Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 31 / 33 (50.000 ký tự/trang)
ས་ཀྱི་བརྗེད་བྱང་གི་རྩ་བ་ཨཱ་ཙཱརྱ་དཔལ་བརྩེགས་ཀྱིས་མཛད་པ། འབྲུག་གི་ལོ་ལ་ཕོ་བྲང་སྟོང་ཐང་ལྡན་དཀར་གྱི་བཀའ་དང་བསྟན་བཅོས་འགྱུར་རོ་ཅོག་གི་དཀར་ཆག་ལོ་ཙཱ་བ་དཔལ་བརྩེགས་དང༌། ནམ་མཁའི་སྙིང་པོ་ལ་སོགས་པས་མཛད་པ་རྣམས་
བཞུགས་སོ།། །།ཉོ་པ་ལ། མཛད་པ་པོའི་མཚན་མ་སྨོས་པ་ལ། དོན་རྣམ་པར་གདོན་མི་ཟ་བའི་འགྲེལ་པ། འདི་འགྲེལ་པ་བཟང་པོ་ཅིག་སྣང་སྟེ་མཛད་བྱང་འགྱུར་བྱང་ལ་སོགས་མི་འདུག་པས་འདིར་བཞུགས་སུ་བཅུག །ལྷག་མཐོང་བསྐྱེད་པའི་ཐབས་ཅུང་ཟད་བྲིས་པ། སེམས་གནས་
པ་སྤྱིའི་ཡི་གེ། མི་སྡུག་པའི་སྒོ་ནས་སེམས་གནས་པའི་ཐབས། བྱམས་པ་བསྒོམ་པའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས། རྟེན་ཅིང་འབྲེལ་པར་འབྱུང་བ་བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས། ཁམས་རབ་ཏུ་དབྱེ་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས། དབུགས་

བགྲང་བའི་སྒོ་ནས་སེམས་གནས་པར་བྱ་བའི་ཐབས། ཞི་གནས་སྐུ་ལ་བསྒོམ་པའི་ཐབས་ཆུང་ངུ༌། ཞི་གནས་ལ་འཇུག་པའི་ཐབས་རྣམས་ཅུང་ཟད་བྲིས་པ། བསམ་གཏན་ལ་འཇུག་པ་བསྡུས་པ། སེམས་ཀྱི་ཉམས་ཅུང་ཟད་ཙམ་ཞིག་མདོར་བསྡུས་ནས་བརྗོད་པ་རྣམས་
སོ། །རྣམ་འཕྲུལ་དཔག་ཡས་རྒྱལ་བའི་མཛད་པ་ཅན། །གངས་རིའི་ཁྲོད་འདིར་བྱོན་པའི་སྐྱེས་བུ་མཆོག །མཁས་པས་མཛད་གཞུང་ཆ་ཙམ་བྲིས་པ་ཡི། །ངོ་མཚར་བསྟན་བཅོས་སུམ་ཅུ་རྩ་གསུམ་བཞུགས། །དེ་དག་གིས་ནི་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་
བཅོས་ལས་དཔེ་དཀོན་པ་ཕྱོགས་ཙམ་བྲིས་པ་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ།། །།དེ་ལྟར་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཀྱི་སྐོར་རྣམས་བཀོད་ནས། ད་ནི་གསར་བཅུག་མདོ་དང་རིག་གནས་ལ་སོགས་པའི་བསྟན་བཅོས་སྣ་
ཚོགས་ཀྱི་སྐོར་ལ། རྡོ་རྗེ་གཅོད་པའི་བཤད་སྦྱར་ཚིག་ལེའུར་བྱས་པ་འགྱུར་བྱང་མེད་པ། འདུས་བྱས་དང་འདུས་མ་བྱས་རྣམ་པར་ངེས་པའི་བསྟན་བཅོས་སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ། པཎྜི་ཏ་ཀ་ན་ཀ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་འགྱུར།
སྣང་བའི་ཕྲེང་བ་ཞེས་བྱ་བ་བཙུན་པ་ངོ་བོ་ཉིད་མེད་པས་མཛད་པ། པཎྜི་ཏ་གཞོན་ནུ་བུམ་པ་དང༌། ལོ་ཙཱ་བ་ཤཱཀྱ་འོད་ཀྱི་འགྱུར། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པའི་ཚིག་ལེའུར་བྱས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པ། འཕགས་པ་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་ཚིགས་སུ་བཅད་པ་ཆེན་པོ་སློབ་དཔོན་ཨཱརྱ་དེ་ཝས་མཛད་པ། པཎྜི་ཏ་ཆེན་པོ་མི་ཕམ་མགོན་པོའི་རང་འགྱུར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བཤད་པ་ཇོ་བོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཤེར་ཕྱིན་དོན་བསྡུས་སྒྲོན་མེ་དང༌།
སྨན་བླའི་སྒྲུབ་ཐབས་པཎྜི་ཏ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། པཎྜི་ཏ་དེ་ཉིད་དང༌། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བའི་འགྱུར། མངོན་པ་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་སེར་བློ་གྲོས་བརྟན་པས་མཛད་པ། ཞྭ་ལུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བ། སྨན་དཔྱད་གཅེས་

པ་གྲུབ་པ་རྟ་མཁན་བགྲོད་དཀས་བསྲུངས་པའི་བུ་ཉི་མ་བསྲུང་པས་བྱས་པ། མཁན་པོ་ཛི་ན་མི་ཏྲ་དང༌། ལོ་ཙཱ་བ་ཙནྡྲས་བསྒྱུར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་སྔགས་ཟབ་མོ་རྗེ་ཞྭ་ལུ་ལོ་ཙཱ་བ་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བ། ཚེའི་རིག་བྱེད་
མཐའ་དག་གི་སྙིང་པོ་བསྡུས་པ་འཕགས་ཡུལ་ནུབ་ཕྱོགས་མ་ཧོ་རའི་བྲམ་ཟེ་སཾ་ནྱའི་གོ་ཏ་ར་རཉྩོ་དང༌། མ་ཧཱ་ལོ་ཙཱ་བ་སེ་དཀར་རིགས་ཀྱི་ཐིག་ལེ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཕོ་བྲང་ཆེན་པོ་པོ་ཏ་ལར་བསྒྱུར་བ། འཕགས་ཡུལ་བ་ཧའི་སྨན་པ་ད་ན་དཱ་པའི་
སྨན་བཅོས་དང་ཕན་བྱེད་ཀྱི་ཙཀྲ་རིགས་མི་གཅིག་པ་བདུན་ཅུ་དོན་གཉིས་རྣམས་ལོ་པཎ་དེ་གཉིས་ཀྱིས་བསྒྱུར་བ། ཡང་ཚངས་པ་རིག་བྱེད་རྒྱ་མཚོའི་ཡན་ལག་འཛིན་པ་གཡོ་བ་ཅན་ཞེས་པའི་བསྟན་བཅོས་དང༌། ཕན་བྱེད་ཀྱི་མན་ངག་ལག་ལེན་ཐོར་བུ་གཉིས་འཕགས་ཡུལ་
མ་དྷུ་རའི་རིག་བྱེད་འཛིན་པ་རཱ་ཀུ་ནཱ་ཐ་དང༌། མ་ཧཱ་ལོ་ཙཱ་བ་འདར་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཕོ་བྲང་ཆེན་པོ་པོ་ཏ་ལར་བསྒྱུར་བ། མིག་འབྱེད་མཐོང་བ་དོན་ལྡན་འཕགས་ཡུལ་ཤཱ་ཛང་གི་སྨན་པ་མ་ཧོ་དང༌། མ་ཧཱ་ལོ་ཙཱ་བ་འདར་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་ཕོ་བྲང་
ཆེན་པོ་པོ་ཏ་ལར་བསྒྱུར་བ། ཀ་ལཱ་པའི་བྱིངས་མདོ་འཇམ་དབྱངས་རལ་གྲིའི་འགྱུར། ཙནྡྲ་པའི་བྱིངས་མདོ་སློབ་དཔོན་གང་བའི་ཟླ་བས་མཛད་པ། ལོ་ཆེན་བྱང་ཆུབ་རྩེ་མོའི་འགྱུར། ཙནྡྲ་པའི་ཨུ་ཎའི་མདོ་ལོ་ཆེན་ནམ་མཁའ་བཟང་པོའི་འགྱུར། དེའི་རང་འགྲེལ་ལོ་ཆེན་གྱི་དཔལ་
བཟང་གི་འགྱུར། བྱིངས་ཀྱི་མདོ་བུ་སྟོན་རིན་ཆེན་གྲུབ་ཀྱི་འགྱུར་མི་འདྲ་ཙམ། སུབ་མཐའ་རིན་ཆེན་འབྱུང་གནས་དང་སུ་བནྟའི་བསྒྱུར་འཕྲོ། རྐྱེན་གསུམ་རབ་ཏུ་བཤད་པ་རོང་ཟོམ་ཆོས་བཟང་གི་འགྱུར། ཏི་སོགས་ཀྱི་བྱ་བའི་ཐ་ཚིག་གསལ་བ་མཁན་པོ་དགའ་བའི་གྲགས་པས་མཛད་པ།
མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ་པཎྜི་ཏ་དཔལ་འཛིན་སྡེས་མཛད་པ། སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ་རྣམས་ཞྭ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོའི་འགྱུར། དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་དུས་ཞབས་པ་ཆུང་བ་བོ་དྷི་བྷ་དྲས་མཛད་པ། དཔལ་སྟག་ལུང་ཐང་གི་

གཙུག་ལག་ཁང་དུ་ཞྭ་ལུ་ལོ་ཆེན་དྷརྨ་པཱ་ལ་བྷ་དྲས་བསྒྱུར་བ། གཏོར་མའི་ཕྲེང་བ་སློབ་དཔོན་བློ་བཟང་སེང་གེས་མཛད་པ། པཎྜི་ཏ་བྷིཀྵུ་དྷརྨ་དཱི་ཀ་ར་དང་ཞྭ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོས་ཨེ་ཝཾ་ཆོས་འཁོར་དུ་བསྒྱུར་བ། སྡེབ་སྦྱོར་གྱི་བསྟན་བཅོས་རིན་ཆེན་འབྱུང་གནས་ཞི་བས་
མཛད་པ་སྟག་ཚང་ལོ་ཙཱའི་འགྱུར། བརྡ་སྤྲོད་པའི་བསྟན་བཅོས་དབྱངས་ཅན་བྱཱ་ཀ་ར་ཎའི་མཚམས་སྦྱོར་འགྲེལ་པ་པཎྜི་ཏ་ཀྲྀཥྞ་བྷཊྚ་དང༌། ལོ་ཙཱ་བ་ཇོ་ནང་ཀུན་དགའ་སྙིང་པོའི་འགྱུར། སྐྱེས་རབས་ཀྱི་དཀའ་འགྲེལ་བཱིརྱ་སིངྷས་མཛད་པ། དབང་ཕྱུག་བྱེད་པ་པོ་དང་ཁྱབ་འཇུག་བྱེད་
པ་པོ་གཅིག་ཉིད་སེལ་བ་ཞྭ་ལུ་ལོ་ཙཱ་བའི་འགྱུར། ཚིགས་བཅད་དགུ་པ་དང་བདུན་པ་ལ་ཝ་པས་མཛད་པ་བུ་སྟོན་གྱི་འགྱུར། ཤམྦྷ་ལར་འགྲོ་ཚུལ་གྱི་ལམ་ཡིག་འཕགས་པ་དོན་ཡོད་ལྕགས་ཀྱུས་གསུངས་པ། ཇོ་ནང་ཀུན་དགའ་སྙིང་པོས་བལ་དཔེ་ལས་བསྒྱུར་ཞིང་གོ་དཀའ་བ་རྣམས་
བྲམ་ཟེའི་པཎྜི་ཏ་ཀྲྀཥྞ་བྷཊྚ་ལ་དྲིས་ཤིང་གཏན་ལ་ཕབ། ཙནྡྲ་པའི་ཡི་གེའི་འགྲེལ་པ་སྐྱོག་ལོ་ངག་དབང་རིན་ཆེན་བཀྲ་ཤིས་ཀྱིས་གྲྭ་ཐང་དུ་བསྒྱུར་བ། འཇམ་དཔལ་བྱཱ་ཀ་ར་ཎའི་རྩ་བ་སཱ་དྷུ་ཀཱིརྟིས་མཛད་པ། དཔལ་ལྡན་ཀ་ལིངྐའི་དབང་ཕྱུག་བྱང་ཆུབ་སེམས་དཔའི་ཡུལ་གྱི་སློབ་དཔོན་
རྒྱལ་པོའི་ལྷས་མཛད་པ་རྣམས་སོ། །གཞན་ཡང་སླན་ཆད་དཔེ་འབྱོར་ན་འདིར་འཇུག་ཀྱང་རུང་བ། རྒྱ་འགྱུར་དང་བཀའ་བཙན་ནམ་མི་བཙན་སྙམ་པའི་བོད་ཀྱི་བསྟན་བཅོས་ཀྱི་སྐོར་ལ། རྒྱུད་ཀྱི་སྤྱི་འགྲེལ་སྐོར། རྨ་རིན་ཆེན་མཆོག་གི་བཤད་ཐབས་བཅུ་པ། ལོ་ཆེན་
བཻ་རོས་མཛད་པའི་རྩ་རྒྱུད་ཀྱི་འགྲེལ་པ། བརྒྱད་ཅུ་པ་ལ་གནུབས་སངས་རྒྱས་ཡེ་ཤེས་ཀྱི་མངོན་རྟོགས་འགྲེལ། ཕྲ་མོའི་ནང་ཚན་ལྟ་བ་ལ། བཻ་རོས་བསྟན་པའི་སྙིང་པོ་ཛྙཱ་ནའི་འཕྲུལ་གྱི་མེ་ལོང་དགུ་སྐོར། རྩ་འགྲེལ་འདི་ལྟའི་དཔེ་རྒྱུན་ལ་བི་མ་ལའི་ཡིན་ཟེར་ཀྱང་དཀར་ཆག་
རྙིང་པ་རྣམས་ན་ཛྙཱ་ནའི་ཡིན་པར་བཤད། གཉེན་དཔལ་དབྱངས་ཀྱིས་མཛད་པའི་ཐུགས་ཀྱི་སྒྲོན་མ། ཡང་དག་སྒྲོན་མ། མཐའ་མུན་སེལ་སྒྲོན་མ། ཐབས་ཤེས་སྒྲོན་མ། རྣལ་འབྱོར་སྤྱོད་པའི་ལུགས་ངེས་དོན་ལ་ཇི་བཞིན་བསྒོམ་ཐབས། ལྟ་བ་རིན་ཆེན་སྒྲོན་མ་

སྟེ་སྒྲོན་མ་དྲུག་གོ །དབང་ལ། རྨ་རིན་ཆེན་མཆོག་གི་ངེས་འབྱེད་ཆེ་བ། དམ་ཚིག་ལ་དར་རྗེའི་ཁྲུས་ལུང༌། ཕྲིན་ལས་ལ་གཉགས་ཛྙཱ་ནའི་ས་ལམ་ལུང་ཕྲན་དང༌། བཅོལ་དང་བསྐང་བའི་ལུང་ཕྲན། གནད་ཀྱི་གེགས་སེལ་གཟེར་བཅོ་བརྒྱད་
པ་རྣམས་སོ། །སྒྲུབ་པ་ལ། ནམ་སྙིང་གི་ཞི་ཁྲོ་ལས་ཀྱི་གལ་ཕྲེང༌། ཏིང་ངེ་འཛིན་ལ། གནུབས་སངས་རྒྱས་ཡེ་ཤེས་ཀྱི་ཕྱག་རྒྱ་བསམ་གཏན་གྱི་འགྲེལ་པ་རྣམས་ཏེ། གཞན་ཡང་ཟུར་ཆེ་ཆུང་གི་བསྟན་བཅོས་རྣམས་ཀྱང་དེ་དང་འདྲ་ཞེས་རྒྱལ་དབང་ལྔ་པའི་དཀར་ཆག་ཏུ་
འབྱུང་ངོ༌། །མདོའི་འགྲེལ་པ་མུན་པའི་གོ་ཆ་དང༌། དཀའ་གཅོད་སྨྲ་བའི་མཚོན་ཆ། སྐ་བ་དཔལ་བརྩེགས་ཀྱི་མདོའི་དཀའ་འགྲེལ་མི་ཤེས་མདུད་འགྲོལ། ཉེར་བསྒྱུར་གྱི་མཚན་ཉིད་འགྲེལ་བཤད་སློབ་དཔོན་དབང་པོས་བྱིན་གྱིས་མཛད་པ། ལོ་ཙཱ་བ་ནམ་མཁའ་དཔལ་
བཟང་གི་འགྱུར་ཞེས་པ་རྣམས་རྒྱལ་དབང་ལྔ་པའི་དཀར་ཆག་ན་བཞུགས་པ་ལྟར་མ་འོངས་པར་འདི་དག་གི་དཔེ་འབྱོར་བར་གྱུར་པ་འདྲི་བའི་འདུན་པས་བྲིས་པ་ཡིན་གྱི་ད་ལྟའི་དཔེ་དངོས་ལ་ནི་མི་བཞུགས་སོ། །གཤེགས་བཞུགས་རྒྱལ་བས་གསུངས་པའི་སྒྱུ་འཕྲུལ་དོན། །
དགོངས་འགྲེལ་སྔར་བྱུང་དཔེ་བདུན་མ་རྙེད་པ། །བཅུ་དྲུག་ལ་སོགས་བསྣན་ཚེ་སྐྱེ་དགུ་ཡི། །འཆིང་རྒྱ་གཅོད་ལ་རྣོན་པོའི་མཚོན་ཆ་མཆོག །དེ་དག་གིས་ནི་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པའི་དཔེ་དཀོན་པ་དང༌། མཛད་པ་པོའི་མཚན་མ་སྨོས་པ་དང༌།
གསར་བཅུག་སྟེ་བསྟན་བཅོས་སྣ་ཚོགས་པའི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ། །བསྟན་བཅོས་སྣ་ཚོགས་ཀྱི་སྐབས་ཏེ་བཞི་པའོ།། །།ད་ནི་ལས་བྱས་པ་དོན་ཡོད་པར་བྱ་བའི་ཕྱིར་བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ཀྱི་
སྐོར་ལ། འཕགས་པ་བཟང་པོར་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་བྱམས་པའི་སྨོན་ལམ་གྱི་རྒྱལ་པོ། །འཕགས་པ་གསེར་འོད་དམ་པ་ལས་གསུངས་པའི་སྨོན་ལམ། རྒྱལ་པོ་གསེར་གྱི་ལག་པའི་སྨོན་ལམ། ལག་བཟང་གིས་ཞུས་པའི་མདོ་

ལས་བྱུང་བའི་སྨོན་ལམ། སྦྱིན་པའི་རབས་ཀྱི་སྨོན་ལམ། རིན་ཆེན་ཕྲེང་བ་<*མ་བྱུང༌>ནས་བྱུང་བའི་སྨོན་ལམ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས་བྱུང་བའི་སྨོན་ལམ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མཛད་པའི་རྡོ་རྗེའི་སྨོན་ལམ། རྒྱ་གར་ཤར་ཕྱོགས་ཀྱི་པཎྜི་
ཏ་ཆེན་པོ་དངོས་གྲུབ་བརྙེས་པའི་དབང་ཕྱུག་དཔལ་ནགས་ཀྱི་རིན་ཆེན་དང༌། དེ་ཉིད་ཀྱི་བཀའ་དྲིན་ལས་ལེགས་པར་སྦྱར་བའི་ཚུལ་རིག་པ་དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེ་ཞེས་བྱ་བས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བསྒྱུར་བ། བྱང་ཆུབ་འབྱུང་བའི་
སྨོན་ལམ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་བཙུན་པ་ཟླ་བའི་སྨོན་ལམ་རབ་ཏུ་བསྔགས་པའི་གནས་ཆེན་པོ་ཉེ་བའི་འཐུང་གཅོད་བལ་པོ་ཡམ་བུའི་གྲོང་ཁྱེར་དུ་བལ་པོའི་པཎྜི་ཏ་ཛེ་ཏ་ཀརྞའི་ཞལ་སྔ་ནས། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཉི་མ་
རྒྱལ་མཚན་དཔལ་བཟང་པོའི་འགྱུར། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ། རྒྱལ་པོ་ལ་གཏམ་བྱ་བ་རིན་པོ་ཆེའི་ཕྲེང་བ་ལས་བྱུང་བའི་སྨོན་ལམ་གྱི་ཚིགས་སུ་བཅད་པ་ཉི་ཤུ་པ། རིགས་ཀྱི་སྨོན་ལམ་ཞེས་བྱ་བ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་
མེ་མཛད་ཡེ་ཤེས་ཀྱི་ཞལ་སྔ་ནས་མཛད་པ། སློབ་དཔོན་བཙུན་པ་རྟ་དབྱངས་ཀྱིས་མཛད་པའི་བསྔོ་བ་ཤིན་ཏུ་བསྡུས་པ། པཎྜི་ཏ་དཱ་ན་ཤཱི་ལའི་རང་འགྱུར། རྒྱལ་བའི་ལམ་ལ་འཇུག་པ་ནས་བྱུང་བའི་སྨོན་ལམ། པཎྜི་ཏ་སངས་རྒྱས་དཔལ་ཡེ་ཤེས་ཀྱིས་མཛད་པ།
སློབ་དཔོན་བཙུན་པ་གཞན་ལ་ཕན་པའི་དབྱངས་དགོན་པ་བ་གསུང་རབ་མཐའ་དག་ཆུབ་པར་བྱས་པ་སྟག་གིས་རོང་ལ་བསྐྱོན་ཏེ་ནགས་ཁུང་དུ་ཕྱིན་པ་ན་སྙིང་རྗེས་གདུངས་པའི་ཡིད་ཀྱིས་འགྲོ་བའི་དོན་སྒྲུབ་པའི་སྨོན་ལམ་བདུན་ཅུ་པ་མཛད་པ། པཎྜི་ཏ་དྷརྨ་ཤྲཱི་པྲ་བྷ་དང༌།
ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལའི་སྨོན་ལམ་མུ་གཉིས་མ་ཞེས་བྱ་བ། དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་གསུངས་པའི་སྨོན་ལམ། སྨོན་ལམ་རིན་པོ་ཆེའི་རྒྱལ་པོ་ཞེས་བྱ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ།

རྒྱ་གར་ཤར་ཕྱོགས་སཏྣ་ག་རའི་པཎྜི་ཏ་ཆེན་པོ་གནས་བརྟན་ནགས་ཀྱི་རིན་ཆེན་དང༌། དགེ་སློང་ཆོས་སྨྲ་བ་བསོད་ནམས་རྒྱ་མཚོའི་སྡེས་དཔལ་བསམ་ཡས་ལྷུན་གྱིས་གྲུབ་པའི་ཕོ་བྲང་དུ་བསྒྱུར་བ། མཆོག་གི་སྤྱོད་པའི་སྨོན་ལམ།
འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ཀྱི་སྨོན་ལམ། འཕགས་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པ་མདོ་སྡེ་ཆེན་པོ་བཀླག་པའི་ཆོས་ཀྱི་སྦྱིན་པའི་བསྔོ་བ། བླ་ཆེན་དགོངས་པ་རབ་གསལ་གྱིས་མཛད་པའི་ཆོས་ཀྱི་སྦྱིན་པའི་བསྔོ་བ། སྤྱིའི་བསྔོ་བ་དང་<*མ་བྱུང༌>གསུམ།
བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། ལྷས་ཞུས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རབ་འཚེ་མ་དང༌།
རབ་དགའ་ལྡན་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པས་བསྟོད་པ་ཕལ་པོ་ཆེ་ལས་འབྱུང་བ་དང༌། ཚོང་དཔོན་ག་གོན་དང་བཟང་པོའི་ལེའུ་ལས་འབྱུང་བ་ཤིས་པར་བརྗོད་པའི་ཚིགས་སུ་བཅད་པ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་བདེ་ལེགས་ཀྱི་ཚིགས་བཅད།
འཕགས་པ་སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལས་གསུངས་པའི་བདེ་ལེགས་སུ་འགྱུར་བའི་ཚིགས་སུ་བཅད་པ། སྟོང་ཆེན་པོ་རབ་ཏུ་འཇོམས་པ་ལས་གསུངས་པའི་སྨོན་ལམ། རྨ་བྱ་ཆེན་མོ་ལས་གསུངས་པའི་སྨོན་ལམ་གྱི་བདེན་ཚིག །དཀོན་མཆོག་གསུམ་དང་མཛད་
པ་བཅུ་གཉིས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། འདི་རྡོ་རྗེ་འབྱུང་བའི་ནང་ན་ཇི་ལྟ་བ་བཞིན་ཡོད་པར་དེ་ཕྱུང་བ་འདྲའོ། །སློབ་དཔོན་འཕགས་པ་
ཀླུ་སྒྲུབ་ཀྱིས་མཛད་པའི་བཀྲ་ཤིས་མཚན་མངས། རྒྱ་གར་གྱི་མཁན་པོ་ཛ་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་ཀྱི་ཚིགས་བཅད། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དེས་པ་ལ་གསུངས་པའི་དཀོན་མཆོག་

གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། ཡང་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། དཀོན་མཆོག་
གསུམ་གྱི་བདེ་ལེགས་ཀྱི་ཚིགས་སུ་བཅད་པ། རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད། ཡང་རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་བཅད་གཅིག །བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ། རྒྱ་གར་གྱི་དཔེ་ལས་འགོས་ལོ་ཙཱ་བ་དྷརྨ་པཱ་ལ་
བྷ་དྲས་བསྒྱུར་བ་རྣམས་བཞུགས་སོ། །བསྔོ་བ་དང༌། སྨོན་ལམ་དང༌། བཀྲ་ཤིས་ཀྱི་སྐོར་འདི་རྣམས་ལ་བཀའ་དང་བསྟན་བཅོས་ཅི་རིགས་པར་སྣང་ཡང༌། སྔོན་གྱི་རྣམས་ཀྱིས་ཀྱང་བཀྲ་ཤིས་པའི་ཡན་ལག་ཏུ་བསྟན་བཅོས་ཀྱི་མཇུག་ཏུ་བཀོད་འདུག་པས་འདིར་ཡང་དེ་
བཞིན་དུ་བཀོད་པ་ཡིན་ནོ། །གང་ཞིག་བརྗོད་ན་དོན་རྣམས་ཀུན་འགྲུབ་ཅིང༌། །གནས་སྐབས་ཀུན་དུ་བདེ་ལེགས་འགྱུར་བ་ཡི། །བསྔོ་བ་སྨོན་ལམ་བཀྲ་ཤིས་ཚིགས་བཅད་སྐོར། །བཅུ་ཕྲག་བཞི་ལ་དྲུག་གིས་བརྒྱན་པ་བཞུགས། །དེ་དག་གིས་ནི་ཐུན་མོང་དུ་བསྔོ་
བ་སྨོན་ལམ་དང་བཀྲ་ཤིས་ཀྱི་ཆོས་སྐོར་བཞུགས་པའི་རྣམ་གྲངས་རྣམས་བཀོད་ཟིན་ཏོ། །བསྔོ་བ་སྨོན་ལམ་དང་བཀྲ་ཤིས་ཀྱི་བསྟན་བཅོས་སྐབས་ཏེ་ལྔ་པའོ།། །།ཞར་ལས་བྱུང་བ་ཏོ་པ་ལ། བརྡ་སྤྲོད་པ་པཱ་ཎི་ནིའི་མདོ་སྒྲའི་གཙུག་ལག་ཐམས་ཅད་ཀྱི་
ཕྱི་མོ་ལྟ་བུར་གྱུར་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཇམ་དཔལ་རྩ་བའི་རྒྱུད་སོགས་སུ་ལུང་བསྟན་པའི་བྲམ་ཟེ་པཱ་ཎི་ནི་ལ་འཇིག་རྟེན་དབང་ཕྱུག་གིས་དངོས་སུ་སྩལ་བ་པཱ་ཎི་ནི་བྱཱ་ཀ་ར་ཎ་གཞུང་འགྲེལ་གྱི་གོ་དོན་ཆོ་ག་དཔེར་བརྗོད་སོགས་རེག་ཟིག་ཏུ་བཀོད་པ་ལེགས་བཤད་
ནོར་བུ་འདྲེན་པའི་ཤིང་རྟ་ཞེས་བྱ་བ། སེའི་རིགས་ལ་འཁྲུངས་པ་ངག་དབང་ཕུན་ཚོགས་ལྷུན་གྲུབ་བམ། མིང་གཞན་ཚེ་དབང་རབ་བརྟན་རྡོ་རྗེར་བོད་པས་འཕགས་ཡུལ་ཀུ་རུ་ཀྵེ་ཏྲར་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་པ་གནས་ལྔ་རིག་པའི་

པཎྜི་ཏ་ཆེན་པོ་བ་ལ་བྷ་དྲ་དང༌། གོ་ཀུ་ལ་ནཱ་ཐ་མི་ཤྲ་མཆེད་ཀྱི་དྲུང་དུ་ལེགས་པར་གསན་ཏེ་གཞུང་བོད་སྐད་དུ་བསྒྱུར། སློབ་དཔོན་རཱ་མ་ཙནྡྲས་མཛད་པའི་འགྲེལ་པ་པྲ་ཀྲཱྀ་ཡ་གཞིར་བཞག །ཀུན་བཤད་སོགས་ཆོ་ག་རྟོགས་དཀའ་
བ་རྣམས་ལ་མཁས་པའི་གསུང་རྒྱུན་གྱིས་བརྒྱན་པའོ། །པཱ་ཎིའི་གཞུང་འདི་གོང་གི་སྒྲ་རིག་པའི་བསྟན་བཅོས་ཀྱི་སྐབས་དེར་འཇུག་ཏུ་རུང་ནའང་ཕྱིས་སུ་རྙེད་ནས་འདིར་རྩ་འགྲེལ་སྟབས་སུ་བྲིས་པ་ཡིན་ནོ། །འདིར་སྨྲས་པ། ཐུབ་པ་<*ཆ་ཤས་ཅན་གྱི་གཟུགས་ཅན།> སྐྱེ་དགུ་ཡོངས་ཀྱི་བླ་མའི་དགོངས་
པ་དང༌། །གཞར་ཡང་མི་མཐུན་མེད་པར་ཡང་དག་བཀོད་པའི་ཆོས། །ངེས་པར་འབྱུང་བའི་གནས་གསུམ་གང་ལ་མངོན་ཕྱོགས་པར། །བདེ་བར་ཕྱིན་པར་བྱེད་ལ་ཆོས་ཀྱི་ཤིང་རྟ་བརླིང༌། །འདི་<*བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།> ཉིད་ལས་བྱུང་ལེགས་བཤད་
ཉི་མའི་ཐིགས་པ་རེ། །གང་དག་ཐོས་པ་འཛིན་བྱེད་སྦྲང་རྩིའི་སྣོད་དག་ཏུ། །ལྷུང་བའི་སྐལ་བ་བཟང་པོའི་འདབ་མ་ཡངས་བྱས་པའི། །ཕན་པ་དེ་ཡི་ཕ་རོལ་བརྗོད་པས་ཕྱིན་པ་མེད། །པདྨའི་<*སྲིད་མིན་གྱི་དཔེ།> གཉེན་གྱི་དཀྱིལ་འཁོར་གྱིས་
བསྐྱེད་མུན་པ་དང༌། །ལམ་གསུམ་འབབ་པའི་འཇུག་ངོགས་ལ་བརྟེན་སྐོམ་པ་བཞིན། །ཐོས་པའི་བློ་ཡིས་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། །ཤེས་བྱའི་མུན་པར་བྱས་པའི་གཏམ་ནི་ཆོས་ལ་མེད། །བླང་རྒྱུའི་གཟུགས་ཅན། དོར་ཡི་གེ་མ་འཁྲུགས་སྟོན་
ཕྱིར་དམིགས་བུ་སྟེ། །ཚུལ་མ་ཡིན་པར་ལྟུང་བ་ལས་འཛིན་དཔུང་པའི་འདབ། །དོན་མེད་མངོན་པར་འདུ་བྱེད་རེག་གཅོད་སྤུ་གྲིའི་རྣོ། །ཐར་བའི་བདེ་བ་དམ་པར་བསུ་ཕྱིར་གྲོགས་ཀྱི་མཆོག །ཐོས་<*དངོས་པོའི་རྒྱུའི་སྐྱེད་བྱེད་འགྲུབ་པའི་རྒྱུ།> པའི་ཆོས་དོན་བསམ་པ་ལས་
བྱུང་རྣམ་འབྱེད་ཀྱི། །འཁོར་ལོ་གང་གི་སྔ་རོལ་མ་ཤེས་ཤེས་པར་འགྱུར། །ལོག་ཤེས་དེ་བཞིན་འཕྱང་མོ་ཉུག་ལ་བརྟེན་པའི་བློ། །འགྲོལ་བའི་ལས་འདི་བློ་ལྡན་རྣམས་ཀྱི་སྙིང་ལ་གནས། །ཚུལ་བཞིན་

<*མ་བསྡུས་པའི་གཟུགས་ཅན།> བསྒོམས་པས་བརྡར་བ་བདག་མེད་རིག་པའི་མཚོན། །སྙིང་རྗེ་ཀུན་ནས་རྒྱས་པའི་ལག་པར་ཐོགས་པ་ན། །སྒྲིབ་པ་གསུམ་གྱི་དགྲ་སྡེ་ཡང་འབྱུང་མེད་པར་བཅོམ། །དོན་གཉིས་ལྡན་པའི་རྒྱལ་སྲིད་སྐྱོང་བའི་དབང་ཕྱུག་བྱེད། །<*ཡོན་ཏན་གྱི་རང་བཞིན་བརྗོད་པ།> དེ་བཞིན་དུ་ནི་ཀློག་
དང་འཛིན་འཆང་བྱ་བ་རེས། །རྟག་ཏུ་ཐམས་ཅད་མཁྱེན་པའི་ཆོས་ལ་ཆོས་ཀྱི་མིག །དྲི་མ་མེད་འགྱུར་སྨྲ་བའི་རོ་འཛིན་ཡངས་པར་བྱེད། །བསོད་ནམས་ཕུང་པོ་ནམ་མཁའི་མཐའ་ལ་འབྱམས་པར་སྤྱོད། །
དཀོན་པ་ཨུ་དུམྦ་<*དེ་ཉིད་བརྗོད་པའི་དཔེ།> རའི་མེ་ཏོག་མཚུངས་ཀྱང་དེ། །མ་ཡིན་འབྱུང་བར་དཀའ་ལ་ཕན་ཡོན་ཆེ་བའི་ཆོས། །འདོད་པའི་རེ་སྐོང་དབང་གི་རྒྱལ་པོ་འདྲ་ཡང་དེ། །མ་ཡིན་བླ་ན་མེད་པའི་དཔལ་གྱི་འབྱུང་གནས་སོ། །ཨེ་<*གཅིག་ལ་གཅིག་བརྟེན་གྱི་རབ་སྤེལ།> མ་འཁོར་བ་འདི་ནི་བཅུད་ཀྱིས་
དབེན་པ་ཡི། །གྲགས་པ་དེ་ཡང་ད་ནི་སྒྲ་མེད་གཉིད་ལ་ཡུར། །ལེགས་བཤད་སློང་བ་རྣམས་ཀྱི་དཔག་བསམ་ཤིང་ཆེན་ང༌། །འདི་ན་མཆིས་ཞེས་སྦྱིན་པའི་རྔ་ཆེན་བརྡུང་བ་སྙམ། །འཕགས་
ཡུལ་<*དངོས་མེད་ཀྱི་རྒྱུ་ལས་སྔ་ནས་མེད་པའི་བྱེད་རྒྱུ།> བགྲོད་པའི་གོམ་པ་གཅིག་ཅིག་བཀོད་པ་མེད། །ལང་ཚོའི་མཛེས་པ་ཉི་དང་ལྷགས་པར་མ་བྱིན་ཞིང༌། །བརྡ་སྤྲོད་མ་སྦྱངས་རྒྱ་གར་སྨ་ར་ཅན་གྱི་ཆོས། །ཐོབ་པའི་འགྲོ་བ་འདི་ནི་སྐལ་པ་ཨེ་མ་སྦོམ། །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་
གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་མ་ལུས་པ་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་
བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། དགོས་དོན་རྟོགས་པར་སླ་ཕྱིར་ཆོས་ཀྱི་བཞུགས་བྱང་སྨོས་པའི་སརྒ་སྟེ་བདུན་པའོ།། །

༄༅། །ནིརྤཱཔཾཧིམརཛསཉྩིཏྶམུཏྠཱཾ། སྭཱགཏྱཿཀུཤལགཎཱཔྤརཤཱིཏདྷཱརཱ། སཾབོདྷིརྒུཎཡཏཝེམཧཱསམུདྲེ། མུནྱེགྲཱནྨཏིཔརིཎཱམསམགྷཝཱཡཾ།།
༄༅། །<*ཆ་ཤས་ཀྱི་གཟུགས་ཅན།>སྡིག་བྲལ་ཀུན་ནས་སློང་བ་ཁ་བའི་རྡུལ་བརྩེགས་ལས། །ལེགས་པར་བབས་པའི་དགེ་ཚོགས་རབ་བསིལ་ཆུ་ཡི་རྒྱུན། །བྱང་ཆུབ་ཡོན་ཏན་རྒྱ་མཚོ་ཆེན་པོར་ངལ་བསོའི་སླད། །ཡོངས་བསྔོ་འདི་ནི་ཐུབ་མཆོག་ལས་བྱུང་བློ་གྲོས་ཡིན། །

<*དེ་ཉིད་བརྗོད་པའི་དཔེ།> འཁོར་བའི་གདུང་བ་འཕྲོག་པའི་རྒྱལ་པོ་དགེ་བ་ཉིད། །ཡིན་གྱི་མ་ལ་ཡར་སྐྱེས་དཔལ་གྱི་དུམ་བུ་མིན། །རྣམ་པ་ཐམས་ཅད་བསམས་ཀུན་འཇོ་བ་བསོད་ནམས་སྟོབས། །ཡིན་གྱི་འཇིག་རྟེན་ཕ་རོལ་འབྲས་མེད་དཔག་བསམ་མིན། །བསྐལ་<*གཟུགས་བརྙན་གྱི་དགའ་བ།> བ་རྒྱ་ལམ་རྙེད་དཀའ་དེ་བཞིན་གཤེགས་པ་
སྟེ། །དེ་དེའི་གསང་བ་རྣམ་གསུམ་མཚོན་པའི་ལེགས་བྱས་ཞིང༌། །སྐུ་དང་གསུང་དང་ཐུགས་ཀྱི་རྟེན་རབ་བསྐྲུན་པ་ཡིས། །བསོད་ནམས་ཕུང་པོས་འཇིག་རྟེན་ཀུན་དགའ་ཅི་ཡང་བསྐྱེད། །མཆོག་<*ཁྱད་འཕགས་ཕུལ་བྱུང༌།> ཏུ་སྟོན་པ་བླ་ན་མེད་པའི་ཞལ་གྱི་ལུང༌། །འདྲི་
དང་ཀློག་དང་ཀུན་ཆུབ་པ་དང་གཞན་ལ་སྟོན། །ཐོས་དང་དཔྱད་དང་བསྒོམས་པའི་བསོད་ནམས་ཕྱོགས་རེའི་མཐའ། །གཞལ་དུ་བླ་ན་ནམ་མཁའི་འདོམ་གྱིས་མཚོན་དུ་མེད། །དེ་<*ཆ་ཤས་ཅན་གྱི་གཟུགས་ཅན།> བས་ཀྱང་ནི་བཀའ་ལུང་དགོངས་པ་ཟབ་ཡངས་མའི། །ངོ་མཚར་ལྟད་མོ་མཐའ་དག་བླ་མེད་
བྱང་ཆུབ་བར། །བལྟ་བར་ནུས་པའི་བསྟན་བཅོས་འཇིག་རྟེན་ཀུན་གྱི་མིག །འགྲོ་ལ་ལེགས་པར་བྱིན་པའི་ཡོན་ཏན་དཔག་ནུས་མིན། །བསམ་<*སེམས་མེད་རབ་རྟོག།> གྱིས་མི་ཁྱབ་ཡོན་ཏན་སྙིང་པོ་དེ་དག་ཀྱང༌། །འཐོབ་པ་གླེགས་བམ་ཕྲེང་བ་འདི་དག་མ་བརྟེན་པར། །གཞན་
དུ་འཚོལ་བ་རྣམ་པར་རྨོངས་ཞེས་ཡི་གེ་དང༌། །མིང་དང་ཚིག་རྣམས་ཁྲེལ་བའི་གད་མོ་འབྱིན་པ་བཞིན། །མངོན་<*རབ་སྤེལ་གྱི་རྒྱན།> པར་འདུས་བྱས་དགེ་བ་མཁའ་ལྟར་རྒྱ་ཆེ་ཡང༌། །འབྲས་བུ་ཐམས་ཅད་མཁྱེན་པའི་ཁམས་སུ་བསྔོས་མིན་པ། །དེ་སྲིད་ལྟར་སྣང་བདེ་བས་འཐུང་
དང་སྡིག་པས་ཀྱང༌། །བྱང་ཆུབ་ལ་སྡང་དེ་ཡི་ཆོམ་རྐུན་བྱེད་ཀྱིས་དོགས། །<*བྱ་བའི་རང་བཞིན་བརྗོད་པ།> དེས་ན་སེམས་ཅན་ཀུན་གྱི་མཉེས་གཤིན་བྱང་ཆུབ་སེམས། །གང་དང་ཡང་དག་འགྲོགས་པའི་དམིགས་མེད་ཤེས་རབ་ཀྱི། །སྣང་ཆེན་ཀུན་ཏུ་འགྲོ་བས་དགེ་བའི་རྩ་བ་རྣམས། །བྱང་ཆུབ་མཆོག་ཏུ་ཡོངས་སུ་
བསྔོ་བ་རྣམ་གསལ་བྱེད། །སྤྱི་དོན་བརྒྱད་པ་བརྩམས་པ་དོན་ཡོད་ཆེད་དུ་དགེ་བ་བྱང་ཆུབ་ཏུ་བསྔོ་བ་ལ། ཕན་ཡོན་བསྟན་པ་དང༌། དེ་བྱང་ཆུབ་ཏུ་བསྔོ་བ་དངོས་སོ། །དང་པོ་ཕན་ཡོན་ནི། སྤྱིར་འཇིག་རྟེན་གསུམ་པོ་མ་ལུས་པ་ན་བསླུ་བ་མིན་པའི་སྐྱབས་ཀྱི་གནས་བླ་ན་

མེད་པ་དང༌། ཡོན་གྱི་གནས་བླ་ན་མེད་པར་གྱུར་པ་ནི་དཀོན་མཆོག་གསུམ་དང་མཚུངས་པ་འགའ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་འགའ་ཡོད་མ་
ཡིན། །ཞེས་སོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ལ་མཆོད་པ་ཕུལ་བ་དང་གསོལ་བ་བཏབ་པ་ལ་སོགས་པས་བར་ཆད་མེད་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བདེ་བླག་ཉིད་དུ་སྟེར་བའི་མཁྱེན་པ་དང་བརྩེ་བ་དང་ནུས་པའི་ཡོན་ཏན་མ་ལུས་པ་ལྷུན་གྱིས་གྲུབ་པའི་ཚུལ་
དུ་རྫོགས་པའི་ཕྱིར་རོ། །དེ་སྐད་དུ་ཡང༌། སངས་རྒྱས་ཕལ་པོ་ཆེ་ལས། རིགས་པར་ལྡན་པ་དཀོན་མཆོག་གསུམ་རྣམས་ལ། །སྦྱོར་བ་སྐྱེ་བ་མེད་པས་མཆོད་བྱས་ན། །དེ་དག་བདུད་བཞིའི་ལམ་ལས་རབ་འདས་ཏེ། །བྱང་ཆུབ་བླ་མེད་མྱུར་དུ་རེག་པར་འགྱུར། །ཞེས་གསུངས་སོ། །དེ་ལྟ་
བུའི་སྐྱབས་གནས་རྣམ་པ་གསུམ་གྱི་ནང་ནས་ཀྱང་སངས་རྒྱས་དཀོན་མཆོག་ནི་སྐྱབས་གཞན་དང་དབྱེར་མེད་ཀྱང་ཡིན་ཞིང༌། གཞན་གཉིས་ཀྱི་འབྱུང་གནས་ཀྱང་ཡིན་པའི་ཕྱིར་དང༌། ཐེག་པ་ཆེན་པོར་ཞུགས་པའི་གང་ཟག་གིས་གཏན་གྱི་སྐྱབས་གནས་ཉག་གཅིག་ཡིན་པའི་ཕྱིར་ཆེས་མཆོག་
ཏུ་གྱུར་པ་སྟེ། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། ཆོས་དང་དཀོན་མཆོག་དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་འདུན་དེ་བཞིན་གཤེགས་ཀྱི་མིང༌། །དགེ་འདུན་གཉིས་ནི་དེ་བཞིན་གཤེགས། །ཆོས་དང་དགེ་འདུན་གཉིས་ནི་ཐབས་ཀྱི་སྐྱབས་ལེགས་ཏེ། །
དེ་བཞིན་གཤེགས་ནི་ཐབས་མེད་སྐྱབས་དང་དོན་དམ་སྐྱབས། །དེ་བཞིན་གཤེགས་པ་སྐྱབས་མེད་རྣམས་ནི་སྐྱབས་ལགས་ཏེ། །དེ་ཡི་སླད་དུ་དེ་བཞིན་གཤེགས་ལ་སྐྱབས་སུ་མཆི། །ཞེས་དང༌། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་
པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །འབྱུང་བ་དཀོན་མཆོག་དྲི་མེད་ཕྱིར། །

མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་སོ། །དེ་ལྟ་བུའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ཡང་གདུལ་བར་བྱ་བ་སེམས་ཅན་དངོས་དང་བརྒྱུད་པས་དེ་བཞིན་གཤེགས་པ་ལ་མཆོད་པས་མཉེས་པར་
བྱས་པ་ལ་སོགས་པ་བསོད་ནམས་ཀྱི་སྐལ་བ་དང་ལྡན་པ་རྣམས་ཡོངས་སུ་སྨིན་པར་འགྱུར་གྱི། སྐལ་བ་དང་མི་ལྡན་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། དཔེར་ན་ཉི་མའི་དཀྱིལ་འཁོར་ལེགས་པར་ཤར་བ་ནའང་པདྨ་ཁ་འབྱེད་པའི་དུས་སུ་བབ་པ་རྣམས་ཡོངས་སུ་ཁ་འབྱེད་ཀྱི། དུས་སུ་མ་
བབ་པ་རྣམས་ལ་ནི་མ་ཡིན་པ་ལྟར་རོ། །དེ་ལྟར་ཡང་མདོ་ལས། ཇི་ལྟར་ཉི་མ་ཤར་བ་ན། །ཡོངས་སྨིན་པདྨ་ཁ་འབྱེད་ལྟར། །དེ་བཞིན་དེ་བཞིན་གཤེགས་བྱུང་ཡང༌། །བསམ་པ་ཡོངས་དག་ཁོ་ན་སྦྱོང༌། །ཞེས་སོ། །དེས་ན་དེ་བཞིན་གཤེགས་པ་དོན་གཉིས་མཐར་ཕྱིན་པའི་
བདག་ཉིད་ཅན་གྱི་བསོད་ནམས་བརྒྱ་པའི་མཚན་གྱིས་བརྒྱན་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་དུ་གཏོགས་པ་གང་དག་བཞེངས་པ་དང་དེ་དག་ལ་བརྟེན་ནས་ཚོགས་བསགས་པ་ལ་སོགས་པ་དགེ་བའི་རྩ་བ་བསྐྲུན་པའི་ཕན་ཡོན་བརྗོད་ཀྱིས་མི་ལྡང་བ་བཀའ་དང་བསྟན་བཅོས་རྣམས་
སུ་རྒྱ་ཆེར་འབྱུང་བ་ལས། འདིར་མདོ་ཙམ་ཞིག་བསྙད་ན། དང་པོ་སྐུའི་རྟེན་ནི་དེ་བཞིན་གཤེགས་པའི་སྐུ་གཟུགས་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྒྱུ་རིན་པོ་ཆེ་ལ་སོགས་པ་གང་ཡང་རུང་བ་ལས་བྱས་པའམ་རི་མོར་བྲིས་པའི་བསོད་ནམས་ཀྱིས་དགེ་བའི་རྩ་བ་
ཤིན་ཏུ་སྟོབས་ཆེ་བ་མང་པོ་བསྒྲུབ་པར་དཀའ་བའི་ཏིང་ངེ་འཛིན་གྱི་མཆོག་ཀྱང་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་ཏེ། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། སངས་རྒྱས་སྐུ་གཟུགས་ཤིན་ཏུ་མཛེས་པ་དག །རིན་ཆེན་བྱི་དོར་ལེགས་པར་བྱས་པ་ཡང༌། །ལྟ་ན་སྡུག་ཅིང་ཤིན་
ཏུ་མཛེས་པར་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །དེ་བཞིན་གསེར་དག་དང་ནི་དངུལ་དག་དང༌། །ཙནྡན་གྱི་ནི་སྐུ་གཟུགས་བཟང་པོ་དག །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །འཇིམ་པ་དང་ནི་དེ་

བཞིན་རྡོ་བ་དང༌། །ཤིང་ལ་རི་མོར་བྲིས་པའི་སྐུ་གཟུགས་ཀྱང༌། །མཛེས་ཤིང་ཤིན་ཏུ་ལྟ་ན་སྡུག་པ་གྱིས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་འདི་ཐོབ། །ཅེས་དང༌། དམ་པའི་ཆོས་པདྨ་དཀར་པོ་ལས། ལ་ལས་དེ་བཞིན་རིན་ཆེན་གཟུགས་བྱས་པ། །
སུམ་ཅུ་རྩ་གཉིས་མཚན་དང་ལྡན་པའི་གཟུགས། །གང་གིས་དེ་ཕྱིར་བྱས་པ་དེ་དག་ཀྱང༌། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །ལ་ལས་དེར་ནི་རིན་ཆེན་སྣ་བདུན་དང༌། །ལ་ལས་དེ་བཞིན་ཟངས་དང་ཁར་བ་ལས། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་པ། །
དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང༌། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །ལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །གང་གིས་རྩིག་ངོས་གཟུགས་ཀྱི་རི་མོ་
དག ། བསོད་ནམས་བརྒྱ་མཚན་ཡོངས་སུ་རྫོགས་པའི་སྐུ། །བདག་གིས་བྲིས་སམ་འདྲི་རུ་བཅུག་ཀྱང་རུང༌། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་གྱུར། །ཞེས་དང༌། གཞན་ཡང་དེ་བཞིན་གཤེགས་པ་ལས་གཞན་པའི་མཆོད་པའི་འོས་སུ་གྱུར་པ་མཐའ་དག་ལ་བསྐལ་པ་བགྲང་
བ་ལས་འདས་པ་མང་པོར་བསོད་སྙོམས་ཕུལ་བ་བས་ཀྱང་བསོད་ནམས་ཆེས་མང་དུ་འཐོབ་པར་འགྱུར་ཏེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་འཇིག་རྟེན་གྱི་ཁམས་
ཐམས་ཅད་ཀྱི་རྡུལ་སྙེད་ཀྱི་རང་སངས་རྒྱས་དག་ལ་ཉིན་གཅིག་བཞིན་དུ་ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་བྱིན་པ་དང༌། དེ་བཞིན་དུ་ལྷའི་གོས་རྣམས་སྦྱིན་པར་བྱིན་པ་བས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གཞན་གང་ལ་ལ་ཞིག་སངས་རྒྱས་ཀྱི་སྐུ་གཟུགས་གཅིག་རི་མོར་
བྲིས་པ་འདི་ནི་དེ་བས་བསོད་ནམས་གྲངས་མེད་པར་བསྐྱེད་དོ་ཞེས་དང༌། སངས་རྒྱས་ཀྱི་སྐུ་གཟུགས་བྱས་པས་ཚེ་རབས་རྟག་ཏུ་སངས་རྒྱས་དང་ཕྲད་པར་འགྱུར་བའང་ཀླུའི་རྒྱལ་པོ་རྒྱ་མཚོས་ཞུས་པ་ལས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཆོས་བརྒྱད་དང་ལྡན་ན་རྟག་ཏུ་རྒྱུན་མི་ཆད་པར་སངས་

རྒྱས་དང་ཕྲད་པ་འཐོབ་བོ། །བརྒྱད་གང་ཞེ་ན། སེམས་ཅན་སངས་རྒྱས་ཀྱི་གཟུགས་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། དེ་བཞིན་གཤེགས་པ་ལ་རིམ་གྲོ་བྱེད་པ་དང༌། རྒྱུན་མི་ཆད་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང༌། དེ་བཞིན་གཤེགས་
པའི་སྐུ་གཟུགས་བྱེད་པ་དང༌། སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པ་ལ་ལྟ་བ་ཡང་དག་པར་འཛིན་དུ་འཇུག་པ་དང༌། སངས་རྒྱས་ཀྱི་ཞིང་གང་ན་དེ་བཞིན་གཤེགས་པའི་སྒྲ་གྲག་པའི་སངས་རྒྱས་ཀྱི་ཞིང་དེར་སྨོན་ལམ་འདེབས་པ་དང༌། རྒྱུན་ཞུམ་པ་མེད་པ་དང༌། རྒྱུན་
རྒྱ་ཆེན་པོར་གྱུར་ནས་སངས་རྒྱས་ཀྱི་ཡེ་ཤེས་འཚོལ་བའོ་ཞེས་དང༌། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་བ་ལས། མཆོད་རྟེན་དང་ནི་རི་མོ་དང༌། །སྐུ་གཟུགས་བྱེད་དུ་གཞུག་པ་དང༌། །མཆོད་དང་བཀུར་སྟི་བྱ་བའི་ཕྱིར། །གང་དག་མཚན་ནི་
དྲན་བྱེད་པ། །བྱང་ཆུབ་ཕྱིར་ནི་གནས་པ་རྣམས། །ཐམས་ཅད་ཐར་པ་ཐོབ་པར་འགྱུར། །ཞེས་སོ། །དེ་ནི་མངལ་གྱི་དྲི་མས་མི་གོས་པར་སྐྱེ་བར་ཡང་འགྱུར་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། རིགས་ཀྱི་བུ་ཆོས་བཅུ་དང་ལྡན་ན་མངལ་གྱི་དྲི་མས་མི་གོས་པར་སྐྱེའོ། །བཅུ་
གང་ཞེ་ན། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་བྱེད་པ་དང༌། མཆོད་རྟེན་ཞིག་པ་འཆོས་པ་དང༌། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་སྤོས་ཀྱི་ཕྱུག་པ་འབུལ་བ་དང༌། དེ་བཞིན་གཤེགས་པའི་སྐུ་གཟུགས་དག་ལ་ཁྲུས་ཀྱི་སྤོས་ཆུ་འབུལ་བ་དང༌། དེ་བཞིན་
གཤེགས་པའི་མཆོད་རྟེན་དག་ལ་ཕྱག་དར་རྐྱང་ནུལ་གྱི་བྱ་བ་འབུལ་བ་དང༌། ཕ་མ་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། མཁན་པོ་དང་སློབ་དཔོན་དག་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་ལུས་ཀྱི་རིམ་གྲོ་བྱེད་པ་དང༌། དེ་ཡང་ཟང་ཟིང་མེད་པའི་སེམས་
ཀྱིས་ཏེ་ཟང་ཟིང་དང་བཅས་པས་མ་ཡིན་པ་དང༌། དགེ་བའི་རྩ་བ་དེ་ཡང་དེ་ལྟར་བྱས་པའི་དགེ་བའི་རྩ་བ་འདིས་སེམས་ཅན་ཐམས་ཅད་མངལ་གྱི་དྲི་མས་མི་གོས་པར་སྐྱེ་བར་གྱུར་ཅིག་ཅེས་བསྔོ་བའོ་ཞེས་སོ། །སྐྱེ་བོ་གང་ལ་ལས་ཆོས་སྤོང་བའི་ལས་ཐམས་ཅད་དང༌། མཚམས་མེད་པ་

ལྔ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ཇི་སྙེད་བསགས་པ་དང༌། ངན་སོང་ཏུ་འགྲོ་བ་དང་སྐྱེས་པ་རྣམས་ཀྱི་ཕྱིར་དུ་ཡང་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པས་ཡོངས་སུ་བྱང་ཞིང་བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་ཐམས་ཅད་དག་པར་ཡང་འགྱུར་ཏེ། སངས་
རྒྱས་ཀྱི་སྟོབས་བསྐྱེད་པ་ཆོ་འཕྲུལ་རྣམ་པར་འཕྲུལ་པའི་མདོ་ལས། རྒྱལ་པོ་ཆེན་པོ་དེ་བཞིན་གཤེགས་པ་དེ་དག་མྱ་ངན་ལས་འདས་ནས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལོན་པའམ། མྱ་ངན་ལས་འདས་ནས་བསྐལ་པ་བརྒྱ་ལོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་བཟུང་
བ་དང༌། རིང་བསྲེལ་གྱི་མཆོད་རྟེན་བྱེད་དུ་འཇུག་པ་དང༌། རི་མོ་དང་སྐུ་གཟུགས་བྱེད་དུ་འཇུག་པ་དང༌། མར་མེ་དང༌། སྤོས་དང༌། མེ་ཏོག་དང༌། དྲི་དང༌། བྱུག་པ་རྣམས་ཀྱིས་མཆོད་ཅིང་བཀུར་སྟི་བྱས་པ་དང༌། བསླབ་པ་འཛིན་པ་དང༌། བརྟུལ་ཞུགས་དང༌། དཀའ་ཐུབ་དང༌།
སྡོམ་པ་དང༌། ཉེ་བར་གནས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ངན་སོང་དང༌། ངན་འགྲོ་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུར་རོ། །བསྐལ་པར་གནས་པའི་ལས་ཀྱི་སྒྲིབ་པ་མཚམས་མེད་པ་ལྔ་ལ་སོགས་པ་ཡང་ཡོངས་སུ་དག་པར་འགྱུར་ཏེ། བདེ་འགྲོར་འགྲོ་བར་འགྱུར་
ཞིང་ངན་འགྲོར་འགྲོ་བར་མི་འགྱུར་བ་ནས་རིམ་གྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་མངོན་པར་རྫོགས་པར་འཚང་རྒྱའོ། །གཞན་ཡང་སངས་རྒྱས་ཀྱི་སྐུ་གཟུགས་བྱས་པས་ཆེད་དུ་སྦྱིན་པ་པོ་ལ་ཕན་ཡོན་གྱི་ཚོགས་ཆེན་པོ་ལྔ་ཡང་ཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་
པའི་སྐུ་བརྙན་བཞག་པའི་ཕན་ཡོན་ཡང་དག་པར་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས། དགེ་སློང་དག་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོ་ལ་ཕན་ཡོན་འདི་ལྔ་ཡོད་དེ། ལྔ་གང་ཞེ་ན། གཞལ་མེད་ཁང་ཆེན་པོར་གནས་པ་དང༌། བོང་སྟོད་བཟང་
པོར་གྲགས་པ་དང༌། སྤྲོ་བ་མང་བ་དང༌། ཚེ་རིང་བ་དང༌། གྲགས་པ་དང་ལྡན་པ་དང༌། བདེ་བར་མང་བ་སྟེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་དང་པོ་ཡིན་ནོ། །གཞན་ཡང་ཕྱུག་པོ་དང༌། ནོར་མང་བ་དང༌། ལོངས་

སྤྱོད་ཆེ་བ་དང༌། ནོར་རྫས་དང༌། ཡོ་བྱད་མང་བ་དང༌། བདག་དབང་བ་བདག་གིར་བྱ་བ་མང་བ་དང༌། ནོར་དང༌། འབྲུ་དང༌། དབྱིག་དང༌། གསེར་དང༌། མཛོད་དང༌། བང་བའི་ཚོགས་མང་བ་དང༌། རྟ་དང༌། གླང་པོ་ཆེ་དང༌། བ་ལང་དང༌། ལུག་དང༌། བྲན་དང༌། བྲན་
མོ་དང༌། ལས་བྱེད་པ་དང༌། ཞོ་ཤས་འཚོ་བ་མང་བ་དང༌། བློན་པོ་དང༌། མཛའ་བཤེས་དང༌། གཉེན་དང༌། སྣག་གི་གཉེན་མཚམས་མང་པོར་འགྱུར་ཏེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གཉིས་པ་ཡིན་
ནོ། །དགེ་སློང་དག་གཞན་ཡང་གཟུགས་བཟང་པོ་དང༌། བལྟ་ན་སྡུག་པ་དང༌། མཛེས་པ་དང༌། མདོག་གསེར་ལྟར་བཟང་བ་དང༌། མགོ་གདུགས་ལྟར་ཟླུམ་པ་དང༌། ལག་པ་རིང་བ་དང༌། དཔྲལ་བ་དབྱེས་ཆེ་བ་དང༌། སྨིན་མཚམས་བར་མ་ཆད་པ་དང༌། ཡན་ལག་ཉིང་
ལག་ཐམས་ཅད་དང་ལྡན་པ་དང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པར་འགྱུར་ཏེ། དགེ་སློང་དག་འདི་དག་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་སྦྱིན་པ་པོའི་ཕན་ཡོན་གསུམ་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཟང་པོ་རིན་
པོ་ཆེ་སྣ་བདུན་དང་ལྡན་པ་དང༌། བུ་སྟོང་གིས་བསྐོར་བར་འགྱུར་ཏེ། དེའི་བུའམ། ཆུང་མའམ། བྲན་ནམ། ཉེ་བར་འཚོ་བ་གང་ཡིན་པ་དེ་དག་ཐམས་ཅད་དེ་ལ་གུས་པར་ཉན་པ་དང༌། བཀའ་ཉན་པར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་
ཟག་སྦྱིན་པ་པོའི་ཕན་ཡོན་བཞི་པ་ཡིན་ནོ། །དགེ་སློང་དག་གཞན་ཡང་དེ་ལུས་དང་བྲལ་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། དེར་སྐྱེས་ནས་ལྷའི་རྒྱལ་པོ་ཁྱད་པར་ཅན་ལྷ་དང༌། ལྷའི་བུ་དང་ལྷའི་བུ་མོ་རྣམས་ཀྱི་རྟེན་དུ་འགྱུར་ལ། གནས་བཅུ་པོ་
ལྷའི་ཚེ་དང༌། ལྷའི་མདོག་དང༌། ལྷའི་སྟོབས་དང༌། ལྷའི་བདེ་བ་དང༌། ལྷའི་དབང་ཕྱུག་ལ་དབང་བྱེད་པ་དང༌། ལྷའི་གཟུགས་དང༌། སྒྲ་དང༌། དྲི་དང༌། རོ་དང༌། རེག་བྱ་རྣམས་ཀྱིས་དགའ་བར་བྱེད་དེ། དགེ་སློང་དག་འདི་ནི་དེ་བཞིན་གཤེགས་པའི་གཟུགས་བརྙན་བྱེད་པའི་གང་ཟག་

སྦྱིན་པ་པོའི་ཕན་ཡོན་ལྔ་པ་ཡིན་ནོ་ཞེས་དང༌། སྟོན་པའི་སྐུ་གཟུགས་མཚན་ཉིད་དང་ལྡན་པར་བྱས་པས། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ལུས་ཀྱི་མཆོག་ཐོབ་པ་དང་ཀུན་གྱི་མཆོད་པའི་གནས་སུ་འགྱུར་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་ལས། གང་ཞིག་
སྟོན་པ་མི་མཆོག་གཟུགས་བྱེད་པ། །རས་འདྲི་རྩིག་ངོས་འདྲིའམ་གསེར་ལས་བྱས། །དེ་ཡི་ཆོས་ཀྱི་ཁྱད་པར་གང་ཡིན་པ། །དེ་དག་མ་ལུས་རབ་ཏུ་བསྟན་གྱིས་ཉོན། །དེ་ནི་བལྟ་མིན་ལོང་བར་ཞར་མི་འགྱུར། །སྒུར་བོར་མི་འགྱུར་ཡན་ལག་མི་སྡུག་མིན། །དེ་ནི་གཟུགས་དང་ལྡན་ཞིང་ཁ་
དོག་ལྡན། །སུམ་ཅུ་རྩ་གཉིས་མཚན་གྱི་གོ་ཆར་འགྱུར། །ལུས་ནི་རྣམ་པར་དག་ཅིང་ཁྱད་པར་འཐོབ། །སྤོབས་པ་འཐོབ་ཅིང་སྒྲ་སྙན་ཡིད་དུ་འོང༌། །ཤེས་བཞིན་ལྡན་ཞིང་འཇིག་རྟེན་ཀུན་གྱི་གཙོ། །དེ་མཐོང་སེམས་ཅན་བདེ་ཞིང་དགའ་བར་འགྱུར། །སྡིག་བྱེད་མི་འགྱུར་ཞེ་སྡང་མེད་
སེམས་ལྡན། །གཡོ་མེད་མི་བརྐུ་རྒྱལ་པོ་འཁྲུག་མི་བྱེད། །མཐུ་དང་ལྡན་ཞིང་དབང་ཆེ་གྲགས་པར་འགྱུར། །བྱམས་ལ་གནས་ཤིང་མི་དམན་སེམས་དང་ལྡན། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དེ་ནི་མཆོག་འགྱུར་སྐྱེ་བོ་མང་མཆོད་འོས། །བློ་ལྡན་ཕྱུག་ཅིང་དེ་ཉིད་རྒྱ་ཆེར་
ལྡན། །དབང་ལྡན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །ལྷ་ཡི་དབང་པོ་དབང་ཕྱུག་དབང་ཐོབ་པ། །ལྷུན་པོའི་ཟོམ་ན་དབང་ཐོབ་བརྒྱ་བྱིན་འགྱུར། །བདག་པོ་ལྷུན་པོའི་ཟོམ་ན་རྒྱལ་སྲིད་སྟོན། །དེ་ནི་དྲན་དང་བློ་གྲོས་མི་ལྡན་མིན། །དེ་
ནི་རྟོགས་མོས་ཤེས་རབ་ཚང་བར་འགྱུར། །འཇིག་རྟེན་ཀུན་ན་དབུགས་ཕྱིན་ཐོབ་འགྱུར་ཏེ། །འདི་ནི་ཡེ་ཤེས་ལྡན་ཞིང་དམྱལ་བ་སྤངས། །སེམས་ཅན་སྙིང་པོ་མཚུངས་མེད་མཆོད་བྱས་ན། །དུད་འགྲོའི་སྐྱེ་གནས་གཤིན་རྗེའི་ཡུལ་མི་འགྲོ། །ངན་འགྲོ་གསུམ་པོ་དེས་ནི་རྣམ་སྤངས་ཏེ། །
བདག་དེར་ཕྱིས་མི་སྐྱེ་བར་ཤེས་པར་འགྱུར། །འདྲེན་པའི་སྐུ་གཟུགས་རབ་ཏུ་མཛེས་བྱས་ན། །དབང་ལྡན་དབང་ཕྱུག་ཉིད་ཀྱི་ལྷར་འགྱུར་ཏེ། །མི་དམན་དགའ་བའི་སེམས་ཀྱིས་སངས་རྒྱས་མཆོད། །རྒྱལ་བ་མཆོག་གི་བསྟན་ལ་དད་པར་འགྱུར། །ཚངས་པའི་འཇིག་རྟེན་དབང་ཐོབ་ཚངས་པར་

འགྱུར། །ཡིད་འོང་ཤིན་ཏུ་མཛེས་པའི་སྤོས་ངད་ལྡན། །འཛམ་བུའི་ཀླུང་གསེར་འོད་བྱེད་དགའ་འགྱུར་བའི། །གཞལ་མེད་ཁང་མཆོག་བལྟ་སྡུག་ཐོབ་པར་འགྱུར། །ཞེས་དང༌། ཁྱད་པར་གསང་སྔགས་ཀྱི་རྒྱུད་སྡེ་རིན་པོ་ཆེ་རྣམས་ཀྱི་བདེ་མཆོག་སྡོམ་པ་འབྱུང་བ་ལས། སྔགས་པ་
ལས་ནི་དང་པོ་པས། །གཟུགས་བརྙན་ལ་སོགས་བྱ་བ་སྟེ། །བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར། །ཞེས་དང༌། གཞན་ཡང་དཔལ་ཀྱེ་རྡོ་རྗེ་དང༌། དུས་ཀྱི་འཁོར་ལོ་དང༌། འཇམ་དཔལ་རྩ་བའི་རྒྱུད་དང༌། གཤིན་རྗེའི་གཤེད་དང༌། ངན་སོང་སྦྱོང་བའི་རྒྱུད་
རྣམས་ལས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རས་བྲིས་བྲི་བའི་ཚུལ་དང༌། དེ་དག་གི་ཕན་ཡོན་དང་བཅས་པ་རྒྱ་ཆེར་གསུངས་པ་རྣམས་ཀྱི་སྟེང་དུ་རྟོགས་པར་བྱ་བས་ཤེས་པ་དང༌། གཞན་ཡང་དེ་བཞིན་གཤེགས་པ་ལ་དད་པའི་སྒོ་ནས་སྐུ་གཟུགས་དང་མཆོད་རྟེན་བྱས་པའི་རྒྱུ་ལ་རྡུལ་ཕྲ་རབ་ཀྱི་གྲངས་ཅི་ཙམ་
སོང་བ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་ལྷ་དང་མིའི་རྒྱལ་སྲིད་ཆེན་པོ་ཐོབ་པ་དང༌། ཡིད་དུ་འོང་བའི་གཟུགས་དང་ལང་ཚོར་ལྡན་ཞིང་དབང་པོ་དུལ་བ་དང༌། བདེ་བ་དང༌། འབྱོར་པ་རྒྱས་པ་དང༌། གསུང་རབ་མང་པོའི་ཚིག་དང་དོན་ལ་མཁས་པ་དང༌། ཏིང་ངེ་འཛིན་གྲུབ་པ་ལ་སོགས་པ་ཡོན་ཏན་མང་པོ་དང་
ལྡན་པ་དང༌། སྡུག་བསྔལ་ཐམས་ཅད་དང་བྲལ་ནས་བྱང་ཆུབ་དམ་པ་ཐོབ་པ་ལ་སོགས་པ་གནས་སྐབས་དང་མཐར་ཐུག་གི་བདེ་ལེགས་ཐམས་ཅད་འབྱུང་བར་འགྱུར་བ་ཉིད་དེ། གསལ་རྒྱལ་གྱིས་ཞུས་པའི་ཚིགས་སུ་བཅད་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །
སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེངས་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་ཀུན་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་
ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་དག་གཟུགས་བཟང་ཡིད་འོང་ཡོན་ཏན་ལྡན། །དབང་པོ་བསྡམས་ཤིང་འོད་འབར་ཉི་མ་བཞིན། །འཇིག་རྟེན་དག་ན་མིག་ཏུ་སྡུག་པར་འགྱུར། །སུ་དག་བདེ་བར་

གཤེགས་པའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང༌། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡངས། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །སུ་ཞིག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངག་གཞུག་སྐྱེ་མི་
འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་འགྱུར་ཞིང༌། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་
ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །ཞེས་དང༌། དེ་དང་དོན་མཐུན་པར་མཁས་པ་དཔའ་བོས་སྐུ་གཟུགས་ཀྱི་གཏམ་ལས། སངས་རྒྱས་སྐུ་གཟུགས་བཞེངས་གསོལ་བ། །དང་པོར་མྱ་ངན་སེལ་བར་བྱེད། །རྩོད་པ་ཀུན་སྤངས་མཐོང་ན་དགའ། །སྐལ་ལྡན་གཏེར་
ཚོགས་དཔལ་དང་ལྡན། །ལུས་སྟོབས་ལྡན་ཞིང་སྙན་པར་སྨྲ། །གཟི་བརྗིད་ལྡན་ཞིང་གཟུགས་མཛེས་ལ། །གསུང་རབ་ཀུན་ལ་མཁས་འགྱུར་ཞིང༌། །དབང་པོའི་རྟ་ནི་ཐམས་ཅད་ཐུལ། །བློ་ལྡན་གཏོང་དང་ལྡན་པར་འགྱུར། །བཅོམ་ལྡན་སྐུ་གཟུགས་མཆོད་རྟེན་ལ། །ཕྲ་
རབ་རྡུལ་ནི་ཇི་སྙེད་སོང༌། །དེ་སྙེད་ས་འོག་ས་སྟེང་འདིར། །དེ་སྙེད་རྒྱལ་པོར་ངེས་པར་འགྱུར། །གཟུགས་དང་གཟུགས་མེད་ཏིང་འཛིན་འགྲུབ། །ཐམས་ཅད་བདེ་བ་མ་ལུས་སྤྱོད། །ཐ་མར་སྐྱེ་དགུའི་རྒུད་སྤངས་ནས། །དེ་དག་བྱང་ཆུབ་གོ་འཕང་ཐོབ། །བདེ་གཤེགས་སྐུ་
གཟུགས་བཞེངས་གསོལ་བ། །མཚན་བཟང་གིས་མཚན་འཁོར་ལོས་སྒྱུར། །སུམ་ཅུ་རྩ་གཉིས་ལུས་མཛེས་ཐོབ། །ངེས་པར་དགྲ་འཇོམས་རྒྱལ་བར་འགྱུར། །དབང་པོ་རྣམས་ནི་མ་ཚང་མེད། །དཔལ་ལྡན་ངན་འགྲོ་རྣམས་ལས་རིང༌། །མི་ཡི་རིགས་སུ་སྐྱེ་འགྱུར་ཞིང༌། །
ངག་ནི་བཙན་པ་ཉིད་དུ་འགྱུར། །སྐྱེ་བར་ཐོས་དང་དྲན་ལྡན་བརྟན། །མངོན་པར་འདོད་པར་འབྱུང་འགྱུར་ཞིང༌། །གནས་ལ་མངོན་པར་དད་པ་དང༌། །འདོད་ཆགས་སོགས་ཀྱིས་གནོད་པ་མེད། །འདི་རྒྱལ་རྫོགས་པའི་བྱང་ཆུབ་ཀྱི། །ཁྱད་ལེགས་པ་ཡི་གཞུང་ལ་བརྟེན། །གང་

འདི་རྒྱལ་བའི་སྐུ་གཟུགས་བཞེངས། །སངས་རྒྱས་སྐུའམ་མཆོད་རྟེན་ནམ། །བཞེང་བྱེད་སྲོག་དང་ལྡན་པ་དེ། །བྲན་དང་དབུལ་བོར་མི་སྐྱེ་ཞིང༌། །མངག་གཞུག་བར་མིན་རིགས་དམན་མིན། །ཞེས་སོགས་མང་དུ་གསུངས་ཏེ་འདིར་དེ་ཙམ་ལས་འདྲི་བར་མ་ནུས་སོ། །དེ་
བཞིན་དུ་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་མཆོད་རྟེན་བཞེངས་པའི་ཕན་ཡོན་ནི། སྤྱིར་མཆོད་རྟེན་ཞེས་བྱ་བ་ནི་གཙོ་བོར་དེ་བཞིན་གཤེགས་པའི་ཐུགས་ཆོས་ཀྱི་སྐུའི་རང་བཞིན་ཅན་གྱི་མཚོན་བྱེད་མཆོད་རྟེན་ཉིད་ཡིན་ནའང༌། དེར་མ་ཟད་སྐུ་གསུང་ཐུགས་རྟེན་དང་ཡོན་གྱི་ཞིང་
དམ་པར་གྱུར་པ་འཕགས་པའི་དགེ་འདུན་ལ་སོགས་པ་ལའང་འཇུག་པ་ལས། འདིར་ཆོས་ཀྱི་སྐུའི་རྟེན་ནམ་ཐུགས་ཀྱི་རྟེན་ལ་མཆོད་རྟེན་ཞེས་བྱ་བ་ནི། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤ་ར་དྭ་ཏིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་
ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང་ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཡང་རྩིག་པར་བྱེད་པ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་མ་བརྩིགས་པའི་ས་ཕྱོགས་ལམ་པོ་ཆེའི་བཞི་མདོ་སྐྱེ་བོ་མང་པོ་འདུ་བའི་སར་མཆོད་རྟེན་དང་ཁང་པ་བརྩེགས་པའམ། རྡོ་བའི་ཀ་བ་དང༌། དེ་
བཞིན་གཤེགས་པའི་སྐུའམ། དེ་བཞིན་གཤེགས་པའི་ཡོན་ཏན་རྗེས་སུ་དྲན་པ་གང་ཡང་རུང་བ་བྱེད་དེ། འདི་ལྟ་སྟེ་དཔེར་ན་ཆོས་ཀྱི་འཁོར་ལོ་བསྐོར་བའམ། མངོན་པར་འབྱུང་བའམ། བྱང་ཆུབ་ཀྱི་ཤིང་དྲུང་དུ་བདུད་འཇོམས་པའམ། དེ་བཞིན་གཤེགས་པའི་ཆོ་འཕྲུལ་ཆེན་
པོའམ། དེ་བཞིན་གཤེགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་དག་པར་བསྟན་པའམ། ལྷ་ལས་བབས་པའམ། ལྷ་ཡུལ་དུ་མངོན་པར་འཛེག་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་རྩིག་པར་བྱེད་པ་ཡིན། ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་ཞིང་འཐབ་པ་དང༌། རྩོད་པ་འབྱུང་བ་མཐོང་ནས་མི་དབྱེ་བ་དང༌། མཐུན་པར་བསྡུམ་པའི་ཕྱིར་བརྩོན་པ་ཡིན་ཞེས་དང༌། འཕགས་པ་ཀླུ་སྒྲུབ་ཀྱིས། ཤཱཀ་ཐུབ་མཆོད་རྟེན་བརྒྱད་པོ་དང༌། །ཕྱོགས་

བཅུ་གཞན་དང་གཞན་རྣམས་ན། །བཞུགས་པའི་ཆོས་སྐུ་ཀུན་ལ་འདུད། །ཅེས་དང༌། མཆོད་རྟེན་སྤྱིའི་བསྟོད་པར། སྣ་ཚོགས་པདྨ་ཟླ་བའི་གདན་སྟེང་དུ། །སྣ་ཚོགས་རིན་ཆེན་ཁམས་ལས་གྲུབ་པ་ཡི། །སྤྲུལ་པའི་མཆོད་རྟེན་སྣ་ཚོགས་རྒྱན་
གྱིས་བརྒྱན། །ཆོས་སྐུའི་རང་བཞིན་ཅན་ལ་ཕྱག་འཚལ་ལོ། །ཞེས་སོ། །རྣམ་པ་དེ་ལྟ་བུའི་མཆོད་རྟེན་ཆོས་ཀྱི་སྐུའི་རིང་བསྲེལ་ཅན་བཞེངས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཀྱང༌། འདིར་མདོར་བསྡུས་ཙམ་ཞིག་བརྗོད་ན། འཕགས་པ་སྒྲ་ཆེན་པོའི་མདོ་ལས། བཅོམ་
ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་ལེགས་སོ་ལེགས་སོ། །ཀུན་དགའ་བོ་ཁྱོད་གང་ཞིག་གིས་ཁང་པ་བརྩེགས་པ་དེ་ལྟ་བུ་ཞིག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་འབུལ་བར་བྱེད་ལ། གང་ཞིག་གིས་དེ་
བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་
གང་ཙམ་ཞིག་བྱེད་ན། དེ་གཉིས་ལས་གང་བསོད་ནམས་ཆེས་མང་དུ་འཕེལ་ཞེས་པ་ནི་ཁྱོད་ཀྱི་ཞུ་བ་བཟང་ལ་སྤོབས་པ་ལེགས་ཏེ་དཔྱོད་པ་དགེའོ། །ཀུན་དགའ་བོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །ཀུན་དགའ་བོ་གང་ཞིག་གི་ཁང་པ་
བརྩེགས་པ་དེ་ལྟ་བུ་ཞིག་བྱས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུགས་སྟེ། སྲོག་ཤིང་ཁབ་ཙམ་བཙུགས་
ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་གྱི་ཆ་དང༌། གྲངས་

དང༌། ཆ་དང༌། དཔེ་དང༌། རྒྱུར་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་
མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་ཛམྦུའི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་བདུན་སྟོང་ཡོད་པ་འདི་རྒྱུན་དུ་ཞུགས་པ་རྣམས་དང༌།
ལན་ཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌། དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་ཀྱིས་འདི་ལྟ་སྟེ། འབྲས་སཱ་ལུའི་ཞིང་ངམ། ཏིལ་གྱི་ཞིང་ངམ། སྨྱིག་མའི་ཚལ་ལམ། འདམ་བུའི་ཚལ་ལམ། བུ་རམ་ཤིང་གི་ཚལ་བཞིན་དུ་གང་བར་གྱུར་པ་དེ་དག་ལ་
མི་ལ་ལ་ཞིག་གིས་ཇི་སྲིད་འཚོའི་བར་དུ་ཆོས་གོས་དང༌། བསོད་སྙོམས་དང༌། མལ་སྟན་དང༌། ནད་ཀྱི་གསོས་སྨན་དང༌། ཡོ་བྱད་རྣམས་ཀྱིས་ཅི་འདོད་པ་བསྟབས་ཏེ། དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་མཆོད་རྟེན་བྱས་ཏེ་གདུགས་དང༌། སིལ་སྙན་
དང༌། བ་དན་ད་ང༌། དྲི་དང༌། བདུག་པ་དང༌། ཕྲེང་བ་དང༌། ཕྱེ་མ་དང༌། བྱུག་པ་དག་གིས་མཆོད་པ་བྱེད་ལ། གང་ཞིག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་རིང་བསྲེལ་ཡུངས་འབྲུ་ཙམ་མཆོད་རྟེན་གྱི་བུམ་པ་སྐྱུ་རུ་ར་ཙམ་གྱི་ནང་དུ་བཅུག་སྟེ།
སྲོག་ཤིང་ཁབ་ཙམ་བཙུགས་ནས་གདུགས་རྒྱ་ཤུག་གི་ལོ་མ་ཙམ་འདོགས་པར་བྱེད་པའམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཚོན་གང་ཙམ་ཞིག་བྱེད་ན། ཀུན་དགའ་བོ་བསོད་ནམས་འདི་ལ་བསོད་ནམས་སྔ་མ་དེས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ། སྟོང་གི་ཆ་དང༌། འབུམ་
གྱི་ཆ་དང༌། གྲངས་དང༌། ཆ་དང༌། དཔེ་དང༌། རྒྱུ་ཡང་ཉེ་བར་མི་འགྲོའོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌།

ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་ཤར་གྱི་ལུས་འཕགས་གླིང་ཆུ་ཞེང་དང་རྒྱར་
དཔག་ཚད་བརྒྱད་སྟོང་ཡོད་པ། རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཞེས་བྱ་བ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཞེས་བྱ་བའི་བར་དུ་རྒྱ་ཆེར་སྔ་མ་བཞིན་དུ་བརྗོད་པར་བྱའོ། །ཀུན་དགའ་བོ་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ཆུ་ཞེང་དང་རྒྱར་དཔག་ཚད་དགུ་སྟོང་ཡོད་
པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་བྱང་གི་སྒྲ་མི་སྙན་གྱི་གླིང་ཆུ་ཞིང་དུ་དཔག་ཚད་ཁྲི་ཡོད་པ་རྒྱུན་དུ་ཞུགས་པ་རྣམས་ཀྱིས་ཀྱང་གང་བར་གྱུར་ཞེས་བྱ་བ་ནས་སྔ་མ་བཞིན་དུ་རྒྱས་པར་སྦྱར་རོ། །ཀུན་དགའ་བོ་
ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཀཱ་བ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་བརྟན་པ་དག་ཡོད་དེ། ཀ་བ་དེ་དག་ཐམས་ཅད་ཀྱང་ལྷའི་བཻ་ཌཱུརྱ་སྔོན་པོ་ཡིན་ནོ། །ཀུན་དགའ་བོ་ཁང་བཟངས་རྣམ་པར་རྒྱལ་བ་གསེར་གྱི་བྱེ་མ་བརྡལ་བ་ལ་ཙནྡན་གྱི་ཆུས་ཆག་ཆག་བཏབ་
པ། གསེར་གྱི་དྲྭ་བས་གཡོགས་ཤིང་གསེར་གྱི་དྲིལ་བུ་གཡེར་ཁས་བསྐོར་བ་སྟེ། ཀུན་དགའ་བོ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁང་བཟངས་དེ་ལྟ་བུ་ཤ་སྟག་གིས་བཀང་སྟེ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་དབུལ་བར་བྱེད་ལ། གང་ཞིག་
གིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་ཡུངས་འབྲུ་ཙམ་ཞེས་བྱ་བ་ནས་རྒྱ་ཆེར་སྔ་མ་བཞིན་དུ་སྦྱར་རོ། །ཀུན་དགའ་བོ་ལུས་འཕགས་མོའི་བུ་ཡུལ་མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས་ཕ་རྒྱུན་དུ་ཞུགས་པ་བསད་ནས་དེ་དེ་བཞིན་གཤེགས་པའི་སྐུ་གདུང་
ལ་མཆོད་པ་བྱ་བའི་ཕྱིར་སྐུ་གདུང་གི་བརྒྱད་ཆ་ལ་བཀུར་སྟིར་བྱ་བ་དང༌། བླ་མར་བྱ་བ་དང༌། རི་མོར་བྱ་བ་དང༌། མཆོད་པར་བྱ་བ་དང༌། རྗེད་པར་བྱ་བ་དང༌། གསོལ་བར་བྱ་བ་ལ་བརྩོན་པར་འགྱུར་རོ་ཞེས་སངས་རྒྱས་ཀྱིས་བསྔགས་པའི་དགེ་བའི་ལས་དེ་དེས་བྱས་པས་སེམས་

ཅན་དམྱལ་བར་ལན་ཅིག་སོང་ནས་ལས་དེ་ཉིད་དང༌། དགེ་བའི་རྩ་བ་དེ་ཉིད་དང༌། སྔོན་ལེགས་པར་སྤྱད་པ་དེ་ཉིད་ཀྱིས་དེ་ལས་ཐར་ནས་བསྐལ་པ་ཉི་ཤུར་ལོག་པར་ལྟུང་བར་མི་འགྱུར་ལ། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ། ཡང་དག་པར་ཁྱིམ་ནས་ཁྱིམ་
མེད་པར་རབ་ཏུ་བྱུང་ནས་རང་བྱང་ཆུབ་མངོན་དུ་བྱེད་པར་འགྱུར་ཏེ། རང་སངས་རྒྱས་རྣམ་པར་རྒྱལ་བའི་སྡེ་ཞེས་བྱ་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་དཔག་ཏུ་མེད་པའི་ཆོས་འདི་ལྟ་བུ་དག་
དང་ལྡན་ཏེ། ཚུལ་ཁྲིམས་དཔག་ཏུ་མེད་པ་དང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་དང༌། ཤེས་རབ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བ་དཔག་ཏུ་མེད་པ་དང༌། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་རོ། །ཀུན་དགའ་བོ་འདི་
ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དཔག་ཏུ་མེད་པའི་ཆོས་རྣམས་དང་ལྡན་པ་དེའི་ཕྱིར་དེ་ལ་མཆོད་པའི་རྣམ་པར་སྨིན་པ་ཡང་དེ་ལྟར་དཔག་ཏུ་མེད་པར་ཤེས་པར་བྱའོ་ཞེས་དང༌། རྒྱལ་བ་མྱ་ངན་ལས་འདས་
པའི་མཆོད་རྟེན་རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་ལེགས་པར་བཞེངས་ཏེ་མཆོད་པ་ཕུལ་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང༌། སྡུག་བསྔལ་མཐའ་དག་ལས་རིང་དུ་འདས་པའི་བདེ་བ་དམ་པ་ཐོབ་པར་འགྱུར་ཏེ། མྱ་ངན་ལས་འདས་པ་ལས། ལྷ་དང་མི་དང་
འཁོར་རྣམ་པ་བཞིས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་བྱས་ཏེ་རིང་བསྲེལ་ལ་མཆོད་ན་བསོད་ནམས་དཔག་ཏུ་མེད་པ་ཐོབ་ཅིང༌། སེམས་ཅན་དེ་དག་སྲིད་པ་གསུམ་གྱི་སྡུག་བསྔལ་སྤངས་ནས་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་རོ་ཞེས་དང༌། དམ་པའི་
ཆོས་པདྨ་དཀར་པོ་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང༌། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དག །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོའི་མཆོད་རྟེན་གང་གིས་བྱས། །བཻ་ཌཱུརྱ་

མཆོག་དེ་བཞིན་ཨནྡ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང༌། །གང་གིས་ཨ་ག་རུ་དང་ཙནྡན་ནམ། །གང་གིས་ཐང་ཤིང་མཆོད་རྟེན་
བྱས་པ་དང༌། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང༌། །ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་ཞིང་བྱས་པ་དང༌། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངམ་དགོན་པ་དག་ཏུ་བྱས་པ་དང༌། །བྱིས་པ་རྩེ་མོར་དེ་དང་དེ་དག་ཏུ། །
གང་གིས་རྒྱལ་ལ་དེ་ཕྱིར་མཆོད་རྟེན་དག །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གྱུར། །ཞེས་དང༌། གཞན་ཡང་སེམས་ཅན་དད་པ་ཅན་གང་ལ་ལས་ཛམྦུའི་གླིང་ནས་བརྩམས་ཏེ་ཤར་གྱི་ལུས་འཕགས་པོ་དང༌། ནུབ་
ཀྱི་བ་ལང་སྤྱོད་པ་དང༌། བྱང་གི་སྒྲ་མི་སྙན་དང༌། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་ཐམས་ཅད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་དང༌། རང་སངས་རྒྱས་རྣམས་སམ། ཕྱོགས་
བཞིའི་དགེ་སློང་གི་དགེ་འདུན་རྣམས་ལ་འབུལ་བར་བྱེད་པ་ནས། གང་ཞིག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱེད་དུ་འཇུག་ལ། སྐུ་གཟུགས་
ནས་འབྲུ་ཙམ་ལ་སྐུ་གདུང་ཡུངས་ཀར་གྱི་འབྲུ་ཙམ་འཇུག་པར་བྱེད་ན། དེ་བས་བསོད་ནམས་རྒྱུ་མཚན་དང་བཅས་ཏེ། ཁང་བུ་བརྩེགས་པའི་མདོ་ལས་གསུངས་སོ། །གཞན་ཡང་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་གསོ་བ་དང་གསར་དུ་བརྩིགས་པས་
གནས་སྐབས་སུ་རྒྱལ་པོ་ཆེན་པོའི་རིགས་སུ་སྐྱེ་བར་འགྱུར་བ་དང༌། གཟུགས་བཟང་བར་འགྱུར་བ་དང༌། མཛེས་ཤིང་ཀུན་གྱི་མིག་ཏུ་སྡུག་པར་འགྱུར་བ་དང༌། དབང་ཆེ་བར་འགྱུར་བ་དང༌། འཁོར་གཡོག་རྒྱ་ཆེན་པོ་ཐོབ་པར་འགྱུར་བ་དང༌། གཡོག་མི་བྱེད་པར་འགྱུར་བ་

དང༌། ལོངས་སྤྱོད་ཆེན་པོར་འགྱུར་བ་དང༌། འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང༌། ཀུན་གྱི་རྟེན་དུ་འགྱུར་བ་དང༌། ཕྱོགས་བཅུར་བརྗོད་པ་དང༌། སྒྲ་དང་ཚིགས་སུ་བཅད་པ་ཡངས་པར་འགྱུར་བ་དང༌། ལྷ་དང་བཅས་པའི་འཇིག་རྟེན་ན་བསྔགས་པར་འགྱུར་བ་དང༌།
ཕྱུག་ཅིང་ནོར་མང་པོ་དང་ལྡན་པར་འགྱུར་བ་དང༌། འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང༌། ཚེ་རིང་བར་འགྱུར་བ་དང༌། ལུས་རྡོ་རྗེ་ལྟར་མཁྲེགས་པར་འགྱུར་བ་དང༌། ལུས་མཚན་བཟང་པོ་དང་ལྡན་པར་འགྱུར་བ་དང༌། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང༌། མཐར་
ཐུག་མྱ་ངན་ལས་འདས་པ་མཆོག་གི་གོ་འཕང་ཐོབ་པར་འགྱུར་བ་ལ་སོགས་པའི་ཡོན་ཏན་རྣམས་འཐོབ་པར་འགྱུར་ཏེ། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང༌། །ལུས་ཆེ་
བ་དང་མི་འཇིགས་འགྱུར། །གང་དུ་དད་པ་སྐྱེ་འགྱུར་བའི། །ལམ་ཆེན་བཞི་མདོ་ཕྱོགས་སུ་ནི། །རིང་བསྲེལ་གྱི་ནི་སྐུ་བྱེད་ཅིང༌། །སངས་རྒྱས་ཡོན་ཏན་རྣམས་སྟོན་པ། །བསོད་ནམས་མང་པོ་སྐྱེད་པར་བྱེད། །གང་ཞིག་ལམ་གྱི་བཞི་མདོར་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་
བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་དཔའ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་མཁྲེགས་
པ་ཡི། །ལུས་ནི་མངོན་པར་འགྲུབ་པ་ཡིན། །ཞེས་དང༌། གསལ་རྒྱལ་གྱིས་ཞུས་པ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ནི། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །
རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང༌། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་འགྲུབ་པར་འགྱུར། །མཆོད་རྟེན་སོགས་ལ་གདུགས་བརྩེགས་ཕུལ་བ་ཡི། །ལྷ་དང་མི་ཡི་ནང་ན་སྐྱེ་བ་

དང༌། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང༌། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་
གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མོས་གཡོགས་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །བྱེ་
བྲག་ཏུ་གསུང་གི་རྟེན་གླེགས་བམ་བྲིས་པའི་ཕན་ཡོན་ནི། སྤྱིར་རང་དང་གཞན་གྱི་རྒྱུད་ལ་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་རྫོགས་པ་ནས་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བར་གྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་བསྐྱེད་པར་འདོད་པས་བརྩམ་པར་བྱ་བའི་སྙིང་པོ་ནི་ཆོས་སྤྱོད་རྣམ་པ་བཅུའི་
བདག་ཉིད་ཅན་གྱི་བྱ་བ་སྟེ། དེ་ནི་དམ་པའི་ཆོས་ཀྱི་ཡི་གེ་འདྲི་བ་དང༌། མཆོད་པ་དང༌། གཞན་དག་ལ་སྦྱིན་པ་དང༌། གཞན་ཀློག་པ་ལས་ཉན་པ་དང༌། བདག་ཉིད་ཀློག་པ་དང༌། ལེན་པ་དང༌། ཚིག་དང་དོན་མ་ནོར་བར་འཆད་པ་དང༌། ཁ་ཏོན་བྱེད་པ་དང༌། དོན་སེམས་པར་བྱེད་
པ་དང༌། ཚུལ་བཞིན་དུ་སྒོམ་པར་བྱེད་པ་སྟེ། འདི་དག་ལ་སྤྱོད་པ་ནི་འབྲས་བུ་ཆེ་བར་བསྟན་པ་ཡིན་ཏེ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས། ཡི་གེ་འདྲི་མཆོད་སྦྱིན་པ་དང༌། །ཉན་དང་ཀློག་དང་ལེན་པ་དང༌། །འཆད་དང་ཁ་ཏོན་བྱེད་པ་དང༌། །དེ་སེམས་པ་དང་བསྒོམ་པའོ། །
སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །དེ་ལྟ་བུའི་ཕན་ཡོན་ཆེན་པོ་དང་ལྡན་པའི་ཆོས་སྤྱོད་ཀྱི་རིམ་པ་དེ་ལ་ཡང་ཐོག་མཐའ་བར་གསུམ་ཐམས་ཅད་དུ་གསུང་རབ་དྲི་མ་མེད་པ་ཡི་གེར་བྲིས་པའི་གླེགས་བམ་ལ་མ་བརྟེན་པར་རང་དགའ་ཙམ་
གྱིས་འབད་པ་ལ་ནི་སྙིང་པོ་མེད་པའི་ཕྱིར་རོ། །དེ་བས་ན་ཡོན་ཏན་རིན་པོ་ཆེ་མཐའ་དག་འབྱུང་བའི་གཞིར་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་རྣམས་གླེགས་བམ་དུ་འདྲི་བ་ལ་སོགས་པ་ལྷུར་བགྱིས་པའི་བསོད་ནམས་ཀྱི་ཕུང་པོ་བརྗོད་ཀྱིས་མི་ལྡང་བ་ཉིད་འབྱུང་ནའང་འདིར་མདོ་

ཙམ་ཞིག་བརྗོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། དེ་བཞིན་གཤེགས་པའི་བྱིན་གྱིས་རླབས་ཀྱིས་གླེགས་བམ་ཆེན་པོ་ལ་ཡི་གེ་གསལ་ཞིང་རབ་ཏུ་གསལ་བ་ལེགས་པར་བྲིས་ཏེ། མེ་ཏོག་དང༌། བདུག་པ་དང༌། དྲི་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་
མ་དང༌། རོལ་མོ་དང༌། ན་བཟའ་དང༌། གདུགས་དང༌། རྒྱལ་མཚན་དང༌། དྲིལ་བུ་དང༌། བ་དན་དང༌། ཁོར་ཡུག་ཏུ་མར་མེའི་ཕྲེང་བ་དང༌། མཆོད་པ་རྣམ་པ་མང་པོ་དག་གིས་བཀུར་སྟིར་བྱ། བླ་མར་བྱ། རྗེད་པར་བྱ། མཆོད་པར་བྱ། རི་མོར་བྱ། བསྙེན་བཀུར་བྱ་སྟེ།
ཀུན་དགའ་བོ་འདི་ནི་ངའི་རྗེས་སུ་བསྟན་པའོ། །དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་འགྱུར་རོ་ཞེས་སོགས་ཡི་གེ་གསལ་བར་བྲིས་པའི་གླེགས་བམ་ལ་མཆོད་པའི་བསོད་ནམས་དཔག་ཏུ་མེད་པར་བཤད་
པ་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱི་གནས་ཐོབ་པ་དང༌། དེའི་ཡོན་ཏན་མང་པོ་རྒྱུད་ལ་བསྐྱེད་པའི་ཐབས་ཀྱང་གླེགས་བམ་དུ་ཡི་གེར་འདྲི་བ་དང་གཟུང་བ་ལ་སོགས་པ་བསོད་ནམས་ཀྱི་མཐུ་ལ་རག་ལས་པ་ཡིན་ཏེ། དེ་སྐད་དུའང༌། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་
ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང༌། །ཡི་གེར་བྲིས་དང་གཟུངས་དང་བཀླགས་པ་ཡི། །བསོད་ནམས་ཆུ་བོ་ཇི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོང་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང༌། །དེ་དག་ལ་ཡང་དད་པ་བསམ་ཡས་
རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །བླ་མེད་བྱང་ཆུབ་མ་རེག་བར་དུ་ཡང༌། །དེ་ནི་ཏིང་ངེ་འཛིན་དང་མངོན་ཤེས་དང༌། །གཟུངས་རྣམས་དང་ནི་གཟུགས་དང་ལོངས་སྤྱོད་དང༌། །སངས་རྒྱས་མཐོང་ལས་ཉམས་པར་
ཡོངས་མི་འགྱུར། །ཞེས་དང༌། གཞན་ཡང་དམ་པའི་ཆོས་པདྨ་དཀར་པོ་ལས། གང་ཞིག་མདོ་འདི་འཛིན་པ་དེས། །ང་ཡི་མདུན་དུ་དགེ་འདུན་ལ། །མཆོད་པ་མང་པོ་བྱས་པ་ཡིན། །མོས་པ་སྙིང་པོར་གང་གྱུར་ཏེ། །གང་ཞིག་མདོ་འདི་ཀློག་པའམ། །ཡི་གེར་འདྲི་བར་བྱེད་པ་སྟེ། །དེ་བས་

བསོད་ནམས་མང་དུ་ཐོབ། །མི་འགའ་ལ་ལས་གླེགས་བམ་ལ། །ཤིན་ཏུ་ངེས་ཚིག་འདྲིར་བཅུག་སྟེ། །སྤོས་དང་ཕྲེང་བ་བྱུག་པ་ཡིས། །གླེགས་བམ་དེ་ལ་མཆོད་པ་བྱེད། །སྤོས་ཀྱི་འབྲུ་མར་བཀང་བ་ཡི། །མར་མེ་རྟག་ཏུ་སུ་འབུལ་ཞིང༌། །སྣ་མ་ཨུཏྤལ་སིལ་མ་
དང༌། །ཙམ་པ་ཀས་ཀྱང་རབ་ཏུ་གཏོར། །གླེགས་བམ་དག་ལ་འདི་འདྲ་བའི། །མཆོད་པ་བྱེད་པའི་མི་དེ་ནི། །བསོད་ནམས་མང་པོ་རབ་འཕེལ་ཏེ། །དེ་ལ་ཚད་ཀྱང་ཡོད་མེད་དོ། །ཇི་ལྟར་ནམ་མཁའི་ཁམས་ཀྱི་ཚད། །ཕྱོགས་བཅུ་དག་ནི་ཐམས་ཅད་དུ། །རྟག་ཏུ་རྙེད་པར་འགྱུར་
མ་ཡིན། །བསོད་ནམས་ཕུང་པོ་འདི་དེ་འདྲ། །ཞེས་དང༌། གང་གིས་དམ་པའི་ཆོས་པདྨ་དཀར་པོའི་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་དང༌། གང་ཡི་གེར་འདྲི་བ་དང༌། གང་ཡི་གེར་འདྲིར་འཇུག་པ་དང༌། སྐར་མའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་མངོན་པར་ཤེས་པ་གང་གིས་ཆོས་ཀྱི་རྣམ་
གྲངས་འདི་བཟུང་ངམ། བསྟན་ནམ། ཐོས་སམ། ཡི་གེར་བྲིས་སམ། ཡི་གེར་འདྲིར་འཇུག་གམ། གླེགས་བམ་དུ་བྱས་ཏེ་བསྟི་སྟང་དུ་བྱེད་པ་དང༌། བཙུན་པར་བྱེད་པ་དང༌། བཀུར་སྟིར་བྱེད་པ་དང༌། མཆོད་པ་དང༌། མེ་ཏོག་དང༌། བདུག་པ་དང༌། སྤོས་དང༌། ཕྲེང་བ་དང༌།
བྱུག་པ་དང༌། ཕྱེ་མ་དང༌། གོས་དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། རོལ་མོའི་སྒྲ་དང༌། ན་བཟའ་དང༌། ཐལ་མོ་སྦྱར་བའི་ལས་དང༌། མར་གྱི་མར་མེའམ། འབྲུ་མར་གྱི་མར་མེའམ། སྤོས་མར་གྱི་མར་མེའམ། ཙམ་པ་ཀའི་མར་གྱི་མར་མེའམ། སྣ་
མ་དང༌སྐྱ་སྣར་དང༌། བར་ཤ་ཀ་དང༌། ན་བ་མ་ལི་ཀའི་མར་གྱི་མར་མེའམ། མཆོད་པ་རྣམ་པ་མང་པོ་དག་གིས་བསྟི་སྟང་དུ་བྱེད། བཙུན་པར་བྱེད། རིམ་གྲོར་བྱེད། མཆོད་པར་བྱེད་པའི་བསོད་ནམས་མངོན་པར་འདུ་བྱེད་པ་ཇི་སྙེད་ཅིག་འཕེལ་བར་འགྱུར་བའི་བསོད་ནམས་མངོན་པར་འདུ་བྱེད་
པ་དེ་དག་གི་མཐའ་ནི། སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཀྱང་རྟོགས་པར་མི་ནུས་སོ་ཞེས་དང༌། གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་ཡོན་ཏན་གྱི་ཚོགས་ཡང་དག་པ་ཐོབ་པར་འདོད་པས་དམ་པའི་ཆོས་འཛིན་པ་ལ་སོགས་པ་ལ་གུས་པར་བྱས་པས་དབང་པོ་དྲུག་ཡོངས་སུ་དག་

པར་འགྱུར་བ་ནི། དེ་ཉིད་ནས་རིགས་ཀྱི་བུ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་འཛིན་པའམ། ཀློག་པའམ། སྟོན་པའམ། ཡི་གེར་འདྲི་བ་ཡང་རུང་སྟེ་རིགས་ཀྱི་བུ་དེ་མིག་གི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །རྣ་བའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །སྣའི་
ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ལྕེའི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །ལུས་ཀྱི་ཡོན་ཏན་བརྒྱད་བརྒྱ་ཐོབ་པར་འགྱུར་རོ། །ཡིད་ཀྱི་ཡོན་ཏན་སྟོང་ཉིས་བརྒྱ་ཐོབ་པར་འགྱུར་རོ། །དེ་ཡོན་ཏན་བརྒྱ་ཕྲག་མང་པོས་དབང་པོ་དྲུག་གི་གྲོང་ཡོངས་སུ་དག་ཅིང༌།
ཤིན་ཏུ་ཡོངས་སུ་དག་པར་འགྱུར་རོ་ཞེས་དང༌། དེར་མ་ཟད་ས་ཕྱོགས་གང་དག་ཏུ་ཡི་གེ་འདྲི་བ་དང་ཀློག་པ་ལ་སོགས་པ་བྱས་པའི་ས་ཕྱོགས་དེ་ཡང་འཇིག་རྟེན་ཀུན་གྱི་མཆོད་རྟེན་དུ་འགྱུར་བ་ནི། མདོ་དེ་ཉིད་ལས། རིགས་ཀྱི་བུ་དག་ས་ཕྱོགས་གང་ན་ཆོས་ཀྱི་རྣམ་གྲངས་འདི་ཀློག་
གམ། སྟོན་ནམ། རབ་ཏུ་འཆད་དམ། ཡི་གེར་འདྲིའམ། སེམས་སམ། འདོན་ཏམ། ཁ་ཏོན་བྱེད་དམ། གླེགས་བམ་དུ་བྱས་པ་ཀུན་དགའི་རྭ་བའམ། གཙུག་ལག་ཁང་ངམ་ཁྱིམ་མམ་གནས་སམ་ཤིང་དྲུང་ངམ་ཁང་པའམ་གནས་ཁང་ངམ་ཕུག་ན་འདུག་ཀྱང་རུང་སྟེ། ས་ཕྱོགས་
དེར་དེ་བཞིན་གཤེགས་པའི་མཆོད་རྟེན་དུ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ས་ཕྱོགས་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སྙིང་པོར་རིག་པར་བྱ་བ་དང༌། ས་ཕྱོགས་དེར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་རིག་པར་བྱ་བ་དང༌། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ་དང༌། ས་ཕྱོགས་དེར་དེ་བཞིན་གཤེགས་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བྱ་བ་ཡིན་
པའི་ཕྱིར་རོ་ཞེས་དང༌། འཇིག་རྟེན་རྣམ་འདྲེན་མྱ་ངན་འདས་པ་ན། །མདོ་སྡེ་མཆོག་འདི་གང་དག་འཛིན་པ་ཡི། །བདེར་གཤེགས་སྲས་པོ་རྣམས་ཀྱི་བསྔགས་པ་ནི། །བསྐལ་པ་བྱེ་བ་སྟོང་ཕྲག་མང་བརྗོད་ཀྱང༌། །དེ་དག་གི་ནི་ཡོན་ཏན་མཐའ་ཡས་ཏེ། །ཇི་ལྟར་ཕྱོགས་རྣམས་སུ་ནི་ནམ་མཁའ་བཞིན། །

གང་དག་རྟག་ཏུ་མདོ་སྡེ་འདི་འཛིན་པ། །དེ་དག་ཡོན་ཏན་བསམ་གྱིས་མི་ཁྱབ་འགྱུར། །འཇིག་རྟེན་འདྲེན་པ་མྱ་ངན་འདས་འདི་དང༌། །ང་དང་འདྲེན་པ་འདི་དག་ཐམས་ཅད་མཐོང༌། །བྱང་ཆུབ་སེམས་དཔའ་མང་པོ་འདི་ཀུན་དང༌། །འཁོར་བཞི་རྣམས་ཀྱང་དེ་ཡིས་མཐོང་བ་ཡིན། །དེ་
ཡིས་དེང་འདིར་ང་ནི་མཉེས་པར་བྱས། །རྒྱལ་བའི་དབང་པོ་མྱ་ངན་འདས་འདི་དང༌། །ཕྱོགས་བཅུ་རྣམས་ན་གང་དག་གཞན་བཞུགས་པ། །འདྲེན་པ་དེ་དག་ཐམས་ཅད་མཉེས་པར་བྱས། །གང་ཞིག་མདོ་སྡེ་འདི་ནི་འཛིན་བྱེད་པ། །འདས་དང་ད་ལྟར་མ་བྱོན་སངས་རྒྱས་དང༌། །ཕྱོགས་བཅུ་
དག་ན་གང་དག་བཞུགས་པ་ཡང༌། །དེ་ཀུན་མཐོང་ཞིང་ཤིན་ཏུ་མཆོད་པར་འགྱུར། །མདོ་སྡེ་ཡང་དག་ཆོས་འདི་གང་འཛིན་པས། །བྱང་ཆུབ་སྙིང་པོ་རྣམ་པར་གང་དགོངས་པ། །སྐྱེས་མཆོག་རྣམས་ཀྱི་གསང་ཆེན་ཤེས་པར་འགྱུར། །དེ་ནི་དེ་ཡང་མྱུར་དུ་རྗེས་སུ་སེམས། །གང་ཞིག་མདོ་སྡེ་
དམ་པ་འདི་འཛིན་པ། །དེ་ཡི་སྤོབས་པ་དག་ནི་མཐའ་ཡས་འགྱུར། །ཇི་ལྟར་རླུང་ནི་གང་དུའང་ཐོགས་མེད་བཞིན། །ཆོས་དང་དོན་དང་ངེས་པའི་ཚིག་ཀྱང་ཤེས། །འདྲེན་པ་རྣམས་ཀྱིས་དགོངས་ཏེ་གང་གསུངས་པ། །མདོ་སྡེ་རྣམས་ཀྱི་མཚམས་སྦྱར་རྟག་ཏུ་ཤེས། །རྣམ་པར་འདྲེན་པ་
མྱ་ངན་འདས་པ་ཡི། །མདོ་སྡེ་རྣམས་ཀྱི་ཡང་དག་དོན་དེ་ཤེས། །ཟླ་བ་ཉི་མ་འདྲ་བར་དེ་འགྱུར་ཏེ། །དེ་ནི་ཤིན་ཏུ་སྣང་ཞིང་གསལ་བྱེད་འགྱུར། །དེ་ནི་ས་ལ་རྒྱུ་ཞིང་དེ་དང་དེར། །བྱང་ཆུབ་སེམས་དཔའ་མང་པོ་ཡང་དག་འཛུད། །དེ་བས་བྱང་ཆུབ་སེམས་དཔའ་མཁས་གང་དག །འདི་འདྲ་
བ་ཡི་ཕན་ཡོན་འདི་ཐོས་ནས། །མྱ་ངན་ང་འདས་མདོ་འདི་ཟུངས་ཤིག་དང༌། །དེ་དག་ཐེ་ཚོམ་མེད་པར་བྱང་ཆུབ་འགྱུར། །ཞེས་དང༌། བསོད་ནམས་མཐའ་ཡས་པར་འཕེལ་བ་དང༌། ལྷ་ལ་སོགས་པའི་འགྲོ་བ་ཐམས་ཅད་ཀྱི་སྡང་སེམས་ལ་སོགས་པའི་གནོད་པ་ཐམས་ཅད་ཞི་བར་བྱེད་པ་དང༌། བདེ་ལེགས་
ཐམས་ཅད་འཕེལ་བར་བྱེད་པ་ཅི་རིགས་པ་ལའང་དམ་པའི་ཆོས་ཀྱི་གླེགས་བམ་འདྲི་བ་དང་ཀློག་པ་ལ་སོགས་པ་ལས་ཆེས་མཆོག་ཏུ་འགྱུར་བ་འགའ་ཡང་མེད་པ་ནི། སྙིང་རྗེ་པདྨ་དཀར་པོ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང༌། འཛིན་པ་དང༌། འཆང་བ་

དང༌། ཀློག་པ་དང༌། གཞན་དག་ལ་ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་ཡང་རྒྱ་ཆེར་ཡང་དག་པར་སྟོན་པར་བགྱིད་པ་དེ་བསོད་ནམས་ཇི་སྙེད་ཅིག་བསྐྱེད་པར་འགྱུར་ལགས། བཀའ་སྩལ་པ། ངས་དེའི་བསོད་ནམས་སྔར་ཡང་སྨྲས་ཏེ། ད་ཡང་མདོར་
བསྡུས་ཏེ་བརྗོད་པར་བྱའོ། །གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཉན་པ་དང༌། འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། གཞན་དག་ལ་ཡང་ཐ་ན་ཚིགས་སུ་བཅད་པ་གཅིག་ཙམ་རྒྱ་ཆེར་ཡང་དག་པར་སྟོན་པར་བྱེད་པ་དང༌། གང་ཡང་མ་
འོངས་པའི་དུས་ལྔ་བརྒྱ་པ་ན་ཐ་ན་བྲིས་ཏེ་འཆང་བར་བྱེད་ན་དེ་བསོད་ནམས་ཆེས་མང་དུ་སྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་ནི་དེ་ལྟ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ལྷ་
དང་བཅས་པ་དང༌། བདུད་དང་བཅས་པ་དང༌། ཚངས་པ་དང་བཅས་པ་དང༌། དགེ་སྦྱོང་དང་བྲམ་ཟེའི་སྐྱེ་དགུ་དང་བཅས་པ་དང༌། གནོད་སྦྱིན་དང༌། ཀླུ་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། མིའམ་ཅི་དང༌། ལྷ་མ་
ཡིན་རྣམས་དང་བཅས་པའི་འཇིག་རྟེན་གྱི་སྡང་བའི་སེམས་རབ་ཏུ་དྭང་བར་བྱ་བ་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང༌། འཐབ་མོ་དང༌། འཐབ་པ་དང༌། རྩོད་པ་དང༌། འགྱེད་པ་ཐམས་ཅད་ཉེ་བར་ཞི་བར་བྱ་བ་དང༌། དུས་མ་ཡིན་པའི་རླུང་དང༌། དུས་མ་
ཡིན་པའི་ཆར་པ་དང༌། འཆི་བ་དང༌། ནད་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང༌། མུ་གེ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་དང༌། བདེ་བར་བྱ་བ་དང༌། ལོ་ལེགས་པར་བྱ་བ་དང༌། ནད་མེད་པ་ཚོགས་པར་བྱ་བ་དང༌། སྐྲག་པ་རྣམས་འཇིགས་པ་མེད་ཅིང་བདེ་བར་བྱ་བ་དང༌།
ཉོན་མོངས་པ་ཉེ་བར་ཞི་བར་བྱ་བ་དང༌། དགེ་བའི་རྩ་བ་རྣམ་པར་འཕེལ་བ་བྱ་བ་དང༌། ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་བར་བྱ་བ་དང༌། ཐེག་པ་གསུམ་པོ་དག་གི་ལམ་ཡང་དག་པར་