Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 13 / 19 (50.000 ký tự/trang)
་དོ་ཞེས་བྱ་བའི་དོན་ཏོ། །ཡང་དག་མ་ཡིན་རྟོག་པའི་རྒྱུ། །ཀུན་དུ་བརྟགས་པའི་
མཚན་ཉིད་དོ། །ཞེས་བྱ་བ་ལ། ནམ་མིང་གི་སྒོ་ནས་དོན་ཡོད་པར་རྟོག་པ་ན་ནི་མིང་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་རྒྱུ་ཡིན་ནོ། །ནམ་དོན་གྱི་སྒོ་ནས་མིང་ཡོད་པར་རྟོག་ན་ནི་དོན་ཡང་དག་པ་མ་ཡིན་པར་ཀུན་དུ་རྟོག་པའི་རྒྱུ་ཡིན་ཏེ། དེ་ལྟར་མིང་ཡོད་པར་རྟོག་པ་དང་། དོན་ཡོད་པར་རྟོག་པ་ནི་ཀུན་
བརྟགས་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མིང་དང་དོན་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་མིང་དང་དོན་ཇི་ལྟ་བ་བཞིན་པའོ་ཞེས་བྱ་བ་ལ་མིང་དོན་ཇི་ལྟ་བ་བཞིན་པའི་དོན་སྟོན་ཏོ། །མིང་ཇི་བཞིན་པར་དོན་ཡང་དེ་ལྟར་ཡོད་པར་འཛིན་པ་ནི་མིང་ཇི་བཞིན་པ་དང་། དོན་ཇི་འདྲ་བར་མིང་ཡང་དེ་ལྟར་ཡོད་
པར་འཛིན་པ་ནི་དོན་ཅི་བཞིན་ཞེས་བྱའོ། །དོན་དང་མིང་དུ་རབ་ཏུ་སྣང་བ་ནི་མིང་དོན་ཇི་བཞིན་པར་སྣང་བ་ཡིན་ཏེ་ཞེས་བྱ་བ་ལ། བུམ་པ་ལ་སོགས་པའི་དོན་ཇི་ལྟར་ཡོད་པ་བཞིན་དུ་མིང་ཡང་དེ་ལྟར་ཡོད་པར་རྟོག་པ་དང་། མིང་ཇི་ལྟར་ཡོད་པ་བཞིན་དུ་དོན་ཡང་དེ་ལྟར་ཡོད་དོ་ཞེས་རྟོག་པ་ནི་མིང་དང་དོན་
བཞིན་དུ་སྣང་བ་ཞེས་བྱའོ། །ཀུན་དུ་བརྟགས་པའི་མཚན་ཉིད་ནི་འདི་ཙམ་ཞིག་ཡོངས་སུ་རྟོགས་པ་སྟེ། དེ་ནི་དོན་ཏོ་ཞེས་བྱ་བ་ལ། ཀུན་བརྟགས་ཀྱི་ཆོས་ཀྱང་མདོར་ན་འདི་ཙམ་ཞིག་ཏུ་ཟད་དེ། ཡང་ན་ནི་མིང་ཡོད་པར་རྟོག་མིང་ནི་དོན་ཡོད་པར་རྟོག་པ་སྟེ། སོ་སོའི་སྐྱེ་བོ་རྣམས་རྟོག་ན་ཡང་དག་པ་

གཉིས་ལ་རྟོག་པ་ཙམ་དུ་ཟད་ཀྱི་དེ་ལས་གཞན་དུ་བརྟག་ཏུ་མེད་པས་ན་མིང་དང་དོན་གཉིས་ལ་ཀུན་བརྟགས་ཀྱི་མཚན་ཉིད་ཅེས་བྱའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དབང་གི་མཚན་ཉིད་བསྟན་པའི་ཕྱིར། རྣམ་གསུམ་རྣམ་གསུམ་སྣང་བ་ནི། །གཟུང་དང་འཛིན་པའི་མཚན་ཉིད་དེ། །ཡང་དག་མ་ཡིན་
ཀུན་རྟོག་ནི། །གཞན་གྱི་དབང་གི་མཚན་ཉིད་དོ། །ཞེས་བྱ་བ་སྨོས་ཏེ། རྣམ་པ་གསུམ་དུ་སྣང་བ་དང་། ཡང་རྣམ་པ་གསུམ་དུ་སྣང་བ་ནི་རྣམ་གསུམ་རྣམ་གསུམ་སྣང་བ་ཞེས་བྱའོ། །དེ་ལ་རྣམ་གསུམ་དུ་སྣང་བ་ནི་གནས་སུ་སྣང་བ་དང་། དོན་དུ་སྣང་བ་དང་། ལུས་སུ་སྣང་བའོ། །གནས་སུ་སྣང་
བ་ནི་ཀུན་གཞི་རྣམ་པར་ཤེས་པ་སྣོད་ལྟ་བུར་སྣང་བ་སྟེ། ས་གཞི་ཆེན་པོར་སྣང་བའོ། །དོན་དུ་སྣང་བ་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ཏུ་སྣང་བའོ། །ལུས་སུ་སྣང་བ་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་ཏུ་སྣང་བ་སྟེ། དེ་བས་ན་ལང་ཀར་གཤེགས་པ་ལས་ཀྱང་།
ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་གསུངས་སོ། །ཡང་རྣམ་པ་གསུམ་དུ་སྣང་བ་ནི་ཡིད་དུ་སྣང་བ་དང་། འཛིན་པར་སྣང་བ་དང་། རྣམ་པར་རྟོག་པར་སྣང་བའོ། །དེ་ལ་ཡིད་ནི་ཉོན་མོངས་པའི་ཡིད་ལ་བྱ་སྟེ། གང་ཉོན་མོངས་པའི་གཞི་
དང་རྟག་ཏུ་ལྡན་པས་ཀུན་གཞི་ལ་བདག་ཏུ་དམིགས་པར་བྱེད་པའོ། །འཛིན་པ་ནི་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་ཤེས་པའི་བར་དུ་རྣམ་པར་ཤེས་པ་ལྔའི་ཚོགས་ལ་བྱ་སྟེ། སོ་སོའི་ཡུལ་འཛིན་ཅིང་དམིགས་པར་བྱེད་པའི་ཕྱིར་འཛིན་པ་ཞེས་བྱའོ། །རྟོག་པ་ནི་ཡིད་ཀྱི་རྣམ་
པར་ཤེས་པ་ལ་བྱ་སྟེ། འདི་ནི་སྔོན་པོ་ཡིན་གྱི་སེར་པོ་མ་ཡིན་ནོ་ཞེས་གཅོད་པར་བྱེད་པའི་ཕྱིར་རོ། །དེ་ལ་གནས་དང་དོན་དང་ལུས་སྣང་བ་ནི་གཟུང་བའི་མཚན་ཉིད་དོ། །ཡིད་དང་འཛིན་པ་དང་རྟོག་པར་སྣང་བ་ནི་འཛིན་པའི་མཚན་ཉིད་དེ་དེ་ལྟར་གཟུང་བ་དང་འཛིན་པར་ཡང་དག་པ་མ་ཡིན་པ་ཀུན་དུ་
རྟོག་པ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་འཁོར་བ་དང་བཅས་པ་ལ་གཞན་གྱི་དབང་གི་མཚན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་པའི་ཕྱིར། དངོས་པོ་མེད་དང་དངོས་པོ་ཡོད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་དབྱིངས་སྟོང་པ་ཉིད་དེ་བཞིན་ཉིད་ཀྱི་མཚན་ཉིད་ལ་

ཡོངས་སུ་གྲུབ་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པ་དེ་ལ་གཟུང་བ་དང་འཛིན་པའི་དངོས་པོ་ཡོད་པ་མ་ཡིན་པས་དངོས་པོ་མེད་པ་ཞེས་བྱའོ། །གཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་མེད་པ་མ་ཡིན་པས་དེ་དངོས་པོ་ཡོད་པ་ཞེས་བྱ་སྟེ། དེ་བས་ན་དབུས་དང་མཐའ་རྣམ་པར་འབྱེད་
པ་ལས་ཀྱང་། གཉིས་པོ་དེ་ན་ཡོད་པ་མ་ཡིན། སྟོང་པ་ཉིད་ནི་དེ་ན་ཡོད། །ཅེས་བཤད་དོ། །དངོས་དང་དངོས་མེད་མཉམ་པ་ཉིད། །ཅེས་བྱ་བ་ལ། སྟོང་པ་ཉིད་ཀྱི་དངོས་པོ་ཡོད་པ་ལ་གཟུང་འཛིན་གྱི་དངོས་པོ་མེད་པ་ཡང་དེ་ན་གནས་ལ། གཟུང་འཛིན་གྱི་དངོས་པོ་མེད་པ་ལ་སྟོང་པ་ཉིད་ཡོད་པ་
དེ་ན་གནས་པས་དངོས་པོ་དང་། དངོས་པོ་མེད་པ་མཉམ་པ་ཞེས་བྱ་སྟེ། དབུས་དང་མཐའ་ལས་ཀྱང་། སྟོང་པ་ཉིད་ནི་དེ་ན་ཡོད། །དེ་ན་ཡང་ནི་དེ་ཡོད་དོ། །ཞེས་བཤད་དོ། །མདོ་སྡེ་རྒྱན་འདི་ཉིད་ཀྱི་སངས་རྒྱས་ཀྱི་ཐབས་ལ་འཇུག་པའི་སྐབས་ལས་ཀྱང་། གང་གཟུང་བ་དང་འཛིན་པ་
གཉིས་མེད་པ་དེ་ཉིད་ཡོད་པའི་མཆོག་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཡོད་པའི་ཕྱིར་རོ་ཞེས་བཤད་དོ། །མ་ཞི་བ་དང་ཞི་བ་དང་། །ཞེས་བྱ་བ་ལ། སྟོང་པ་ཉིད་གློ་བུར་གྱི་དྲི་མ་དང་འདྲེས་པས་ན་མ་ཞི་བའོ། །རང་བཞིན་གྱིས་འོད་གསལ་ཞིང་དག་པའི་རང་བཞིན་ཡིན་པས་ན་ཞི་བའོ། །
རྣམ་པར་མི་རྟོག་ཡོངས་གྲུབ་མཚན། །ཞེས་བྱ་བ་ལ། ཡོངས་སུ་གྲུབ་པ་དེ་གཟུང་འཛིན་གྱི་སྤྲོས་པ་ཀུན་དང་བྲལ་བ་ཡིན་པས་རྟོག་གེ་པ་རྣམས་ཀྱི་ཡུལ་དུ་མ་གྱུར་པའི་ཕྱིར། རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་གོང་དུ་བཤད་པ་ལྟ་བུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
མདོར་ན་ཡོངས་སུ་གྲུབ་པའི་མཚན་ཉིད་རྣམ་པ་གསུམ་དུ་བཤད་དེ། རང་གི་མཚན་ཉིད་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་དང་། རྣམ་པར་མི་རྟོག་པའི་མཚན་ཉིད་དོ། །དེ་ལ། དངོས་པོ་མེད་དང་དངོས་པོ་ཡོད། །དངོས་དང་དངོས་མེད་མཉམ་པ་ཉིད། །ཅེས་
བྱ་བས་རང་གི་མཚན་ཉིད་བསྟན་ཏོ། །མ་ཞི་བ་དང་ཞི་བ་དང་། །ཞེས་བྱ་བས། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་ཉིད་བསྟན་ཏེ། མ་ཞི་བས་ནི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་བཤད་ཞི་བས་ནི་རྣམ་པར་བྱང་བའི་མཚན་ཉིད་བཤད་དོ། །རྣམ་པར་མི་རྟོག་ཅེས་བྱ་

བས་རྣམ་པར་མི་རྟོག་པའི་མཚན་ཉིད་བསྟན་ཏོ། །ད་ནི་མཚོན་བྱེད་བཤད་པར་བྱ་སྟེ། དེ་ཡང་གཞི་དང་གཞག་པ་དང་མེ་ལོང་དང་སྣང་བ་དང་གནས་སོ། །དེ་ལ། རྒྱུ་མཐུན་ཆོས་ལ་དམིགས་ན་ནི། །ཞེས་བྱ་བ་ལ། གཞི་ནི་རྒྱུ་མཐུན་པའི་ཆོས་ལ་དམིགས་པ་སྟེ། དེ་ལ་སངས་རྒྱས་རྣམས་
ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་ནས་བཤད་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས་ནི་རྒྱུ་མཐུན་པའི་ཆོས་ཞེས་བྱའོ། །སོ་སོའི་སྐྱེ་བོའི་དུས་ན་གསུང་རབ་ཡན་ལག་བཅུ་གཉིས་ལ་ཉན་པ་དང་སེམས་པ་དང་སྒོམ་པར་བྱེད་པ་ནི་རྒྱུ་མཐུན་པའི་ཆོས་ལ་དམིགས་པའོ། །ཚུལ་
བཞིན་ཡིད་ལ་བྱེད་པའོ་ཞེས་བྱ་བ་ལ་གཞག་པ་ནི་མོས་པ་སྤྱོད་པའི་ས་གཞི་དང་རིགས་རྣམ་པ་གསུམ་པ་དང་རྣམ་པ་བཞིས་དྲོད་ཀྱི་ཚེ་ན་ནི་མིང་རྣམ་པ་རྒྱུ་མ་ཡིན་པར་ཁོང་དུ་ཆུད། རྩེ་མོའི་ཚེ་ན་ནི་དོན་རྣམས་སྒྱུ་མ་ཡིན་པར་ཁོང་དུ་ཆུད་བཟོད་པའི་དུས་ན་ནི་གཟུང་བ་སྤངས་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་
འཛིན་པ་སྤངས་པའི་ཚུལ་བཞིན་ཡིད་ལ་བྱེད་པ་ལ་གཞག་པ་ཞེས་བྱ་སྟེ། དེས་འཇིག་རྟེན་ལས་འདས་པའི་ཆོས་རྟོགས་པའི་བག་ཆགས་སེམས་ལ་འཇོག་པར་བྱེད་པའི་ཕྱིར་རོ། །སེམས་ཀྱི་ཁམས་ལ་གནས་པ་དང་། །ཞེས་བྱ་བ་ལ་མེ་ལོང་ནི་སེམས་ཀྱི་ཁམས་ལ་གནས་པ་སྟེ། ས་དང་པོའི་དུས་
ན་ཁམས་གསུམ་སེམས་ཙམ་དུ་རྟོག་པ་ལ་གནས་པ་ཉིད་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱའོ། །དེ་ཡང་གོང་དུ་མིང་ལ་གནས་པར་བཤད་པ་ཉིད་ལ་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱ་སྟེ། སེམས་ཀྱི་ཁམས་ནི་སྟོང་པ་ཉིད་དོ། །གཟུང་འཛིན་སྤངས་པའི་མིང་ནི་ཕུང་པོ་བཞི་གཉིས་
སུ་མེད་པའི་མཚན་ཉིད་ལ་གནས་པ་ནི་སེམས་ཀྱི་ཁམས་ལ་གནས་པ་ཞེས་བྱའོ། །དེ་ལ་ཅིའི་ཕྱིར་མེ་ལོང་ཞེས་བྱ་ཞེ་ན། མེ་ལོང་གི་ནང་དུ་གཟུགས་བརྙན་འབྱུང་བ་དང་འདྲ་བར་ཡེ་ཤེས་དེས་ཤེས་བྱ་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པས་མེ་ལོང་ཞེས་བྱའོ། །ཡོད་མེད་དོན་དུ་མཐོང་
བའོ། །ཞེས་བྱ་བ་ལ། །སྣང་བ་ནི་ས་གཉིས་ནས་ས་བཅུ་མན་ཆད་ཀྱི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་བྱ་སྟེ། ཡེ་ཤེས་གང་གིས་ཡོད་པའི་ཆོས་ལ་ཡང་ཡོད་པར་མཐོང་། མེད་པའི་ཆོས་ལ་མེད་པར་མཐོང་བ་ལ་སྣང་བ་ཞེས་བྱའོ། །དེ་ལ་གཞན་དབང་དང་ཡོངས་སུ་གྲུབ་པ་ནི་ཡོད་

པར་མཐོང་། ཀུན་བརྟགས་ནི་མེད་པར་མཐོང་ངོ་། །གནས་ནི་སངས་རྒྱས་ཀྱི་སར་གནས་པ་གཞན་དུ་གྱུར་པར་འཐོབ་སྟེ། གནས་གྱུར་པའི་མཚན་ཉིད་ཀྱང་གོང་དུ་གནས་གཞན་དུ་གྱུར་པ་བཤད་པའི་སྐབས་སུ་ཡུལ་དང་། དབང་པོ་ལ་སོགས་པ་གནས་གྱུར་ན་ཡོན་ཏན་འདི་
ལྟ་བུ་དག་འཐོབ་པར་འགྱུར་རོ་ཞེས་བཤད་པ་ལྟ་བུར་བལྟའོ། །དེ་ལ་གཞི་དང་གཞག་པ་དང་། །མེ་ལོང་དང་སྣང་བ་ནི་རྒྱུའི་མཚན་ཉིད་དོ། །གནས་ནི་འབྲས་བུའི་མཚན་ཉིད་དོ། །མདོར་ན་ཚིག་དེ་དག་གིས་ལམ་རྣམ་པ་ལྔ་བསྟན་པ་ཡིན་ཏེ། ཚོགས་ཀྱི་ལམ་དང་། སྦྱོར་བའི་ལམ་དང་། མཐོང་
བའི་ལམ་དང་། བསྒོམ་པའི་ལམ་དང་། མཐར་ཐུག་པའི་ལམ་མོ། །དེ་ལ་རྒྱུ་མཐུན་པའི་ཆོས་ལ་དམིགས་པས་ནི་ཚོགས་ཀྱི་ལམ་བསྟན་ཏོ། །ཚུལ་བཞིན་ཡིད་ལ་བྱེད་པས་ནི་སྦྱོར་བའི་ལམ་བསྟན་ཏོ། །སེམས་ཀྱི་ཁམས་ལ་གནས་པས་ནི་མཐོང་བའི་ལམ་བསྟན་ཏོ། །ཡོད་མེད་
དོན་དུ་མཐོང་བས་ནི་བསྒོམ་པའི་ལམ་བསྟན་ཏོ། །གནས་ཀྱིས་མཐར་ཐུག་པའི་ལམ་བསྟན་ཏོ། །མཚན་ཉིད་རྣམ་པ་ལྔའི་རྣལ་འབྱོར་གྱི་ས་སྟེ་ཞེས་བྱ་བ་ལ། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་པར་བསྒོམ་པ་ནི་རྣལ་འབྱོར་ཅེས་བྱ་སྟེ། ཆོས་རྣམ་པ་ལྔ་རྣལ་འབྱོར་བསྒོམ་པའི་རྟེན་དང་གཞིར་
གྱུར་པས་ན་རྣལ་འབྱོར་གྱིས་ཞེས་བྱའོ། །དེའི་ཐུགས་སུ་ཆུད་པའི་རྒྱུ་འདྲ་བའོ་ཞེས་བྱ་བ་ལ། སངས་རྒྱས་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པར་ཐུགས་སུ་ཆུད་པ་ནི་རྒྱུའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི་འབྲས་བུ་སྟེ། ཐུགས་སུ་ཆུད་པ་དང་གསུང་རབ་ཡན་ལག་བཅུ་གཉིས་བཤད་པ་
དང་གཉིས་སུ་དོན་མི་མཐུན་པ་མེད་པས་ན་བཤད་པའི་ཆོས་ཐམས་ཅད་ལ་རྒྱུ་མཐུན་པའི་ཆོས་ཞེས་བྱའོ། །སངས་རྒྱས་ཀྱི་སར་གནས་གཞན་དུ་གྱུར་པ་བཤད་པའི་དོན་སྤྱོད་པའི་ཕྱིར། དེ་བས་མཉམ་པ་ཉིད་དུ་གྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཚུངས་དང་ཁྱད་པར་འབྲི་བ་མེད། །ལྷག་
པ་མ་ཡིན་མཚན་ཉིད་འདོད། །ཅེས་སྨོས་ཏེ། ཟག་པ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ལ་འཕགས་པའི་རིགས་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་སུ་ཞུགས་པ་ན་སངས་རྒྱས་ཐམས་ཅད་དང་སྐུ་དང་གསུང་དང་ཐུགས་མཉམ་པ་ཉིད་ཐོབ་པས་ན་མཉམ་པ་ཉིད་དུ་གྱུར་པ་ཞེས་བྱའོ། །

དེའི་ཚེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤངས་པས་ན་དྲི་མ་མེད་པ་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བའི་སྐུ་ལ་མི་འདྲ་བ་ཐ་དད་པ་མེད་པས་ན་མཚུངས་པ་ཞེས་བྱའོ། །ཁྱད་པར་རྣམ་པ་ལྔས་ཉན་ཐོས་དག་པས་འཕགས་པས་ན་ཁྱད་པར་དུ་གྱུར་པ་ཞེས་
བྱའོ། །ཁྱད་པར་རྣམ་པ་ལྔ་ནི་རྣམ་པར་དག་པའི་ཁྱད་པར་དང་། ཡོངས་སུ་དག་པའི་ཁྱད་པར་དང་། ཆོས་ཀྱི་སྐུའི་ཁྱད་པར་དང་། ལོངས་སྤྱོད་ཀྱི་ཁྱད་པར་དང་། ལས་ཀྱི་ཁྱད་པར་རོ། །ཀུན་ནས་ཉོན་མོངས་པ་སྤངས་པ་ན་ཆོས་ཀྱི་དབྱིངས་ལ་འགྲིབ་པ་མེད་པས་ན་འབྲི་བ་མེད་པ་ཞེས་བྱའོ། །རྣམ་པར་
བྱང་བའི་ཕྱོགས་སྐྱེ་བ་ན་ཆོས་ཀྱི་དབྱིངས་ལ་སྐྱེ་བ་མེད་པས་ན་ལྷག་པ་མ་ཡིན་པ་ཞེས་བྱ་སྟེ། ཟག་པ་མེད་པའི་དབྱིངས་ནི་དེ་ལྟ་བུའི་མཚན་ཉིད་ཡིན་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་མཉམ་པ་ཉིད་དུ་གྱུར་པ་ན་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉིས་མཉམ་པ་ཉིད་དུ་གྱུར་ཏེ།
གཟུང་འཛིན་གྱི་ཆོས་ཐམས་ཅད་སྟོང་པར་རྟོགས་པའི་ཕྱིར་རོ། །བག་ཆགས་དང་བཅས་པའི་ཉོན་མོངས་པ་རྣམ་པར་སྦྱངས་པས། རྣམ་པར་དག་པའི་ཁྱད་པར་དང་ཞེས་བྱ་བ་ལ། རྣམ་པར་དག་པ་ཉན་ཐོས་པས་ཁྱད་ཞུགས་ཏེ། འཕགས་པ་ཉན་ཐོས་རྣམས་ནི་བག་ཆགས་ཕྲ་མོ་ཡང་མ་སྤངས་པས་
གང་གི་ཕྱིར་དགྲ་བཅོམ་པ་ཐོབ་ཀྱང་སྤྲེའུ་མཆོངས་བྱེད་དང་། སྔོན་སྨད་འཚོང་མ་བྱེད་པ་ལས་ཕྱིས་དགྲ་བཅོམ་པ་ཐོབ་པའི་དུས་ན་ཡང་ལྷུང་བཟེད་ཀྱིས་ངོས་ལ་ལྟ་བུ་སྟེ། དེ་བཞིན་གཤེགས་པས་ནི་ཉོན་མོངས་པའི་བག་ཆགས་ཕྲ་མོའི་ཡང་ཕྲ་མོ་སྤངས་པས་ན་རྣམ་པར་དག་པ་ཁྱད་ཞུགས་པའོ། །སངས་
རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པས་ཡོངས་སུ་དག་པའི་ཁྱད་པར་རྣམས་དང་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་མ་སྦྱངས་པའི་ཕྱིར་ས་གཞི་ཤེལ་དང་བཻ་ཌཱུརྱ་ལ་སོགས་པ་ལྟ་བུར་སྟོན་མི་ནུས་ཀྱི། དེ་བཞིན་གཤེགས་པ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་ཞིང་སྦྱངས་པས་ཤེལ་དང་
བཻ་ཌཱུརྱ་ལ་སོགས་པ་ལྟ་བུར་སྟོན་ནུས་པའི་ཕྱིར་ཡོངས་སུ་དག་པ་ཁྱད་ཞུགས་སོ། །ཆོས་ཀྱི་སྐུ་ཡི་ཁྱད་པར་དང་། །ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ཆོས་ལ་བདག་མེད་པ་མ་རྟོགས་པས་རྣམ་པར་གྲོལ་བའི་སྐུ་ཙམ་ཡོད་པར་ཟད་ཀྱི་ཆོས་ཀྱི་སྐུ་མེད་དོ། །དེ་བཞིན་གཤེགས་པ་རྣམས་

ཀྱིས་ནི་ཆོས་ལ་བདག་མེད་པར་རྟོགས་པས་ན་ཆོས་ཀྱི་སྐུ་མངའ་སྟེ། དེ་བས་ན་ཆོས་ཀྱི་སྐུ་རྙེད་པར་ཁྱད་ཞུགས་སོ། །འཁོར་གྱི་དཀྱིལ་འཁོར་དུ་རྒྱུན་མི་འཆད་པར་ཆོས་ཀྱི་ལོངས་སྤྱོད་ལ་འཇུག་པར་བྱེད་པས་ལོངས་སྤྱོད་ཀྱི་ཁྱད་པར་དང་ཞེས་བྱ་བ་ལ། ཉན་ཐོས་རྣམས་ཀྱིས་ནི་
རྫོགས་ལོངས་སྤྱོད་པའི་སྐུས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་བྱེད་པར་མི་ནུས་ཀྱི། དེ་བཞིན་གཤེགས་པས་ནི་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དུ་ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་རྒྱུན་མི་འཆད་པར་བྱེད་པས་ན་
ལོངས་སྤྱོད་ཀྱིས་ཁྱད་ཞུགས་སོ། །དགའ་ལྡན་གྱི་གནས་ན་གནས་པ་ལ་སོགས་པ་སེམས་ཅན་གྱི་དོན་བྱ་བ་སྒྲུབ་པས་ན་ལས་ཀྱི་ཁྱད་པར་རྣམས་སོ་ཞེས་བྱ་བ་ལ་འཕགས་པ་ཉན་ཐོས་དག་གིས་སྤྲུལ་པའི་སྐུས་དགའ་ལྡན་གྱི་ཕོ་བྲང་ན་གནས་པ་དང་། ཤི་འཕོ་བསྟན་པ་དང་། མངོན་པར་སངས་རྒྱས་པ་ལ་
སོགས་པ་བསྟན་ཅིང་སེམས་ཅན་གྱི་དོན་སྒྲུབ་མི་ནུས་ཀྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་དགའ་ལྡན་ན་བཞུགས་པ་དང་། ལྷུམས་སུ་གཤེགས་པ་དང་མངོན་པར་སངས་རྒྱས་པ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་བསྟན་པས་ལས་ཀྱི་ཁྱད་པར་གྱིས་ཁྱད་ཞུགས་སོ། །དེས་ནི་མཚོན་བྱ་དང་མཚན་ཉིད་
རྟོགས་པར་འགྱུར་རོ་ཞེས་བྱ་བ་ལ། རྣལ་འབྱོར་པའི་ཆོས་ལྔ་པོ་དེ་དག་ལ་མཚོན་བྱེད་ཅེས་བྱ་སྟེ། ཅིའི་ཕྱིར་མཚོན་བྱེད་ཅེས་བྱ་ཞེ་ན། ཤེས་རབ་ཀྱི་མཚན་ཉིད་ལྔ་པོ་དེས་མཚོན་བྱ་རྣམ་པ་ལྔ་དང་། མཚན་ཉིད་རྣམ་པ་གསུམ་ཤེས་པར་བྱེད་པས་ན་མཚོན་བྱེད་ཅེས་བྱའོ། །རྣམ་པར་གྲོལ་བ་ཡོངས་སུ་
ཚོལ་བ་ལ་ཚིགས་སུ་བཅད་པ་དྲུག་སྟེ་ཞེས་བྱ་བ་ལ། འཕགས་པའི་ལམ་བསྒོམས་ནས་ཉོན་མོངས་པ་དང་སྡུག་བསྔལ་སྤངས་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་པ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །ཐབས་གང་ཇི་ལྟར་བྱས་ན་མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཞེས་བརྟགས་པ་ནི་རྣམ་
པར་གྲོལ་བ་ཡོངས་སུ་ཚོལ་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བ་ཙམ་ལ་ཚིགས་སུ་བཅད་པ་དྲུག་གིས་སྟོན་ཏོ་ཞེས་བྱ་བའི་དོན་ཏོ། །གནས་དོན་ལུས་ནི་སྣང་བ་དག །ཤིན་ཏུ་གྱུར་པ་ཟག་མེད་པའི། །དབྱིངས་དང་ས་བོན་རབ་གྱུར་ཕྱིར། །དེ་ཡང་ཀུན་དུ་འགྲོ་བའི་གནས། །ཞེས་བྱ་བ་ལ། ས་བོན་རབ་

ཏུ་གྱུར་ཅེས་བྱ་བའི་ཚིགས་བཅད་རྐང་པ་གསུམ་གྱིས་འཇུག་ནས། འབྱུང་བར་སྔར་སྨོས་ལ་ཇེ་བཤད་པར་བྱ་སྟེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་བག་ཆགས་དང་བཅས་པའམ། གཟུང་བ་དང་འཛིན་པའི་བག་ཆགས་དང་བཅས་པའི་ཀུན་གཞི་ལ་ས་བོན་ཞེས་བྱ་སྟེ། ཀུན་གཞི་གཟུང་འཛིན་
གྱི་དྲི་མ་དང་བྲལ་བས་གནས་གཞན་དུ་གྱུར་ན་ཆོས་རྣམ་པ་གསུམ་དུ་ཡང་གནས་གཞན་དུ་གྱུར་ཏེ། གསུམ་པོ་གང་ཞེ་ན། གནས་སུ་སྣང་བ་དང་། དོན་དུ་སྣང་བ་དང་། ལུས་སུ་སྣང་བའོ། །དེ་ལ་གནས་ནི་སྣོད་ཀྱི་འཇིག་རྟེན་ས་གཞི་ཆེན་པོ་སྟེ། དེ་གནས་གཞན་དུ་གྱུར་ན་ངོམ་གྲོག་གམ་གཡང་
ས་ལ་སོགས་པ་ཐག་ཐུག་ཏུ་སྣང་གི་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ས་གཞི་སྣང་བར་འགྱུར་རོ། །དོན་ནི་གཟུགས་ནས་ཆོས་ཀྱི་བར་དུ་ཡུལ་དྲུག་ལ་བྱ་སྟེ། དེ་རྣམས་གཞན་དུ་གྱུར་ནས་སངས་རྒྱས་ཀྱི་སའི་དུས་ཀྱི་ཚེ་དཔག་བསམ་གྱི་ཤིང་ལ་སོགས་པའི་ལོངས་སྤྱོད་སྣ་ཚོགས་སུ་སྣང་བར་འགྱུར་
རོ། །ལུས་ནི་མིག་གི་དབང་པོ་ནས་ཡིད་ཀྱི་དབང་པོའི་བར་དུ་དབང་པོ་དྲུག་ལ་བྱ་སྟེ། དབང་པོ་དྲུག་གནས་གཞན་དུ་གྱུར་ན་དབང་པོ་གཅིག་གིས་ཀྱང་དབང་པོ་ཐམས་ཅད་ཀྱི་དོན་བྱེད་ནུས་པ་དང་། ཡོན་ཏན་བརྒྱ་རྩ་བཅུ་གཉིས་འཐོབ་པ་དང་། སངས་རྒྱས་ཀྱི་སྐུ་ལྟ་བུར་སྣང་བར་འགྱུར་བ་དང་།
དེ་ལྟར་ཆོས་རྣམ་པ་གསུམ་གནས་གཞན་དུ་གྱུར་པའི་ཟག་པ་མེད་པའི་དབྱིངས་ལ་རྣམ་པར་གྲོལ་བ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་གནས་དེར་ནི་འཕགས་པ་ཉན་ཐོས་ཀྱང་འཇུག་ལ་རང་སངས་རྒྱས་ཀྱང་འཇུག །བྱང་ཆུབ་སེམས་དཔའ་རྣམས་ཀྱང་འཇུག་པས་ན་དེའང་ཀུན་དུ་འགྲོ་བའི་གནས་ཞེས་
བྱ་སྟེ། རྣམ་པར་གྲོལ་བའི་གནས་སུ་ནི་ཐེག་པ་གསུམ་གྱི་གང་ཟག་ཐམས་ཅད་འཇུག་པའི་ཕྱིར་རོ། །རྣམ་པར་གྲོལ་བ་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། ཡིད་དང་ཤིན་ཏུ་འཛིན་པ་དང་། །རྣམ་པར་རྟོག་པ་བཟློག་པ་ནི། །དབང་ཡང་རྣམ་པ་བཞིར་གྱུར་ཏེ། །མི་རྟོག་བཞི་དང་ཡེ་ཤེས་
ལས། །ཞེས་སྨོས་སོ། །དེ་ལ་ཡིད་ནི་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་བཞི་དང་ལྡན་པ་རྟག་ཏུ་ཀུན་གཞི་རྣམ་པར་ཤེས་པ་ལ་བདག་ཏུ་ལྟ་བ་ཉོན་མོངས་པའི་ཡིད་ལ་བྱའོ། །ཤིན་ཏུ་འཛིན་པ་ནི་གཟུགས་རེག་བྱ་ལ་དམིགས་པར་བྱེད་པ་མིག་གི་རྣམ་པར་ཤེས་པ་ནས་ལུས་ཀྱི་རྣམ་པར་

ཤེས་པའི་བར་དུ་རྣམ་པར་ཤེས་པའི་ཚོགས་ལྔ་ལ་བྱ་སྟེ། རྣམ་པར་རྟོག་པ་འདི་ནི་སྔོན་པོ་ཡིན་སེར་པོ་མ་ཡིན་ནོ་ཞེས་དཔྱོད་པར་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་བྱ་སྟེ། རྣམ་པར་ཤེས་པ་དེ་བདུན་བཟློག་ནས་གནས་གཞན་དུ་གྱུར་ན་དབང་རྣམ་པ་བཞི་དང་ལྡན་ཞིང་དབང་རྣམ་
པ་བཞི་འཐོབ་པར་འགྱུར་ཏེ། དབང་རྣམ་པ་བཞི་གང་ཞེ་ན། མི་རྟོག་པ་ལ་དབང་བ་དང་། ཞིང་ལ་དབང་བ་དང་། ཡེ་ཤེས་ལ་དབང་བ་དང་། ལས་ལ་དབང་བ་སྟེ་རིམ་བཞིན་དུ་སྦྱར་རོ། །དེ་ལ་ཡང་གནས་གཞན་དུ་གྱུར་ན། མི་རྟོག་པ་ལ་དབང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་
ཡིད་མ་དག་པའི་དུས་ན་ཡང་ཀུན་གཞི་ལ་དམིགས་ལ་དག་པ་ན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ལ་དམིགས་པའི་ཕྱིར་རོ། །དེ་བས་ན་གོང་ནས་ཀྱང་། ཡིད་ཀྱང་གཞན་དུ་གྱུར་ནས་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །འབྱོར་པའི་རྗེས་འཇུག་ཡེ་ཤེས་ནི། །རྣམ་པར་རྟོག་པ་
དྲི་མ་མེད། །ཅེས་བཤད་དོ། །འཛིན་པ་གནས་གཞན་དུ་གྱུར་ན་ཞིང་ལ་དབང་བ་འཐོབ་སྟེ། ཅི་དགར་སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་དུ་སྟོན་པའི་ཕྱིར་རོ། །དེ་བས་ན་གོང་ནས་ཀྱང་། དོན་བཅས་འཛིན་པ་གཞན་གྱུར་པས། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཞིང་ཡང་
འདོད་བཞིན་དག་པ་དང་། །ལོངས་སྤྱོད་ཤིན་ཏུ་སྟོན་པར་འགྱུར། །ཞེས་བཤད་དོ། །རྣམ་པར་རྟོག་པ་གནས་གཞན་དུ་གྱུར་ན་ཡེ་ཤེས་དང་ལས་གཉིས་ལ་དབང་ཐོབ་པར་འགྱུར་ཏེ། སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་ཡེ་ཤེས་ལ་དབང་འཐོབ་བོ། །མངོན་པར་ཤེས་པ་ལྔའི་ལས་ལ་
ཐོགས་པ་མེད་པར་འཇུག་པས་ལས་ལ་དབང་ཐོབ་བོ། །དེ་བས་ན་གོང་དུ་ཡང་། རྣམ་རྟོག་གཞན་དུ་གྱུར་ན་ནི། །འབྱོར་པ་དམ་པ་ཐོབ་པར་འགྱུར། །ཡེ་ཤེས་དང་ནི་ལས་ཀུན་ཀྱང་། །རྟག་ཏུ་ཐོགས་པ་མེད་པའོ། །ཞེས་བཤད་དོ། །དེ་ལྟར་རྣམ་པར་ཤེས་པ་བདུན་ལས་རྣམ་པར་ཤེས་པ་
གནས་གྱུར་ན། དབང་གང་འཐོབ་པར་འགྱུར་བ་བསྟན་ནས། ད་ནི་ས་གང་ལ་དབང་གང་དང་ལྡན་པ་བསྟན་པའི་ཕྱིར། མི་གཡོ་ལ་སོགས་པ་གསུམ་ལ། དབང་ནི་རྣམ་པ་དེ་བཞི་སྟེ། །ཞེས་བྱ་བ་སྨོས་ཏེ། ས་བརྒྱད་པ་མི་གཡོ་བ་དང་། ས་དགུ་པ་ལེགས་པའི་བློ་གྲོས་དང་། ས་བཅུ་པ་

ཆོས་ཀྱི་སྤྲིན་གསུམ་ལ་དབང་རྣམ་པ་བཞི་དང་ལྡན་པ་ཡིན་ཏེ་ཞེས་བྱ་བའི་དོན་ཏོ། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེ་འདོད་པ་ཡིན། །ཞེས་བྱ་བ་ལ། ས་མི་གཡོ་བ་ལ་ནི་མི་རྟོག་པ་ལ་དབང་བ་དང་། སངས་རྒྱས་ཀྱི་ཞིང་ལ་དབང་བ་སྟེ། དབང་གཉིས་དང་ལྡན་པར་འདོད་
ལ། ས་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་གཉིས་ལ་དབང་རེ་རེ་དང་ལྡན་པར་འདོད་དེ། ལེགས་པའི་བློ་གྲོས་ལ་ནི་ཡེ་ཤེས་ལ་དབང་བར་འདོད། ཆོས་ཀྱི་སྤྲིན་ལ་ནི་ལས་ལ་དབང་བར་འདོད་དོ། །ཇི་ལྟ་ཞེ་ན། ས་བརྒྱད་ཀྱི་དུས་ན་རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་དང་ལྡན་པས་མི་
རྟོག་པ་ལ་དབང་བ་དང་། ཅི་དགར་སངས་རྒྱས་ཀྱི་ཞིང་ཤེལ་དང་བཻ་ཌཱུརྱ་ལ་སོགས་པའི་ཁ་དོག་ཏུ་སྟོན་པས་སངས་རྒྱས་ཀྱི་ཞིང་ལ་དབང་ངོ་། །ས་དགུ་པ་ལེགས་པའི་བློ་གྲོས་ལ་ནི་སོ་སོ་ཡང་དག་པར་རིག་པ་བཞིའི་ཁྱད་པར་ཐོབ་པའི་ཕྱིར། ཡེ་ཤེས་ལ་དབང་འཐོབ་སྟེ་སོ་སོ་ཡང་དག་པར་རིག་པ་
བཞི་ནི། ཆོས་སོ་སོ་ཡང་དག་པར་རིག་པ་དང་། དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པའོ། །དེ་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཀྱི་མིང་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཤེས་པ་ནི་
ཆོས་སོ་སོ་ཡང་དག་པར་རིག་པའོ། །ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཤེས་པ་ནི་དོན་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་སྒྲ་དང་སྐད་ཤེས་པ་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ཆོས་གཅིག་གི་དོན་བཤད་པར་བརྩམས་ཏེ། སྟན་གཅིག་
ལ་འདུག་ནས་འཁོར་བའི་མཐའི་བར་དུ་མིང་དང་ཚིག་སྣ་ཚོགས་ཀྱིས་བཤད་ཀྱང་ཤེས་རབ་ལ་ཟད་པ་མེད་པ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་ཞེས་བྱའོ། །ས་བཅུ་པ་ཆོས་ཀྱི་སྤྲིན་ལ་ནི་ལས་ལ་དབང་འཐོབ་སྟེ། འཕྲུལ་གྱི་མིག་དང་རྣ་བ་ལ་སོགས་པ་མངོན་པར་ཤེས་པའི་ལས་བྱེད་པ་ལ་བར་
དུ་གཅོད་པ་མེད་ཅིང་ཐོགས་པ་མེད་པར་འཇུག་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། འདི་ལ་བློ་ལྡན་སྲིད་སོང་བདག་མེད་རྣམ་གཉིས་རིག་ནས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ཅེས་བྱ་བའི་སྒྲ་ཀུན་དུ་བརྟགས་པའི་གང་ཟག་ལ་ཡང་བྱ་བར་འདྲེན་

ཏེ། བདག་དང་སེམས་ཅན་དང་སྲོག་དང་གང་ཟག་ཅེས་འདོགས་པའི་ཕྱིར་རོ། །ཆོས་རྣམས་ཀྱི་རང་བཞིན་ཡང་ཡང་དག་གི་སྒྲར་འདོགས་ཏེ་མེ་ནི་དྲོ་བའི་རང་བཞིན་ཞེས་བཤད་ན་དྲོ་བའི་བདག་ཉིད་ཅེས་བྱ་བའི་དོན་ཏོ། །འདི་ལ་ཞེས་བྱ་བ་ནི་འཁོར་བ་ན་དུ་ཡོད་པའི་ཕུང་པོ་
དང་སྐྱེད་མཆེད་ཀྱི་དོན་འདི་ལ་ཞེས་བྱ་བའི་དོན་ཏོ། །བློ་ལྡན་ནི་ཤེས་རབ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བྱའོ། །སྲིད་སོང་ཞེས་བྱ་བ་ནི་ཁམས་གསུམ་དུ་གཏོགས་པའམ་ཁམས་གསུམ་ན་ཡོད་པ་ཞེས་བྱ་བའི་དོན་ཏོ། །བདག་མེད་པ་གཉིས་རིག་ཅེས་བྱ་བ་ནི་ཁམས་གསུམ་དུ་གཏོགས་
པའི་ཆོས་རྣམས་ལ་ཇི་ལྟར་ཀུན་བརྟགས་པའི་གང་ཟག་གི་རང་བཞིན་དུ། རང་བཞིན་དང་བདག་མེད་པའི་དེ་བཞིན་དུ་ཀུན་དུ་བརྟགས་པའི་ཆོས་ལ་ཡང་རང་བཞིན་དང་བདག་མེད་པར་ཁོང་དུ་ཆུད་ནས་ཞེས་བྱ་བའི་དོན་ཏོ། །འདིས་ནི་སྒྲོ་འདོགས་པའི་མཐའ་ལ་མ་ཞེན་པར་བསྟན་ཏོ། །དེ་དང་མཚུངས་
པར་ཤེས་ནས་ཞེས་བྱ་བ་ལ། བདག་མེད་པ་གཉིས་སུ་རྟོག་པ་ཡང་དེ་དང་མཚུངས་པར་རྟོགས་ཏེ། མཚུངས་པ་ཞེས་བྱ་བ་ནི་མཐའ་གཉིས་དང་བྲལ་བའི་ལམ་རྟོགས་ཞེས་བྱ་བའི་དོན་ཏེ། དབུ་མའི་ལམ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན། ཀུན་དུ་བརྟགས་པའི་གང་ཟག་མེད་པ་དང་།
ཀུན་དུ་བརྟགས་པའི་ཆོས་རྣམས་མེད་ཅིང་སྟོང་པ་ཞེས་བྱ་བར་ཟད་ཀྱི་རྣམ་པ་ཐམས་ཅད་དུ་མེད་པ་ནི་མ་ཡིན་པར་ཤེས་ཏེ། གཞན་ཡང་ཡོངས་སུ་གྲུབ་པ་ནི་མེད་པ་མ་ཡིན་པར་ཤེས་པར་བྱ་སྟེ། འདིས་ནི་སྐུར་པའི་མཐའ་ལྟུང་བ་དང་བྲལ་བར་བསྟན་ཏོ། །དེ་ལྟར་སྒྲོ་འདོགས་པའི་མཐའ་དང་
བྲལ་ནས་དེ་ཉིད་རབ་འཇུག་ཅེས་བྱ་སྟེ། །ཀུན་བརྟགས་ཀྱི་གང་ཟག་དང་ཀུན་བརྟགས་ཀྱི་ཆོས་མེད་པའི་སེམས་ཙམ་པོ་མཐོང་བ་ནི་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བྱ་སྟེ། འདི་ཡང་མོས་པ་སྤྱོད་པའི་ས་བཞི་ལས་བཟོད་པའི་དུས་ན་རྟོགས་ཏེ། དེའི་ཚེ་ན་བཟོད་པ་རང་བཞིན་མེད་པར་ཁོང་དུ་
ཆུད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་བཟོད་པའི་དུས་ན་གཟུང་བ་མེད་པར་ཁོང་དུ་ཆུད་པས་དེ་ཁོ་ནའི་ཕྱོགས་གཅིག་ལ་ཞུགས་པའི་ཏིང་ངེ་འཛིན་ཐོབ་པས་ན་དེ་ཉིད་ལ་རབ་ཏུ་འཇུག་པ་ཞེས་བཏགས་སོ། །འཛིན་པར་ཏེ་ཞེས་བྱ་བ་ལ་བཟོད་པའི་དུས་ན་གཟུགས་ལ་སོགས་པ་སྤྱིའི་དངོས་པོ་ནི་

མེད་ཀྱི་འཛིན་པའི་མཚན་ཉིད་སེམས་ཙམ་དུ་ཟད་དོ་ཞེས་ཁོང་དུ་ཆུད་པས་ན་འཛིན་པ་ཙམ་སེམས་སོ། །དེའི་ཕྱིར་དེ་ལ་ཡིད་གནས་ཕྱིར། །ཞེས་བྱ་བ་ལ་ནི་གོང་དུ་བཤད་པ་ལྟ་བུར་ན་བཟོད་པའི་དུས་ན་ཕྱིའི་ཡུལ་མི་དམིགས་ཀྱི་སེམས་ཙམ་ལ་གནས་པས་དེ་ལ་ཡིད་གནས་པ་ཞེས་བྱའོ། །དེ་ལ་
དེ་མི་སྣང་ཞེས་བྱ་བ་ལ། བཟོད་པའི་དུས་ན་གཟུང་བའི་ཆོས་ཕྱིའི་ཡུལ་མེད་པར་ཁོང་དུ་ཆུད་པ་དང་། འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་གཟུང་བ་མེད་ན་དེ་ལ་འཛིན་པར་བྱེད་པའི་སེམས་ཀྱང་མེད་དོ་ཞེས་སེམས་ཙམ་དུ་འཛིན་པ་དང་ཡང་བྲལ་ཏེ། དེ་བས་ན་དེ་ལ་མི་སྣང་ཞེས་བྱའོ། །དེ་སྣང་མེད་པ་
གྲོལ་བ་མཆོག་ཏུ་དམིགས་པ་དང་བྲལ་བའོ་ཞེས་བྱ་བ་ལ། དེ་ནས་ས་དང་པོའི་དུས་ན་གཟུང་བ་ཡང་མི་སྣང་འཛིན་པ་ཡང་མི་སྣང་སྟེ། གཟུང་འཛིན་མི་དམིགས་པའི་ཡེ་ཤེས་ལ་གནས་པ་ཉིད་གྲོལ་བ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། མཆོག་ཏུ་དམིགས་པ་གང་ཟག་ཏུ་དམིགས་པ་དང་། ཆོས་སུ་
དམིགས་པ་གཉིས་དང་བྲལ་བའི་ཕྱིར་གྲོལ་བ་ཡིན་ནོ། །དེ་ཡང་མཚུངས་པར་ཤེས་པ་ནི། །ཞེས་བྱ་བ་ལ། བདག་མེད་པ་གཉིས་སུ་རྟོགས་པ་ཡང་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་རྟོགས་པར་མ་ཟད་ཀྱི། མཐའ་གཉིས་དང་བྲལ་བའི་དབུ་མའི་ལམ་རྟོགས་པ་ནི་མཚུངས་པར་ཤེས་
པ་ཞེས་བྱའོ། །འཛིན་པ་ནི་འདི་ནི་འཛིན་པ་ཙམ་མོ་སྙམ་པའི་ཞེས་བྱ་བ་ལ་ཙམ་གྱི་སྒྲས་ནི་གཟུགས་ལ་སོགས་པའི་དོན་ཡོད་པ་མ་ཡིན་པར་འགོག་སྟེ། སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། དེ་ལས་གཞན་པའི་གཟུགས་ལ་སོགས་པའི་ཡུལ་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པ་ནི་
འཛིན་པ་ཙམ་དུ་ཟད་ཀྱི། དེའང་བཟོད་པའི་དུས་ན་རྟོགས་སོ། །རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། གཞི་དང་ཚོགས་དང་གཞག་ཡོད་ན། །ཞེས་བྱ་བ་ལ་སོགས་སྨོས་ཏེ། གཞི་ཡོད་པ་དང་། ཚོགས་ཡོད་པ་དང་། གཞག་པ་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་
ལ་ཚེ་འདིར་དགེ་བའི་བཤེས་གཉེན་ལ་བརྟེན་ནས། དམ་པའི་ཆོས་ཉན་པ་དང་། སེམས་པ་ལ་སོགས་པ་བྱེད་པ་ནི་གཞིའོ། །ཚེ་རབས་སྔ་མར་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་ཏུ་བསོད་ནམས་ཀྱི་ཚོགས་བསགས་པ་ནི་ཚོགས་སོ། །མོས་པ་སྤྱོད་པའི་ས་དག་ཏུ་ཆོས་

ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ཚུལ་བཞིན་ཡིད་ལ་བྱས་པ་ནི་གཞག་པ་ཞེས་བྱ་སྟེ། དེ་གསུམ་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །མིང་ཙམ་དུ་ཡང་མཐོང་བར་འགྱུར། །ཞེས་བྱ་བ་ལ། དེ་གསུམ་དང་ལྡན་ན་དྲོད་དང་
རྩེ་མོའི་ཚེ་ན་ཆོས་ཐམས་ཅད་མིང་ཙམ་དུ་མཐོང་བར་འགྱུར་ཏེ། ཚིག་ཙམ་བརྗོད་པ་ཙམ་ཐ་སྙད་ཙམ་རྣམ་པར་རྟོག་པ་ཙམ་དུ་ཟད་པར་མཐོང་བའི་ཆོས་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །མིང་ཙམ་དུ་ནི་མཐོང་བ་སྟེ། །ཞེས་བྱ་བ་ལ། དེའི་འོག་ཏུ་བཟོད་པའི་
དུས་ན་ཆོས་ཐམས་ཅད་སེམས་ཙམ་དུ་མཐོང་སྟེ། མིག་གི་ཕུང་པོ་བཞི་ཙམ་དུ་ཟད་ཀྱི་དེ་ལས་མ་གཏོགས་པའི་གཟུགས་ལ་སོགས་པའི་ཆོས་གང་ཡང་མ་མཐོང་བས་ན་མིང་ཙམ་དུ་མཐོང་བ་ཞེས་བྱ་སྟེ། གཟུང་བ་རྣམས་དེའི་ཚེ་སྤངས་པའི་ཕྱིར་རོ། །དེ་མཐོང་དེ་ཡང་མཐོང་མི་འགྱུར། །
ཞེས་བྱ་བ་ལ། དེ་ནས་འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་བཟོད་པའི་ཚེ་མིང་ཙམ་དུ་མཐོང་བ་དེ་ཡང་མ་མཐོང་སྟེ། སེམས་ཙམ་དུ་ཡོད་པར་འཛིན་པ་ཡང་དེའི་ཚེ་སྤངས་པའི་ཕྱིར་ཏེ། གཟུང་བ་མེད་པ་ཡང་ཡོད་པར་མི་རིགས་པར་ཁོང་དུ་ཆུད་པའི་ཕྱིར་རོ། །དེ་ལྟར་གཟུང་འཛིན་གཉིས་
སྤངས་ནས་ས་དང་པོའི་ཚེ་གཟུང་བ་དང་འཛིན་པ་གཉིས་མི་དམིགས་པའི་དམིགས་སུ་མེད་པའི་ཡེ་ཤེས་ལ་གནས་པ་ཉིད་རྣམ་པར་གྲོལ་བ་ཡིན་ཏེ། རྣམ་པར་གྲོལ་བའི་རྣམ་གྲངས་གཞན་ཡང་བསྟན་པའི་ཕྱིར། སེམས་འདི་གནས་ངན་ལེན་དང་བཅས། །བདག་ཏུ་ལྟ་བའི་ཞགས་པས་ཟིན། །འཇུག་
པར་འགྱུར་ཏེ་ལྡོག་པ་ནི། །དེ་ནི་ནང་དུ་གནས་པར་འདོད། །ཅེས་བྱ་བ་སྨོས་ཏེ། སེམས་འདི་གནས་ངན་ལེན་དང་བཅས་པས་ན་འཇུག་པར་འགྱུར་ཏེ་ཞེས་བྱ་བ་དང་སྦྱར་རོ། །དེ་ལ་སེམས་ཀྱི་སྒྲས་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ཆོས་ལ་བྱའོ། །གནས་ངན་
ལེན་དང་བཅས་པ་ཞེས་བྱ་བ་ལ་གནས་ངན་ལེན་རྣམ་པ་གཉིས་ཏེ། ལུས་ཀྱི་གནས་ངན་ལེན་དང་། སེམས་ཀྱི་གནས་ངན་ལེན་ཏོ། །དེ་ལ་ལུས་ཀྱི་གནས་ངན་ལེན་ནི་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ལ་སོགས་པའོ། །སེམས་ཀྱི་གནས་ངན་ལེན་ནི་ཆགས་སེམས་དང་། གནོད་སེམས་

དང་། ཡོད་མེད་དུ་རྟོག་པ་ལ་སོགས་པའོ། །ཡང་ན་གནས་ངན་ལེན་རྣམ་པ་གཉིས་ཏེ། ཉོན་མོངས་པའི་སྒྲིབ་པའི་བག་ཆགས་དང་། ཤེས་བྱའི་སྒྲིབ་པའི་བག་ཆགས་སོ། །བཅས་ཞེས་བྱ་བ་ནི་བག་ཆགས་དེ་གཉིས་དང་ལྡན་ཞིང་འབྲེལ་བས་ཞེས་བྱ་བའི་དོན་ཏོ། །བདག་ཏུ་ལྟ་བའི་ཞགས་པས་
ཟིན། །ཞེས་བྱ་བས་གནས་ངན་ལེན་གྱི་རྒྱུ་བསྟན་ཏེ། བདག་ཏུ་ལྟ་བ་ནི་གང་ཟག་ལ་བདག་ཏུ་ལྟ་བ་དང་། ཆོས་ལ་བདག་ཏུ་ལྟ་བའོ། །ཅི་ཙམ་ཅི་ཙམ་གང་ཟག་ལ་བདག་ཡོད་པ་དང་། ཆོས་ལ་བདག་ཡོད་པ་ཕྱིན་ཅི་ལོག་ཏུ་བལྟས་པ་དེ་ཙམ་དུ་སེམས་ལ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པའི་
བག་ཆགས་ཀྱི་གནས་ངན་ལེན་སོགས་པར་འགྱུར་རོ། །ཇི་སྲིད་དུ་གནས་ངན་ལེན་གཉིས་དང་མ་བྲལ་བ་དེ་སྲིད་དུ་འཁོར་བར་འཇུག་པར་འགྱུར་ཏེ། རྒྱུན་དུ་འཁོར་བར་སྐྱེ་བར་འགྱུར་ཏེ་ཞེས་བྱ་བའི་དོན་ཏོ། །འཁོར་བ་ལས་ལོག་སྟེ་འཁོར་བར་མི་སྐྱེ་བ་ནི་རྣམ་པར་གྲོལ་བ་ཞེས་བྱའོ། །ཇི་ལྟར་འཁོར་
བ་ལས་ལྡོག་པར་འགྱུར་ཞེ་ན། ད་ནི་ནམ་སེམས་ནང་དུ་གནས་པར་གྱུར་པ་ན་འཁོར་བ་ལས་ལྡོག་པར་འདོད་དོ། །སེམས་ནང་དུ་གནས་པ་ཡང་གཟུང་བ་དང་འཛིན་པ་གཉིས་སུ་རྟོགས་པ་སྤངས་ནས་གཉིས་སུ་མེད་པའི་སེམས་ཙམ་ལ་སེམས་གནས་ཏེ་གཟུང་བ་ཡང་མི་དམིགས་འཛིན་པ་ཡང་མི་
དམིགས་པར་འགྱུར་བ་ན་རྣམ་པར་གྲོལ་བ་ཡིན་པར་འདོད་དེ། དེ་ནི་ས་དང་པོའི་དུས་ནའོ། །དངོས་པོ་མེད་འདོད་ཡོངས་སུ་ཚོལ་བ་ལ་ཚིགས་སུ་བཅད་པ་གཉིས་སོ་ཞེས་བྱ་བ་ལ། མདོ་སྡེ་དེ་དག་གི་ནང་ནས་ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་
བཤད་དེ། ཇི་ལྟར་དངོས་པོ་མེད་པ་དང་། །རང་བཞིན་གྱིས་མྱ་ངན་ལས་འདས་པ་ཡིན་པར་བརྟགས་པ་ལ་ཡོངས་སུ་ཚོལ་བ་ཞེས་བྱའོ། །དེ་ལ་ཆོས་རྣམ་པ་གསུམ་སྟེ། ཀུན་བརྟགས་དང་། གཞན་དབང་དང་། ཡོངས་སུ་གྲུབ་པའོ། །གཞན་གྱི་དབང་གི་ཆོས་ལ་ནི་སྐྱེ་བ་དང་འཇིག་
པ་དང་གནས་པ་སྟེ། འདུ་བྱེད་ཀྱི་མཚན་ཉིད་གསུམ་ཡོད་པར་རང་བཞིན་མེད་པས་ན་དངོས་པོ་མེད་པ་ཞེས་བྱའོ། །ཀུན་བརྟགས་ཀྱི་ཆོས་ནི་ཇི་ལྟར་གཟུང་བ་བཞིན་དུ་མེད་པས་ན་རང་བཞིན་མེད་པ་ཞེས་བྱ་སྟེ། དེ་བརྟག་པ་ལ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །

རང་དང་རང་གི་བདག་ཉིད་མེད། །བདག་གི་དངོས་ལ་མི་གནས་ཕྱིར། །ཞེས་བྱ་བ་ལ། རང་ཞེས་བྱ་བའི་དོན་ནི་རང་ཉིད་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་སྐྱེ་བའི་ཚེ་རྒྱུ་དང་རྐྱེན་གཞན་གྱིས་བསྐྱེད་པར་ཟད་ཀྱི་རང་ཉིད་
ཀྱིས་རང་ཉིད་བསྐྱེད་པར་མི་ནུས་པའི་ཕྱིར་ཏེ། འདིས་ནི་སྐྱེ་བ་རང་བཞིན་མེད་པར་བསྟན་ཏོ། །ཡང་ན་ཆོས་རྣམས་ནི་མ་འོངས་པའི་དུས་ན་མེད་པ་ལས་བྱུང་བ་ལ་སྐྱེ་བ་ཞེས་བྱ་བ་ལས་མུ་སྟེགས་པ་གྲངས་ཅན་རྣམས་ཀྱི་གཙོ་བོ་ཞེས་བྱ་བ་ཡོད་པ་ལས་ཆོས་རྣམས་སྐྱེ་ཞེའམ། ས་བོན་ལ་མྱུ་གུ་ཡོད་བཞིན་
དུ་རྒྱུ་རྐྱེན་གྱིས་བསྐྱེད་དོ་ཞེས་རང་ཉིད་ཀྱི་དངོས་པོ་ཡོད་པས་སྐྱེ་བ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱའོ། །རང་གི་བདག་ཉིད་དུ་དངོས་པོ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། དངོས་པོ་རྣམས་འགགས་ཏེ་ཞེས་པ་རྣམས་སླར་ཡང་བཟླས་ནས་སྔོན་གྱི་རང་བཞིན་དུ་སྐྱེ་བ་མེད་
པའི་ཕྱིར་ཏེ། འདིས་ནི་ཞིག་པ་རང་བཞིན་མེད་པ་བསྟན་ཏོ། །ཡང་ན་མུ་སྟེགས་པ་གྲངས་ཅན་པ་རྣམས་ཀྱིས་ཞིག་པ་རྣམས་ཀྱང་ཐམས་ཅད་ནས་ཐམས་ཅད་དུ་མེད་པར་སོང་བ་མ་ཡིན་གྱི་མངོན་པར་གནས་སོ་ཞེས་སྨྲས་པ་ལྟར་གནས་པའི་རང་བཞིན་མེད་པས་ན་ངོ་བོ་ཉིད་མེད་པ་ཞེས་བྱའོ། །བདག་
གི་དངོས་པོ་ལ་མི་གནས་པའི་ཕྱིར། ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། ཅིའི་ཕྱིར་ཞེ་ན། ད་ལྟར་གྱི་ཆོས་སྐྱེས་པ་རྣམས་ཀྱང་སྐད་ཅིག་མ་ཡིན་པས་སྐད་ཅིག་མ་སྐྱེས་མ་ཐག་ཏུ་འགག་གོ། །སྐད་ཅིག་མ་གཉིས་དང་གསུམ་ལ་སོགས་པར་མི་གནས་པའི་ཕྱིར་ཏེ། འདིས་ནི་གནས་པ་རང་བཞིན་མེད་
པར་བསྟན་ཏོ། །ཡང་ན་མུ་སྟེགས་པ་གྲངས་ཅན་པ་རྣམས་ཀྱིས། ཆོས་རྣམས་སྐྱེ་ནས་ཐ་གི་ཟང་གཅིག་ཏུ་གནས་ཏེ། འགོག་གོ་ཞེས་བཏགས་པ་ཞེས་ཡོད་པ་མ་ཡིན་པས་ན་རང་བཞིན་མེད་པ་ཞེས་བྱའོ། །འཛིན་པ་བཞིན་དུ་དེ་མེད་པར། །ངོ་བོ་ཉིད་ནི་མེད་པར་འདོད། །ཅེས་བྱ་བ་ལ། ཇི་ལྟར་
བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྟག་པ་དང་། བདེ་བ་དང་། བདག་དང་། གཙང་བ་དང་བདག་ཞེའམ། གཞན་ཞེའམ། གཟུགས་ཤེའམ། སྒྲ་ཞེས་ཀུན་དུ་བརྟགས་ཏེ། གཟུང་བའི་ཆོས་ཀུན་བརྟགས་ཀྱི་མཚན་ཉིད་ལ་ཇི་ལྟར་རྟག་པ་ལ་སོགས་པ་ལྟ་བུ་གཟུང་བ་སྟེ། དེ་ལྟར་རང་བཞིན་

ཡོད་པ་མ་ཡིན་པས་ན་ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེ་ལྟར་སྐྱེ་བ་རང་བཞིན་མེད་པ་དང་། །ཞི་བ་རང་བཞིན་མེད་པ་དང་། །གནས་པ་རང་བཞིན་མེད་པ་དང་། །ཇི་ལྟར་གཟུང་བ་རང་བཞིན་མེད་པས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་འདོད་དོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་རྣམ་པ་གསུམ་པོ་འདི་དག་
ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་ལྡན་པར་རིག་པར་བྱའོ་ཞེས་བྱ་བ་ལ། རང་ཉིད་དངོས་པོ་མེད་པ་དང་། །རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང་། བདག་གི་དངོས་པོ་ལ་མི་གནས་པ་གསུམ་པོ་འདི་དག་ནི་འདུས་བྱས་ཀྱི་མཚན་ཉིད་རྣམ་པ་གསུམ་དང་ལྡན་ཏེ། ད་རང་ཉིད་དངོས་པོ་མེད་པས་སྐྱེ་
བ་རང་བཞིན་མེད་པར་བསྟན་པས་རང་གི་བདག་ཉིད་དུ་དངོས་པོ་མེད་པ་མེད་པས་ནི་འཇིག་པ་རང་བཞིན་མེད་པ་བསྟན། བདག་གི་དངོས་པོ་ལ་མི་གནས་པས་ནི་གནས་པ་རང་བཞིན་མེད་པ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཛིན་པ་བཞིན་དུ་དེ་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་སྟེ། དེ་མེད་པས་ནི་རང་བཞིན་མེད་པའོ་
ཞེས་བྱ་བ་ལ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་གཙང་བ་དང་རྟག་པ་ལ་སོགས་བརྟགས་པ་བཞིན་དུ་བདེ་བ་དང་གཙང་བའི་རང་བཞིན་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཞེས་བྱ་སྟེ། འདིའི་སྐབས་སུ་ཡང་བདེ་བ་དང་གཙང་བར་ཀུན་དུ་བརྟགས་པའི་ཀུན་བརྟགས་ཀྱི་མཚན་ཉིད་མེད་པ་ཉིད་རང་བཞིན་མེད་པ་ཞེས་བྱའོ། །དེ་
ལྟར་དངོས་པོ་མེད་པའི་དོན་དུ་བསྟན་ནས། རང་བཞིན་གྱིས་མྱ་ངན་ལས་འདས་པའི་དོན་བསྟན་པའི་ཕྱིར། རང་བཞིན་མེད་པས་གྲུབ་པ་ནི། །གོང་ནས་གོང་དུ་བརྟེན་པ་ཡིས། །སྐྱེ་མེད་འགོག་མེད་ཐོག་མ་ནས། །ཞི་དང་རང་བཞིན་མྱ་ངན་འདས། །ཆོས་རྣམས་ཞེས་བྱ་བ་སྨོས་ཏེ། ཆོས་རྣམས་ཀྱི་རང་
བཞིན་མེད་པར་གྱུར་པས་ན་སྐྱེ་བ་མེད་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པར་གྲུབ་སྟེ། དེའང་ཅི་ལྟར་གྲུབ་ཅེ་ན་སྔ་མ་སྔ་མ་ལ་བརྟེན་ནས། ཕྱི་མ་ཕྱི་མ་འགྲུབ་པའོ། །འདི་ལ་རང་བཞིན་མེད་པ་ལ་བརྟེན་ནས་སྐྱེ་བ་མེད་པར་འགྲུབ་བོ། །སྐྱེ་བ་མེད་པ་ལ་བརྟེན་ནས་འགག་པ་མེད་པ་འགྲུབ་བོ། །དེ་
གཉིས་ལ་བརྟེན་ནས་ཐོག་མ་ནས་ཞི་བ་འགྲུབ་བོ། །ཐོག་མ་ནས་ཞི་བ་ལའང་བརྟེན་ནས། རང་བཞིན་གྱིས་མྱ་ངན་ལས་འདས་པར་འགྲུབ་བོ། །དེ་ལ་རང་གི་ངོ་བོ་མེད་པ་དང་། རང་གི་བདག་ཉིད་དུ་དངོས་པོ་མེད་པ་དང་། བདག་གི་དངོས་པོ་ལ་མི་གནས་པ་དང་། འཛིན་པ་བཞིན་དུ་མེད་པས་ན་རང་བཞིན་

མེད་པ་སྟེ། དེ་ལྟར་རང་བཞིན་མེད་པའི་ཆོས་ནི་ནམ་མཁའ་ལྟ་བུ་ཡིན་པའི་ཕྱིར་དེ་ལ་སྐྱེ་བ་མེད་དོ། །སྐྱེ་བ་མེད་པ་ལ་འཇིག་པ་མེད་པས་ན་འགག་པ་མེད་དོ། །གང་སྐྱེ་བ་དང་འགག་པར་ཀུན་དུ་བརྟགས་པའི་ཆོས་དེ་ཉིད་ལ་ཐོག་མ་ནས་ཞི་བ་ཞེས་བྱའོ། །འདི་ལྟར་སྐྱེ་བ་དང་འཇིག་
པས་དཀྲུགས་ཤིང་སོག་ལེ་རྣོན་པོས་དྲས་པའི་འདུ་བྱེད་རྣམས་ལ་ནི་འཕགས་པ་རྣམས་སྐྱོ་བར་མཛད་ཀྱི་སྐྱེ་བ་དང་འགག་པ་སྤོངས་པའི་བདུད་རྩིའི་དབྱིངས་ལ་ནི་འཕགས་པ་རྣམས་དགྱེས་པར་མཛད་པའི་ཕྱིར་རོ། །གང་ཐོག་མ་ནས་ཞི་བའི་ཆོས་དེ་ཉིད་ལ་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་ཀྱང་
དེ་ལ་བྱ་སྟེ། དེ་ཉིད་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ཅེས་བྱ་བའི་དོན་ཏོ། །ཡོངས་སུ་གྲུབ་པའི་མཚན་ཉིད་དེ་རང་བཞིན་གྱིས་ཡེ་ནས་གནས་ཀྱི་ལམ་བསྒོམས་པས་བསྐྱེད་པ་མ་ཡིན་པས་ན་རང་བཞིན་གྱིས་མྱ་ངན་ལས་འདས་པ་ཞེས་བྱའོ། །མི་སྐྱེ་བའི་ཆོས་ཀྱི་བཟོད་པ་ཡོངས་སུ་ཚོལ་བ་ལས་
བརྩམས་ཏེ་ཚིགས་སུ་བཅད་པའོ་ཞེས་བྱ་བ་ལ། མདོ་སྡེ་དེ་དང་དེ་དག་གི་ནང་ནས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ་ཞེས་གསུངས་པ་ལ། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་མཚན་ཉིད་ཇི་ལྟ་བུར་ཡིན་པ་བརྟག་པར་བྱ་བའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཐོག་མ་དེ་ཉིད་
གཞན་རང་མཚན། །རང་དང་གཞན་དུ་གྱུར་པ་དང་། །ཀུན་ནས་ཉོན་མོངས་བྱེ་བྲག་རྣམས། །མི་སྐྱེ་ཆོས་ལ་བཟོད་པར་གསུངས། །ཞེས་བྱ་བ་ལ། སྐྱེ་བ་མེད་པའི་ཆོས་བརྒྱད་ལ། །བཟོད་པ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བར་གསུངས་ཏེ། བརྒྱད་པོ་གང་ཞེ་ན། ཐོག་མ་སྐྱེ་བ་མེད་པ་དང་།
དེ་ཉིད་སྐྱེ་བ་མེད་པ་དང་། གཞན་སྐྱེ་བ་མེད་པ་དང་། རང་གི་མཚན་ཉིད་སྐྱེ་བ་མེད་པ་དང་། རང་སྐྱེ་བ་མེད་པ་དང་། གཞན་དུ་འགྱུར་བ་སྐྱེ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་དང་། བྱེ་བྲག་ཏུ་སྐྱེ་བ་མེད་པའོ། །ཐོག་མ་ནི་འཁོར་བ་སྟེ་དེ་ལ་ཐོག་མ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་ལ་ལ་དག །
འཁོར་བ་ལ་ཐོག་མ་ཡོད་པར་རྟོག་སྟེ་འཁོར་བ་ལ་ཐོག་མ་ཡོད་པར་བརྟགས་པའི་འཁོར་བ་ལ་ཐོག་མར་སྐྱེ་བ་མེད་པར་མཐོང་བ་ནི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ། །དེའང་འདི་སྐད་འཁོར་བ་ནི་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་གཅིག་གིས་གཅིག་བསྐྱེད་པས་ན་ཐོག་མ་མེད་པ་དབང་

ཕྱུག་དང་ཚངས་པ་ལ་སོགས་པ་གང་གིས་ཀྱང་འཁོར་བའི་ཐོག་མ་བསྐྱེད་པ་མེད་དོ་ཞེས་བཟོད་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་ཉིད་དང་གཞན་ནི་སྔ་མ་དང་ཕྱི་མ་ལ་ཞེས་བྱ་བ་ལ་སྔར་སྐྱེས་པ་དེ་ནི་སླར་མི་སྐྱེ་ལ། ཕྱི་མ་གྲགས་པའི་སྐྱེ་བ་རྣམས་ཀྱང་ཇི་ལྟར་གྲགས་པའི་ཆོས་
ལ་གཞན་མི་སྐྱེ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར། གང་སྔར་སྐྱེས་པའི་ཆོས་དེ་དག་སྐྱེ་བ་མེད་དེ་དེའི་དངོས་པོར་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འཁོར་བ་ན་གང་སྔར་སྐྱེས་ནས་འགགས་ཟིན་པའི་ཆོས་དེ་དག་སླར་ཡང་མི་སྐྱེ་སྟེ། ཅིའི་ཕྱིར་ཞེ་ན། འགག་པའི་
ཆོས་ནི་མེད་པ་ཡིན་པས་མེད་པ་སྟེ། སླར་ཡོད་པའི་དངོས་པོར་མི་སྐྱེ་བའི་ཕྱིར་ཏེ། ཇི་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་མི་སྐྱེ་བའི་དོན་རྒྱས་པར་བཤད་པའི་ཕྱིར་གཞན་དག་ཀྱང་མ་ཡིན་ཏེ། སྔ་མ་མེད་པའི་རྣམ་པར་མི་སྐྱེ་བའི་ཕྱིར་རོ་ཞེས་སྨོས་ཏེ།
འཁོར་བ་ན་ཕྱིས་སྐྱེ་བའི་ཆོས་རྣམས་ཀྱང་གཞན་ཡང་སྐྱེ་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཇི་ལྟར་གྲགས་པའི་ཆོས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་ཉིད་སྐྱེ་བར་ཟད་ཀྱི། སྔོན་མེད་པའི་སེམས་ཅན་གསར་དུ་འབྱུང་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་
བཟོད་པ་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ནི་ཀུན་དུ་བརྟགས་པའི་རང་བཞིན་གྱིས་ཏེ། དེ་ལ་ནམ་ཡང་སྐྱེ་བ་མེད་དོ་ཞེས་བྱ་བ་ལ། རང་གི་མཚན་ཉིད་ནི་མི་སྐྱེ་བ་ནི་ཀུན་དུ་བརྟགས་པའི་རང་བཞིན་རྣམས་ལ་སྐྱེ་བ་མེད་པའི་ཕྱིར་ཏེ། ཅིའི་ཕྱིར་ཞེ་ན། གང་ཟག་དང་ཆོས་སུ་བརྟགས་པ་ཐམས་ཅད་ནི་རི་བོང་
གི་རྭ་བཞིན་དུ་ཐམས་ཅད་ནས་ཐམས་ཅད་དུ་མེད་ན་དེ་ནམ་ཡང་སྐྱེ་བ་དང་འབྱུང་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་མི་སྐྱེ་བ་ནི་གཞན་གྱི་དབང་གིའོ་ཞེས་བྱ་བ་ལ། རང་ཉིད་མི་སྐྱེ་བ་ན་གཞན་གྱི་དབང་གི་མཚན་ཉིད་དེ། ཅིའི་ཕྱིར་
ཞེ་ན། གཞན་གྱི་དབང་གི་ཆོས་རྣམས་ནི། །རྒྱུ་དང་རྐྱེན་གྱི་མཐུ་ལས་སྐྱེས་པའི་རང་ཉིད་སྐྱེ་བར་མི་རུང་བའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །གཞན་དུ་འགྱུར་བ་ནི་ཡོངས་སུ་གྲུབ་པ་སྟེ། དེ་ནི་གཞན་དུ་འགྱུར་བ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ། གཞན་དུ་འགྱུར་

བ་སྐྱེ་བ་མེད་པ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་དེ། ཅིའི་ཕྱིར་ཞེ་ན། ཡོངས་སུ་གྲུབ་པ་ནི་ནམ་མཁའ་བཞིན་དུ་རྟག་ཅིང་རོ་གཅིག་པ་ཡིན་པས་དེ་ལ་ནམས་ཀྱང་གཞན་ནས་གཞན་དུ་འགྱུར་བ་མེད་པའི་ཕྱིར་ཏེ། དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཡིན་ནོ་ཞེས་
པའི་དོན་ཏོ། །ཉོན་མོངས་པ་སྤངས་པའི་ཟབ་པའི་ཡེ་ཤེས་ཐོབ་པ་རྣམས་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་ཞེས་བྱ་བ་ལ། ཀུན་ནས་ཉོན་མོངས་པ་སྐྱེ་བ་མེད་པ་ནི་འདི་ལྟར་འཕགས་པ་དགྲ་བཅོམ་པ་ལ་སོགས་པ་མཐོང་བ་དང་། བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ནས་ཟད་
པའི་ཡེ་ཤེས་ཐོབ་པ་རྣམས་ཕྱིས་སེམས་ཀྱི་རྒྱུད་ལ་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་སྟེ། འཕགས་པ་དེ་དག་ཀུན་ནས་ཉོན་མོངས་པ་སྐྱེ་བར་མི་མཐོང་བ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པའོ་ཞེས་བྱ་བའི་དོན་ཏོ། །བྱེ་བྲག་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རྣམས་ཏེ། བདག་ལ་བྱེ་བྲག་ཏུ་སྐྱེ་བ་མེད་
དོ་ཞེས་བྱ་བ་ལ། བྱེ་བྲག་ཏུ་སྐྱེ་བ་མེད་པ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་སྐུ་ཡིན་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནི་རང་བཞིན་གཅིག་པ་ཡིན་ལ། སངས་རྒྱས་ཁ་ཅིག་ནི་ཆོས་ཀྱི་སྐུ་ཅི་འདྲ་བར་སྐྱེས་ཁ་ཅིག་ནི་ཅི་འདྲ་བར་སྐྱེ་བ་ལྟ་བུར་མི་མཐུན་པར་སྐྱེ་བ་མེད་པའི་ཕྱིར་ཏེ།
དེ་ལྟར་བཟོད་པ་ཡང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བྱ་བའི་དོན་ཏོ། །ཐེག་པ་གཅིག་ཡོངས་སུ་ཚོལ་བ་ལ་ཡང་ཚིགས་སུ་བཅད་པ་བདུན་ནོ་ཞེས་བྱ་བ་ལ། མདོ་སྡེ་ཁ་ཅིག་ལས་ནི་ཐེག་པ་གཅིག་ཏུ་བཤད་དེ་གསུམ་དུ་མེད་དོ་ཞེས་བཤད་དོ། །མདོ་སྡེ་ཁ་ཅིག་ལས་ནི་གསུམ་མོ་ཞེས་བཤད་
པ་ནི་ཅི་ལ་དགོངས་ཤེ་ན། གསུང་རབ་ལ་སྡེ་རྣམ་པ་གཉིས་ཏེ། བཀྲི་བའི་དོན་གྱི་མདོ་སྡེ་དང་། །ངེས་པའི་དོན་གྱི་མདོ་སྡེའོ། །དེ་ལ་ཐེག་པ་གཅིག་གོ་ཞེས་བཤད་པ་ནི་སེམས་ཅན་གྱི་དོན་དུ་དགོངས་པའི་དབང་གིས་གསུངས་པས་ནི་བཀྲི་བའི་དོན་ཞེས་བྱ་བ་ལ། ཐེག་པ་གསུམ་དུ་གསུངས་
པ་ནི་ངེས་པའི་དོན་ཡིན་ཏེ། ཐེག་པ་གསུམ་ཡོད་པ་ལས་ཐེག་པ་གཅིག་ཏུ་བཤད་པ། ཅི་ལས་དགོངས་ཏེ་བཤད་པའི་དགོངས་པ་བརྟགས་པའི་ཕྱིར་ཚིགས་སུ་བཅད་པ་བདུན་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་དང་བདག་མེད་གྲོལ་བ་མཚུངས། །ཐ་དད་རིགས་དང་བསམ་གཉིས་ཐོབ། །སྤྲུལ་

པ་དང་ནི་མཐར་ཐུག་ཕྱིར། །ཐེག་པ་གཅིག་པ་ཉིད་ཡིན་ནོ། །ཞེས་བྱ་བ་ལ། ཐེག་པ་གཅིག་ཏུ་བཤད་པའི་དགོངས་པ་ནི་ཆོས་མཚུངས་པ་དང་། བདག་མེད་པ་མཚུངས་པ་དང་། གྲོལ་བ་མཚུངས་པ་དང་། རིགས་ཐ་དད་པ་ཐེག་པ་མཚུངས་པ་དང་། བསམ་པ་གཉིས་ཐོབ་པ་དང་། སྤྲུལ་པའི་ཕྱིར་
དང་མཐར་ཐུག་པའི་ཕྱིར། དོན་རྣམ་པ་བདུན་ལ་དགོངས་ནས་ཐེག་པ་གཅིག་ཉིད་ཡིན་ནོ་ཞེས་གསུངས་སོ། །ཆོས་མཚུངས་པའི་ཕྱིར་ཐེག་པ་གཅིག་སྟེ། ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ལ། ཆོས་མཚུངས་པའི་ཕྱིར་ཐེག་པ་གཅིག་ཏུ་གསུངས་ཏེ། ཇི་ལྟ་ཞེ་
ན། འདི་ལྟར་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་། རང་སངས་རྒྱས་ལ་སོགས་པའི་ཆོས་ཀྱི་དབྱིངས་དང་། དེ་བཞིན་གཤེགས་པའི་ཆོས་ཀྱི་དབྱིངས་སུ་ཐ་མི་དད་དེ་ནམ་མཁའ་བཞིན་ནོ། །ཇི་ལྟར་ནམ་མཁའ་ལ་ཐ་དད་པ་རྣམ་པ་སྣ་ཚོགས་སུ་མེད་པ་ལྟར་ཉན་ཐོས་ལ་སོགས་པའི་ཆོས་ཀྱི་དབྱིངས་
ལ་ཡང་ཐ་དད་པ་མེད་དེ། རང་བཞིན་གཅིག་པས་ན་ཐེག་པ་གཅིག་པ་ཞེས་བྱའོ། །ཆོས་ཀྱི་དབྱིངས་ལ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར་བགྲོད་པ་ཉིད་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། འདིར་ཆོས་ཀྱི་དབྱིངས་ལ་ཐེག་པ་ཆེན་པོ་ཞེས་གཞག་པ་ནི། བགྲོད་པར་བྱ་བ་ཤེས་པར་བྱ་བའི་ཡུལ་
ཆོས་ཀྱི་དབྱིངས་ཉིད་ཐེག་པ་ཡིན་ཏེ། འདི་ལྟར་ཆོས་ཀྱི་དབྱིངས་ཁོང་དུ་ཆུད་ཅིང་རྟོགས་ན་ཉན་ཐོས་དང་རང་སངས་རྒྱས་དང་དེ་བཞིན་གཤེགས་པའི་ཆོས་རྣམས་འབྱུང་བར་འགྱུར་བས་ན་ཆོས་ཀྱི་དབྱིངས་ལ་ཐེག་པར་གཞག་གོ། །བདག་མེད་པ་མཚུངས་པའི་ཕྱིར་ཐེག་པ་གཅིག་སྟེ། ཉན་ཐོས་ལ་སོགས་
པ་དང་བདག་མེད་པར་མཚུངས་པའི་ཕྱིར་ཞེས་བྱ་བ་ལ། བདག་མེད་པར་མཚུངས་པ་ནི་ཐེག་པ་གཅིག་ཏུ་བཤད་དོ། །ཇི་ལྟ་ཞེ་ན། ཇི་ལྟར་ཉན་ཐོས་ལ་སོགས་པ་འགྲོ་བ་པོའི་གང་ཟག་ལ་བདག་མེད་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་གཤེགས་པ་པོ་ཡང་བདག་མེད་དེ། འགྲོ་བ་པོའི་གང་
ཟག་བདག་མེད་པར་འགྲོ་བས་ན་དེ་ལ་དགོངས་ནས་ཐེག་པ་གཅིག་གོ་ཞེས་གསུངས་པའི་དོན་ཏོ། །གང་ཟག་ལ་ཅིའི་ཕྱིར་ཐེག་པ་ཞེས་བཏགས་ཤེ་ན། དེའི་ཕྱིར་བགྲོད་པར་བྱེད་པ་དེ་ནི་ཐེག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། འདིར་གང་ཟག་ལ་ཐེག་པར་བཏགས་པའི་རྣམ་པར་གྲོལ་བའི་

གནས་ཏེ། གང་ཟག་དེར་བགྲོད་པར་བྱེད། དེས་ཕྱིན་པར་བྱེད་པས་ན་གང་ཟག་ལ་ཐེག་པ་ཞེས་བཏགས་ཏེ། འགྲོ་བ་པོ་གང་ཟག་ཀུན་ལ་ཡང་བདག་མེད་པར་འདྲ་བའི་ཕྱིར་ཐེག་པ་གཅིག་ཅེས་བཤད་དོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་གྲོལ་བ་མཚུངས་པའི་ཕྱིར་ཐེག་པ་
གཅིག་པ་ཉིད་ནི་ཞེས་བྱ་བ་ལ། རྣམ་པར་གྲོལ་བ་མཚུངས་པ་ལ་དགོངས་ནས་ཐེག་པ་གཅིག་ཏུ་གསུངས་ཏེ། ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་རྣམ་པར་གྲོལ་བ་དང་རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་དང་། སངས་རྒྱས་ཀྱི་རྣམ་པར་གྲོལ་བ་ཐ་དད་པ་མེད་པའི་ཕྱིར་ཏེ། མདོ་སྡེ་དག་ལས་
ཀྱང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བ་དག་ལ་མི་འདྲ་བ་མེད་དོ་ཞེས་གསུངས་སོ། །རྣམ་པར་གྲོལ་བ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར་བགྲོད་པ་གཅིག་པ་ཡིན་པའི་ཕྱིར་རོ་ཞེས་སྨོས་ཏེ། ཐེག་པའི་མཚན་ཉིད་ཀྱང་གང་གིས་བགྲོད་པར་བྱེད་པའི་རྒྱུ་ཡང་ཐེག་པ་ཞེས་བྱ། གང་
དུ་བགྲོད་པར་བྱེད་པའི་གནས་ལ་ཡང་ཐེག་པ་ཞེས་བྱ་བ་ལས་རྣམ་པར་གྲོལ་བའི་གནས་བགྲོད་པར་བྱ་བའི་གནས་དང་། ཐོབ་པར་བྱ་བའི་ཆོས་ཡིན་པས་ན་དེ་ལ་ཐེག་པ་ཞེས་བྱའོ། །རིགས་ཐ་དད་པ་ཐེག་པ་མཚུངས་པ་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་ཐེག་པ་ཆེན་པོ་འབྱུང་བའི་ཕྱིར་ཞེས་
བྱ་བ་ལ། རིགས་ཐ་དད་པ་དག་ཐེག་པ་གཅིག་གི་སྒོ་ནས་སངས་རྒྱས་པར་འགྱུར་བས་ལམ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད་དེ། ཇི་ལྟར་བྱང་ཆུབ་སེམས་དཔའི་རིགས་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོ་ལ་ཞུགས་ནས་འཚང་རྒྱ་བ་འཐོབ་པ་བཞིན་
དུ། ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་སྔོན་ཉན་ཐོས་ཀྱི་སྤྱད་པ་སྤྱོད་པ་ལས་སངས་རྒྱས་སམ། བྱང་ཆུབ་སེམས་དཔའི་དགེ་བའི་བཤེས་གཉེན་དང་ཕྲད་ནས་ཉན་ཐོས་ཀྱི་སྤྱོད་པ་བཏང་སྟེ། ཐེག་པ་ཆེན་པོའི་ཆོས་སྤྱད་ནས་སངས་རྒྱས་པར་འགྱུར་ཏེ། ཐེག་པ་ཆེན་པོ་ཉིད་ཀྱི་ལམ་གྱིས་བྱང་
ཆུབ་པས་ན་དེ་ལས་དགོངས་ཏེ། ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རིགས་པ་ཅིའི་ཕྱིར་ཐེག་པ་ཞེས་བྱ་ཞེ་ན། དེའི་ཕྱིར། འདིས་བགྲོད་པ་ནི་ཐེག་པ་ཡིན་པའི་ཕྱིར་ཞེས་སྨོས་ཏེ། རིགས་འདི་ནི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་ནས་

སངས་རྒྱས་པར་བྱེད་པས་ན་རིགས་ལ་ཐེག་པར་བཏགས། བསམ་པ་གཉིས་ཐོབ་པ་ཐེག་པ་གཅིག་པ་ནི་ཞེས་བྱ་བ་ལ། བསམ་པ་གཉིས་ཐོབ་པས་ན་ཐེག་པ་གཅིག་ཏུ་གསུངས་ཏེ། བསམ་པ་གཉིས་ཐོབ་པ་ནི་དེ་བཞིན་གཤེགས་པའི་དགོངས་པས་བརྙེས་པ་དང་། ཉན་ཐོས་ཀྱི་བསམ་པ་
རྙེད་པའོ་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་བདག་ཉིད་དུ་བསམ་པ་ཐོབ་པ་དང་ཞེས་བྱ་བ་ལ་འདི་ལྟར་ས་དང་པོའི་དུས་ན་བྱང་ཆུབ་སེམས་དཔའ་གང་ཟག་དང་ཆོས་ལ་བདག་མེད་པ་ཁོང་དུ་ཆུད་པས་བདག་དང་སེམས་ཅན་གཉིས་སུ་མཉམ་པ་ཉིད་ཀྱི་བསམ་པ་རྙེད་དོ། །མཉམ་པ་ཉིད་ཀྱི་
བསམ་པ་དེ་ས་གཉིས་ནས་ས་བཅུའི་བར་དུ་བསྒོམས་པས་སངས་རྒྱས་ཀྱི་སའི་དུས་ན་རྣམ་པར་དག་པ་སྟེ། བདག་གང་ཡིན་པས་སེམས་ཅན་གཞན་ཡང་དེ་ཡིན། སེམས་ཅན་གཞན་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་སེམས་ཅན་དང་བདག་ཏུ་རང་བཞིན་གཅིག་པའི་དགོངས་པ་བརྙེས་
པས་ན་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཉན་ཐོས་དག་གི་རིགས་སུ་ངེས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའི་ཚོགས་ལ་སྤྱད་པ་རྣམས་ཀྱང་སངས་རྒྱས་ཀྱི་བསམ་པར་འགྱུར་ཏེ་ཞེས་བྱ་བ་ལ། ཉན་ཐོས་དེ་ཡི་རིགས་སུ་ངེས། །ཞེས་བྱ་བ་ནི། ཉན་ཐོས་ཉིད་ནི་རིགས་ངེས་
པའོ། །ཉན་ཐོས་ཀྱི་རིགས་སུ་ངེས་པ་རྣམས་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ལས་ཉན་ཐོས་ཀྱི་རིགས་ངེས་པ་ཡོད་པས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་བཏང་ནས་ཉན་ཐོས་ཀྱི་ཐེག་པར་ཞུགས་ཏེ་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མྱ་ངན་ལས་འདས་སོ། །དེ་དག་ལ་དེ་བཞིན་གཤེགས་
པས་སངས་རྒྱས་ཀྱི་དགོངས་པ་ལ་སྦྱར་བར་མཛད་དེ། དེ་ལྟར་མཛད་པས་ན་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔོན་བདག་གིས་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པས་སངས་རྒྱས་སོ་ཞེས་དགོངས་པ་བཞིན་དུ་ཉན་ཐོས་དེ་དག་ཀྱང་བདག་ཅག་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འཚང་རྒྱ་
བར་འགྱུར་རོ་ཞེས་སངས་རྒྱས་ཀྱི་བསམ་པ་འཐོབ་པར་འགྱུར་ཏེ། དེ་ལ་དགོངས་ནས་ཀྱང་ཐེག་པ་གཅིག་ཏུ་གསུངས་སོ་ཞེས་བྱ་བའི་དོན་ཏོ། །རྒྱུ་གང་གིས་སངས་རྒྱས་ཀྱི་བསམ་པ་ཐོབ་ཅེ་ན། དེའི་ཕྱིར་སངས་རྒྱས་ཀྱི་མཐུས་ཞེས་བྱ་བ་སྨོས་ཏེ། སངས་རྒྱས་ཀྱི་བསམ་པ་ཐོབ་པ་ཡང་དེ་བཞིན་

གཤེགས་པའི་བྱིན་གྱི་རླབས་ཀྱི་རྒྱུས་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །བསམ་པ་ཇི་ཙམ་ཞིག་ཐོབ་ཅེ་ན། དེའི་ཕྱིར། དེ་བཞིན་གཤེགས་པས་རྗེས་སུ་གཟུང་བའི་བྱེ་བྲག་གི་ཕྱོགས་ཐོབ་པའི་ཕྱིར་ཞེས་བྱ་བ་སྨོས་ཏེ། དེ་བཞིན་གཤེགས་པ་ལ་མངའ་བའི། དེ་བཞིན་གཤེགས་
པ་དང་ལྡན་པའི་དགོངས་པའི་ཁྱད་པར་ལ་དེ་བཞིན་གཤེགས་པས་གཟུང་བའི་བྱེ་བྲག་ཅེས་བྱ་སྟེ། ཉན་ཐོས་དེ་དག་གིས་སངས་རྒྱས་ཀྱི་བསམ་པ་རྙེད་པ་ཡང་ཐང་ཅིག་གཅིག་རྙེད་ཀྱི་གཏན་དུ་བསམ་པ་དེ་དང་མི་ལྡན་པས་ན་ཕྱོགས་ཙམ་ཐོབ་པ་ཞེས་བྱའོ། །རྣམ་པ་ཇི་ལྟ་བུས་ཐོབ་པས་སངས་རྒྱས་
ཀྱི་བསམ་པ་ཐོབ་པ་ནི། དེའི་ཕྱིར། རྒྱུད་ཐ་དད་པ་མ་ཡིན་པས་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་སྨོས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་དང་། སངས་རྒྱས་གཉིས་སུ་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པས་འཚང་རྒྱ་བར་འགྱུར་རོ་སྙམ་དུ་སེམས་པའི་སེམས་ཀྱི་རྒྱུད་ཐ་དད་
པ་མ་ཡིན་པ་ཐོབ་པའི་ཕྱིར། སངས་རྒྱས་ཀྱི་བསམ་པའི་ཕྱོགས་ཙམ་ཞིག་ཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་གཅིག་པའི་བསམ་པ་ཐོབ་པས་སངས་རྒྱས་དང་ཉན་ཐོས་རྣམས་གཅིག་པའི་ཕྱིར་ཐེག་པ་གཅིག་གོ་ཞེས་བྱ་བ་ལ་གོང་དུ་བཤད་པ་ལྟར་ན། སངས་རྒྱས་རྣམས་ཀྱང་སེམས་ཅན་དང་བདག་
ཏུ་མཉམ་པའི་བསམ་པ་ཐོབ། ཉན་ཐོས་རྣམས་ཀྱང་སངས་རྒྱས་ཀྱི་དགོངས་པ་དང་མཐུན་པའི་བསམ་པ་ཐོབ་པས། དེ་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །སྤྲུལ་པའི་ཕྱིར་ཡང་ཐེག་པ་གཅིག་པ་ནི་འདི་ལྟ་སྟེ། ད་ནི་ལན་བརྒྱ་ཕྲག་དུ་མར་ཉན་ཐོས་ཀྱི་ཐེག་པས་
ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པ་སྟེ། འདུལ་བ་རྣམས་ཀྱི་དོན་དུ་དེ་བཞིན་དུ་སྤྲུལ་པ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ལ། སྤྲུལ་པའི་ཕྱིར་ཡང་ཐེག་པ་གཅིག་ཏུ་བཤད་དེ། ཇི་ལྟ་ཞེ་ན། ཇི་ལྟར་ཉན་ཐོས་རྣམས་རང་གི་ཐེག་པས་མྱ་ངན་ལས་འདས་པ་དེ་བཞིན་དུ་དེ་བཞིན་གཤེགས་
པའི་སྤྲུལ་པས་ཀྱང་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་པར་བསྟན་ཏེ། ཉན་ཐོས་དང་སྤྲུལ་པ་གཉིས་ཉན་ཐོས་ཀྱི་ཐེག་པས་མྱ་ངན་ལས་འདས་པར་ཐེག་པ་གཅིག་པས་ན་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་མདོ་སྡེ་དེ་དང་དེ་དག་ལས་ཀྱང་ནི་ལན་

བརྒྱ་སྟོང་དུ་མར་ཉན་ཐོས་ཀྱི་ཐེག་པར་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་ཏེ། དེའང་དེ་བཞིན་གཤེགས་པ་ཉིད་ཉན་ཐོས་ཀྱི་ཐེག་པས་ཡོངས་སུ་མྱ་ངན་ལས་འདས་པ་ནི་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྤྲུལ་པའི་ཉན་ཐོས་ཀྱི་ཐེག་པར་མྱ་ངན་ལས་འདས་པར་བསྟན་ན། འདུལ་བར་འགྱུར་
བའི་སེམས་ཅན་རྣམས་ཀྱི་དོན་དུ་སྤྲུལ་པས་མྱ་ངན་ལས་འདས་པར་བསྟན་ཏོ། །མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་པ་ནི་ཕན་ཆད་བགྲོད་པར་བྱ་བ་མེད་པར་ནི་ཐེག་པ་གཅིག་ཡིན་པའི་ཕྱིར། སངས་རྒྱས་ཉིད་ཐེག་པ་གཅིག་གོ་ཞེས་བྱ་བ་ལ། མཐར་ཐུག་པའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དེ་
མཐར་ཐུག་པ་ཞེས་བྱ་བ་དང་། མཆོག་ཏུ་གྱུར་པ་ཞེས་བྱ་བ་དང་། ཕུལ་དུ་ཕྱིན་པ་ཞེས་བྱ་བ་དག་དོན་གཅིག་སྟེ། དཔེར་ན་འཇིག་རྟེན་ན་ཡང་གང་དཔའ་བ་དང་མཛངས་པ་ཕུལ་དུ་ཕྱིན་པ་རྣམས་ལ་མི་འདི་གཅིག་པུར་ཟད་ཀྱི་མི་གཞན་མེད་དེ་ཞེས་སྨྲ་བ་ལྟར། རྒྱུའི་ཆོས་ཐེག་པ་ཆེན་པོ་ཉིད་ཀྱང་
ཐེག་པ་གཞན་ལ་ཁྱད་ཞུགས་ཏེ། ཕུལ་དུ་ཕྱིན་པ་དང་འབྲས་བུའི་ཆོས་སངས་རྒྱས་སུ་གྱུར་པ་ཉིད་སངས་རྒྱས་ཐོབ་པ་ཡང་ཕུལ་དུ་ཕྱིན་པ་ཡིན་ཏེ། སངས་རྒྱས་ཕྱིན་ཆད་དེ་ལས་ལྷག་པར་བགྲོད་ཅིང་ཐོབ་པར་བྱ་བའི་ཆོས་ཁྱད་པར་ཅན་གཞན་མེད་པས་ན་སངས་རྒྱས་ཉིད་ལ་ཐེག་པ་ཞེས་བཏགས་
ཏེ། མཆོག་ཏུ་ཕྱིན་པ་ནི་དེ་གཅིག་པུར་ཟད་པའི་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མདོ་སྡེ་དེ་དང་དེ་ལ་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཏུ་རིག་པར་བྱ་སྟེ། ཐེག་པ་གསུམ་མེད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་ཐེག་པ་གསུམ་ཡོད་མོད་ཀྱི་
ལང་ཀར་གཤེགས་པ་ལ་སོགས་པའི་མདོ་སྡེ་དེ་དང་དེ་དག་གི་ནང་ནས་ཐེག་པ་གཅིག་ཏུ་ཟད་དེ། གསུམ་དུ་མེད་དོ་ཞེས་བཤད་པ་ལས་ཡང་ཆོས་གཅིག་ལས་དགོངས་པ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པར་རིག་པར་བྱ་སྟེ། ངེས་པའི་དོན་དུ་ན་ཐེག་པ་གསུམ་མེད་པ་
ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དགོངས་པ་དེ་དང་དེས་ཐེག་པ་གཅིག་ཏུ་སངས་རྒྱས་བཤད་ཅེ་ན་ཞེས་བྱ་བ་ལ། དེ་ལྟར་ཐེག་པ་གསུམ་ཡོད་ཀྱང་དགོངས་པ་རྣམ་པ་བདུན་པོ་དེ་དང་དེ་དག་ལ་དགོངས་ནས་ཐེག་པ་གཅིག་ཏུ་བཤད་པ་ལ་དོན་དང་དགོངས་པ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །

ཁ་ཅིག་དག་ནི་དྲང་བའི་ཕྱིར། །གཞན་དག་ཀྱང་ནི་གཟུང་བའི་ཕྱིར། །མ་ངེས་པ་ལ་སངས་རྒྱས་ཀྱིས། །ཐེག་པ་གཅིག་ཏུ་བསྟན་པ་ཡིན། །ཞེས་བྱ་བ་ལ། མ་ངེས་པའི་རིགས་ཅན་རྣམས་ཀྱི་དོན་དུ་དགོངས་ནས་སངས་རྒྱས་ཀྱིས་ཐེག་པ་གཅིག་གོ་ཞེས་གསུངས་
ཏེ། མ་ངེས་པའི་རིགས་ཅན་ནི་ཉན་ཐོས་ཀྱི་རིགས་མ་ངེས་པ་དང་། རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པའོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་མ་ངེས་པ་དག་ཐེག་པ་ཆེན་པོའི་སྤྱོད་པ་ལ་བཙུད་ནས་སངས་རྒྱས་པར་བྱ་བའི་ཕྱིར་ཡང་ཐེག་པ་
གཅིག་ཏུ་བཤད་པ་དང་། བྱང་ཆུབ་སེམས་དཔའི་རིགས་མ་ངེས་པ་དག་འཁོར་བ་ན་ཕན་བཏགས་ཀྱང་གནོད་པར་བྱེད་པའི་སེམས་ཅན་དང་། གནོད་པར་མ་བྱས་ཀྱང་གནོད་པར་བྱེད་པ་དང་། དགོས་པ་མེད་པར་ཡང་གནོད་པ་བྱེད་པ་དག་མཐོང་ནས་འཁོར་བར་སྐྱོ་སྟེ། ཉན་ཐོས་ཀྱི་མྱ་ངན་ལས་
འདས་པར་འཇུག་པར་འདོད་པ་རྣམས་ཉན་ཐོས་ཀྱི་མྱ་ངན་ལས་འདས་པར་མི་བཏང་ཞིང་གཟུང་བར་བྱ་བའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་གཅིག་ཏུ་བཤད་པས་ཇི་ལྟར་དྲང་ཞིང་གཟུང་བར་འགྱུར་ཞེ་ན། ཇི་ལྟར་ཐེག་པ་ནི་གཅིག་པར་ཟད་དོ་ཞེས་བཤད་པ་དང་དེ་དག་འདི་
སྙམ་དུ་སེམས་ཏེ། མཐར་བསྐོར་ན་ཡང་ཐེག་པ་ཆེན་པོ་ཉིད་ཀྱིས་མྱ་ངན་ལས་འདས་པར་འགྱུར་བས། དང་པོར་ཉན་ཐོས་ཀྱི་ཐེག་པར་སྤྱད་དེ་ནས་ཐེག་པ་ཆེན་པོ་ལ་སྤྱད་དེ། གཉིས་ལས་སྤྱད་པས་ཅི་ཞིག་བྱས་དང་པོ་ཉིད་ནས་ཐེག་པ་ཆེན་པོ་ལ་འཇུག་པར་བྱའོ་སྙམ་དུ་སེམས་ཤིང་ཐེག་པ་ཆེན་པོ་ལ་དང་
པོ་ནས་སྤྱོད་པར་བྱེད་པ་ནས་དེའི་ཕྱིར་ཐེག་པ་ཆེན་པོ་གཅིག་ཏུ་བཤད་དོ། །ཉན་ཐོས་ཀྱི་རིགས་མ་ངེས་པ་ཞེས་སྨོས་པ་ལ། གལ་ཏེ་ཉན་ཐོས་ཀྱི་རིགས་མ་ངེས་པ་ཡིན་ན་ཇི་ལྟར་ན་ངེས་པར་འགྱུར་ཞེ་ན། ལན་དུ་དེ་དག་ནི་ཉན་ཐོས་ཉིད་མ་ཡིན་གྱི་གཞན་དུ་ན་རིགས་མ་ངེས་པ་ཡིན་ཏེ། སྔོན་ཉན་
ཐོས་ཀྱི་སྤྱོད་པ་ལ་སྤྱད་པས་ཉན་ཐོས་ཀྱི་རིགས་ཞེས་བྱ་བར་ཟད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་རིགས་མ་ངེས་པའི་ཚུལ་ཡང་དེ་དང་འདྲ་བར་བལྟ་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་དང་པོ་ནས་ཐེག་པ་ཆེན་པོའི་སྤྱོད་པ་ལ་སྤྱོད་དུ་འཇུག་སྟེ་སངས་རྒྱས་

དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་མ་བཞག་པར་བཏང་སྙོམས་སུ་བཀོད་ཅེ་ན། ལན་དུ་གནས་སྐབས་ངེས་པ་ལ་ལྟོས་ནས་བཏང་སྙོམས་སུ་བཞག་སྟེ། དེ་དག་སྔར་ཉན་ཐོས་ཀྱི་སྤྱོད་པ་མ་སྤྱད་པར་ཐེག་པ་ཆེན་པོའི་སྤྱོད་པ་ལ་དགོད་དུ་མི་རུང་བས་ན་དེའི་ཕྱིར་
བཏང་སྙོམས་སུ་བཀོད་པ་ལྟ་བུར་བལྟའོ། །གོང་དུ་ཉན་ཐོས་ཀྱི་རིགས་མ་ངེས་པ་རྣམས་དྲང་བའི་ཕྱིར་ཐེག་པ་གཅིག་ཏུ་བཤད་དོ་ཞེས་གླེངས་པ་ལས། ཉན་ཐོས་ཀྱི་རིགས་མ་ངེས་པ་ཐེག་པ་ཆེན་པོར་འཇུག་པ་ཕྱི་ནང་དུ་ཡོད་པ་བསྟན་པའི་ཕྱིར། ཉན་ཐོས་མ་ངེས་རྣམ་གཉིས་ཏེ། །ཐེག་པའི་
དོན་མཐོང་མ་མཐོང་བའོ། །ཞེས་སྨོས་ཏེ། ཉན་ཐོས་རིགས་མ་ངེས་པ་ཐེག་པ་ཆེན་པོའི་སྒོར་ཞུགས་ནས་མངོན་པར་འཚང་རྒྱ་བར་འགྱུར་བ་རྣམ་པ་གཉིས་ཏེ། ཐེག་པའི་དོན་མཐོང་བ་དང་། ཐེག་པའི་དོན་མ་མཐོང་བའོ། །དེ་ལ་ཐེག་པ་ཞེས་བྱ་བ་ནི་བདེན་པ་བཞི་ལ་བྱ་སྟེ། བདེན་པ་བཞི་
མཐོང་བ་ནི་ཐེག་པའི་དོན་མཐོང་བ་ཞེས་བྱའོ། །དེའང་གང་ཞེ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བའི་གང་ཟག་གོ། །ཐེག་པའི་དོན་མ་མཐོང་བ་ནི་བདེན་པ་བཞི་མ་མཐོང་བ་སྟེ། སོ་སོའི་སྐྱེ་བོ་དང་། མོས་པ་སྤྱོད་པའི་གང་ཟག་རྣམས་སོ། །ཉན་ཐོས་
རིགས་མ་ངེས་པའི་ཐེག་པའི་དོན་མཐོང་བ་ལ་ཕྱེ་ན་རྣམ་པ་དུ་ཡོད་པ་བསྟན་པའི་ཕྱིར། དོན་མཐོང་འདོད་ཆགས་བྲལ་བ་དང་། །འདོད་ཆགས་མ་བྲལ་གཉིས་གཞན་ལ། །ཞེས་བྱ་བ་སྨོས་ཏེ། ཐེག་པའི་དོན་མཐོང་བ་ལ་ཡང་རྣམ་པ་གཉིས་ཡོད་དེ། འདོད་པའི་འདོད་ཆགས་དང་བྲལ་བ་དང་
འདོད་པའི་འདོད་ཆགས་དང་མ་བྲལ་བའོ། །དེ་ལ་འདོད་པའི་འདོད་ཆགས་དང་བྲལ་བ་ནི། འདོད་པའི་ཁམས་ཀྱི་འདོད་ཆགས་དང་མཐོང་བ་དང་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་ལུས་པར་སྤོང་བ་སྟེ། འཕགས་པ་ཕྱིར་མི་འོང་བ་རྣམས་ཏེ། འདོད་པའི་འདོད་ཆགས་དང་མ་བྲལ་
བ་ནི་འདོད་པའི་ཁམས་ཀྱིས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ནི་སྤངས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་རྣམས་ནི་མ་སྤངས་ཏེ། འཕགས་པ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་སོ། །འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་ཀྱང་དབང་པོ་རྟུལ་

པོ་དང་། དུས་རིང་པོ་ཞིག་གིས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བས་ན་ཞན་པ་ཞེས་བྱའོ། །ཐེག་པ་ཆེན་པོས་ངེས་འབྱུང་ཡིན། །ཞེས་བྱ་བ་ལ། ཉན་ཐོས་རིགས་མ་ངེས་པ་ཐེག་པའི་དོན་མཐོང་བ་དང་། མ་མཐོང་བ་གཉིས་ཐེག་པ་ཆེན་པོའི་སྤྱོད་པ་སྤྱད་ནས་མངོན་པར་
འཚང་རྒྱ་བར་འགྱུར་བ་ནི་ཐེག་པ་ཆེན་པོ་འབྱུང་བ་ཞེས་བྱའོ། །ཉན་ཐོས་དོན་མཐོང་བ་ཐེག་པ་ཆེན་པོས་འབྱུང་བ་ཡང་ཁམས་གསུམ་དུ་སྐྱེས་ལ། སེམས་ཅན་དོན་བྱས་ནས་གདོད་ཐེག་པ་ཆེན་པོར་འབྱུང་བས་ན་ཇི་ལྟར་ཁམས་གསུམ་དུ་སྐྱེ་བ་བསྟན་པའི་ཕྱིར། དེ་གཉིས་འཕགས་པའི་ལམ་ཐོབ་ནས། །
སྲིད་པར་ཡོངས་སུ་བསྔོ་བའི་ཕྱིར། །བསམ་གྱིས་མི་ཁྱབ་འགྱུར་བ་ཡི། །སྐྱེ་བ་དང་ནི་ལྡན་པའོ། །ཞེས་སྨོས་ཏེ། བདེན་པའི་དོན་མཐོང་བ་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་དེ་གཉིས་འཁོར་བར་སྐྱེ་བར་ཡང་སྔོན་འཕགས་པའི་ལམ་བསྒོམས་ཤིང་ཁོང་དུ་ཆུད་ཅིང་འཐོབ་པ་སྟེ། འཁོར་
བར་སྐྱེ་བའི་རྒྱུར་གྱུར་ཅིག་ཅེས་བསྔོས་ནས་འཁོར་བར་སྐྱེ་བའི་ཕྱིར་དེ་དག་འཁོར་བ་གཅིག་ནས་གཅིག་ཏུ་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པར་འགྱུར་བའི་སྐྱེ་བ་དང་ལྡན་པ་ཞེས་བྱའོ། །སྨྲས་པ་འཕགས་པའི་ལམ་ནི་འཁོར་བ་ལ་ཞེ་སྡང་བ་སྟེ། འཁོར་བར་རྒྱབ་ཀྱིས་ལྟ་བ་ཡིན་ན། འཕགས་པའི་
ལམ་ཉིད་འཁོར་བར་སྐྱེས་ནས་འཁོར་བར་ཇི་ལྟར་འགྱུར་ཞེ་ན། དེ་ནི་བདེན་ཏེ་འཕགས་པའི་ལམ་འབའ་ཞིག་གིས་འཁོར་བར་སྐྱེ་བར་མི་འགྱུར་གྱི། འདོད་པའི་འདོད་ཆགས་དང་བྲལ་བ་ཕྱིར་མི་འོང་བ་རྣམས་ལ་ཡང་གཟུགས་དང་གཟུགས་མེད་པའི་ཁམས་ཀྱི་ཉོན་མོངས་པ་མ་སྤངས་པ་ལྷག་མ་
ཡོད་པ་དང་འདོད་པའི་འདོད་ཆགས་དང་མ་བྲལ་བ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་ཡང་འདོད་པའི་ཁམས་ཀྱི་བསྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་མ་སྤངས་པ་དང་ཁམས་གཉིས་ཀྱི་ཉོན་མོངས་པ་མ་སྤངས་པ་ཡོད་པས་ཉོན་མོངས་པ་དེ་དག་འཕགས་པའི་ལམ་འཁོར་བར་སྐྱེས་
པར་བསྔོས་པའི་མཐུས་ཕུལ་ནས་ཉོན་མོངས་པས་རྒྱུ་བྱས་ཏེ། འཁོར་བར་སྐྱེ་བར་འགྱུར་ཏེ། དེ་ཡང་འདི་ལྟར་བསྔོས་པ་བཞིན་སྐྱེས་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཉན་ཐོས་ཀྱི་རིགས་མ་ངེས་པ་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་རྣམས་ལ། ཇི་ལྟར་ལྷག་མཐོང་

གཙོར་བསྒོམས་ཤིང་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ལམ་ནི་གཏོང་དུ་བཙུད་ལ། འཁོར་བ་ལས་མངོན་དུ་ལྟ་བའི་སྙིང་རྗེ་ཆེན་པོ་བསྒོམས་པའི་ལམ་ལ་སྦྱོར་བར་མཛད་དོ། །དེ་ལ་སྙིང་རྗེ་ཆེན་པོའི་ལམ་བསྒོམས་པས་འཁོར་བ་ལ་ཞེ་སྡང་ཞིང་མྱ་ངན་ལས་འདས་པ་ལ་མངོན་དུ་
བལྟས་པས་ལྷག་མཐོང་གི་ལམ་འདུལ་བར་བྱེད་ལ། འཁོར་བ་ལ་མངོན་དུ་ལྟ་བར་བྱེད་དེ། ཡང་ནས་ཡང་དུ་འཁོར་བ་ཡོངས་སུ་འཛིན་པ་ནི་སྲིད་པར་ཡོངས་སུ་བསྔོས་པས་ཞེས་བྱའོ། །དེ་ལྟར་སྙིང་རྗེ་ཆེན་པོའི་དབང་གིས་འཁོར་བར་སྐྱེ་བའི་ཕྱིར། དེ་དག་གི་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པར་
གཞག་གོ། །བསམ་གྱིས་མི་ཁྱབ་པ་སྐྱེ་བའི་ཕྱིར་དེའི་འཕགས་པའི་ལམ་འགྱུར་བས་ན་ཞེས་བྱ་བ་ལ། འཕགས་པ་དེ་དག་གི་སྐྱེ་བ་བསམ་གྱིས་མི་ཁྱབ་པར་བཤད་པ་ཡང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་ནི་མ་ཡིན་གྱི་འཕགས་པའི་ལམ་ཉིད་འཁོར་བར་སྐྱེ་བའི་རྒྱུར་གྱུར་པ་ན་དེ་དག་གི་སྐྱེ་བ་
བསམ་གྱིས་མི་ཁྱབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་འཁོར་བར་སྐྱེ་བ་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་ཡིན་པར་བཤད་ནས། ད་ནི་འདོད་པའི་འདོད་ཆགས་དང་མ་བྲལ་བའི་སེམས་ཅན་གྱི་དོན་དུ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་
པའི་ཕྱིར། གཅིག་ནི་སྨོན་ལམ་དབང་དག་གིས། །སྐྱེ་བར་ཀྱང་ནི་རབ་ཏུ་འགྱུར། །ཞེས་བྱ་བ་སྨོས་ཏེ། གཅིག་ཅེས་བྱ་བའི་སྒྲས་འདོད་པའི་འདོད་ཆགས་དང་མ་བྲལ་བར་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་ལ་བྱ་སྟེ། དེ་དག་འཁོར་བར་ཇི་ལྟར་སྐྱེ་ཞེ་ན། སྨོན་ལམ་གྱི་དབང་གིས་སྐྱེ་སྟེ།
དེ་ཡང་འདི་ལྟར་ཁམས་གསུམ་གྱི་སེམས་ཅན་སྡུག་བསྔལ་བ་མཐོང་ནས་གང་དང་གང་དུ་སེམས་ཅན་གྱི་དོན་བྱ་བར་འདོད་པར་མཐོང་བ་དེ་བཞིན་དེ་དག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་པ་དང་། སྨོན་ལམ་གྱི་དབང་གིས་དེ་དང་དེ་དག་ཏུ་སྐྱེ་བར་འགྱུར་ཏེ། སྐྱེས་ནས་སེམས་ཅན་ལ་ཕན་པ་དང་། བདེ་
བར་བྱས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་འཚང་རྒྱ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདོད་པའི་འདོད་ཆགས་དང་བྲལ་བ་འཁོར་བར་ཇི་ལྟར་སྐྱེ་བ་བསྟན་པའི་ཕྱིར། ཅིག་ཤོས་ཕྱིར་མི་འོང་བ་ནི། །རྣལ་འབྱོར་གྱི་ནི་སྤྲུལ་པས་སྒྲུབ། །ཅེས་བྱ་བ་སྨོས་ཏེ། ཅིག་ཤོས་

ཞེས་བྱ་བ་ནི་འདོད་པའི་འདོད་ཆགས་དང་བྲལ་བ་ལ་བྱ་སྟེ། དེ་དག་ནི་རང་ཉིད་འཁོར་བར་མི་སྐྱེ་བའི་ཏིང་ངེ་འཛིན་བསྒོམས་ནས་ཏིང་ངེ་འཛིན་གྱི་སྤྲུལ་པས་སྤྲུལ་ཏེ། སྤྲུལ་པ་འཁོར་བར་སྐྱེས་ནས་སེམས་ཅན་གྱི་དོན་བསྒྲུབས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ནས་
མངོན་པར་འཚང་རྒྱ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །འདོད་བཞིན་སྐྱེ་བ་འཛིན་ཏོ་ཞེས་བྱ་བ་ལ། ལས་དང་ཉོན་མོངས་པས་སྐྱེ་བ་ནི་མ་ཡིན་གྱི་སྨོན་ལམ་གྱི་དབང་གིས་སྐྱེ་ཞེས་བྱ་བའི་དོན་ཏོ། །གོང་དུ་འདོད་པའི་འདོད་ཆགས་དང་བྲལ་བ་དང་མ་བྲལ་བ་གཉིས་ཞན་པའོ་ཞེས་བཤད་པ་ལ། ཇི་ལྟར་
དེ་གཉིས་ཞན་པ་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་ལ་དགའ་བའི་ཕྱིར། དེ་གཉིས་རྨོངས་པ་ཞུགས་པར་དགོངས། །ཞེས་བྱ་བ་སྨོས་ཏེ། དོན་མཐོང་བའི་གང་ཟག་དེ་གཉིས་ཀྱང་། ཉན་ཐོས་ཀྱི་སྤྱོད་པ་འཁོར་བ་ལ་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་མངོན་སུམ་དུ་ལྟ་བ་ལ་དགའ་
བས་ན། ཤེས་རབ་རྟུལ་བ་དང་དུས་རིང་པོར་བླ་ན་མེད་པའི་བྱང་ཆུབ་འཚང་རྒྱ་བར་རྨོངས་པར་ཞུགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་མྱ་ངན་ལས་འདས་པ་ལ་དགའ་ཞེ་ན། དེའི་ཕྱིར། ཕྱི་ཕྱིར་བདག་གི་སེམས་ལ་ནི། །ཀུན་དུ་སྤྱོད་པ་སྦྱོར་བས་སོ། །ཞེས་བྱ་བ་སྨོས་ཏེ། བདག་གི་
སེམས་ནི་ཉོན་མོངས་པ་དང་ཉན་ཐོས་ཀྱི་སེམས་སོ། །ཕྱི་ཕྱིར་ཞེས་བྱ་བ་ནི་ཡང་ནས་ཡང་དུ་ཞེས་བྱ་བའི་དོན་ཏོ། །དོན་མཐོང་བའི་ཉན་ཐོས་དེ་དག་ཡང་ནས་ཡང་དུ་ཉན་ཐོས་ཀྱི་སེམས་ཉོན་མོངས་པ་དང་། འཁོར་བས་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་མངོན་པར་དགའ་བ་ཡང་ནས་
ཡང་དུ་འབྱུང་ཞིང་དེ་ལ་ཀུན་དུ་སྤྱོད་ཅིང་སྦྱོར་ལ་སེམས་ཅན་གྱི་དོན་མི་བྱེད་པས་མྱ་ངན་ལས་འདས་པ་ལ་མངོན་དུ་དགའ་བ་ཞེས་བྱ་སྟེ། དེ་ལྟར་གྱུར་དང་དང་པོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་བཤད། དེ་ནས་བསྐལ་པ་གྲངས་མེད་པ་གསུམ་དུ་ཐེག་པ་ཆེན་པོར་ཞུགས་ནས་འཚང་རྒྱ་བས་ཡུན་རིང་པོར་
འཚང་རྒྱ་བའི་ཕྱིར་ཞན་པ་ཞེས་བྱའོ། །ཉན་ཐོས་རིགས་མ་ངེས་པ་རྣམ་པ་གཉིས་ལས་དོན་མཐོང་བ་དང་མ་མཐོང་བ་རྣམ་པ་གཉིས་སུ་བཤད་དོ། །དོན་མཐོང་བ་ལ་ཡང་རྣམ་པ་གཉིས་ཏེ། འདོད་པའི་འདོད་ཆགས་དང་བྲལ་བ་དང་། མ་བྲལ་བ་རྣམ་པ་གཉིས་སུ་ཕྱེ་བ་ལས་དེ་གཉིས་འཁོར་

བར་སྐྱེས་ཏེ། སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཇི་ལྟར་མངོན་པར་འཚང་རྒྱ་བར་འགྱུར་བ་ནི་བཤད་ཟིན་ཏོ། །ད་ནི་རིགས་མ་ངེས་པ་ཐེག་པ་ཆེན་པོའི་དོན་མ་མཐོང་བ་སྟེ། དེ་ཇི་ལྟར་མངོན་པར་འཚང་རྒྱ་བར་བསྟན་པའི་ཕྱིར། གང་ཕྱིར་དོན་མ་
བྱས་པ་དེ། །སངས་རྒྱས་མེད་འབྱུང་བསམ་གཏན་དོན། །བརྩོན་ཞིང་སྤྲུལ་པ་སྤྲུལ་དོན་དུ། །དེ་ལ་བརྟེན་ནས་བྱང་ཆུབ་ཐོབ། །ཅེས་བྱ་བ་སྨོས་སོ། །འདི་ལྟར་འདོད་པའི་ཁམས་ཀྱི་འདོད་ཆགས་དང་ཡང་མ་བྲལ། བདེན་པ་ཡང་མ་མཐོང་བའི་ཉན་ཐོས་ཀྱི་རིགས་མ་ངེས་པ་དེ་དག་ནི་དོན་
མ་བྱས་པ་སྟེ། སོ་སོའི་སྐྱེ་བོའམ། མོས་པ་སྤྱོད་པའི་ས་ལ་གནས་པ་རྣམས་སོ། །དོན་མ་བྱས་པ་དེ་དག་འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེའོ། །དེ་ལྟར་ལྷ་ཚེ་རིང་པོའི་ནང་དུ་འདུག་འདུག་པ་ལས། ནམ་འཇིག་ཆེན་ན་སྟོན་པ་སངས་
རྒྱས་དང་། དེའི་བསྟན་པ་ལ་ཆོས་རྣམས་ནུབ་སྟེ་མེད་པར་གྱུར་པ་དང་། སླར་འདོད་པའི་ཁམས་སུ་སྐྱེ་བར་བྱེད་དོ། །འདོད་པའི་ཁམས་སུ་སྐྱེས་ནས། གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དོ། །དེའང་ཅིའི་ཕྱིར་བསམ་གཏན་ལ་བརྩོན་ཞེ་
ན། སྤྲུལ་པ་སྤྲུལ་པ། འདོད་པའི་དོན་དུ་བསམ་གཏན་ལ་བརྩོན་པར་བྱེད་དོ། །དེས་སྤྲུལ་པ་སྤྲུལ་ནས། སྤྲུལ་པ་དེ་ལ་བརྟེན་ནས་དེ་སྤྲུལ་པས་ཁམས་གསུམ་དུ་སེམས་ཅན་གྱི་དོན་བྱས་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྐངས་ཏེ། མཇུག་ཏུ་མངོན་པར་འཚང་རྒྱ་བར་བྱེད་དོ་
ཞེས་བྱ་བའི་དོན་ཏོ། །འདིའི་དོན་ཞེས་བྱ་བ་ཉན་ཐོས་ཀྱི་རིགས་མ་ངེས་པ་ནི་བདེན་པའི་དོན་མ་མཐོང་བའི་གང་ཟག་འདི་ཞེས་བྱ་བའི་དོན་ཏོ། །སློབ་པར་གྱུར་ནས་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའམ། མོས་པ་སྤྱོད་པའི་ས་པ་ན་དེ་བཞིན་གཤེགས་པའི་ཉན་ཐོས་སུ་གྱུར་ནས་ཤི་འཕོས་ཏེ། འདོད་པའི་
ཁམས་ཀྱི་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་མེད་པའི་དུས་ན་སྐྱེས་ཏེ་ཞེས་བྱ་བ་ནི་ལྷ་ཚེ་རིང་པོའི་ནང་ནས་ཀྱང་འདོད་པའི་ཁམས་ནས་དེ་བཞིན་གཤེགས་པ་མི་བཞུགས་པའི་ཚེ་སྐྱེས་ནས་ཞེས་བྱ་བའི་དོན་ཏོ། །བསམ་གཏན་གྱི་དོན་ལས་བརྩོན་ཞིང་སྤྲུལ་པ་འདོད་

དེ། སྤྲུལ་པ་དེ་དག་ལ་བརྟེན་ནས་རིམ་གྱིས་བྱང་ཆུབ་མཆོག་ཐོབ་པོ་ཞེས་བྱ་བ་ལ། འདོད་པའི་ཁམས་སུ་སྐྱེས་ནས་ཀྱང་། །གཟུགས་ཀྱི་ཁམས་ཀྱི་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་བརྩོན་ཞིང་འབད་པར་བྱེད་དོ། །བསམ་གཏན་ལ་ཡང་ཅིའི་ཕྱིར་བརྩོན་ཞིང་
སྤྲུལ་པ་འདོད་པའི་ཕྱིར་བརྩོན་པར་བྱེད་དེ། དེ་བསམ་གཏན་གྱིས་སྤྲུལ་པ་སྤྲུལ་ནས། སྤྲུལ་པས་རྫུ་འཕྲུལ་སྣ་ཚོགས་ཀྱིས་འདོད་པའི་ཁམས་སྐྱེད་པར་བྱེད་དོ། །དེའི་དོན་ནི་འདི་ལྟ་སྟེ། དོན་མ་བྱས་པའི་ཉན་ཐོས་རིགས་མ་ངེས་པ་རྣམས་ལྷ་ཚེ་རིང་པོའི་ནང་ནས་འདོད་པའི་ཁམས་སུ་སྐྱེས་
པ་ན་ཡུལ་ལ་སེམས་མངོན་པར་མི་དགའ་བ་དང་། གསུང་གོམས་པའི་སྟོབས་ཀྱིས་སློབ་དཔོན་མེད་པར་འཕགས་པའི་ལམ་མངོན་སུམ་དུ་བྱེད་དོ། །དེ་ནས་བསམ་གཏན་བསྒྲུབས་ནས་བསམ་གཏན་གྱི་སྤྲུལ་པ་བཀྱེ་སྟེ། སྤྲུལ་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་
བྱེད་དེ། དེ་ནི་རང་སངས་རྒྱས་ཀྱི་དུས་སོ། །དེ་ནས་མཇུག་ཏུ་རིམ་གྱིས་བླ་ན་མེད་པའི་བྱང་ཆུབ་འཐོབ་སྟེ། དེས་ནི་སངས་རྒྱས་ཀྱི་དུས་སོ། །གནས་དེ་གསུམ་ལ་དགོངས་ནས་ཞེས་བྱ་བ་ནི་ཉན་ཐོས་ཀྱི་གནས་དང་། རང་སངས་རྒྱས་ཀྱི་གནས་དང་། སངས་རྒྱས་ཀྱི་གནས་གསུམ་
ལ་དགོངས་པ་ཞེས་བྱ་བའི་དོན་ཏོ། །བཅོམ་ལྡན་འདས་ཀྱིས་དཔལ་གྱི་ཕྲེང་བའི་མདོ་ལས་མེའི་དཔེས་ཞེས་བྱ་བ་ལ་དེ་ལྟར་གནས་དེ་གསུམ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དང་པོར་མེ་ལྕི་བ་ལ་མཆེད་དོ། །དེ་ནས་ཡུལ་འཁོར་ལ་མཆེད་དོ་ཞེས་གསུངས་པའི་དཔེས་ཉན་ཐོས་སུ་
གྱུར་ནས་རང་སངས་རྒྱས་སུ་འགྱུར་རོ། །རང་སངས་རྒྱས་སུ་གྱུར་ནས་སངས་རྒྱས་སུ་གྱུར་ཏོ་ཞེས་གསུངས་ཏེ། དེའང་འདོད་པའི་འདོད་ཆགས