་མ་ཡིན་པར་མཐོང་བའོ། །དེ་ལ་གལ་ཏེ་འཛིན་པ་སྟེ་
སེམས་ལས། གཟུང་བ་སྟེ་ཕྱིའི་ཡུལ་རྣམས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་མཐོང་ནས་སེམས་ཙམ་དུ་མཐོང་ནས་གཟུང་བའི་གཡེང་བ་སྤངས་པས་ཕྱིའི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་བཟོད་པའི་དུས་ནའོ། །གལ་ཏེ་གཟུང་བ་སྟེ། ཕྱིའི་ཡུལ་ལ་འཛིན་པ་སྟེ། ནང་གི་སེམས་ཐ་དད་པ་མ་ཡིན་
པ་མཐོང་སྟེ། ཕྱིའི་ཡུལ་མེད་པ་བཞིན་དུ་ནང་གི་སེམས་ཀྱང་མེད་དོ་ཞེས་ཁོང་དུ་ཆུད་ནས་འཛིན་པ་ལ་གཡེང་བ་སྤངས་པས་ནང་གི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ནའོ། །ཕྱི་དང་ནང་གཉིས་ཀའི་དེ་བཞིན་ཉིད་རྙེད་པར་ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར། གཉིས་
པོ་དག་ནི་མི་དམིགས་པ། །ཞེས་བྱ་བ་སྨོས་ཏེ། ནང་གི་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་སྣང་བ་གཟུང་བ་ཡང་མི་དམིགས་འཛིན་པ་ཡང་མི་དམིགས་པར་འགྱུར་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པར་གྱུར་ན་ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་
དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་ས་དང་པོའི་དུས་ནའོ། །དྲོད་དང་སྤྱི་བོའི་ཚེ་ན་ནི་ཕྱི་ནང་གི་དེ་བཞིན་ཉིད་མངོན་སུམ་དུ་མ་གྱུར་པས་དམིགས་པ་རྙེད་པར་མི་བཤད་དོ། །ལུས་ལ་སོགས་པ་ནི་ཕྱི་ནང་སྟེ་ཞེས་བྱ་བ་ལ། ལུས་ཏེ་ཕུང་པོ་ལྔ་ལ་ནི་ནང་ཞེས་བྱ། གཟུགས་ལ་སོགས་པའི་ཡུལ་དྲུག་
ལ་ནི་ཕྱི་ཞེས་བྱའོ། །དེ་གཉིས་ཀྱི་དེ་བཞིན་ཉིད་ལ་དེ་གཉིས་སོ་ཞེས་བྱ་བ་ལ། ཕྱི་ནང་གཉིས་ཀྱི་དེ་བཞིན་ཉིད་རྣམ་པ་གཉིས་ལ་གཉིས་ཀའི་ཞེས་བྱ་སྟེ། ཕྱིའི་དེ་བཞིན་ཉིད་དང་ནང་གི་དེ་བཞིན་ཉིད་དོ། །སྨྲས་པ་དེ་སྟོང་པ་ཉིད་ནི་རོ་གཅིག་པར་ཟད་ན་ནི་ཅིའི་ཕྱིར་རྣམ་པ་གཉིས་སུ་གཞག་ཅེ་ན། ལན་དུ་

དེ་བཞིན་ཉིད་རྣམ་པ་གཉིས་སུ་དབྱེ་བ་མེད་མོད་ཀྱི། ཕྱི་ནང་གི་ཆོས་ཆོས་ཅན་རྣམ་པ་གཉིས་སུ་ཐ་དད་པས་ཆོས་ཉིད་ཀྱང་རྣམ་པ་གཉིས་སུ་གཞག་སྟེ། དཔེར་ན་བུམ་པའི་ནམ་མཁའ་དང་། གནས་ཁང་གི་ནམ་མཁའ་ཞེས་བྱ་བ་ལ་སོགས་པ་བཞིན་ནོ། །གཟུང་བའི་དོན་ནས་འཛིན་པའི་དོན་ཐ་དད་པ་མ་ཡིན་པར་
མཐོང་བ་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པ་ཉིད་གཉིས་ལྟ་བུར་རྣམ་པར་སྣང་སྟེ། གཟུང་བའི་ཕྱིའི་ཡུལ་ལ་མ་གཏོགས་པར་འཛིན་པ་ཞེས་བྱ་བ་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་བྱིས་པས་བཏགས་པ་ལྟ་བུར་ལོགས་ཤིག་ན་ཡོད་པ་མ་ཡིན་ཏེ། ཡུལ་དང་འདྲ་བར་སེམས་ཀྱང་མེད་པར་མཐོང་ན་ནང་གི་
དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་ནི་འཇིག་རྟེན་གྱི་ཆོས་ཀྱི་མཆོག་གི་དུས་ནའོ། །འཇིག་རྟེན་པའི་དོན་ལས་གཟུང་བའི་དོན་ཐ་དད་པ་མ་ཡིན་པར་མཐོང་བའོ་ཞེས་བྱ་བ་ལ། སེམས་ཉིད་གཟུགས་ལ་སོགས་པའི་དོན་དུ་སྣང་བར་ཟད་ཀྱི་སེམས་ལས་མ་གཏོགས་པའི་དོན་གཞན་ཡོད་པ་མ་ཡིན་ནོ་ཞེས་མཐོང་ན་
ཕྱིའི་དམིགས་པ་རྙེད་པ་ཞེས་བྱ་སྟེ། འདི་བཟོད་པའི་དུས་ནའོ། །ཕྱི་དང་ནང་དང་ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་དམིགས་པ་རྙེད་པ་བསྟན་ནས་ད་ནི་ཇི་ལྟར་ན་ཆོས་ལ་དམིགས་པ་རྙེད་པར་འགྱུར་བ་དེ་བསྟན་ཏེ། དེའི་ཕྱིར། ཆོས་ལ་དམིགས་པ་རྙེད་པ་ནི། །ཐོས་པ་ལ་སོགས་པ་ཤེས་རབ་གསུམ་གྱིས་ཞེས་
བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའོ། །ཆོས་དེ་དག་ལ་དམིགས་པ་རྙེད་དེ། དོན་མངོན་དུ་འགྱུར་བ་ཡང་དོན་རྣམ་པ་གསུམ་གྱིས་འགྱུར་ཏེ། ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་དང་། བསྒོམ་པའི་ཤེས་རབ་གསུམ་གྱིས་མངོན་སུམ་དུ་
འགྱུར་རོ། །ཐོས་པའི་ཤེས་རབ་ཀྱིས་ཇི་ལྟར་མངོན་སུམ་དུ་འགྱུར་བ་བསྟན་པའི་ཕྱིར། ཡིད་ཀྱི་རྟོག་པས་བཤད་པ་བཞིན། །དད་པ་ལ་ནི་རབ་འཛིན་ཕྱིར། །ཞེས་སྨོས་ཏེ། རྣ་བའི་རྣམ་པར་ཤེས་པ་ནི་རྣམ་པར་མི་རྟོག་པ་ཡིན་པས་དེས་དོན་རྟོགས་པར་མི་ནུས་པས་ན་ཡིད་ཀྱི་རྟོག་པ་ཞེས་བྱ་བས་རྣ་བའི་
རྣམ་པར་ཤེས་པའི་རྗེས་ལས་བྱུང་བ་རྣམ་པར་རྟོག་པ་དང་བཅས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡིད་ཀྱི་རྟོག་པ་ཞེས་བྱའོ། །གང་གི་ཚེ་སེམས་གཡེངས་པ་མེད་པར་ཆོས་ཉན་པ་དང་། སེམས་རྩེ་གཅིག་པས་ཆོས་ཉན་པ་དང་རྣ་བླགས་ཏེ་ཆོས་ཉན་པ་དང་། མཉམ་པར་གཞག་པའི་སེམས་ཀྱིས་ཆོས་

ཉན་པ་ན། མཁན་པོ་དང་སློབ་དཔོན་གྱིས་ཆོས་ཐམས་ཅད་སེམས་ལས་བྱུང་ངོ་ཞེས་བཤད་པ་བཞིན་དུ་དད་པ་དང་མོས་པས་དེ་བཞིན་དུ་འཛིན་ཏེ། མིང་དང་ཚིག་དང་ཡི་གེ་ལ་སོགས་པ་འདི་དེ་དག་ཐམས་ཅད་སེམས་ལས་སྣང་བར་ཟད་དོ་ཞེས་ཉན་པའི་བྱེ་བྲག་བྱེད་ཅིང་ཡིད་ཆེས་
པར་གྱུར་ན་ཐོས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱའོ། །སེམས་ཀྱི་ཤེས་རབ་ཀྱིས་ཇི་ལྟར་དམིགས་པ་བསྟན་པའི་ཕྱིར། རྟོག་པ་ལས་ནི་དོན་སྣང་དང་། །ཞེས་བྱ་བ་སྨོས་ཏེ། གང་གི་ཚེ་སེམས་པ་ལ་ཞུགས་པ་ནི་ཡིད་ཀྱི་རྟོག་པ་ཉིད་ལས་དོན་གྱི་དངོས་པོ་འདི་དག་སྣང་བར་ཟད་ཀྱི་ཡིད་
ཀྱི་རྟོག་པ་མ་རྟོགས་པར་དོན་འདི་དག་ཐ་དད་པས་ལོགས་ན་ཡོད་པ་མ་ཡིན་ནོ་ཞེས་མཐོང་བ་དེའི་ཚེ་ཐོས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱ་སྟེ། གོང་དུ་ཕྱི་དང་ནང་གི་དམིགས་པ་རྙེད་པའི་སྐབས་སུ་བཤད་པ་ལྟར་ན་གཟུང་བའི་དོན་ལས་འཛིན་པའི་དོན་ཐ་དད་པ་མ་ཡིན་པར་མཐོང་བ་
དང་། འཛིན་པའི་དོན་ལས་གཟུང་བའི་དོན་ཐ་དད་པ་མ་ཡིན་པར་མཐོང་ན། སེམས་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་གཞག་གོ། །བསྒོམ་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་ཇི་ལྟར་རྙེད་པ་བསྟན་པའི་ཕྱིར། སེམས་ཀྱིས་མིང་ལ་གནས་པས་སོ། །ཞེས་སྨོས་ཏེ། སེམས་ཀྱིས་
ཞེས་བྱ་བ་ནི་བསྒོམ་པའི་ཤེས་རབ་ཀྱིས་ཞེས་བྱ་བའི་དོན་ཏོ། །མིང་གི་སྒྲས་ནི་ཚོར་བ་ལ་སོགས་པ་གཟུགས་མེད་པའི་ཕུང་པོ་ལ་བྱ་སྟེ། གང་གི་ཚེ་གཟུང་བ་དང་འཛིན་པ་གཉིས་མི་དམིགས་པར་གྱུར་ནས་དམིགས་སུ་མེད་པའི་དེ་བཞིན་ཉིད་ཙམ་ལས་གནས་པར་གྱུར་ན་མིང་ལ་གནས་པ་ཞེས་བྱ་སྟེ།
དེ་ལྟར་གྱུར་ན་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པ་ཞེས་བྱའོ། །དེ་ཡང་གོང་དུ་ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་རྟོགས་པའི་གཉིས་སུ་མེད་པའི་དམིགས་པ་རྙེད་པ་ལྟར་རྙེད་ན་བསྒོམ་པའི་ཤེས་རབ་ཀྱིས་ཆོས་ལ་དམིགས་པ་རྙེད་པར་གཞག་གོ། །དམིགས་པ་རྣམ་པ་གསུམ་རྙེད་པར་
སྔར་སྨྲས་པ་དེ་ལ་གནས་པའོ་ཞེས་བྱ་བ་ལ། ཆོས་ལ་དམིགས་པ་རྙེད་པ་དང་། ནང་གི་དམིགས་པ་རྙེད་པ་དང་། ཕྱིའི་དམིགས་པ་རྙེད་པ་དང་། ཕྱི་ནང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དམིགས་པ་རྙེད་པ་འབྱུང་བས་ན་སྔར་སྨྲས་པའི་ཕྱི་ནང་གི་དམིགས་པ་རྙེད་པ་ལ་སོགས་པ་རྙེད་པ་རྣམ་གསུམ་བཤད་

པ་ཡང་ཆོས་ལ་དམིགས་པ་རྙེད་པ་ཁོ་ན་ལས་འབྱུང་བས་ན་དེ་དག་ཀྱང་ཆོས་ལ་དམིགས་པ་རྙེད་པ་ལ་གནས་ཤིང་བརྟེན་ཏོ་ཞེས་བྱ་བའི་དོན་ཏོ། །ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ། དམིགས་པ་རྙེད་པའི་སྐབས་ཀྱི་རྗེས་ལ་ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བའི་
སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། གོང་དུ་བཤད་པ་ལྟར་དམིགས་པ་རྙེད་པར་གྱུར་ན་དེ་ནི་ཡིད་ལ་བྱེད་པར་རྙེད་པ་དང་ཏིང་ངེ་འཛིན་རྙེད་པ་ཞེས་བྱ་སྟེ། དེ་བས་ན་དམིགས་པ་རྙེད་པའི་རྗེས་ལ་ཡིད་ལ་བྱེད་པ་ཡོངས་སུ་ཚོལ་བའི་སྐབས་བཤད་པར་འབྲེལ་ཏོ། །ཡང་ན་ཡིད་ལ་བྱེད་པའི་ཁྱད་པར་གང་
དང་ལྡན་ན་གོང་དུ་བཤད་པའི་དམིགས་པ་དེ་རྙེད་པར་གྱུར་པའི་ཡིད་ལ་བྱེད་པའི་ཁྱད་པར་ཏེ་གཏན་ལ་དབབ་དགོས་ཏེ། དེ་བས་ན་དམིགས་པ་རྙེད་པའི་རྗེས་ལ་ཡིད་ལ་བྱེད་པའི་སྐབས་བཤད་པར་འབྲེལ་ཏོ། །དེ་ལ་རྣལ་འབྱོར་པའི་ཡིད་ལ་བྱེད་པ་ནི་རྣམ་པ་བཅོ་བརྒྱད་ཡོད་དེ། དེ་ལ་ཡང་སྤྱིར་བསྟན་
པ་དང་། ཁྱད་པར་དུ་བསྟན་པ་སྟེ། རྣམ་པ་གཉིས་སུ་བསྟན་ཏོ། །དེ་ལ་རིགས་གསུམ་ཞེས་བྱ་བ་ནི་སྤྱིར་བསྟན། བྱ་བ་བྱེད་པ་ལ་སོགས་པ་མན་ཆད་ཀྱིས་ནི་ཁྱད་པར་དུ་བསྟན་ཏོ། །ཡང་ན་མདོར་བསྟན་པ་དང་། རྒྱས་པར་བསྟན་ཏེ། རིགས་གསུམ་ཞེས་བྱ་བས་ནི་མདོར་བསྟན་ཏོ། །བྱ་བ་བྱེད་པ་ལ་
སོགས་པས་ནི་རྒྱས་པར་བསྟན་ཏོ། །ཡིད་ལ་བྱེད་པ་བཅོ་བརྒྱད་ལ། རིགས་གསུམ་ཡིད་ལ་བྱེད་པ་དང་། བྱ་བ་བྱེད་པའི་ཡིད་ལ་བྱེད་པ་དང་། གནོད་པ་དང་མི་གནོད་བཅས་ཞེས་བྱ་བ་ལ་དེ་གཉིས་གཅིག་ཏུ་བསྡུས་ཏེ། དེ་གཉིས་ལ་གནས་རྣམ་པར་འབྱེད་པ་ལ་ཡིད་ལ་བྱེད་པ་ཞེས་བྱ་བ་དང་། མོས་
པ་ལ་ཤིན་ཏུ་འཇིགས་པའི་ཡིད་ལ་བྱེད་པ་དང་། རབ་ཏུ་འདོད་བྱེད་གཞན་ཞེས་བྱ་བ་ནི་གཞན་ཡང་རབ་ཏུ་འདོད་པའི་ཡིད་ལ་བྱེད་པ་དང་། ཆུང་ངུ་དང་ནི་རྫོགས་པའི་གནས། །རྟོག་བཅས་རྟོག་མེད་རྣམ་གཉིས་ཏེ། །ཞེས་བྱ་བ་འདི་རྣམ་པ་གཅིག་ཏུ་སྡོམ་ན་དེ་རྣམས་ནི་ཏིང་ངེ་འཛིན་ལ་གནས་པར་བྱེད་པ་
ཞེས་བྱ་བ་དང་། ཡེ་ཤེས་དང་ནི་ཡང་དག་ལྡན། །རྣལ་འབྱོར་རྒྱུ་ཡི་རང་བཞིན་ནོ། །ཞེས་བྱ་བ་འདི་གཉིས་གཅིག་ཏུ་བསྡོམས་ནས། ཤེས་པ་དང་ལྡན་པ་ཡིད་ལ་བྱེད་པ་དང་དེ་ནི་འདྲེས་པར་དམིགས་པ། དམིགས་པ་ཡིད་ལ་བྱེད་པ་དང་། དེའང་ཐ་དད་པ་དམིགས་པ་ཡིད་ལ་བྱེད་པ་དང་། དེའང་

རྣམ་པ་ལྔ་ཞེས་བྱ་བ་ནི་འདྲེས་པར་དམིགས་པ་ཡིད་ལ་བྱེད་པ་ལ་རྣམ་པ་ལྔ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་བདུན་ཏེ་ཞེས་བྱ་བ་ལ་ཐ་དད་པར་དམིགས་པ་ཡིད་ལ་བྱེད་པ་ལ་རྣམ་པ་བདུན་ཡོད་པ་དང་། ཡོངས་སུ་ཤེས་པའི་ཡིད་ལ་བྱེད་པའི་རྣམ་པ་ལྔ་ཡོད་པ་དང་། བསྒོམས་
པའི་རྣམ་པ་ལྔ་ཡིད་ལ་བྱེད་པ་ནི་བཞི་དང་སུམ་ཅུ་རྩ་བདུན་ཡོད་པ་དང་། གོང་དུ་བཤད་པའི་ཡིད་ལ་བྱེད་པ་དེ་དག་ཐམས་ཅད་ཀྱང་ཞི་གནས་དང་། ལྷག་མཐོང་གི་རང་བཞིན་ཡིན་ཏེ། དེ་བས་ན་ལམ་གཉིས་རང་བཞིན་གྱིས་ཡིད་ལ་བྱེད་པ་དང་། ལེགས་པ་གཉིས་ཡིད་ལ་བྱེད་པ་དང་། གནོད་པ་
གཉིས་ཡིད་ལ་བྱེད་པ་དང་། སྦྱོར་བ་ཡིད་ལ་བྱེད་པ་དང་། དབང་བྱེད་པ་ཡིད་ལ་བྱེད་པ་དང་། ཆུང་ངུའི་ཡིད་ལ་བྱེད་པ་དང་། རྒྱ་ཆེན་པོ་ཡིད་ལ་བྱེད་པ་དང་། འདི་དག་ནི་ཡིད་ལ་བྱེད་པ་རྣམ་པ་བཅོ་བརྒྱད་དོ་ཞེས་བྱ་བའི་དོན་ཏོ། །རྣལ་འབྱོར་རྣམས་ཀྱི་ཡིད་ལ་བྱེད། །དེ་ལྟར་ཐམས་ཅད་རང་བཞིན་འདོད། །
ཅེས་བྱ་བ་ལ། རྣལ་འབྱོར་པ་རྣམས་ཀྱི་ཡིད་ལ་བྱེད་པ་ནི་གོང་དུ་བཤད་པ་ལྟར་མདོར་བསྡུས་པ་དང་། རྒྱས་པར་བཤད་པ་ཐམས་ཅད་ཀྱང་རྣམ་པ་བཅོ་བརྒྱད་ཀྱི་རང་བཞིན་དུ་ཟད་པར་འདོད་ཅེས་བྱ་བའི་དོན་ཏོ། །དེ་ལ་རིགས་ངེས་པ་ནི་ཉན་ཐོས་ལ་སོགས་པའི་རིགས་སུ་ངེས་པའོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་
རིགས་ངེས་པས་ཉན་ཐོས་ཀྱི་ཆོས་བདེན་པ་བཞི་ལ་དམིགས་པ་དང་། རང་སངས་རྒྱས་ཀྱི་རིགས་ངེས་པས་རང་སངས་རྒྱས་ཀྱི་ཆོས་རྟེན་ཅིང་འབྲེལ་ཏེ་འབྱུང་བ་ལ་དམིགས་པ་དང་། བྱང་ཆུབ་སེམས་དཔའི་རིགས་ངེས་པས་གང་ཟག་དང་ཆོས་ལ་བདག་མེད་པ་ལ་དམིགས་པ་ནི་རིགས་ངེས་པ་ཡིད་ལ་བྱེད་པ་
ཞེས་བྱའོ། །བྱ་བ་བྱེད་པ་ནི་གང་ཚོགས་བསགས་པའོ་ཞེས་བྱ་བ་ལ། ས་དང་པོ་ན་ཆོས་ཀྱི་དབྱིངས་རྟོགས་པར་འགྱུར་བའི་རྒྱུ་མོས་པས་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་རྣམས་ཀྱི་ཡིད་ལ་བྱེད་པ་ལ་ནི་བྱ་བ་བྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །
གནས་རྣམ་པར་དབྱེ་བ་ནི་ཞེས་བྱ་བ་ལ། གནས་རྣམ་པར་དབྱེ་བའི་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། གནོད་པ་དང་བཅས་པའི་གནས་དང་གནོད་པ་མེད་པའི་གནས་སོ། །གང་གནོད་པ་དང་བཅས་པའི་གནས་ནི་ཁྱིམ་ན་གནས་པའི་གནས་སོ་ཞེས་བྱ་བ་ལ། གནོད་པ་དང་བཅས་པའི་གནས་ནི་ཁྱིམ་ན་

གནས་པ་རྣམས་ལ་བྱ་སྟེ། དེ་དག་གི་ཡིད་ལ་བྱེད་པ་བུ་སྨད་གསོ་བ་དང་སོ་ནམ་གྱི་བྱ་བ་མང་པོས་རྟག་ཏུ་དཀྲུགས་པས་ན་གནོད་པ་དང་བཅས་པའི་གནས་ཞེས་བྱའོ། །རབ་ཏུ་བྱུང་བའི་གནས་ནི་གནོད་པ་མེད་པའོ་ཞེས་བྱ་བ་ལ་རབ་ཏུ་བྱུང་བ་རྣམས་ལ་བུ་སྨད་གསོ་བ་དང་སོ་ནམ་བྱ་བའི་འཁྲུགས་པ་མེད་པས་ན་
གནོད་པ་མེད་པའི་གནས་ཞེས་བྱའོ། །མོས་པ་ལ་འཇོག་པ་ནི་གང་སངས་རྒྱས་རྗེས་སུ་དྲན་པ་དང་ལྡན་པའོ་ཞེས་བྱ་བ་ལ། གང་སངས་རྒྱས་རྗེས་སུ་དྲན་པ་དང་། ཡིད་ལ་བྱེད་པ་ནི་མོས་པ་ལ་འཇོག་པ་ཡིད་ལ་བྱེད་པ་ཞེས་བྱ་སྟེ། སངས་རྒྱས་རྗེས་སུ་དྲན་པར་བྱ་བ་ལ་ཡང་ཐེག་པ་ཆེན་པོ་བསྡུས་པའི་བསྟན་བཅོས་
ཀྱི་ནང་ནས་རྣམ་པ་དུས་སངས་རྒྱས་རྗེས་སུ་དྲན་པར་བྱ་ཞེ་ན། མདོར་ན་རྣམ་པ་བདུན་ལྟ་བུར་སངས་རྒྱས་རྗེས་སུ་དྲན་པ་བསྒོམས་ཏེ། རྣམ་པ་བདུན་ནི་སངས་རྒྱས་རྣམས་ཆོས་ཐམས་ཅད་ལ་དབང་བསྒྱུར་བ་ཡིན་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་པའི་འཇིག་རྟེན་གྱི་མངོན་
པར་ཤེས་པ་དང་ལྡན་པ་ཡིན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་རྟག་པའི་སྐུ་སྟེ་དེ་བཞིན་ཉིད་རྟག་ཏུ་དྲི་མ་མེད་པར་གྱུར་པ་དང་ལྡན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་མཆོག་ཏུ་ཁ་ན་མ་ཐོ་བ་མེད་པ་ཡིན་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་ཡིན་ནོ་
ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལྷུན་གྱིས་གྲུབ་པ་ཡིན་ཏེ། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་ལྷུན་གྱིས་གྲུབ་ཅིང་རྒྱུན་མི་འཆད་པར་མཛད་དོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་ལོངས་སྤྱོད་ཆེན་པོ་ཡིན་ཏེ། སངས་རྒྱས་ཀྱི་ཞིང་རབ་ཏུ་རྣམ་པར་དག་པའི་ལོངས་
སྤྱོད་དང་ལྡན་པ་ཡིན་ནོ་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་གོས་པ་མེད་པ་ཡིན་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མ་གོས་པའོ་ཞེས་རྗེས་སུ་དྲན་པར་བྱའོ། །དེ་བཞིན་གཤེགས་པ་ནི་དོན་ཆེན་པོ་ཡིན་ཏེ། མངོན་པར་སངས་རྒྱས་པ་ནས་མྱ་ངན་ལས་འདས་པ་ཆེན་པོ་བསྟན་པའི་
ཐབས་ཀྱིས་སེམས་ཅན་སྨིན་པ་དང་གྲོལ་བར་མཛད་པ་ཡིན་ནོ་ཞེས་རྗེས་སུ་དྲན་པར་བྱའོ། །འདོད་པ་བསྐྱེད་པ་ན་གང་དེ་ལ་ཡིད་ཆེས་པ་དང་ལྡན་པའོ་ཞེས་བྱ་བ་ལ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཞེས་ཡིད་ཆེས་པ་དང་། དེའི་ཆོས་ནི་ལེགས་པར་བཤད་

པ་ཡིན་ནོ་ཞེས་ཡིད་ཆེས་པ་ལ་འདོད་པ་བསྐྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཡང་ན་སངས་རྒྱས་བཅོམ་ལྡན་འདས་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པ་སྟོབས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་སྐུ་གསུམ་གྱི་ངོ་བོ་ཡིན་ནོ་ཞེས་ཡིད་ཆེས་པ་དང་། ཆོས་ལ་ཡང་བཤད་
པའི་ཆོས་ནི་སྒྲུབ་པར་བྱེད་པའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་གསལ་བར་སྟོན་པར་བྱེད་པ་ཡིན་ཏེ་སྒྲུབ་པར་བྱེད་པའི་ཆོས་ཀྱང་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ལམ་དུ་གྱུར་པ་ཡིན། མྱ་ངན་ལས་འདས་པ་ཡང་ཉོན་མོངས་པ་དང་སྡུག་བསྔལ་སྤངས་པའི་རང་བཞིན་ཡིན་ནོ་ཞེས་ཡིད་ཆེས་པ་དང་། དགེ་
འདུན་ཡང་འཁོར་བའི་འདམ་ལས་རྒལ་བ་དང་། འཁོར་བའི་འདམ་ལས་རྒལ་བར་གྱུར་པའི་ལམ་ལ་གནས་པ་ཡིན་ནོ་ཞེས་ཡིད་ཆེས་པ་ནི་འདོད་པ་བསྐྱེད་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །ཏིང་ངེ་འཛིན་ལ་གནས་པ་ནི་གང་ཉེ་བར་གྱུར་པ་དང་། ངོ་བོའི་ཏིང་ངེ་འཛིན་དང་ལྡན་ཏེ་ཞེས་བྱ་བ་ལ། བསམ་གཏན་
དང་པོ་ལ་འཇུག་པའི་ཏིང་ངེ་འཛིན་ཉེར་བསྡོགས་སུ་གྱུར་པ་དང་རྩ་བའི་ཏིང་ངེ་འཛིན་བསམ་གཏན་དང་པོ་ནས་བཞི་པ་མན་ཆད་ངོ་བོ་ཉིད་ཏིང་ངེ་འཛིན་དང་ལྡན་པ་རྣམས་ལ་ཏིང་ངེ་འཛིན་ལ་གནས་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ལ་ཉེ་བར་གྱུར་པའི་ཏིང་ངེ་འཛིན་ལ་ནི་ཆུང་ངུའི་གནས་ཞེས་བྱའོ། །ངོ་བོའི་ཏིང་ངེ་
འཛིན་ལ་རྫོགས་པའི་གནས་ཞེས་བྱའོ། །ཏིང་ངེ་འཛིན་དེ་དག་ཉིད་ལ་རྣམ་པ་གསུམ་གཞག་སྟེ། དེའི་ཕྱིར་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉེར་བསྡོགས་དང་བསམ་གཏན་དང་པོ་ལ་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཏིང་ངེ་འཛིན་ཞེས་བྱའོ། །བསམ་
གཏན་གཉིས་པ་དང་བར་གྱི་བསམ་གཏན་རྣམས་ལ་རྣམ་པར་མི་རྟོག་ཅིང་དཔྱོད་པ་ཙམ་གྱི་ཏིང་ངེ་འཛིན་ཞེས་བྱའོ། །བསམ་གཏན་གསུམ་པ་དང་བཞི་པ་ལ་ནི་རྣམ་པར་མི་རྟོག་མི་དཔྱོད་པའི་ཏིང་ངེ་འཛིན་དང་ལྡན་པས་ཞེས་བྱའོ། །ཤེས་པ་དང་ལྡན་པས་ནི་རྣལ་འབྱོར་གྱི་རྒྱུ་དང་རྣལ་འབྱོར་གྱི་ཤེས་པ་དང་
ལྡན་པ་སྟེ་ཞེས་བྱ་བ་ལ་རྣལ་འབྱོར་གྱི་རྒྱུ་དང་རྣལ་འབྱོར་གྱི་ཤེས་པ་དང་ལྡན་པ་གཉིས་ལ་ཤེས་པ་དང་ལྡན་པའི་ཡིད་ལ་བྱེད་པ་ཞེས་བྱའོ། །དེའང་རིམ་བཞིན་ཐོས་པ་དང་བསམ་པ་དང་བསྒོམ་པའོ་ཞེས་བྱ་བ་ལ་ཐོས་པའི་ཤེས་རབ་དང་། བསམ་པའི་ཤེས་རབ་གཉིས་ལ་ནི་རྣལ་འབྱོར་གྱི་རྒྱུ་ཞེས་བྱ་སྟེ། ཞི་

གནས་དང་ལྷག་མཐོང་གི་རྒྱུར་གྱུར་པའི་ཕྱིར་རོ། །ཤེས་རབ་ལ་ནི་རྣལ་འབྱོར་གྱི་ཤེས་རབ་དང་ལྡན་པ་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་གི་རྒྱུར་གྱུར་བསྒོམ་པའི་ཤེས་རབ་ལ་ནི་རྣལ་འབྱོར་གྱི་ཤེས་རབ་དང་ལྡན་པ་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་བསྒོམ་པའི་ཕྱིར་རོ། །མ་འདྲེས་པར་དམིགས་པ་
རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། འདྲེས་པར་དམིགས་པ་ཡིད་ལ་བྱེད་པ་ལྔ་ཡོད་དེ། མདོ་སྡེ་ལ་འདྲེས་པར་དམིགས་པ་དང་། ཆེད་དུ་བརྗོད་པ་ལ་འདྲེས་པར་དམིགས་པ་དང་། གླེང་གཞི་ལ་འདྲེས་པར་དམིགས་པ་དང་། འཛིན་པ་ལ་འདྲེས་པར་དམིགས་པ་དང་། འཆད་པ་ལ་འདྲེས་པར་དམིགས་
པའོ། །མདོ་སྡེ་དང་ཞེས་བྱ་བ་ལ། ཇི་སྙེད་དུ་མདོ་སྡེ་འབྱུང་བ་ཐམས་ཅད་ཀྱི་དོན་གཅིག་ཏུ་བསྡུས་ནས་མདོ་སྡེ་འབྱུང་བ་ཐམས་ཅད་ཀྱི་དོན་འདི་ཙམ་དུ་འབྱུང་བར་ཟད་དོ་ཞེའམ། སྟོན་པར་ཟད་དོ་ཞེས་དམིགས་པ་ནི་མདོ་སྡེ་ལ་དམིགས་པ་ཞེས་བྱའོ། །ཆེད་དུ་བརྗོད་པ་དང་ཞེས་བྱ་བ་ལ་ཇི་སྙེད་དུ་ཆེད་
དུ་བརྗོད་པ་རྒྱ་ཆེར་བཤད་པར་བྱ་བ་རྣམས་ཀྱིས་དོན་གཅིག་ཏུ་བསྡུས་ན་འདི་སྐད་དུ་སྟོན་པར་ཟད་ཅེའམ། ཐམས་ཅད་ཀྱང་སྟོང་པའི་དོན་ཞེས་དམིགས་པ་ནི་ཆེད་དུ་བརྗོད་པ་ལ་འདྲེས་པར་དམིགས་པའོ། །གླེང་གཞི་རྣམས་ཞེས་བྱ་བ་ལ་ཇི་སྙེད་གླེང་གཞི་རྒྱ་ཆེར་བཤད་པ་ཐམས་ཅད་ཀྱི་དོན་བསྡུས་ན་འདི་སྐད་
དུ་འཆད་པར་ཟད་ཅེའམ། ཐམས་ཅད་ཀྱི་དོན་ཡང་སྟོན་པར་ཟད་དོ་ཞེས་དམིགས་པ་ནི་གླེང་གཞི་ལ་འདྲེས་པར་དམིགས་པ་ཞེས་བྱའོ། །འཛིན་གནས་ཞེས་བྱ་བ་ལ། ཇི་ཙམ་དུ་མཁན་པོ་དང་སློབ་དཔོན་གྱི་ཐད་ནས་ཆོས་དང་དོན་གཟུང་བ་དེ་དག་ཐམས་ཅད་མདོར་བསྡུས་ན་འདི་སྐད་དུ་སྟོན་པར་ཟད་དོ་ཞེས་
དམིགས་པ་ནི་འཛིན་པ་ལ་འདྲེས་པར་དམིགས་པ་ཞེས་བྱའོ། །ཟད་པའི་བར་དུ་དམིགས་པ་འདྲེས་པར་དམིགས་པའོ་ཞེས་བྱ་བ་ལ། ཇི་ཙམ་དུ་བདག་གིས་གཞན་ལ་བཤད་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཕགས་པ་དག་གིས་བཤད་པ་ཐམས་ཅད་ཀྱང་དོན་མདོར་བསྡུས་ན་ཐམས་
ཅད་ཀྱང་འདི་སྐད་དུ་འབྱུང་བར་ཟད་དོ་ཞེའམ། ཐམས་ཅད་ཀྱང་སྟོན་པར་ཟད་དོ་ཞེས་དམིགས་པ་ནི་འཆད་པ་འདྲེས་པར་དམིགས་པའོ་ཞེས་བྱའོ། །མིང་ལ་དམིགས་པ་དང་ཞེས་བྱ་བ་ལ། མིང་ནི་ལྷ་སྦྱིན་དང་མཆོད་སྦྱིན་ཞེས་བྱ། གཟུགས་དང་སྒྲ་ཞེས་བྱ་བ་སྟེ། ཆོས་འདི་ལ་འདི་སྐད་ཅེས་བྱ་ཞེས་

དམིགས་པ་ནི་མིང་ལ་དམིགས་པ་ཞེས་བྱའོ། །ཚིག་ལ་དམིགས་པ་དང་ཞེས་བྱ་བ་ལ། མིང་མང་པོ་འདུས་པ་ལ་ཚིག་ཅེས་བྱ་སྟེ། དཔེར་ན་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བྱ་བ་ལྟ་བུའོ། །མདོ་སྡེ་འདིའི་ནང་ནས་ཚིག་འདི་སྙེད་ཅིག་འབྱུང་ཞེའམ། ཚིག་འདིའི་
དོན་ནི་འདི་ཡིན་ནོ་ཞེས་དམིགས་པ་ཞེས་བྱའོ། །ཡི་གེ་ལ་དམིགས་པ་དང་ཞེས་བྱ་བ་ལ། ཨ་དང་ཀ་ལ་སོགས་པ་ལ་དམིགས་པ་ལ་ཡི་གེ་ལ་དམིགས་པ་ཞེས་བྱའོ། །གང་ཟག་ལ་བདག་མེད་པ་ལ་དམིགས་པ་དང་ཞེས་བྱ་བ་ལ། ཕུང་པོ་ལྔ་ཙམ་དུ་ཟད་ཀྱི་ཕུང་པོ་ལྔའི་ནང་ནས་མུ་སྟེགས་ཀྱིས་བརྟགས་
པའི་བདག་དང་སེམས་ཅན་མེད་དོ་ཞེས་དམིགས་པ་ནི་གང་ཟག་ལ་བདག་མེད་པའི་དམིགས་པ་ཞེས་བྱའོ། །ཆོས་ལ་བདག་མེད་པ་ལ་དམིགས་པ་དང་ཞེས་བྱ་བ་ལ། ཕུང་པོ་ལ་སོགས་པའི་ཀུན་བརྟགས་ཀྱི་ཆོས་རྣམས་ཀྱང་རྨི་ལམ་གྱི་གཟུགས་དང་འདྲ་སྟེ། རང་བཞིན་མེད་དོ་ཞེས་དམིགས་པ་ནི་ཆོས་
བདག་མེད་པ་ལ་དམིགས་པ་ཞེས་བྱའོ། །གཟུགས་ཅན་གྱི་ཆོས་ལ་དམིགས་པ་དང་ཞེས་བྱ་བ་ལ། བདག་དང་གཞན་དང་གཉིས་ཀའི་ལུས་ལ་མི་གཙང་བ་ལ་སོགས་པའི་རྣམ་པར་དམིགས་པ་ནི་གཟུགས་ཅན་གྱི་ཆོས་ལ་དམིགས་པ་ཞེས་བྱའོ། །གཟུགས་མེད་པའི་ཆོས་ལ་དམིགས་པ་ཞེས་བྱ་
བ་ལ། ཚོར་བ་ཐམས་ཅད་སྡུག་བསྔལ་བར་དམིགས་པ་དང་། སེམས་མི་རྟག་པར་དམིགས་པ་དང་། ཆོས་ལ་བདག་མེད་པར་དམིགས་པ་ནི་གཟུགས་མེད་པའི་ཆོས་ལ་དམིགས་པ་ཞེས་བྱའོ། །ཡོངས་སུ་ཤེས་པའི་ངེས་པ་ནི། རྣམ་པ་ལྔ་ལྟར་ཤེས་ན། ཡོངས་སུ་ཤེས་པའི་ངེས་པ་ཡིད་ལ་
བྱེད་པ་ཞེས་བྱའོ་ཞེས་པའི་དོན་ཏོ། །དེ་ལ་ཡོངས་སུ་ཤེས་པར་བྱེད་པའི་དངོས་པོ་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ལ། ཡོངས་སུ་ཤེས་པའི་དངོས་པོ་ཞེས་བྱ་བ་ནི་ཤེས་པར་བྱ་བའི་ཡུལ་ལ་བྱའོ། །དེ་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་བདེན་པས་བསྡུས་པ་ལ་བྱའོ། །ཡོངས་སུ་ཤེས་
པར་བྱེད་པའི་དོན་ནི་དེ་ཉིད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་ཉིད་དང་། བདག་མེད་པའོ་ཞེས་བྱ་བ་ལ། ཕུང་པོ་ལྔ་ལ་ཇི་ལྟར་ཡོངས་སུ་ཤེས་པར་བྱ་བ་ནི་དོན་ཞེས་བྱ་སྟེ། །དེ་ཡང་མི་རྟག་པ་ལ་སོགས་པ་རྣམ་པ་བཞི་ལྟར་ཤེས་པར་བྱའོ། །དེ་ལ་སྐད་ཅིག་མ་རེ་རེ་ལ་འཇིག་པས་

ན་མི་རྟག་པའོ། །སྡུག་བསྔལ་རྣམ་པ་གསུམ་དང་ལྡན་པས་ན་སྡུག་བསྔལ་བའོ། །ཕུང་པོའི་ནང་ན་མུ་སྟེགས་ཀྱིས་བརྟགས་པའི་བདག་མེད་རྟག་པ་མེད་པས་ན་སྟོང་པའོ། །ཕུང་པོ་ཉིད་མུ་སྟེགས་ཀྱིས་བརྟགས་པའི་བདག་རྟག་པའི་རང་བཞིན་མེད་པས་ན་བདག་མེད་པའོ། །ཡོངས་སུ་ཤེས་པར་བྱེད་
པ་ནི་ལམ་མོ་ཞེས་བྱ་བ་ལ། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་མི་རྟག་པ་ལ་སོགས་པ་ལྟ་བུར་ཤེས་པར་བྱེད་པ་ནི་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་དེ། དེ་ལ་ཡང་ཡང་དག་པའི་ལྟ་བས་མི་རྟག་པ་ལ་སོགས་པ་ལྟ་བུར་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་ཤེས་པར་བྱེད་པའི་འབྲས་བུ་ནི་
རྣམ་པར་གྲོལ་བའོ་ཞེས་བྱ་བ་ལ། ཡང་དག་པའི་ལྟ་བས་ཕུང་པོ་ལྔ་ལ་མི་རྟག་པ་ལ་སོགས་པ་ལྟ་བུར་ཤེས་པར་བྱས། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་རྣམ་པར་གྲོལ་བར་འགྱུར་ཏེ། སེམས་རྣམ་པར་གྲོལ་བ་ནི་ཡོངས་སུ་ཤེས་པར་བྱེད་པའི་འབྲས་བུ་ཡིན་ནོ། །དེ་རབ་ཏུ་རིག་པ་ནི་
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའོ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པའི་སེམས་རྣམ་པར་གྲོལ་ནས་དེའི་འོག་ཏུ་སེམས་རྣམ་པར་གྲོལ་ལོ་ཞེས་སེམས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་སྐྱེས་པ་ལ་ནི་དེ་རབ་ཏུ་རིག་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །བསྒོམ་པའི་རྣམ་པ་ལ་ཞུགས་
པ་ཡིད་ལ་བྱེད་པ་ལ་བསྒོམ་པའི་རྣམ་པ་བཞི་དང་། བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ཡོད་པས་ལས་བསྒོམ་པའི་རྣམ་པ་བཞི་པོ་བསྟན་པའི་ཕྱིར། གང་ལ་བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཉན་ཐོས་རྣམས་ནི་མོས་པས་སྤྱོད་པའི་ས་ནས་གང་ཟག་ལ་བདག་
མེད་པའི་རྣམ་པ་བསྒོམ་སྟེ། ཕུང་པོ་ལྔ་ཙམ་དུ་ཟད་དེ། མུ་སྟེགས་ཀྱིས་བརྟགས་པའི་བདག་ནི་མེད་ལ་ཕུང་པོ་ལྔ་ཉིད་ལ་ཡང་མི་རྟག་པ་དང་སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་བསྒོམ་པའི་ཕྱིར་རོ། །ཆོས་ལ་བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། བྱང་ཆུབ་
སེམས་དཔའ་རྣམས་ནི་མོས་པས་སྤྱོད་པའི་ས་ནས་ཆོས་ལ་བདག་མེད་པའི་རྣམ་པར་བསྒོམས་ཏེ། གཟུགས་ལ་སོགས་པའི་ཆོས་འདི་དག་ཀྱང་རྨི་ལམ་གྱི་གཟུགས་ལ་སོགས་པ་བཞིན་དུ་སེམས་ལས་བྱུང་བར་ཟད་དོ་ཞེས་བསྒོམ་པའི་ཕྱིར་རོ། །མཐོང་བའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ།

ཉན་ཐོས་མཐོང་བའི་ལམ་སྐྱེས་ཏེ། །རྒྱུན་དུ་ཞུགས་པ་ཐོབ་པ་དང་། །བྱང་ཆུབ་སེམས་དཔའ་མཐོང་བའི་ལམ་སྐྱེས་ཏེ། ས་དང་པོ་ཐོབ་པའི་ཚེ་ན་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ལ་སོགས་པ་བཟོད་པ་བརྒྱད་ལ་གནས་པ་ནི་མཐོང་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །ཡེ་
ཤེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ་མཐོང་བའི་ལམ་དེ་ཉིད་ཀྱི་དུས་ན་ཡེ་ཤེས་རྣམ་པ་བརྒྱད་ལ་གནས་པའི་ཚེ་ན་ནི་ཡེ་ཤེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །ཡང་ན་ཞི་གནས་བསྒོམ་པ་ལ་གནས་པའི་ཚེ་ན་ནི་མཐོང་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །ལྷག་མཐོང་བསྒོམ་པའི་དུས་ན་ནི་ཡེ་
ཤེས་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལས་བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ནོ་ཞེས་བྱ་བ་ལ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་བསྒོམ་པ་ལ། བསྒོམ་པའི་རྣམ་པ་སུམ་ཅུ་རྩ་བདུན་ཞེས་བྱ་སྟེ། བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་ཡང་དྲན་པ་ཉེ་བར་གཞག་པ་བཞི་ནས་བརྩམས་ཏེ།
འཕགས་པའི་ལམ་གྱི་ཡན་ལག་བརྒྱད་ཀྱི་བར་དུའོ། །མི་སྡུག་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ནང་གི་ལུས་དང་ཕྱིའི་ལུས་དང་། ཕྱི་ནང་གཉིས་ཀའི་ལུས་ལ་ཀླད་པའི་རྒྱས་ནས་རྐང་པའི་མཐིལ་གྱི་བར་དུ་ཁྲག་དང་རྣག་ལ་སོགས་པས་གང་བར་དམིགས་པ་དང་། རྣམ་པར་བསྔོས་པ་དང་།
བམ་པ་ལ་སོགས་པ་བསྒོམ་པ་ནི་མི་སྡུག་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ལུས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །སྡུག་བསྔལ་གྱི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ། ཚོར་བ་བདེ་བ་དང་། ཚོར་བ་སྡུག་བསྔལ་བ་དང་། ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་
རྣམས་རྟག་ཏུ་སྡུག་བསྔལ་བ་ཡིན་ནོ་ཞེས་བསྒོམ་པ་ནི་སྡུག་བསྔལ་གྱི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལ་ཚོར་བ་བདེ་བ་ཡང་ནམ་ཞིག་ན་སྡུག་བསྔལ་གྱི་རྒྱུར་འགྱུར་བས་འགྱུར་བའི་སྡུག་བསྔལ་དང་ལྡན་པ་དང་། ཚོར་བ་སྡུག་བསྔལ་བ་དང་། སྡུག་བསྔལ་གྱི་སྡུག་བསྔལ་དང་ལྡན་པ་དང་། ཚོར་བ་
བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པ་ནི་འདུ་བྱེད་ཀྱི་སྡུག་བསྔལ་དང་ལྡན་པས་ཚོར་བ་ཐམས་ཅད་སྡུག་བསྔལ་བ་ཞེས་བྱ་སྟེ། འདིས་ནི་ཚོར་བ་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །མི་རྟག་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། རྣམ་པར་ཤེས་པ་བརྒྱད་དང་། སེམས་ལས་བྱུང་བ་རྣམས་

ནི་སྐད་ཅིག་ཏུ་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་མེད་པར་འགྱུར་བ་དང་། སྐད་ཅིག་ཏུ་ཞེ་སྡང་དང་བཅས་པ་དང་། ཞེ་སྡང་མེད་པར་འགྱུར་བ་དང་། སྐད་ཅིག་ཏུ་གཏི་མུག་དང་བཅས་པ་དང་། གཏི་མུག་མེད་པར་འགྱུར་བ་དང་། ཞི་བ་དང་། མ་ཞི་བར་འགྱུར་རོ་ཞེས་བསྒོམ་པ་ནི་མི་རྟག་པའི་
རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་སེམས་དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །བདག་མེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ཆོས་རྣམ་པ་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་དང་རྣམ་པར་བྱང་བའི་ཆོས་སོ། །འཁོར་བའི་དུས་ན་ནི་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་
མོངས་པའི་ཆོས་དང་ལྡན་པར་ཟད། མྱ་ངན་ལས་འདས་པའི་དུས་ན་ནི་དད་པ་ལ་སོགས་པ་རྣམ་པར་བྱང་བའི་ཆོས་དང་ལྡན་པར་ཟད་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བའི་བདག་རྟག་པ་གང་ཡང་མེད་དོ་ཞེས་བསྒོམ་པ་ནི་བདག་མེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཆོས་
དྲན་པ་ཉེ་བར་གཞག་པ་བསྟན་ཏོ། །འདིས་ནི་དྲན་པ་ཉེ་བར་གཞག་པ་བཞི་བསྟན་ཏོ། །རབ་ཏུ་ཐོབ་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ལྷག་པའི་ཚུལ་ཁྲིམས་དང་སེམས་དང་། ལྷག་པའི་ཤེས་རབ་ཀྱི་མཚན་ཉིད་དགེ་བ་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར། མོས་པ་བསྐྱེད་འབད་བརྩོན་
འགྲུས་རྩོམ་པ་ནི་རབ་ཏུ་ཐོབ་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པར་སྤོང་བའི་རྣམ་པ་གཅིག་གོ། །བརྟེན་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། བསླབ་པ་གསུམ་གྱི་མཚན་ཉིད་དབྱེ་བའི་ཆོས་སྐྱེ་བ་རྣམས་འཕེལ་བ་དང་། རྒྱས་པ་དང་རྒྱ་ཆེར་འགྱུར་བར་བྱ་བའི་ཕྱིར་ཡང་
ནས་ཡང་དུ་དེ་ལ་བསྒོམ་པ་ནི་བསྟན་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པའི་སྤོང་བ་གཉིས་པའོ། །གདོན་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། བསླབ་པ་གསུམ་གྱིས་མི་མཐུན་པའི་ཕྱོགས་སུ་གྱུར་པ་སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤང་བར་བྱ་བའི་ཕྱིར། མོས་
པ་བསྐྱེད་འབད་བརྩོན་འགྲུས་རྩོམ་པ་ནི་འདོན་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པའི་སྤོང་བ་གསུམ་པའོ། །སྡིག་པ་མི་དགེ་བའི་ཆོས་སྤངས་པ་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་རྒྱུན་དུ་སྐྱེ་བ་ལས་སྐྱེ་བའི་རྒྱུན་གཅད་པའོ། །ཡང་སྡིག་པའི་ཆོས་དེ་དག་གི་ས་བོན་

སྤངས་པ་ཉིད་ཀྱིས་སྤངས་པ་ཞེས་བྱ་སྟེ། གཞན་དུ་ན་སྡིག་པའི་ཆོས་སྐྱེས་ཟིན་པ་རྣམས་ནི་སྤང་དུ་མེད་དེ། རང་ཉིད་སྐྱེས་མ་ཐག་ཏུ་འགག་པར་འགྱུར་བས་སོ། །གཉེན་པོ་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ། སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེད་པའི་ཕྱིར་
དེའི་གཉེན་པོ་འདོད་ཆགས་ཀྱི་གཉེན་པོར་མི་གཙང་བ་བསྒོམ་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་བསྒོམ་པ་དང་གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་པར་འབྱུང་བ་བསྒོམ་པ་ནི་གཉེན་པོའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཡང་དག་པའི་སྤོང་བ་བཞི་པ་བསྟན་ཏོ། །དེ་ལ་གཉེན་པོ་
ལ་བསྒོམ་ན་བག་ཆགས་བཅོམ་པར་འགྱུར་རོ། །བག་ཆགས་བཅོམ་ན་སྡིག་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་སྐྱེ་བར་འགྱུར་ཏེ། མ་སྐྱེས་པ་སྤོང་བའི་ཐབས་ཀྱང་དེ་ལྟ་བུའོ། །འདི་ཡན་ཆད་ཡང་དག་པའི་སྤོང་བ་བཞི་བསྟན་ཏོ། །བཤད་དོ། །ཆོག་པར་འཛིན་པའི་གཉེན་པོ་ཡིད་ལ་བྱེད་པའི་
བསྒོམ་པ་ནི་དད་པ་བསྐྱེད་པའོ་ཞེས་བྱ་བ་ལ། ཡང་དག་པའི་སྤོང་བ་བཞི་ཙམ་གྱི་དགེ་བས་ཆོག་པར་འཛིན་ཅིང་དགེ་བ་རྒྱ་ཆེན་པོ་དང་ཏིང་ངེ་འཛིན་ལ་སོགས་པ་མི་ཚོལ་ལ་དེའི་གཉེན་པོ་ཡིད་ལ་བྱེད་པ་བསྒོམས་ཏེ། དེའི་གཉེན་པོ་ཡིད་ལ་བྱེད་པ་ཡང་གང་ཡིན་ཞེ་ན། དད་པ་སྐྱེས་པའོ། །དད་པ་སྐྱེས་པ་
ནི་ཏིང་ངེ་འཛིན་དང་། དགེ་བའི་རྩ་བ་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར། མོས་པ་དང་དགའ་བ་དང་སྤྲོ་བ་བསྐྱེད་པ་སྟེ། འདིས་ནི་མོས་པ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །གཡེང་བ་དང་ཐེ་ཚོམ་གྱི་གཉེན་པོ་ཡིད་ལ་བྱེད་པ་བསྒོམ་པ་ནི་ནམ་འབད་པ་དང་བརྩོན་འགྲུས་རྩོམ་པ་ན་རིམ་བཞིན་ནོ་ཞེས་བྱ་བ་ལ།
ཏིང་ངེ་འཛིན་དུ་ཞུགས་པ་ན་འདོད་པ་ལྔའི་ཡོན་ཏན་ལ་སེམས་གཡེང་བས་གཡེངས་པ་ཞེས་བྱའོ། །བསྒོམ་པའི་ཡུལ་དང་ཤེས་བྱའི་དངོས་པོ་ཡིན་ནམ་མ་ཡིན་ནོ་སྙམ་དུ་ཡིད་གཉིས་ཟ་བ་ནི་ཐེ་ཚོམ་ཞེས་བྱ་སྟེ། གཡེང་བའི་གཉེན་པོར་ནི་འབད་པ་ཡིད་ལ་བྱའོ། །ཐེ་ཚོམ་གྱི་གཉེན་པོར་ནི་བརྩོན་
འགྲུས་ཡིད་ལ་བྱ་སྟེ། རིམ་བཞིན་ནོ། །ཇི་ལྟར་གཉེན་པོར་འགྱུར་ཞེ་ན། ཏིང་ངེ་འཛིན་གྱི་དུས་ན་ཕྱིའི་ཡུལ་ལ་སེམས་གཡེངས་ཤིང་ཕྱད་པར་གྱུར་པ་དང་། མི་གཡེངས་པར་གྱུར་པའི་ཕྱིར་འབད་པར་བྱའོ། །ནམ་ཐེ་ཚོམ་དུ་གྱུར་པ་ན་མ་བཙལ་ཏེ། ལེ་ལོའི་དབང་དུ་བྱས་ན་ནི་ཐེ་ཚོམ་ལས་ཐར་

བར་མི་འགྱུར་ཏེ། བརྩོན་འགྲུས་བསྐྱེད་པ་ལ་ཡང་ནས་ཡང་དུ་གཞིག་ཅིང་བརྟགས་ཏེ་དཔྱད་ན་ཐེ་ཚོམ་མེད་པར་འགྱུར་བས། ཐེ་ཚོམ་གྱི་གཉེན་པོར་ནི་བརྩོན་འགྲུས་རྩོམ་མོ། །རྒོད་པའི་གཉེན་པོར་ཏིང་ངེ་འཛིན་བསྒོམ་པ་ནི་ནམ་སེམས་རབ་ཏུ་འཛིན་པའོ་ཞེས་བྱ་བ་ལ། སྔོན་རྩེད་མོ་བྱས་པ་དང་། བགོད་
པ་ལ་སོགས་པ་དྲན་ནས་སེམས་འཕྲོས་པར་གྱུར་པ་ནི་རྒོད་པ་ཞེས་བྱ་སྟེ། དེའི་གཉེན་པོར་ནི་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒོམ་མོ་ཞི་གནས་ཀྱི་ཏིང་ངེ་འཛིན་བསྒོམ་པ་ན་སེམས་རབ་ཏུ་འཛིན་པ་ཞེས་བྱ་སྟེ། སེམས་གཡེངས་པ་ལས་ཞི་གནས་ཀྱིས་བརླན་ནས། ཏིང་ངེ་འཛིན་གྱི་ཡུལ་ལས་
བརླན་ནས་བཞག་པའི་ཕྱིར་རོ། །ཞུམ་པའི་གཉེན་པོར་ཏིང་ངེ་འཛིན་གྱི་རྣམ་པར་བསྒོམ་པ་ནི་ནམ་སེམས་རབ་ཏུ་གཟེངས་བསྟོད་དོ་ཞེས་བྱ་བ་ལ། ཞུམ་པ་ནི་ལེ་ལོའི་དབང་དུ་གྱུར་ནས་སེམས་སྤྲོ་བ་མེད་པ་དང་གཉིད་དང་། རྨུགས་པ་དང་ནོན་པ་སྟེ། དེའི་གཉེན་པོར་ནི་ལྷག་མཐོང་གི་ཏིང་ངེ་འཛིན་
བསྒོམ་མོ། །ནམ་ལྷག་མཐོང་གི་ཏིང་ངེ་འཛིན་བསྒོམ་པ་ནི་སེམས་རབ་ཏུ་གཟེངས་བསྟོད་པ་ཞེས་བྱ་སྟེ། རྨུགས་པར་གྱུར་པ་དང་ལྷག་མཐོང་གིས་དེ་བཞིན་གཤེགས་པ་པའི་ཡོན་ཏན་ནམ་ཏིང་ངེ་འཛིན་གྱི་འབྲས་བུར་བསམས་ནས། སེམས་སྤྲོ་བ་དང་གསལ་བའི་མཚན་ཉིད་བསྐྱེད་པར་བྱ་བ་ཞེས་བྱ་
བའི་དོན་ཏོ། །དེ་དག་རྫུ་འཕྲུལ་གྱི་རྐང་པ་བཞི་དང་རིམ་བཞིན་དུ་སྦྱར་རོ་ཞེས་བྱ་བ་ལ། ཆོག་པར་འཛིན་ཞེས་བྱ་བ་ལ་སོགས་པས་ནི་མི་མོས་པ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །གཡེང་བ་ཞེས་བྱ་བ་ལ་སོགས་པས་ནི་བརྩོན་འགྲུས་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །རྒོད་པའི་གཉེན་པོར་ཞེས་བྱ་བ་ལ་
སོགས་པས་ནི་སེམས་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །ཞུམ་པའི་གཉེན་པོར་ཞེས་བྱ་བ་ལ་སོགས་པས་ནི་སྤྱོད་པ་རྫུ་འཕྲུལ་གྱི་རྐང་པ་བསྟན་ཏོ། །རིམ་བཞིན་དུ་སྦྱར་རོ། །སེམས་གནས་པས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡིད་ཆེས་པའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ། རྫུ་
འཕྲུལ་གྱི་རྐང་པ་བཞི་ཐོབ་སྟེ། འཇིག་རྟེན་པའི་ཏིང་ངེ་འཛིན་ཐོབ་པ་ལ་སེམས་གནས་པ་ཞེས་བྱ་བའམ། མོས་པ་སྤྱོད་པའི་ཏིང་ངེ་འཛིན་བཞི་ཐོབ་པ་ལ་སེམས་གནས་པ་ཞེས་བྱའོ། །ས་དང་པོར་གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པ་ལ་ནི་འཇིག་རྟེན་ལས་འདས་པ་ཞེས་བྱ་སྟེ། དེའི་ཚེ་བསོད་ནམས་

དང་ཡེ་ཤེས་ཀྱི་ཚོགས་ནི་ཕུན་སུམ་ཚོགས་པ་ཞེས་བྱ་སྟེ། འཇིག་རྟེན་གྱི་ཏིང་ངེ་འཛིན་ཐོབ་པས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པར་བྱའོ། །ཇི་ལྟར་བསྒོམ་ཞེ་ན། ཡིད་ཆེས་པའི་རྣམ་པར་བསྒོམས་ཏེ། ས་དང་པོའི་དུས་ན་བསོད་
ནམས་དང་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པ་ཡིན་ལ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དེ་དག་སྒྲུབ་ཅིང་ཐོབ་པར་བྱར་རུང་ངོ་ཞེས་སེམས་པ་ནི་ཡིད་ཆེས་པའི་རྣམ་པ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་དད་པའི་དབང་པོ་བསྟན་ཏོ། །ཇི་ལྟར་ཡིད་ཆེས་པའི་རྣམ་པ་ལ་བསྒོམ་པ་དེ་བཞིན་
དུ་འབད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ་དད་པའི་དབང་པོས་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ལ་ཡོད་པའི་མཚན་ཉིད་དུ་ཡིད་ཆེས་པའི་རྣམ་པས་བསྒོམ་པ་དེ་བཞིན་དུ་བརྩོན་འགྲུས་ཀྱིས་ཀྱང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་དེ་ལ་རྟོག་པ་དང་། མངོན་སུམ་དུ་
བྱ་བའི་ཕྱིར་ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་འབད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་བརྩོན་འགྲུས་ཀྱི་དབང་པོ་བསྟན་ཏེ། ཆོས་མི་བརྗེད་པའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ་དད་པའི་དབང་པོས་ཡིད་ཆེས་པར་བྱས་པ་དང་། བརྩོན་འགྲུས་ཀྱི་དབང་པོས་མངོན་སུམ་དུ་བྱས་པའི་
ཆོས་དེ་སེམས་ལ་མ་རྨུགས་ཤིང་སེམས་ལ་གསལ་བར་སྣང་བའི་མཚན་ཉིད་དུ་བསྒོམ་པ་ནི་སེམས་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། །འདི་ནི་དྲན་པའི་དབང་པོ་བསྟན་ཏོ། །སེམས་གནས་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། དྲན་པའི་དབང་པོས་མ་བརྗེད་པར་བྱས་པའི་ཆོས་
དེ་ཉིད་ལ་སེམས་གཞག་སྟེ། རྩེ་གཅིག་ཏུ་བསྒོམ་པ་ནི་སེམས་གནས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཏིང་ངེ་འཛིན་གྱི་དབང་པོ་བསྟན་ཏོ། །རབ་ཏུ་འབྱེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་བཞག་ན་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་
མ་ལོག་པར་ཤེས་པའི་ཤེས་རབ་སྐྱེ་བར་འགྱུར་ཏེ། དེ་ནི་རབ་ཏུ་འབྱེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཤེས་རབ་ཀྱི་དབང་པོ་བསྟན་ཏེ། འདི་ཡན་ཆད་དུ་དབང་པོ་ལྔ་བསྟན་ཏོ། །དབང་པོ་དེ་དག་ནི་མི་མཐུན་པའི་ཕྱོགས་བཅོམ་པའི་ཡིད་ལ་བྱེད་པ་ནི་སྟོབས་རྣམས་ལའོ་ཞེས་བྱ་བ་ལ་

དད་པའི་དབང་པོ་ནས་ཤེས་རབ་ཀྱི་དབང་པོའི་བར་དུ་དབང་པོ་ལྔ་པོ་ཉིད་ལ་ནམ་མི་མཐུན་པའི་ཕྱོགས་ཀྱིས་མི་འཕྲོགས་ཤིང་དེ་དག་གི་དབང་དུ་མ་གྱུར་ལ་མི་མཐུན་པའི་ཕྱོགས་ཆོམས་པའི་ཚུལ་དུ་ཡིད་ལ་བྱེད་པ་ལ་ནི་སྟོབས་ལྔ་ཞེས་བྱའོ། །དེ་ལ་མི་མཐུན་པའི་ཕྱོགས་ནི་མ་དད་པ་དང་། ལེ་ལོ་དང་དྲན་པ་
ཉམས་པ་དང་། གཡེང་བ་དང་འཆལ་བའི་ཤེས་རབ་སྟེ། ནམ་མ་དད་པས་མི་འཕྲོགས་པའི་དུས་ན་ནི་དད་པའི་སྟོབས་ཞེས་བྱའོ། །ནམ་ལེ་ལོས་མི་འཕྲོགས་པའི་དུས་ན་ནི་བརྩོན་འགྲུས་ཀྱི་སྟོབས་ཞེས་བྱའོ། །ནམ་དྲན་པ་ཉམས་པས་མི་འཕྲོགས་པའི་དུས་ན་ནི་དྲན་པའི་སྟོབས་ཞེས་བྱའོ། །
ནམ་གཡེང་བས་མི་འཕྲོགས་པའི་དུས་ན་ནི་ཏིང་ངེ་འཛིན་གྱི་སྟོབས་ཞེས་བྱའོ། །ནམ་འཆལ་བའི་ཤེས་རབ་ཀྱིས་མི་འཕྲོགས་པའི་དུས་ན་ནི་ཤེས་རབ་ཀྱི་སྟོབས་ཞེས་བྱ་སྟེ། འདི་ཡན་ཆད་སྟོབས་ལྔ་བཤད་དོ། །དབང་པོ་ལྔ་དང་སྟོབས་ལྔ་ལ་ཁྱད་པར་ཅི་ཡོད་ཅེ་ན། གང་གིས་མ་དད་པ་ལ་སོགས་
པ་མི་མཐུན་པའི་ཕྱོགས་དང་། དད་པ་ལ་སོགས་པ་གཉེན་པོ་གཉིས་སུ་འདྲེས་མར་འབྱུང་བ་ན་ནི་དབང་པོ་ཞེས་བྱའོ། །མི་མཐུན་པའི་ཕྱོགས་ཀྱིས་མ་འདྲེས་པར་གཉེན་པོ་འབའ་ཞིག་འབྱུང་བ་ན་ནི་སྟོབས་ཞེས་བྱ་སྟེ་བྱེ་བྲག་ནི་དེ་ཡོད་དོ། །ཡང་དག་བྱང་ཆུབ་རབ་ཏུ་སྣང་བ་རྣམ་པ་ལ་བསྒོམ་པ་དང་
ཞེས་བྱ་བ་ལ། ཟད་པ་མི་སྐྱེ་བའི་ཡེ་ཤེས་ལ་ཡང་དག་བྱང་ཆུབ་ཅེས་བྱ་སྟེ། མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྔར་སྤངས་པ་ལ་ནི་བཟོད་པ་ཞེས་བྱའོ། །དེ་ཕྱིན་ཆད་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་མི་འབྱུང་བ་ནི་མི་སྐྱེ་བ་ཞེས་བྱའོ། །ཡང་ན་ས་དང་པོར་ཆོས་ཀྱི་དབྱིངས་
ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་ནས་གཟུང་འཛིན་གཉིས་སྤངས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ཐོབ་པ་ལ་ཡང་དག་བྱང་ཆུབ་ཅེས་བྱ་སྟེ། དེ་སེམས་ལ་གསལ་ཞིང་མ་བརྗེད་པར་བསྒོམ་པ་ལ་ནི་ཡང་དག་བྱང་ཆུབ་སྣང་བའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ཡང་དྲན་པར་བྱེད་པས་ན་འདིས་
དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །དེ་ཉིད་ལ་རྣམ་པར་འབྱེད་པ་དང་ཞེས་བྱ་བ་ལ། དེ་ཉིད་ལ་ཞེས་བྱ་བ་ནི་ཟད་ལ་མི་སྐྱེ་བའི་ཡེ་ཤེས་སམ། གཉིས་སུ་མེད་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་དེའི་མཚན་ཉིད་མི་བརྗེད་པར་བྱས་པ་ཉིད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་རྣམ་པར་འབྱེད་

པ་ཞེས་བྱའོ། །དེ་ཡང་གང་གི་དུས་ན་ཤེས་ཤེ་ན་ས་དང་པོའི་དུས་ན་ཤེས་ཏེ། དེའི་ཚེ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པའི་ཕྱིར་ཏེ། འདིས་ནི་ཆོས་རབ་ཏུ་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །སྤྲོ་བ་དང་ཞེས་བྱ་བས་ཆོས་ཀྱི་དབྱིངས་རྟོགས་པ་
དེ་ཉིད་ལ། ཡང་ནས་ཡང་དུ་གོམས་པར་བྱེད་པ་ནི་སྤྲོ་བ་ཞེས་བྱ་སྟེ། དེ་ཡང་བརྩོན་འགྲུས་ཀྱིས་བྱེད་པས་ན་འདིས་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །ཡིད་བདེ་བ་དང་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་ནས། དགའ་བའི་ཁྱད་པར་སྐྱེ་བ་ལ་ནི་ཡིད་བདེ་
བ་ཞེས་བྱ་སྟེ། འདི་ཡང་ས་དང་པོའི་ཚེ་རྟོགས་ནས་དགའ་བ་སྐྱེས་པས་ན། ས་དང་པོའི་མིང་ཡང་ས་རབ་ཏུ་དགའ་བ་ཞེས་བཏགས་ཏེ། དེས་ནི་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །ལས་སུ་རུང་བ་དང་ཞེས་བྱ་བ་ལ། ལུས་ཤིན་ཏུ་བྱང་བ་དང་སེམས་ཤིན་ཏུ་བྱང་བ་ལས་སུ་
རུང་བ་ཞེས་བྱའོ། །དེ་ལ་ལུས་ལས་སུ་རུང་བ་ནི་བདག་གི་དགོས་པ་སྒྲུབ་པ་ལ་ལུས་ཡང་ཞིང་ཟོ་མདོག་བདེ་བའོ། །སེམས་ལས་སུ་རུང་བ་ནི་ཞུམ་རྒོད་མེད་ཅིང་ཏིང་ངེ་འཛིན་གྱི་ཡུལ་ལ་འཇུག་པ་དང་། སེམས་གསལ་བ་སྟེ་འདིས་ནི་ཤིན་ཏུ་སྦྱངས་པ་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །སེམས་
གནས་པ་དང་ཞེས་བྱ་བ་ལ། ཟད་པ་མི་སྐྱེ་བའི་ཡེ་ཤེས་སམ། དེ་བཞིན་ཉིད་མ་བརྗེད་པར་བྱས་པ་ལ་སེམས་གནས་པའི་རྣམ་པ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་ཏིང་ངེ་འཛིན་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །མཉམ་པ་ཉིད་ཀྱི་རྣམ་པ་ལ་བསྒོམ་པར་བྱ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་
ཏུ་བཞག་པ་ལས་ཞུམ་པ་དང་རྒོད་པ་གཉིས་མེད་པར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། འདིས་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་བསྟན་ཏོ། །དེ་ལ་བཏང་སྙོམས་རྣམ་པ་གསུམ་སྟེ། བཏང་སྙོམས་ཀྱི་ཐོག་མའི་དུས་དང་། རབ་ཀྱི་དུས་དང་། ཐ་མའི་
དུས་སོ། །དེ་ལ་བཏང་སྙོམས་ཀྱི་ཐོག་མའི་དུས་ཀྱི་ནི་ཞུམ་རྒོད་གཉིས་སེམས་མི་མཉམ་པར་བྱེད་པ་ཡིན། ཞུམ་རྒོད་སྤངས་པའི་སེམས་དང་པོར་ཐོབ་པ་ལ་བཏང་སྙོམས་ཀྱི་ཐོག་མའི་དུས་ཞེས་བྱའོ། །དེ་ནས་ཕན་ཆད་ཞུམ་རྒོད་སྤངས་པའི་སེམས་མཉམ་པ་ཉིད་ལ་སེམས་ངང་གིས་གནས་པ་ནི་བར་

གྱི་དུས་ཞེས་བྱའོ། །དེའི་དུས་ན་རིང་དུ་མ་བསྒོམས་པས་ཞུམ་རྒོད་འབྱུང་བའི་དོགས་པ་ཡོད་པ་ལ་རྣལ་འབྱོར་པས་ཡུན་རིང་དུ་བསྒོམས་ནས་ཞུམ་རྒོད་འབྱུང་བའི་དོགས་པ་ཡང་མེད་པར་བསྒོམ་པ་ནི་བཏང་སྙོམས་ཀྱི་ཐ་མའི་དུས་ཞེས་བྱ་སྟེ། འདི་ཡན་ཆད་དུ་བྱང་ཆུབ་ཀྱི་ཡན་ལག་བདུན་བསྟན་ཏོ། །
ཐོག་མས་གདོན་མི་ཟ་བའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ། ས་དང་པོར་ཆོས་ཀྱི་དབྱིངས་ཀུན་དུ་འགྲོ་བའི་མཚན་ཉིད་དུ་རྟོགས་པ་ནི་ཐོབ་པ་གདོན་མི་ཟ་བ་ཞེས་བྱའོ། །དེ་ལྟར་ས་དང་པོར་ཆོས་ཀྱི་དབྱིངས་རྟོགས་ནས་ས་བཅུ་མན་ཆད་དེ་ཉིད་ལ་བསྒོམ་པ་ནི་ཐོབ་པ་གདོན་མི་ཟ་བའི་རྣམ་པ་ལ་བསྒོམ་
པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་ལྟ་བས་བསྒོམས་པས་ན་འདིས་ནི་ཡང་དག་པའི་ལྟ་བ་བསྟན་ཏོ། །ཡོངས་སུ་སྦྱངས་པའི་ས་རྟོགས་པའི་རྣམ་པ་བསྒོམ་པ་དང་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་ནས་རྣལ་འབྱོར་པས་མཉན་པ་དང་བསམས་པའོ། །བསྒོམ་པ་ལ་སོགས་པའི་རིམ་
པས་ཆོས་ཀྱི་དབྱིངས་རྟོགས་ཤིང་ས་དང་པོ་ཐོབ་པར་བྱས་པའི་ས་དང་པོ་ལ་ཡོངས་སུ་སྦྱངས་པའི་ས་ཞེས་བྱའོ། །དེ་ནས་རྣལ་འབྱོར་པ་ཞེས་ཏིང་ངེ་འཛིན་ལས་ལངས་ནས་བདག་གིས་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་ཞེས་བརྟགས་ནས་མཉན་པ་དང་བསམ་པ་དང་བསྒོམ་པའི་རིམ་པས་རྟོགས་སོ་ཞེས་ཁོང་
དུ་ཆུད་པས་ཡོངས་སུ་སྦྱངས་པའི་ས་རྟོགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་རྟོག་པས་ན་འདིས་ནི་ཡང་དག་པའི་རྟོག་པ་བསྟན་ཏོ། །ཕ་རོལ་ལ་ཡང་དག་པར་རིག་པར་བྱེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། དེ་ལྟར་རྣལ་འབྱོར་པས་ཡང་དག་པའི་ལྟ་བ་དང་།
ཡང་དག་པའི་རྟོག་པས་ས་དང་པོར་ཆོས་ཀྱི་དབྱིངས་ཇི་ལྟར་རྟོགས་པ་དེ་ཁོ་ན་ཁོང་དུ་མ་ཆུད་པ་རྣམས་ལ་ཚིག་གིས་འཆད་ཅིང་གོ་བར་བྱེད་པ་ནི་ཕ་རོལ་ལ་ཡང་དག་པར་རིག་པར་བྱེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་ངག་གིས་བྱེད་པས་ན་འདིས་ནི་ཡང་དག་པའི་ངག་བསྟན་ཏོ། །
འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ལ་བཞུགས་པའི་རྣམ་པ་ལ་བསྒོམས་པ་དང་ཞེས་བྱ་བ་ལ། འཕགས་པ་རྣམས་དགྱེས་པའི་ཚུལ་ཁྲིམས་ལ་ནི་འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། དེ་ཡང་སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དག་མི་དགེ་བ་བཅུ་སྤངས་ཤིང་

རང་བཞིན་གྱིས་དགེ་བ་བཅུ་ལ་གནས་པ་ནི་འཕགས་པ་འདུན་པར་བྱེད་པའི་ཚུལ་ཁྲིམས་ཞེས་བྱ་སྟེ། ཚུལ་ཁྲིམས་དེ་ལ་གནས་པར་ཞུགས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱའོ། །དེ་ལྟར་ཡང་དག་པའི་ལས་ཀྱི་མཐས་བྱེད་པས་ན་འདིས་ནི་ཡང་དག་པའི་ལས་ཀྱི་མཐའ་བསྟན་ཏོ། །
བསྙུངས་པའི་ཚུལ་ཀུན་དུ་སྤྱོད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་ལུང་ལས་ཇི་སྐད་འབྱུང་བ་ལས་ལྷག་པར་མི་ཚོལ་ཞིང་བསྙུངས་པ་དང་། གཡོ་དང་། སྒྱུས་མི་འཚོ་བ་ནི་བསྙུངས་པའི་ཚུལ་དུ་ཀུན་དུ་སྤྱོད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ཡང་
ཡང་དག་པའི་འཚོ་བས་བྱེད་པས་ན་འདིས་ནི་ཡང་དག་པའི་འཚོ་བ་བསྟན་ཏོ། །སྔོན་ཡོངས་སུ་བསྒོམས་པས་ཐོབ་པའི་ལམ་ལ་གོམས་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་ས་ནས་ས་དང་པོའི་བར་དུ་བསྒོམས་པས་ས་དང་པོའི་ཚེ་བརྩོན་འགྲུས་ཁྱད་ཞུགས་པ་ནི་སྔོན་ཡོངས་
སུ་བསྒོམས་པས་ཐོབ་པའི་ལམ་ཞེས་བྱའོ། །དེ་ནས་ས་གཉིས་ནས་ས་བཅུ་མན་ཆད་བརྩོན་འགྲུས་ཁྱད་ཞུགས་པ་དེ་ཉིད་ལ་གོམས་པར་བྱེད་པ་ལ་ནི་གོམས་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་རྩོལ་བས་བྱེད་པས་ན་འདིས་ནི་ཡང་དག་པའི་རྩོལ་བ་བསྟན་ཏོ། །ཆོས་
གནས་པའི་མཚན་མ་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་དང་ཞེས་བྱ་བ་ལ། ཆོས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཆོས་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པ་ནི་གནས་པ་ཞེས་བྱ་སྟེ། ཆོས་ཀྱི་དབྱིངས་ལ་སེམས་རྩེ་གཅིག་ཏུ་འཇོག་པའི་ཚེ་ཞུམ་པ་དང་རྒོད་པའི་ཚེ་གཉེན་པོ་མཚན་མ་རྣམ་པ་
གསུམ་མི་རྗེད་པར་བྱེད་པ་ནི་མཚན་མ་མི་བརྗེད་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། དེ་ཡང་ཡང་དག་པས་བྱེད་པས་ན་འདིས་ནི་ཡང་དག་པའི་དྲན་པ་བསྟན་ཏོ། །མཚན་མ་རྣམ་པ་གསུམ་ནི་ཞི་གནས་ཀྱི་མཚན་མ་དང་གཟེངས་བསྟོད་པའི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མའོ། །དེ་
ལ་ནམ་སེམས་རྒོད་པར་གྱུར་པའི་དུས་ན་ནི་ཞི་གནས་ཀྱི་མཚན་མ་བསྒོམས་ཏེ་རྒོད་པ་ཞི་བར་བྱའོ། །ནམ་སེམས་ཞུམ་པར་གྱུར་པའི་དུས་ན་ནི་གཟེངས་བསྟོད་པའི་མཚན་མ་ཡིད་ལ་བྱས་ཤིང་སེམས་སྤྲོ་བ་བསྐྱེད་པར་བྱའོ། །ནམ་ཞུམ་རྒོད་སྤངས་ཏེ་སེམས་མཉམ་པར་གྱུར་པའི་དུས་ན་ནི་བཏང་

སྙོམས་ཀྱི་མཚན་མ་ཡིད་ལ་བྱ་ཞིང་སེམས་མི་བསྐྱོད་པར་བཞག་གོ། །སེམས་གནས་པ་མཚན་མ་མེད་པ་གནས་ཡོངས་སུ་གྱུར་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་བ་ལ། དེ་ལྟར་སེམས་རྩེ་གཅིག་ཏུ་གྱུར་པས་ཞུམ་རྒོད་མི་འབྱུང་བའི་ཕྱིར། དེའི་གཉེན་པོ་མཚན་མ་རྣམ་པ་གསུམ་ལ་ཡང་མི་
དམིགས་མི་གནས་པ་ལ་སེམས་གནས་པ་མཚན་མ་མེད་པ་ཞེས་བྱའོ། །དེ་ལྟར་མཚན་མ་མེད་པ་བསྒོམས་པ་ཉིད་གནས་གྱུར་པའི་རྣམ་པ་ལ་བསྒོམ་པ་ཞེས་བྱ་སྟེ། སྔོན་ཞུམ་རྒོད་དང་བཅས་པའི་གནས་དང་བྲལ་ནས་ཞུམ་རྒོད་མི་འབྱུང་ཞིང་སེམས་རྣལ་དུ་འདུག་པའི་གནས་ཐོབ་པའི་ཕྱིར་གནས་པར་
གྱུར་པ་ཞེས་བྱ་སྟེ། དེ་ལྟར་ཡང་ཡང་དག་པའི་ཏིང་ངེ་འཛིན་གྱིས་བྱེད་པས་ན་འདིས་ནི་ཡང་དག་པའི་ཏིང་ངེ་འཛིན་བསྟན་ཏེ། འདི་ཡན་ཆད་འཕགས་པའི་ལམ་གྱི་ཡན་ལག་བརྒྱད་བཤད་ཟིན་ཏོ། །ཞི་གནས་དང་ལྷག་མཐོང་བསྒོམ་པའི་ལམ་གྱི་རང་བཞིན་བཤད་པ་གང་ཡང་མེད་དོ་ཞེས་བྱ་བ་ལ། ད་ནི་
ཞི་གནས་དང་ལྷག་མཐོང་བསྒོམ་པའི་ལམ་གྱི་རང་བཞིན་བཤད་པའི་སྐབས་སུ་བབ་སྟེ། དེ་གཉིས་ཀྱི་བཤད་པ་ནི་གང་ཡང་མེད་དེ། བཤད་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ཕྱིར་ཞེ་ན། གོང་དུ་ཡིད་ལ་བྱེད་པ་བཤད་པ་དང་། འོག་ནས་ཡིད་ལ་བྱེད་པ་འཆད་པར་འགྱུར་བ་རྣམས་ཀྱང་ཞི་
གནས་དང་ལྷག་མཐོང་གི་ཆར་གཏོགས་པར་ཟད་དེ། ཞི་གནས་དང་ལྷག་མཐོང་དུ་འདུས་པས་ལོགས་ཤིག་ཏུ་བཤད་མི་དགོས་སོ། །ལེགས་པར་ཡིད་ལ་བྱེད་པ་ནི་རྣམ་པ་གཉིས་ཏེ། གནས་ངན་ལེན་བསལ་བ་དང་། ལྟ་བའི་མཚན་མ་བསལ་བའོ་ཞེས་བྱ་བ་ལ། ཡིད་ལ་བྱེད་པ་གང་གིས་གནས་
ངན་ལེན་སེལ་བར་བྱེད་པ་དང་། ལྟ་བའི་མཚན་མ་སེལ་བར་བྱེད་པ་དེ་ལ་ལེགས་པར་ཡིད་ལ་བྱེད་པ་ཞེས་བྱ་སྟེ། དེའང་གནས་ངན་ལེན་སེལ་བ་དང་། ལྟ་བ་སེལ་བའི་སྒོ་ནས་རྣམ་པ་གཉིས་སུ་བཞག་གོ། །དེ་ལ་གནས་ངན་ལེན་རྣམ་པ་གཉིས་ཏེ། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་
གནས་ངན་ལེན་ཏོ། །དེ་ལ་ལུས་ཀྱི་གནས་ངན་ལེན་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་ལ་སོགས་པའི་མི་དགེ་བ་བྱེད་པའོ། །སེམས་ཀྱི་གནས་ངན་ལེན་ནི་མ་ལུས་མི་དགེ་བ་སྤྱོད་པའི་རྒྱུ་འདོད་ཆགས་དང་། ཞེ་སྡང་ལ་སོགས་པ་སེམས་ལ་གཡོ་བ་སྟེ། ཆོས་

ལ་བདག་མེད་པར་ཁོང་དུ་ཆུད་པས་ནི་གནས་ངན་ལེན་སེལ་བར་བྱེད་པའོ། །འཇིག་ཚོགས་སུ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་བསྙེམས་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་བསྙེམས་པའི་བག་ཆགས་ལ་ལྟ་བའི་མཚན་མ་སེལ་
བ་ཞེས་བྱ་སྟེ། གང་ཟག་ལ་བདག་མེད་པར་ཁོང་དུ་ཆུད་པས་ནི་ལྟ་བའི་མཚན་མ་སེལ་བར་བྱེད་དོ། །ཡང་དག་པར་གནོད་པ་ནི་གང་ཆོས་ཀྱི་རྒྱུན་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལས་གདམས་པ་འཛིན་པའོ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་རིགས་ལ་གནས་པས་བྱང་ཆུབ་ཏུ་སེམས་
བསྐྱེད་ནས་མོས་པ་སྤྱོད་པའི་ཏིང་ངེ་འཛིན་བཞི་ཐོབ་པ་ལ་ཆོས་ཀྱི་རྒྱུན་ཞེས་བྱ་སྟེ། ཆོས་ཀྱི་རྒྱུན་ལ་གནས་པ་དེས་ས་དང་པོ་ཐོབ་པར་བྱ་བའི་ཕྱིར། ས་དང་པོ་ཐོབ་པར་འགྱུར་བའི་ཏིང་ངེ་འཛིན་གྱི་མན་ངག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལས་ལེན་ཅིང་འཛིན་པ་ལ་ཡང་དག་པར་ནོད་པ་
ཡིད་ལ་བྱེད་པ་ཞེས་བྱ་བའི་དོན་ཏོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་དང་པོ་བསྟན་པའི་ཕྱིར། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྲངས་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་སོ། །གསུང་
རབ་དེ་དག་གི་མིང་དང་ཚིག་དང་ཡི་གེའི་གྲངས་སུ་ཡོད་པ་རྟོགས་པ་ནི་ཏིང་ངེ་འཛིན་སྤྱོད་ཡུལ་གྲངས་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །དེ་ཉིད་ཀྱི་དོན་བསྟན་པའི་ཕྱིར། གང་གིས་མདོ་སྡེ་ལ་སོགས་པའི་མིང་དང་ཚིག་དང་ཡི་གེའི་གྲངས་ཉེ་བར་རྟོགས་པའོ་ཞེས་བྱ་བ་སྨོས་ཏེ། གང་གིས་ཞེས་
བྱ་བ་ནི་ཡིད་ལ་བྱེད་པ་གང་གིས་ཞེས་བྱ་བའི་དོན་ཏོ། །ཡིད་ལ་བྱེད་ཅིང་རྟོགས་པའི་ཁྱད་པར་གང་གིས་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་གསུང་རབ་འདིའི་ནང་ནས་མིང་གི་གྲངས་ནི་འདི་སྙེད་ཅིག་འབྱུང་། ཚིག་གི་གྲངས་ནི་འདི་སྙེད་ཅིག་འབྱུང་། ཡི་གེའི་གྲངས་ནི་འདི་
སྙེད་ཅིག་འབྱུང་ཞེས་རྟོགས་པ་ནི་གྲངས་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་གཉིས་ལས་བསྟན་པའི་ཕྱིར། འཇུག་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི་གང་གིས་རྣམ་པ་གཉིས་ལ་འཇུག་པ་ཉེ་བར་རྟོགས་པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཆོས་

གཉིས་ཀྱི་ཚད་ཁོང་དུ་ཆུད་པར་བྱ་བའི་ཕྱིར་སྦྱོར་བ་ནི་འཇུག་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱའོ། །དེ་ལ་གང་གིས་ཞེས་བྱ་བ་ནི་ཡིད་ལ་བྱེད་པ་གང་གིས་ཤེའམ། གང་ཟག་གང་གིས་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་གཉིས་ལ་འཇུག་པ་ཉེ་བར་རྟོགས་ཞེས་བྱ་བ་ནི་ཡི་གེ་རྣམས་ཀྱི་ཚད་ལ་འཇུག་
པ་ཉེ་བར་རྟོགས་པ་དང་། མིང་དང་ཚིག་གཉིས་ཀྱི་ཚད་ལ་འཇུག་པ་ཉེ་བར་རྟོགས་པའོ། །དོན་དེ་ཉིད་བསྟན་པའི་ཕྱིར། ཡི་གེ་རྣམས་ཀྱི་ཚད་ལ་འཇུག་པ་དང་། མིང་དང་ཚིག་གི་ཚད་མེད་པ་ལ་འཇུག་པའོ་ཞེས་སྨོས་ཏེ། ཡི་གེ་རྣམས་ཀྱི་ཚད་ཡོད་པར་ཤེས་པ་ནི་ཡི་གེ་རྣམས་ཀྱི་ཚད་ལ་འཇུག་པ་
ཞེས་བྱ་སྟེ། དེ་ཡི་གེའི་ཕྱི་མོ་ནི་ཨ་ནས་ཀའི་བར་དུ་བཞི་བཅུ་རྩ་བརྒྱད་ལས་མེད་པའི་ཕྱིར་རོ། །ལྷ་སྦྱིན་དང་མཆོད་སྦྱིན་ཞེས་མིང་དུ་བཏགས་པ་དང་། འདུས་བྱས་མི་རྟག་ཅེས་ཚིག་ཏུ་བཏགས་པ་རྣམས་ལ་ཚད་མེད་པར་ཁོང་དུ་ཆུད་པ་ནི་མིང་དང་ཚིག་གི་ཚད་མེད་པ་ལ་འཇུག་པ་ཞེས་བྱ་སྟེ། ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོ་སྡེ་དེ་དག་གི་ནང་ནས་མིང་དང་ཚིག་དཔག་ཏུ་མེད་པར་འབྱུང་བའི་ཕྱིར་རོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་གསུམ་པ་བསྟན་པའི་ཕྱིར་ཀུན་རྟོག་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི། གང་གིས་གཉིས་བཟུང་ནས་ཀུན་རྟོག་པ་གཉིས་ཉེ་བར་རྟོགས་པ་
སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གིས་ཞེས་བྱ་བ་ནི། གང་ཟག་གང་གིས་ཤེའམ། ཡིད་ལ་བྱེད་པ་གང་གིས་ཞེས་བྱ་བའི་དོན་ཏོ། །མིང་གཟུང་བ་དང་དོན་གཟུང་བའི་སྒོ་ནས་མིང་དང་དོན་གཉིས་རྟོགས་ན་དེ་གཉི་ག་ཉིད་ཀྱིས་དོན་རྟོགས་པར་འགྱུར་བ་ནི་ཀུན་རྟོག་པ་ཉེ་བར་རྟོགས་པའི་སྦྱོར་
བ་ཅན་ཞེས་བྱའོ། །དོན་དེ་ཉིད་རྟོགས་པའི་ཕྱིར་མིང་ལ་ཀུན་རྟོག་པ་གཟུང་སྟེ། དོན་ལ་ཀུན་རྟོག་པ་གཟུང་བ་དང་ཞེས་བྱ་བ་སྨོས་ཏེ། བུམ་པ་དང་སྣམ་བུ་དང་། ལྷ་སྦྱིན་དང་མཆོད་སྦྱིན་ཞེས་བྱ་བའི་མིང་ཤེས་པ་ནི་མིང་ལ་ཀུན་རྟོག་པས་གཟུང་བ་ཞེས་བྱའོ། །དེ་ལྟར་མིང་ཤེས་ནས་བུམ་པའི་ཞེས་
བྱ་བའི་མིང་ལ་དེའི་དོན་གང་ཡིན་ཞེ་ན། ལྟོ་ཟླུམ་པོ་སྐེ་དང་སྡེང་སྡེང་པོ་ཆུ་བླུགས་སུ་རུང་བ་སྟེ། རྟོགས་པ་ནི་མིང་གི་སྒོ་ནས་དོན་ལ་ཀུན་རྟོག་པ་གཟུང་བ་ཞེས་བྱའོ། །དེ་ཀུན་རྟོག་པ་གཟུང་སྟེ། ཀུན་རྟོག་པའོ་ཞེས་བྱ་བ་ལ། བུམ་པ་ཞེས་བྱ་བའི་དོན་ལྟོ་ཟླུམ་པོ་སྐེ་དང་སྡེང་སྡེང་པོ་ཆུ་

བླུགས་སུ་རུང་བ་དེ་ལ་མིང་དུ་ཇི་སྐད་བྱ་ཞེ་ན། དེ་ལ་ནི་བུམ་པ་ཞེས་བྱའོ་ཞེས་རྟོགས་པ་ནི་དོན་གྱི་སྒོ་ནས་མིང་དུ་བཏགས་པ་ཡིན་ནོ། །ཡི་གེ་ནི་ཀུན་བརྟགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཡི་གེ་ཀ་དང་ཨ་ལ་སོགས་པ་གུག་སྐྱེད་མེད་པ་རྣམས་ལ་ནི་ཀུན་བརྟགས་པ་ཞེས་བྱ་བར་མི་
བཞག་སྟེ། དེ་ཅིའི་ཕྱིར་ཞེ་ན། ཡི་གེ་འབྲུ་གཅིག་ལ་ནི་མིང་མེད་དོ། །མིང་མེད་པས་ནི་དེ་དོན་རྟག་ཏུ་མི་རུང་བའི་ཕྱིར་རོ། །སྦྱོར་བ་ཅན་གྱི་ཡིད་ལ་བྱེད་པ་བཞི་པ་བསྟན་པའི་ཕྱིར། རིམ་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ནི། གང་གིས་མིང་ཀུན་འཛིན་པ་སྔོན་བྱས་པའི་དོན་འཛིན་པ་ལ་འཇུག་པ་
ཉེ་བར་རྟོགས་པའོ་ཞེས་བྱ་བ་སྨོས་ཏེ། སྔར་མིང་བཏགས་ཤིང་ཤེས་པར་བྱས་ནས་དེ་ནས་མིང་ཤེས་ཟིན་པའི་འོག་ཏུ་དོན་ཤེས་པར་བྱེད་པ་ནི་རིམ་པ་ཉེ་བར་རྟོགས་པའི་སྦྱོར་བ་ཅན་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་པ་