Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 213
Văn bản gốc(Tây Tạng)
Trang 5 / 33 (50.000 ký tự/trang)
ཚིག་ལ་མངོན་པར་ ཞེན་པ་གདུལ་བའི་དབང་གི་ཕྱིར། རིམ་གྱིས་གཞུང་གཞན་དང་གཞན་དུ་སྦྱར་ཏེ། རྒྱ་ཆེན་པོའི་སྐད་དུ་སྦྱར་བའི་མདོ་སྡེ་ལ་སོགས་པ་ལྟ་བུ་སྟེ་བསྟན་པ་རྣམ་པ་བཅོ་བརྒྱད་ཀྱི་བར་དུ་གྱུར་པ་ཡིན་ནོ་ཞེས་བཤད་པ་ལྟར་ན། རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱལ་སྲིད་མཛད་པའི་དུས་ ན། རྒྱལ་པོ་དགའ་བོ་བྱུང་བའི་དུས་ནས་བརྩམས་ཏེ་དེ་ཉིད་འདས་པའི་བར་གྱི་ལོ་སྟེ་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་བྱུང་བར་གསལ་ལོ། །དེ་ལྟ་བུའི་བདུད་ཀྱི་ལས་རླུང་དམར་དྲག་པོ་དང་འདྲ་བ་རབ་ཏུ་གཡོས་ཏེ་ཆོས་ཀྱི་ཚུལ་རྣམ་པར་དཀྲུགས་པས་ཐེ་ཚོམ་གྱི་ཚེར་མ་རྣོན་པོ་མང་པོས་བསྟན་པ་ལ་ རྨ་སྲོལ་བྱུང་བས། གཞན་ལན་གདབ་པ་དང༌། མི་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟག་པ་དང༌། བདག་ཉིད་གསོ་བར་བྱེད་པ་སྟེ་བཞི་ལྔ་ཡོངས་སུ་བསྒྲགས་པས་སོ་སོ་སྐྱེ་བོའི་དགེ་སློང་གི་དགེ་འདུན་བློ་གྲོས་གསར་བུར་གྱུར་པ་རྣམས་ནི་སོམ་ཉིའི་དྲྭ་བ་ན་ཆུད་དེ་མཐུན་པར་ མ་གྱུར་པའི་དབང་གིས་མདོ་འདོན་པའང་རྣམ་པ་སྣ་ཚོགས་པ་ཉིད་དུ་གྱུར་ནས་ཡང་དག་པར་རྣལ་དུ་གནས་པར་མ་འདོད་དོ། །དེའི་ཚེ་གྲོང་ཁྱེར་སྐྱ་སྣར་གྱི་བུར་འཕགས་པ་འོད་སྲུངས་དང་སྤུ་ཆེན་པོ་ལ་སོགས་པས་བསྟན་པ་སྐྱོང་བ་དང༌། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བ་བྱུང་བའི་ དུས་སུ། སླར་ཡང་དགེ་སློང་ཀླུ་ཞེས་བྱ་བས་ཀྱང་བཞི་ལྔ་རྗེས་སུ་བསྔགས་པའི་རྩོད་པ་ཆེན་པོ་འཕེལ་བར་བྱས་པས་སྡེ་པ་སོ་སོར་གྱེས་སོ། །དེའི་རྗེས་སུ་དེའི་སློབ་མ་ཡིད་བརྟན་ཞེས་བྱ་བས་ཀྱང་རྩོད་པའི་གཞི་ཆེན་པོར་བསྐྱེད་པ་ན་དེའི་དུས་སུ་སྡེ་པ་རྣམས་སོ་སོར་གྱེས་པར་འདོད་དོ། །དེ་བས་ན་ དེ་དག་དག་པར་བྱ་བའི་ཕྱིར་ནམ་བསྡུ་བ་བྱས་པའི་དུས་ནི། རྟོག་གེ་འབར་བ་ལས་བཤད་པ་ལྟར་ན།དེ་ལྟར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་རྣམས་འཁྲུགས་ལོང་གིས་གནས་སོ་ཞེས་པའི་རྗེས་ཐོགས་སུ། དེ་ནས་ལོ་བརྒྱ་ཕྲག་གཉིས་འདས་པའི་རྗེས་ལ་གནས་བརྟན་གནས་མའི་བུས་ བསྟན་པ་ཡང་དག་པར་བསྡུས་ཞེས་སོ། །དེས་ན་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ནས་སྡེ་པ་སོ་སོར་གྱེས་པར་གྱུར་པ་དང༌། དེའི་ཁར་ལོ་དྲུག་ཅུ་རྩ་གསུམ་གྱི་བར་འཁྲུགས་ལོང་བྱུང་བར་གསུངས་པའི་ལོ་འདི་བསྣན་པས་བརྒྱ་ཕྲག་གཉིས་འབྱུང་བའི་ཕྱིར་རོ། །དེ་བཞིན་ དུ་ཀུན་མཁྱེན་བུ་སྟོན་གྱིས་ཀྱང༌། སྡེ་པ་སོ་སོར་གྱེས་ནས་ལོ་དྲུག་ཅུ་རྩ་གསུམ་ན་གནས་བརྟན་གནས་མའི་བུས་བསྡུས་སོ་ཞེས་ལུགས་སོ་སོར་སྨོས་པས་ཀྱང་གསལ་བའི་ཕྱིར་རོ། །ཡང་ལུགས་ཐ་དད་པ་གཅིག་ལས་ནི། དུས་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་ན་བསྡུ་བ་བྱས་པར་བཤད་ པའང་ཡོད་དེ། འདི་ལྟར་གྱེས་པ་བཅོ་བརྒྱད་པོ་བཀའ་མ་ཡིན་པའི་དོགས་པ་བསལ་བའི་ཕྱིར། གནས་ཁ་ཆེའི་ཡུལ་གྱི་བྱེ་བྲག་ཀུན་ས་ན་ཞེས་བྱ་བའི་དགོན་པར། ཛཱ་ལནྡྷ་རའི་རྒྱལ་པོ་ཀ་ནིཥྐས་སྦྱིན་བདག་བྱས་ནས། གནས་བརྟན་དགྲ་བཅོམ་པ་སེང་གེ་ཞེས་བྱ་བས་གཞི་བཟུང་སྟེ་པཱུརྞི་ཀ་ ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ལྔ་བརྒྱ་སྟེ་སྟོང་ལྔ་བརྒྱ་འདུས་ནས་ཞལ་ཐོན་དུ་མཛད་དེ་གྱེས་པ་བཅོ་བརྒྱད་པོ་བཀར་བསྒྲུབས་སོ། །དེའང་འོད་ལྡན་ལས། བསླབ་པ་གསུམ་ནི་རབ་སྟོན་ཅིང༌། །ཕྱག་རྒྱ་ གསུམ་དང་ཡང་དག་ལྡན། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་མཁས་པས་རྟོགས། །ཞེས་པ་ལྟར། ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་ན་འདུལ་བ་ལ་སྣང༌། ལྷག་པའི་སེམས་ཀྱི་བསླབ་པ་སྟོན་པས་ན་མདོ་སྡེ་ལ་འཇུག ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྟོན་པས་ ན་ཆོས་ཉིད་དང་མི་འགལ་བའི་ཕྱིར་དང༌། ཆོས་ཐམས་ཅད་བདག་མེད་པ་ལ་སོགས་པའི་ཕྱག་རྒྱ་གསུམ་དང་ལྡན་པའི་ཕྱིར་དང༌། སྟོན་པ་ཐ་དད་པ་མེད་པའི་ཕྱིར་དང༌། སྟོན་པའི་བཀའི་དོན་གཙོ་བོར་བཞེད་པའི་ཕྱིར་དང༌། སྟོན་པའི་སྔོན་གྱི་ཕྲིན་ལས་ལས་བྱུང་བའི་ཕྱིར་དང༌། རྒྱལ་པོ་ཀྲྀ་ཀཱིའི་ རྨི་ལམ་ལུང་བསྟན་པ་ལས། རྒྱལ་པོ་ཁྱོད་ཀྱིས་རས་གཅིག་མི་བཅོ་བརྒྱད་ཀྱིས་དྲངས་ཀྱང་མ་རལ་བ་རྨི་ལམ་དུ་མཐོང་བ་གང་ཡིན་པ་དེ་ནི་དེ་ཉིད་ཀྱི་བསྟན་པ་སྡེ་པ་བཅོ་བརྒྱད་དུ་གྱུར་ཀྱང༌། རྣམ་པར་གྲོལ་བའི་རས་ནི་རལ་བར་མི་ནུས་ཏེ། དེ་ནི་དེའི་སྔ་ལྟས་ཡིན་ནོ་ཞེས་གསུངས་པ་རྣམས་ཀྱིས་ བཀར་བསྒྲུབས་སོ། །འོན་ཀྱང་སྔར་ལོག་པར་བརྒལ་ཞིང་བརྟག་པའི་བསླད་པ་མང་པོས་དེ་དག་གི་ལེ་ལེན་གྱིས་སྡེ་པ་བཅོ་བརྒྱད་པོ་རྣམས་ལ་ཡང་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་དགྲ་བཅོམ་པ་ལ་ཐེ་ཚོམ་དང་སོམ་ཉི་ཡོད་པར་འདོད་པ་དང༌། ཐམས་ཅད་ཡོད་པར་སྨྲ་བས། དགྲ་བཅོམ་ པའི་འབྲས་བུ་ལས་ཉམས་པ་ཡོད་པར་འདོད་པ་ལ་སོགས་པ་ཅུང་ཟད་བསླད་པར་ཡོད་པར་གྲགས་ཤིང༌། སློབ་དཔོན་དབྱིག་གཉེན་གྱིས་ཀྱང༌། བླ་མ་ཀུན་དགའ་འོད་སེལ་དང༌། །སྡུག་བསྔལ་ཕུང་སྟོན་ས་སྟོན་དང༌། །འཆར་ཀ་སྟོང་ཉིད་ཆུ་ལས་སྐྱེས། །གང་པོ་ས་ འཚོ་ཆུ་ཤིང་དང༌། །མྱ་ངན་འདས་དང་ཡུལ་འཁོར་སྐྱོང༌། །འགྲོ་བའི་མདོ་དང་དེ་བཞིན་གཞན། །ཡང་དག་བསྡུས་པའི་གཞི་ཉམས་ཕྱིར། །མཐའ་དག་མིན་པར་རྟོགས་པ་ཡིན། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་སྡེ་པ་གྱེས་པའི་ཚུལ་ཡང་རྟོག་གེ་འབར་བ་ལས། དེ་ནས་རེ་ཞིག་སྡེ་ པ་གཉིས་སུ་ཆད་ནས་གནས་ཏེ། དགེ་འདུན་ཕལ་ཆེན་པ་དང༌། གནས་བརྟན་པའོ་ཞེས་རྩ་བའི་སྡེ་པ་གཉིས་པོ་དེ་ལས་གྱེས་པའི་ཚུལ་མི་འདྲ་བ་གཉིས་དང༌། ཡང་རྩ་བའི་དབྱེ་བ་ནི་གསུམ་སྟེ། འདི་ལྟར་གནས་བརྟན་པ་དང༌།དགེ་འདུན་ཕལ་ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བའོ་ཞེས་རྩ་བའི་སྡེ་ པ་གསུམ་ལས་སྡེ་པ་བཅོ་བརྒྱད་དུ་གྱེས་པའི་ཚུལ་ཏེ་དེ་ལྟར་མི་འདྲ་བ་གསུམ་དང༌། དུལ་བའི་ལྷ་དང༌། ལོ་དྲི་མཁན་པོ་དག་ནི་ཕལ་ཆེན་པ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་བརྟན་པ་དང༌། མང་པོས་བཀུར་བ་སྟེ་རྩ་བའི་སྡེ་པ་བཞིར་འདོད་དོ། །དེ་ལས་གྱེས་པ་སྡེ་པ་བཅོ་བརྒྱད་དེ། དང་པོ་ནི་འདི་ལྟར། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །བཏགས་པར་སྨྲ་བའི་སྡེ་པ་དང༌། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུངས་སྡེ། །ས་སྟོན་སྡེ་དང་ཆོས་སྲུངས་སྡེ། །མང་ཐོས་གོས་དམར་སློབ་མ་དང༌། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། ། ཐམས་ཅད་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ས་སྒྲོགས་རིས་དང་ས་སྲུངས་པ། །གནས་མ་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གསུངས། ། ཞེས་སོ། །ཕྱི་མ་ལྟར་ན། འོད་སྲུངས་ཞེས་བྱ་ས་སྲུངས་དང༌། །ཆོས་སྲུངས་པ་ཞེས་བྱ་བ་དང༌། །གཞི་ཀུན་ཡོད་པར་སྨྲ་བ་སྟེ། །ལྟ་བའི་བྱེ་བྲག་འགའ་ཞིག་གིས། །རྒྱུ་ཡིས་འདི་དག་ཐ་དད་བྱས། །སྟོན་པ་ཐ་དད་ཡོད་མ་ཡིན། །ཞེས་ཡོད་པར་སྨྲ་བ་བཞི་དང༌། དགེ་འདུན་ཕལ་ཆེན་དབྱེ་བ་ནི། ། དྲུག་སྟེ་ཤར་གྱི་རི་བོ་དང༌། །དེ་བཞིན་ནུབ་རི་ཞེས་བྱ་དང༌། །གངས་གནས་ཞེས་བྱ་དེ་ལས་གཞན། །རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། །གཞན་ནི་དེ་བཞིན་བཏགས་པར་སྨྲ། །འཇིག་རྟེན་འདས་སྨྲ་ཞེས་བྱ་བ། །དེ་དག་ཏུ་ནི་ཡང་དག་སྨྲས། །ཞེས་ཕལ་ཆེན་པ་དྲུག་དང༌། མང་པོས་བཀུར་བའི་བྱེ་བྲག་ནི། ། རྣམ་པ་ལྔར་ནི་མཁས་པས་བསྒྲགས། །གོས་དམར་བ་དང་སྲུང་བ་པ། །ཀུ་རུ་ཀུལླེ་དེ་ལས་གཞན། །མང་དུ་ཐོས་པ་ཞེས་བྱ་དང༌། །གནས་མ་བུ་ཞེས་བྱ་བའོ། །ཞེས་མང་པོས་བཀུར་བའི་དབྱེ་བ་ལྔ་དང༌། རྒྱལ་བྱེད་ཚལ་ན་གནས་པ་དང༌། །འཇིགས་མེད་རི་ལ་གནས་པ་དང༌། །གཙུག་ལག་ཁང་ཆེན་ ལ་གནས་དང༌། །གནས་བརྟན་དབྱེ་བ་གསུམ་དུ་འདོད། །ཞེས་གནས་བརྟན་པ་གསུམ་སྟེ། དེ་ལྟར་བྱེ་བྲག་བཅོ་བརྒྱད་དུ། །ཤཱཀྱ་སེང་གེའི་བསྟན་པ་ནི། །གྱུར་ཏེ་འགྲོ་བའི་བླ་མ་དེའི། །སྔོན་གྱི་ཕྲིན་ལས་ངེས་པ་ཡིན། །ཞེས་སོ། །དེ་ལྟར་བཀའི་བསྡུ་བ་གསུམ་པ་ཡན་ཆད་ཀྱི་གང་ཟག་རྣམས་ ནི་ཐོས་པ་འཛིན་པ་ཡིན་ལ། མ་འོངས་པའི་གང་ཟག་བརྗེད་ངས་ཅན་རྣམས་ཀྱིས་ཐུབ་པའི་གསུང་རབ་ལྷག་ཆད་ཅན་དུ་འདོན་པ་དང༌། ལྟ་སྤྱོད་མི་མཐུན་པར་སྤྱོད་པ་སྤང་བའི་ཕྱིར་གསུང་རབ་རྣམས་གླེགས་བམ་དུ་ཡི་གེར་བྲིས་སོ། །དེའང་འདི་ལྟར་བཅོམ་ལྡན་འདས་ལ་ཉེ་བ་འཁོར་གྱིས་ཞུས་པས། བཅོམ་ལྡན་འདས་འདུལ་བ་ཡི་གེར་མི་འདྲི་ལ། འདུལ་བ་དང་འདྲ་བ་ཡི་གེ་མི་འདྲི་ཞེས་གསུངས་ན་མ་འོངས་པའི་སེམས་ཅན་དག་དྲན་པ་ཉམས་པར་གྱུར་ན་ཇི་ལྟར་བགྱི། བཀའ་སྩལ་པ། ཨུ་པཱ་ལི་དྲན་པ་ཉམས་ན་ལོ་མ་ལ་ཡི་གེར་བྲིས་ཏེ་བཅང་བར་བྱའོ་ཞེས་པ་ལྟར་རམ། འོན་ཏེ་འཇམ་དཔལ་ རྩ་རྒྱུད་ལས་ནི་མ་སྐྱེས་དགྲའི་བུ་ཨུ་པ་ཞེས་བྱ་བས་སངས་རྒྱས་ཀྱི་གསུང་རབ་རྣམས་ཡི་གེར་འདྲི་བར་འགྱུར་རོ་ཞེས་པ་དང༌། དྲི་མེད་འོད་ལས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་པ་ན། སྡུད་པར་བྱེད་པ་པོ་དག་གིས་ཐེག་པ་གསུམ་གླེགས་བམ་ལ་བྲིས་ཏེ་ཞེས་གསུངས་པ་ལྟར་ སྔར་ནས་ཀྱང་བྲིས་པར་ཤེས་སོ། །འདི་ནི་གནས་བརྟན་སེང་གེས་གཞི་བཟུང་ནས་སྡུད་པ་པོ་སྟོང་ལྔ་བརྒྱས་བསྡུས་པ་ཞེས་བྱ་སྟེ་བསྡུ་བ་གསུམ་པའོ། །དེ་ལྟར་ན་ཆོས་བསྡུ་བ་གསུམ་པོ་འདི་དག་ནི་འཕགས་པ་ཉན་ཐོས་ཀྱི་ལུགས་ལ་ཇི་ལྟར་གྲགས་པ་ལྟར་བྲིས་པ་ཡིན་ནོ། །དེ་ལྟར་ཐུབ་པ་ཆེན་པོའི་ ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དེ་སྙེད་ཅིག་གསུངས་པ་དེ་དག་སྟོན་པའི་སྲས་རྣམས་ཀྱིས་ལེགས་པར་བསྡུས་ནས་ཤིན་ཏུ་དར་བར་བྱས་པ་ཡིན་ནོ། །གཉིས་པ་ཐེག་པ་ཆེན་པོའི་བསྡུ་བ་ལ་རྣམ་པར་དབྱེ་ན། རྒྱུའི་ཐེག་པ་དང༌། འབྲས་བུའི་ཐེག་པ་གཉིས་སུ་གནས་པ་ ལས། དང་པོ་རྒྱུའི་ཐེག་པ་ནི། ངོར་ཆེན་ཐམས་ཅད་མཁྱེན་པ་ཆེན་པོས། དེ་བཞིན་ཐེག་པ་ཆེན་པོའི་མདོ་རྣམས་ནི། །ལྷོ་ཕྱོགས་དྲི་མེད་འབྱུང་གནས་ཞེས་བྱ་བར། །བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ཕྲག །དགུ་བཅུ་འདུས་ནས་བསྡུས་ཞེས་འགའ་ཞིག་བཞེད། །འོན་ཀྱང་ཐེག་ ཆེན་མཐའ་དག་སྡུད་པ་པོ། །བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་ཡིན། །ཞེས་གསུངས་ཏེ། དེའང་སློབ་དཔོན་ཁ་ཅིག་མ་ག་དྷཱ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོའི་ལྷོ་ཕྱོགས་བི་མ་ལ་སམྦྷ་ཝ་ཞེས་པ་སྟེ་དྲི་མ་མེད་པ་འབྱུང་བའི་གནས་ཞེས་བྱ་བར་བྱང་ཆུབ་སེམས་དཔའི་དགེ་འདུན་བྱེ་བ་ ཕྲག་དགུ་བཅུ་འདུས་ནས། འཇམ་དཔལ་དང་བྱམས་པ་དང་ཕྱག་ན་རྡོ་རྗེ་གསུམ་གྱིས་རིམ་པ་བཞིན་དུ་མངོན་པ་དང་འདུལ་བ་དང་མདོ་སྡེ་གསུམ་བསྡུས་པར་འདོད་དོ། །རྟོག་གེ་འབར་བ་ལས་ནི། ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ དུ་བཟང་པོ་དང༌། འཇམ་དཔལ་དང༌། གསང་བའི་བདག་པོ་དང༌། བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །བདག་ཅག་གི་རྩ་བའི་སྡུད་པར་བྱེད་པ་ཉན་ཐོས་ནི་མ་ཡིན་ཏེ། ཐེག་པ་ཆེན་པོའི་གསུང་ནི་དེ་དག་གི་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །འོན་ཏེ་བསྐལ་པ་ བཟང་པོ་འདི་ལ་ཐེག་པ་ཆེན་པོའི་ཐུན་མོང་མ་ཡིན་པའི་མདོ་དང་སྔགས་ཀྱི་བསྟན་པ་གཉིས་ཀའི་སྡུད་པར་བྱེད་པ་ཕྱག་ན་རྡོ་རྗེ་ཉིད་དུ་ངེས་པ་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་དང༌། བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོར་དབང་བསྐུར་ནས་བསྟན་པ་གཏད་ པར་བཤད་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། འདས་པའི་དུས་ཀྱི་བསྐལ་པ་མཛེས་པར་སྣང་བ་ཞེས་བྱ་བར་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ན། དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་པོ་ཆེ་སྣ་ཚོགས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱུང་ངོ༌། །དེའི་ཚེ་རྣམ་པར་དག་པ་དང་ལྡན་པའི་ ཕོ་བྲང་དུ་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡུལ་འཁོར་སྲུང་ཞེས་བྱ་བ་ལ་སྲས་སྟོང་དུ་ཚང་བ་ཡོད་དེ། རྒྱལ་པོ་སྲས་དང་བཅས་པས་དེ་བཞིན་གཤེགས་པའི་དྲུང་དུ་ཆོས་མཉན་ཏོ། །ཇི་ཞིག་གི་ཚེ་ན་རྒྱལ་པོ་བཙུན་མོའི་ཚོགས་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་དུ་རྣམ་པར་རྩེ་ ཞིང་སོང་བ་ན། བཙུན་མོ་མ་སྨད་མ་དང་དཔེ་མེད་མ་ཞེས་བྱ་བ་གཉིས་ཀྱིས་དགའ་བ་ཞེས་བྱ་བའི་རྫིང་དུ་ཞུགས་ཏེ་ཁྲུས་བྱས་ནས་སྤོས་ཆུའི་རླན་གྱིས་གོས་ཡོངས་སུ་བརླན་བཞིན་དུ་ཁྲི་ལ་འཁོད་དོ། །དུས་དེར་བཙུན་མོ་གཉིས་ཀྱི་པང་དུ་ཁྱེའུ་ཆུང་གཉིས་སྐྱིལ་མོ་ཀྲུང་བཅས་བཞིན་པར་བརྫུས་ཏེ་ འཁྲུངས་སོ། །དེའི་ཚེ་ནམ་མཁའ་ནས་ལྷ་རྣམས་ཀྱིས་ཀྱེ་མ་ཁྱེའུ་འདི་ནི་ཆོས་སེམས་སོ། །ཁྱེའུ་འདི་ནི་ཆོས་ཀྱི་བློ་གྲོས་སོ་ཞེས་བརྗོད་པས་ཁྱེའུ་དག་གི་མིང་ཡང་དེ་ལྟར་དུ་གྲགས་སོ། །དེ་ནས་ཁྱེའུ་དེ་གཉིས་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ། ཡབ་གཅིག་གསན་པར་མཛད་དུ་གསོལ། བསྐལ་པ་བྱེ་བར་ཆོས་རྙེད་རབ་ཏུ་དཀའ། །ཞེས་བྱ་བ་ལ་སོགས་པས་གནང་བ་ཞུས་ནས་ཁྱེའུ་དེ་གཉིས་དང་བཅས་པ་དེ་བཞིན་གཤེགས་པའི་དྲུང་དུ་སོང་སྟེ་ཆོས་མཉན་ནོ། །རྒྱལ་བུ་སྟོང་ཕྲག་པོ་ཐམས་ཅད་ཀྱང༌། བསྐལ་པ་བཟང་པོ་འདི་ཉིད་དུ་འཚང་རྒྱ་བའི་སྨོན་ལམ་བཏབ་པ་ཤ་སྟག་གོ །དེའི་ཚེ་ རྒྱལ་པོ་འདི་སྙམ་དུ་གཞོན་ནུ་འདི་དག་བྱང་ཆུབ་འཐོབ་པ་ཤ་སྟག་ཡིན་ན་གང་ཐོག་མ་ཉིད་དུ་འཚང་རྒྱ་བར་འགྱུར་བརྟག་པར་བྱའོ་སྙམ་ནས། རྒྱལ་པོས་གཞོན་ནུ་དེ་རྣམས་ཀྱི་མིང་བྲིས་པ་རིན་པོ་ཆེའི་བུམ་པར་བཅུག་སྟེ་ཞག་བདུན་དུ་མཆོད་པ་བྱས་པའི་མཐར་མིང་དེ་རྣམས་རེ་རེ་ནས་ཕྱུང་བ་ན། ཐམས་ ཅད་ཀྱི་ཐོག་མར་གཞོན་ནུ་རྣམ་པར་དག་པའི་བློ་གྲོས་ཀྱི་མིང་བྱུང་བ་ནས། མཐར་བློ་གྲོས་མཐར་ཡས་ཀྱི་མིང་གི་བར་སྟོང་ཕྲག་གཅིག་ཏུ་ཚང་བ་བྱུང་ངོ༌། །དེ་ནས་རྫུས་སྐྱེས་ཀྱི་ཁྱེའུ་ཆོས་སེམས་དང་ཆོས་ཀྱི་བློ་གྲོས་གཉིས་ལ་རྒྱལ་བུ་དེ་དག་གིས་སྨྲས་པ། ཁྱེད་གཉིས་སྨོན་ལམ་ཇི་ལྟར་འདེབས་ཞེས་ དྲིས་པས། ཆོས་སེམས་ཀྱིས་ཁྱེད་རྣམས་སངས་རྒྱས་པར་གྱུར་པ་དེའི་ཚེ་ང་ཁྱེད་རྣམས་ཀྱི་ལག་ན་རྡོ་རྗེར་གྱུར་ཏེ་ནང་ན་སྤྱོད་ཅིང༌། དེ་བཞིན་གཤེགས་པའི་གསང་བ་ཐམས་ཅད་ལས་ཕྱི་རོལ་དུ་མ་གྱུར་ལ། ཕྱི་ནང་གི་ཆོས་ཐམས་ཅད་ཉན་མོས་རྟོགས་པར་སྨོན་ལམ་བཏབ་སྟེ། དེ་ཉིད་ཕྱག་ན་རྡོ་རྗེ་ཞེས་ སངས་རྒྱས་སྟོང་གི་བཀའི་སྡུད་པ་པོར་གྱུར་ཅིང༌། མ་འོངས་པ་ན་བསྐལ་པ་རྣམ་པར་སྦྱང་བ་ཞེས་བྱ་བ་ལ་འཇིག་རྟེན་གྱི་ཁམས་ཀུན་ནས་ཡོངས་སུ་དག་པར་སངས་རྒྱས་རྡོ་རྗེས་རྣམ་པར་གནོན་པ་ཞེས་བྱ་བ་ཉིད་དུ་འཚང་རྒྱ་བར་ལུང་བསྟན་ནོ། །ཆོས་ཀྱི་བློ་གྲོས་ཀྱིས་གང་གི་ཚེ་ཁྱེད་ ཐམས་ཅད་ལ་ཐོག་མར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་གསོལ་བ་འདེབས་པ་པོར་འགྱུར་བར་སྨོན་ལམ་བཏབ་སྟེ། དེ་ནི་ཚངས་པ་གཙུག་ཕུད་ཅན་ཡིན་པར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་བཤད་དོ། གཉིས་པ་འབྲས་བུའི་ཐེག་པ་ལ། སྡུད་པ་པོ་ངོས་གཟུང་བ་དང༌། དེས་ ཇི་ལྟར་བསྡུས་པའི་ཚུལ་ལོ། །དང་པོ་སྤྱིར་སྟོན་པའི་འཁོར་གྱི་གཙོ་བོར་གྱུར་པའི་སྡུད་པ་པོ་ནི། གཞན་གྱི་ངོར་བྱང་ཆུབ་སེམས་དཔའ་ལ་སོགས་པའི་ཚུལ་བསྟན་པ་ཙམ་ལས་ངེས་པའི་དོན་དུ་སྟོན་པ་ཉིད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་ཐོག་མཐའ་མེད་པའི་བདག་ཉིད་ཅན་ཁོ་ན་སྟེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཕྱག་ན་རྡོ་རྗེ་མགོན་པོ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག །མཐའ་ཡས་པ་ཡི་འཇིག་རྟེན་ཁམས། །སྐྱེ་དང་འཇིག་པ་མཆོག་ཡིན་ནོ། །དེ་ལ་སྐྱེ་བ་གང་ཡང་མེད། །རང་བྱུང་མཆོག་གི་དབང་ཕྱུག་གོ །ཞེས་དང༌། རྡོ་རྗེ་རྩེ་མོ་ལས། ཨེ་མའོ་རྣམ་དག་ཡེ་ཤེས་བདག ། ཨེ་མའོ་སངས་རྒྱས་ཉན་ཐོས་པ། །ཨེ་མའོ་གར་མཁན་འཁོར་ལོ་འདིས། །རང་གིས་ཡེ་ཤེས་འདྲི་བར་བྱེད། །ཅེས་དང༌། དཔལ་གསང་བ་གྲུབ་པའི་རྒྱུད་ལས། དེ་ཡི་སྡུད་པར་བྱེད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཏེ། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པ་ནི་ཐུགས་ རྡོ་རྗེ། །གསུང་བ་པོ་དེ་སྡུད་པའང་དེ། །ཞེས་སོ། །དེ་ལྟ་ནའང་གཞན་གྱི་ངོར་ན་རྡོ་རྗེ་སེམས་དཔའ་དང་ཀུན་དུ་བཟང་པོ་དང་ཕྱག་ན་རྡོ་རྗེ་ལ་སོགས་པའི་ཚུལ་གྱིས་སྟུག་པོ་བཀོད་པ་དང༌། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་དང༌། མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་ལྕང་ལོ་ཅན་ལ་སོགས་པའི་གནས་ཐ་ དད་པ་དག་ཏུ་བཞུགས་ནས་དེ་བཞིན་གཤེགས་པའི་གསང་བ་མ་ལུས་པ་འཛིན་པ་ཡིན་ཏེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་མེ་ཏོག་གི་སྙིང་པོའི་རྒྱན་བཀོད་པ་ཐམས་ཅད་དུ་རྣམ་པར་སྣང་མཛད་ཀྱི་སྔོན་གྱི་སྤྱོད་པ་བསྟན་པར་ སྨོན་ལམ་བཏབ་ནས། གནོད་སྦྱིན་འདུལ་བའི་དབང་ཉེ་བར་བཟུང་ནས། དབུས་ཀྱི་ཛམྦུའི་གླིང་གི་མི་མཇེད་འདིར་ལྕང་ལོ་ཅན་དུ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་འབྲོག་གནས་ཀྱི་གནས་ན་གནས་སོ་ཞེས་སོ། །དེ་ཉིད་འཇིག་རྟེན་གྱི་ཁམས་ཆགས་པ་དང་འཇིག་པ་ལ་སོགས་པའི་གནས་སྐབས་སུ་ཡང་ སྐྱེ་བ་ཐ་དད་པར་ལེན་ཅིང་སངས་རྒྱས་ཀྱི་ཕྲིན་ལས་རྒྱུན་མི་ཆད་པར་བྱེད་པར་དབང་བསྐུར་བ་ཡིན་ཏེ། དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་བྱིན་གྱིས་བརླབས་ནས་སངས་རྒྱས་ཀྱི་མཛད་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྒྱུན་མི་ཆད་པར་བྱ་བའི་ཕྱིར། དུས་ཀྱི་དབང་གིས་སྐྱེ་བ་ ཡོངས་སུ་བཟུང་བར་བྱིན་གྱིས་བརླབས་ཏེ་ཞེས་བྱ་བ་དང༌། བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དབང་བསྐུར་ནས་དེ་ཉིད་ལ་བསྟན་པ་གཏད་དོ་ཞེས་གསུངས་པ་དང༌། ལྟ་བ་ཀུན་གྱི་བསྲུང་དོན་ཕྱིར། །སྣ་ཚོགས་པ་ཡི་གཟུགས་སུ་སྤྱོད། །ལ་ལར་རྡོ་རྗེ་འཛིན་པ་དང༌། །ལ་ལར་སངས་རྒྱས་ཀྱི་ནི་གཟུགས། ། ལ་ལར་ཧེ་རུ་ཀ་ཡི་གཟུགས། །ལ་ལར་དེ་བཞིན་གཤེགས་པ་དང༌། །ལ་ལར་བྱང་ཆུབ་སེམས་དཔའི་གཟུགས། །ལ་ལར་ཉན་པ་ལྟ་བུར་བཞུགས། །ལ་ལར་འཆད་དོ་དགྱེས་པདྨ། །ལ་ལར་ཟློག་པའི་ཚུལ་དུ་བཞུགས། །ལ་ལར་རྒྱུད་དང་བསྟན་བཅོས་ནི། །མཛད་པ་དང་ནི་ལ་ལར་འཛིན། ། མང་དུ་བརྗོད་ལྟ་ཅི་ཞིག་དགོས། །དེ་སྟོན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་འབྱུང་ངོ༌། །གཞན་ཡང་རྒྱུད་ཀྱི་ཞུ་བ་པོ་གང་ཡིན་པ་དེ་ཉིད་སྡུད་པ་པོར་འགྱུར་བ་ཡང་ཡོད་དེ། དཔེར་ན་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་དང་བཤད་པའི་རྒྱུད་རྣམས་དང༌། དུས་ཀྱི་འཁོར་ལོའི་རྩ་བའི་རྒྱུད་ལྟ་བུའོ། །ཡང་སྔོན་དུ་ལག་ན་རྡོ་རྗེས་ བསྡུས་ནས། ཕྱིས་ནས་སྡུད་པ་པོ་གཞན་གྱིས་བསྡུས་པར་བཤད་པའང་ཡོད་དོ། །དེ་བཞིན་དུ་བདེ་མཆོག་ལ་སོགས་པའི་རྒྱུད་འགའ་ཞིག་ནི་རྡོ་རྗེ་ཕག་མོ་ལ་སོགས་པའི་མ་མོ་འདུས་པ་རྣམས་ཀྱིས་བཅོམ་ལྡན་འདས་ལས་ཇི་ལྟར་ཐོས་པ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་དྲི་བ་དང་ལན་རྗེས་སུ་བསྟན་པའི་ཚུལ་གྱིས་ རྡོ་རྗེའི་གནས་སུ་བསྡུས་པའང་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་ནས་བཤད་དོ། །དེ་བས་ན་ཇི་སྐད་བཤད་པའི་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དེ་ཉིད་ནི་སྤྱིར་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། བྱེ་བྲག་ཏུ་མི་མཇེད་ཀྱི་ཞིང་ཛམྦུའི་གླིང་དང༌། དུས་ བསྐལ་པ་བཟང་པོ་འདི་ཉིད་ཀྱི་སྟོན་པ་ཐུབ་པའི་དབང་པོའི་གསུང་རབ་ཁྱད་པར་བ་གསང་སྔགས་རྡོ་རྗེ་ཐེག་པ་མཐའ་དག་སྡུད་པར་བྱེད་པའི་གཙོ་བོ་ཉིད་ཡིན་པ་ནི། གོང་དུ་སྨོས་པ་ལྟ་བུའི་སྨོན་ལམ་གྱི་མཐུ་དང༌། སྟོན་པ་ཉིད་ཀྱིས་གང་ལ་གསང་བ་མ་ལུས་པ་འཛིན་ པའི་བདག་པོར་དབང་བསྐུར་ནས་བསྟན་པ་གཏད་པའི་གཙོ་བོ་ཡིན་པའི་ཕྱིར་ཏེ། ཇི་ལྟར་ན། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་འཁོར་ལོས་སྒྱུར་བ་ཆེན་པོའི་རྡོ་རྗེའི་དཀྱིལ་འཁོར་ཆེན་པོར་ལག་ཏུ་རྡོ་རྗེས་དབང་བསྐུར་ བས་ཁྱོད་ལ་དབང་བསྐུར་རོ། །ཏིང་ངེ་འཛིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ལས་བྱས་པའི་རྡོ་རྗེ་ཁྱོད་ལ་བྱིན་ནོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོའི་རྡོ་རྗེས་ཁྱོད་བྱིན་གྱིས་བརླབས་སོ། །རྡོ་རྗེ་སྙིང་པོ་ཐམས་ཅད་ཁྱོད་ལ་བསྟན་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྟན་པ་ ཐམས་ཅད་ཀྱི་དོན་བྱ་བ་དང༌། བསྲུང་བར་གནང་ངོ༌། །ཁྱོད་ཀྱི་སྔོན་གྱི་སྨོན་ལམ་ཡོངས་སུ་རྫོགས་སོ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བརྗོད་པས་དབང་བསྐུར་རོ། །གཞན་ཡང་དེ་བཞིན་གཤེགས་པའི་གསང་བའི་རྟགས་ཐམས་ཅད་ཀྱི་བདག་པོ་ཉིད་དུ་བསྒྲུབས་ནས། མ་འོངས་པ་ན་གསང་ བའི་རྒྱུད་ཉན་པའི་སྐལ་བ་དང་ལྡན་པ་རྣམས་ལ་འཆད་པར་བྱེད་པའི་སྟོན་པ་ཉིད་དུ་བྱིན་གྱིས་བརླབས་པ་ཡིན་ཏེ། དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། བཅོམ་ལྡན་འདས་མ་འོངས་པའི་དུས་སུ་ཡང་དག་པར་གསང་བའི་རྒྱུད་འདི་སྐལ་བ་དང་ལྡན་པའི་སེམས་ཅན་རྣམས་ལ་སུས་འཆད་ པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཔལ་ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ་ཞེས་གསུངས་ཤིང༌། དེ་ཁོ་ན་ཉིད་སྒྲོན་མེའི་རྒྱུད་ལས། ལྷ་མོས་གསོལ་པ། གསང་བ་ཆེན་པོའི་རྒྱུད་འདི་ནི། །ཤེས་པ་དང་ནི་བཤད་པ་སུ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུབ་ཕྱོགས་སུ་དཔལ་རྡོ་རྗེ་ཆེན་པོའི་ཨཽ་ཌྱཱན་དུ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས་ཤེས་པ་དང༌། བཤད་པ་དང༌། སེམས་ཅན་ལ་གསལ་བར་བྱེད་དོ། །ཞེས་སོ། །དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་ངས་བསྟན་པའི་ཕྱག་ན་རྡོ་རྗེའི་རྒྱལ་པོ་དེ་ཉིད་དེ། ཨིནྡྲ་བྷཱུ་ཏི་སྤྲུལ་པའི་སྐུ་ས་བཅུའི་དབང་ཕྱུག་ ཡེ་ཤེས་ཀྱི་སྐུ་ས་བཅུའི་དབང་ཕྱུག་གོ་ཞེས་བཤད་དོ། །གཉིས་པ་ཇི་ལྟར་བསྡུས་པའི་ཚུལ་ལ། ལྕང་ལོ་ཅན་དུ་ཇི་ལྟར་བསྡུས་པའི་ཚུལ་དང༌། ཨཽ་ཌྱན་དུ་ཇི་ལྟར་བསྡུས་པའི་ཚུལ་ལོ། །དང་པོ་ནི། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས། རི་རབ་ལྷུན་པོའི་བྱང་ཕྱོགས་ལྕང་ལོ་ཅན་ཞེས་བྱ་བ་དེར། ས་ བཅུའི་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་གསོལ་བ་བཏབ་པའི་ངོར་ཕྱག་ན་རྡོ་རྗེས་བསྡུས་པར་མངོན་ཏེ། གདུགས་དཀར་གྱི་འགྲེལ་པ་ལས་ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པ་སྡུད་པར་བྱེད་པ་ལག་ན་རྡོ་རྗེ་ལ། འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་དང༌། རྡོ་རྗེ་ཆོས་ལ་སོགས་པས་ བླ་གོས་ལྔ་བརྒྱ་གདན་དུ་བཏིང་ནས། ཆོས་ཀྱི་འཁོར་ལོའི་མདོ་བདེ་བར་གཤེགས་པས་གང་དུ་གསུངས། རྡོ་རྗེ་འཆང་བ་ཁྱོད་སྨྲོས་ཤིག ཤེས་རབ་སྲས་པོ་ཁྲོད་སྨྲོས་ཤིག ཅེས་གསོལ་བ་བཏབ་པའི་རྗེས་ལ། འདི་སྐད་བདག་གིས་ཐོས་པ་ཞེས་གླེང་བསླང་བ་གསུངས་སོ་ཞེས་བཤད་པ་ དང༌། སློབ་དཔོན་ཀུན་དགའ་སྙིང་པོའི་རྣལ་འབྱོར་རྒྱུད་ཀྱི་འགྲེལ་པ་ལས། སྡུད་པར་བྱེད་པ་ས་བཅུའི་དབང་ཕྱུག་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་པའི་རྡོ་རྗེ་འཛིན་པས། འདི་སྐད་ཅེས་བྱ་བ་ལ་སོགས་པ་ཡིན་ཏེ་ཞེས་དང༌། ལྕང་ལོ་ཅན་ན་བཞུགས་པའི་ས་བཅུའི་དབང་ཕྱུག་གི་ཚུལ་བཟུང་ བའི་རྡོ་རྗེ་འཛིན་པས་ཀུན་དུ་བཟང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ། ཇི་ལྟར་བདག་ནི་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་ན་ཡང་དག་པར་སྡུད་པའི་དུས་སུ་ཛམྦུའི་གླིང་ཏིལ་གྱི་གོང་བུ་ཏིལ་གྱི་ས་བོན་གྱིས་ཡོངས་སུ་གང་བ་བཞིན་དུ། ཛམྦུའི་ གླིང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀུན་དུ་གང་བར་བདག་ཅག་ལ་སྣང་ལ་ཞེས་བྱ་བ་ལ་སོགས་པ་བཤད་པའི་ཕྱིར་རོ། །གཉིས་པ་ནི། ཇི་ལྟར་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྒྱ་མཚོའི་ཀློང་ནས་མངོན་པར་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ཉིད་དུ་གོང་དུ་ལུང་སྨོས་པ་ལྟ་བུའི་སྐལ་བ་དང་ལྡན་ པའི་གདུལ་བྱ་ཨཽ་ཌྱཱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་ལེགས་པར་བཅུག་ནས་དབང་བསྐུར་ཞིང་རྒྱུད་སྨིན་པར་མཛད་པ་ལ། ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོས་གསུངས་པ་སྟེ། དཔལ་གསང་བ་གྲུབ་པ་ལས། ཡེ་ཤེས་སྒྱུ་མའི་ རང་བཞིན་ཐུགས་རྡོ་རྗེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པའི་སྐུར་གྱུར་ནས། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་དོན་དམ་པའི་དེ་ཁོ་ན་ཉིད་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་བདག་ཉིད་སྟོན་ཏོ་ཞེས་འབྱུང་ངོ༌། །དེ་ལྟར་ ན་ཕྱག་ན་རྡོ་རྗེས་རྒྱུད་སྡེ་མཐའ་དག་བསྡུས་ནས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་ལ་བྱིན་ནོ། །དེ་དག་གིས་ཀྱང་དངོས་གྲུབ་ཐོབ་པར་གྱུར་ནས་རང་བཞིན་གྱིས་གྲུབ་པའི་དཔའ་བོ་དང་རྣལ་འབྱོར་མ་ཞེས་བྱ་བར་གྱུར་ནས་ཨཽ་ཌྱཱན་གྱི་ཡུལ་དེ་སྟོངས་ཏེ། དེ་ན་ཆུའི་ཕུང་པོ་ཆེན་པོ་ལག་འགྲོའི་ ཚོགས་ཀྱིས་ཡོངས་སུ་གང་བ་ཅིག་བྱུང་བར་གྱུར་ཏོ། །དེའི་འོག་ཏུ་དཔལ་གསང་བའི་བདག་པོས་ཆུའི་ཕུང་པོ་ཆེན་པོ་ན་གནས་པའི་ཀླུའི་ཚོགས་དེ་དག་སྤྲུལ་པའི་དཀྱིལ་འཁོར་དུ་སྨིན་པར་བྱས་ནས་གསེར་གྱི་ཤོག་བུ་ལ་བཻ་ཌཱུརྻ་ཞུན་མས་བྲིས་པའི་རྒྱུད་སྡེ་མང་པོའི་གླེགས་བམ་རྣམས་ཕྱག་ན་ རྡོ་རྗེས་དེ་དག་ལ་གཏད་དོ། །དེ་ནས་ཀླུ་དེ་རྣམས་རིམ་གྱིས་མིའི་ལུས་སུ་གྱུར་ཏེ་མཚོའི་འགྲམ་དུ་གྲོང་དང་གྲོང་ཁྱེར་མང་པོ་དག་བྱས་ནས། དེར་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས་སྐྱེས་བུ་ཕལ་ཆེར་གྱིས་ནི་དངོས་གྲུབ་ཀྱི་དམ་པ་གྲུབ་པར་གྱུར་ཅིང༌། མ་གྲུབ་པ་རྣམས་ཀྱང་མིར་གྱུར་ཏོ། ། བུད་མེད་ཕལ་ཆེ་བ་རྣམས་ཀྱང་གསང་བའི་ཆོས་འཛིན་པའི་མཁའ་འགྲོ་མར་གྱུར་ཏེ། ད་ལྟ་ཡང་ཨཽ་ཌྱཱན་མཁའ་འགྲོའི་གནས་ཞེས་བྱ་བ་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པ་དང༌། གཞན་ཡང་ཡུལ་དེ་ན་ཡོད་པའི་རྒྱལ་པོ་རྣམས་ཀྱང་ཆོས་དང་ལྡན་པའི་ རྒྱལ་པོ་ཆེན་པོ་ཤ་སྟག་འབྱུང་བར་བཤད་དོ། །དེ་ནས་རིམ་གྱིས་མིའི་ཡུལ་དུ་ཇི་ལྟར་འཕེལ་བའི་ཚུལ་ཡང༌། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་རྒྱལ་པོ་བི་སུ་ཀལྤ་ཞེས་བྱ་བ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་ཅིག་ཡོད་པ་དེའི་ནུབ་ཅིག་གི་རྨི་ལམ་དུ་ཁྱོད་ཀྱིས་འདི་ནས་ཨཽ་ཌྱཱན་གྱི་གནས་སུ་སོང་ཞིག་ དང་སྐྱེ་བ་འདི་ཉིད་དུ་རྡོ་རྗེ་འཛིན་པ་ཐོབ་པར་འགྱུར་རོ་ཞེས་ལུང་བསྟན་པ་རྗེས་སུ་ཐོས་ཤིང༌། ཐོས་ནས་ཀྱང་ཤིན་ཏུ་སྤྲོ་བ་ཆེན་པོས་ཨཽ་ཌྱཱན་དུ་བྱོན་པས་དེ་ན་ཡོད་པའི་བུད་མེད་ཅིག་དང་ཕྲད་དེ་དེ་ལ་བསྙེན་བཀུར་ཡང་དག་པར་བྱས་པས་དེས་བྱིན་གྱིས་བརླབས་ནས་གསང་བ་འདུས་པའི་རྒྱུད་དང༌། དེ་ཁོ་ན་ཉིད་འདུས་པའི་རྒྱུད་རྣམས་བྱིན་ནས་རྗེས་སུ་གདམས་པ་ལས་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་རྒྱ་ཆེར་འཕེལ་ལོ་ཞེས་ཟེར་རོ། །དེ་བཞིན་དུ་གྲུབ་པ་བརྙེས་པའི་སློབ་དཔོན་གཞན་མང་པོས་ཀྱང་ཨཽ་ཌྱཱན་དུ་བྱོན་ནས་མཁའ་འགྲོ་མ་རྣམས་ཀྱིས་རྗེས་སུ་གདམས་པ་མནོས་ཤིང་རྒྱུད་ སྡེ་མང་པོ་སྤྱན་དྲངས་ནས་དེ་ལས་རྒྱ་ཆེར་འཕེལ་བར་བཤད་དོ། །དེ་རྣམས་ཀྱིས་ཐེག་པ་ཆེ་ཆུང་གི་བཀའི་བསྡུ་བ་ཇི་ལྟར་བྱུང་བའི་ཚུལ་བརྗོད་ཟིན་ཏོ། །གཉིས་པ་འགྲེལ་བྱེད་ཀྱི་སློབ་དཔོན་ཇི་ལྟར་བྱོན་པའི་ཚུལ་ནི། དེ་ལྟར་ཉན་ཐོས་པའི་ལུགས་ཀྱི་བསྟན་པ་སྡེ་པ་བཅོ་ བརྒྱད་ཀྱི་བར་དུ་གྱེས་པའི་འཁྲུགས་ལོང་གིས་གནས་པའི་སྐབས་ཡིན་ནའང་འོན་ཀྱང་དར་རྒྱས་ཤིན་ཏུ་ཆེ་བར་གྱུར་ལ། ཐེག་པ་ཆེན་པོའི་ལུགས་ཀྱི་བསྟན་པ་ནི་ཤིན་ཏུ་ཉག་ཕྲ་བའི་རྣམ་པར་གྱུར་པའི་ཚེ། སྟོན་པ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་སྐོར་དུ་ཟིན་ པ་ན། གྲུབ་པའི་དབང་ཕྱུག་ཡོངས་ཀྱི་སྤྱིའི་མེས་པོར་གྱུར་པའི་སློབ་དཔོན་ཆེན་པོ་ས་ར་ཧ་སྟེ་ལྗོངས་འདིར་མདའ་བསྣུན་ཞེས་པར་བསྒྱུར་དུ་བཏུབ་པ་དེ་ཉིད་ཛམྦུའི་གླིང་དུ་བྱོན་པར་གྱུར་ཏོ། །དེའང་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་ཀྱི་རྒྱུད་དུ་རིགས་རྣམས་ཀྱི་མཆོག་ཏུ་གྱུར་པ་བྲམ་ ཟེའི་རིགས་ཀྱི་སྐྱེ་བའི་ལྗོན་ཤིང་ཡོངས་སུ་བཟུང་ནས། ཅུང་ཟད་ཅིག་ནས་ཡི་གེ་དང༌། གྲངས་དང༌། རྩིས་དང༌། ལག་རྩིས་དང༌། དབྱུང་བ་དང༌། གཞུག་པ་དང༌། གཞག་པ་ལ་ཉེ་བར་ཞུགས་ཤིང༌། གཞན་ཡང་གཞི་བརྟག་པ་དང༌། གོས་བརྟག་པ་དང༌། རིན་པོ་ཆེ་བརྟག་པ་ དང༌།ཤིང་རྟ་བརྟག་པ་དང༌། གླང་པོ་ཆེ་བརྟག་པ་དང༌། རྟ་བརྟག་པ་དང༌། གཞོན་ནུ་བརྟག་པ་དང༌། གཞོན་ནུ་མ་བརྟག་པ་དང༌། འབྱེད་པ་དང་ཀློག་པ་དང་སྒྲ་ངེས་པར་སྦྱོར་བ་ལ་སོགས་པའི་གཙུག་ལག་རྒྱ་མཚོ་ལྟ་བུའི་ཕ་རོལ་དུ་སོན་ཅིང་དབེན་པ་ཞིག་ཏུ་གནས་པའི་ ཚེ། ནམ་མཁའ་སྟོང་པའི་ཁོང་ནས་བྲམ་ཟེའི་ཁྱེའུར་གྱུར་པ་ཁྱོད་ཀྱིས་འདི་ན་ཅི་ཞིག་བྱར་ཡོད། དེ་བས་ན་ཕྱག་རྒྱ་ཆེན་པོར་སོང་ཞིག་ཅེས་པའི་སྒྲ་སྙན་གླིང་བུ་ལྟ་བུས་སེམས་ཀྱི་རྒྱུད་ཡོངས་སུ་བསྐུལ་བར་གྱུར་ཏོ། །དེ་སྐད་ཐོས་པའི་མོད་ལ་བྲམ་ཟེའི་ཁྱེའུ་དེ་སྔ་ན་མེད་པའི་སྤྲོ་བ་ མཆོག་གི་ཤིང་རྟ་ལ་འཛེགས་པར་བརྩམས་ཏེ་བྲམ་ཟེ་རྣམས་ཀྱི་རྣམ་པར་གཡེང་བའི་བྱ་བ་ཐམས་ཅད་དུག་ཅན་གྱི་བཟའ་བ་བཞིན་དུ་ཡོངས་སུ་སྤངས་ནས། དཔལ་གྱི་རི་ག་ལ་བ་དེར་སོང་ངོ༌། །སོང་ནས་ཀྱང་ཇི་ཙམ་ཞིག་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ བདག་པོ་ལག་ན་རྡོ་རྗེའི་གསང་བ་ཟབ་མོའི་ཆོས་ཀྱི་སྣོད་དང་ལྡན་པའི་མཆོག་ཏུ་མཁྱེན་ནས་རང་རིག་གཉིས་སུ་མེད་པའི་ཡེ་ཤེས་ལས་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་དག་མངོན་སུམ་དུ་བསྟན་ཏེ། དེ་ཉིད་དུ་དབང་བསྐུར་ནས་རྒྱུད་སྡེ་རིན་པོ་ཆེ་མཐའ་དག་གི་ལུང་ལེགས་པར་བྱིན་ནས་བྱིན་གྱིས་ བརླབས་པ་ལ་བརྟེན་ནས་དངོས་གྲུབ་རྣམས་ཀྱི་མཆོག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་ལེགས་པར་ཐོབ་ནས། བསྟི་བའི་གནས་དེ་ཉིད་དུ་ལོ་གྲངས་བརྒྱ་ཕྲག་འགའ་ཞིག་ཀྱང་བཞུགས་ཞེས་གྲགས་སོ། །དེ་ནས་ཀྱང་རབ་ཏུ་བྱུང་བ་ནི་བསྟན་པ་ཐམས་ཅད་ཀྱི་རྩ་བའོ་སྙམ་དུ་ཤྲཱི་ནཱ་ལེནྡྲཱ་ཞེས་བྱ་ བར་བྱོན་ནས་འཕགས་པ་གནས་བརྟན་པའི་སྡེ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོར་བསྒྲུབས་ནས། གནས་དེ་ཉིད་དུ་ལེགས་པར་གསུངས་པའི་ཆོས་འདུལ་བ་སྨྲ་བའི་མཁན་པོར་གྱུར་ནས་འགྲོ་བ་དཔག་ཏུ་མེད་པ་ཡང་ཆོས་འདུལ་བ་ལ་ཡང་དག་པར་གཟུང་ པར་བྱེད་ཅིང་ལོ་བརྒྱ་ཕྲག་འགའ་ཞིག་བརྒལ་བར་གྲགས་སོ། །དེ་ནས་འདི་སྙམ་དུ་སེམས་ཏེ་ཕྱག་རྒྱ་ཆེན་པོ་ཉིད་དུ་མྱུར་བར་འདོང་བར་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་སྤྲོས་པ་མེད་པའི་སྤྱོད་པ་ཉིད་དུ་དེ་བཞིན་གཤེགས་པས་རྗེས་སུ་བསྟན་པ་དེ་ལ་རྗེས་སུ་སློབ་པར་བགྱིའོ་སྙམ་པའི་འདུན་ པས་ཉེ་བར་བཟུང་ནས་རབ་ཏུ་བྱུང་བའི་བརྟུལ་ཞུགས་ལ་ཞེན་པ་སྤངས་ནས། མདའ་ཚོང་གི་བུ་མོ་དངོས་གྲུབ་ཀྱི་རྟེན་དུ་ཉེ་བར་བཟུང་ནས་རང་ཉིད་མདའ་མཁན་མཆོག་གི་ཆ་ལུགས་ཀྱིས་སྤྱོད་ནས། སེམས་ཅན་དཔག་ཏུ་མེད་པ་སྲིད་པ་ལས་བསྒྲལ་བ་ལ་ཡང་ལོ་གྲངས་བརྒྱ་ ཕྲག་འགའ་ཞིག་བརྒལ་བར་བཞུགས་ཏེ་མདོར་ན་ཛམྦུའི་གླིང་ན་ལོ་གྲངས་སྟོང་དང་ཉིས་བརྒྱ་རྫོགས་པར་བཞུགས་ནས། འཆོས་སྐྱོབ་ཀྱི་ཡོན་ཏན་ལྡན་པའང་དོ་ཧ་སྤྱོད་པའི་གླུ་ལ་སོགས་པ་མང་པོ་དག་ཀྱང་མ་འོངས་པའི་འགྲོ་བ་རྣམས་ཀྱི་ངོ་ན་གདམས་ཏེ། མཐར་ཡི་དྲགས<་དྭགས>ཀྱི་ དོན་དུ་རང་གི་པུར་སྦྱངས་པའི་དུད་པ་ཨིནྡྲ་ནཱི་ལ་ལྟ་བུའི་ངད་པས་ཀྱང་ཡི་དྭགས་ཀྱི་ཚོགས་མང་པོ་ལྷའི་འཇིག་རྟེན་དུ་སྐྱེ་བར་བྱིན་གྱིས་བརླབས་ནས་རང་ཉིད་ཕྱག་རྒྱ་ཆེན་པོ་ཉིད་དུ་བཞུད་དོ་ཞེས་བྱ་བ་འདི་དག་ནི་སྔོན་གྱི་མཁས་པ་རྣམས་ལ་གཏམ་དུ་ཡོངས་སུ་གྲགས་སོ། །དེ་ལྟ་བུའི་གྲུབ་པ་ ཆེན་པོ་དེ་ཉིད་ཀྱི་བྱིན་གྱིས་བརླབས་ཤིང་རྗེས་སུ་གདམས་པས་ཡོངས་སུ་གྲོལ་བའི་སློབ་མའི་རྩེ་མོར་གྱུར་པ་ནི་འཛམ་བུའི་གླིང་མཆོག་མཛེས་པར་བྱེད་པའི་རྒྱན་གྱི་གཙོ་བོ་དུས་གསུམ་གྱི་དངོས་པོ་མ་ལུས་པ་མཁྱེན་ཅིང་གཟིགས་ནས་ལུང་དུ་སྟོན་པའི་ཚད་མའི་སྐྱེས་བུ་ཆེན་པོ་ཤཱཀྱའི་རྒྱལ་ པོས་འཕགས་པ་ལངྐར་གཤེགས་པ་དང༌། འཇམ་དཔལ་རྩ་བའི་རྒྱུད། དང་པོའི་སངས་རྒྱས་ལ་སོགས་པའི་མདོ་སྡེ་དང་རྒྱུད་སྡེ་མང་པོ་ནས་བསྟན་པ་སྐྱོང་བའི་སྐྱེས་བུ་དམ་པ་ཉིད་དུ་ལུང་གི་ཕྲེང་བས་ཉེ་བར་བསྔགས་པའི་འཕགས་པ་ཀླུ་སྒྲུབ་སྟེ། དེའང་སྟོན་པ་མྱ་ངན་ལས་འདས་ ནས་བགྲང་གཞི་བཞི་བརྒྱ་ལོན་པ་ན། ལྷོ་ཕྱོགས་བཻ་དརྦྷའི་ཡུལ་ན་རིགས་རྣམས་ཀྱི་བླ་མར་གྱུར་པ་བྲམ་ཟེ་གཙུག་ཕུད་ཅན་ཞེས་བྱ་བའི་སྲས་སུ་སྐྱེ་བའི་ཟློས་གར་བསྒྱུར་བར་གྱུར་ཏོ། །དེ་ལྟ་ནའང་འཚོ་བ་ཤིན་ཏུ་ཐུང་བའི་མཚན་མ་ངན་པ་ཤར་བ་དེ་ཡོངས་སུ་བཟློག་པའི་བྱ་བ་རྣམས་ཀྱིས་བསྐྱེད་ བསྲིངས་ཏེ་དགུང་ལོ་བདུན་དུ་སོན་པ་ན་ཡབ་ཡུམ་ལས་གནང་བ་ཞུས་པར་རང་གྲོལ་དུ་བྱུང་ནས་དཔལ་ལྡན་རྒྱུན་སྟེར་ཞེས་བྱ་བའི་དྲིའི་གཙང་ཁང་གང་ན་བ་དེར་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་བཀའ་ལས་རབ་ཏུ་བྱུང་ནས། རིག་པ་སྔགས་ཀྱི་ རྒྱལ་མོ་མ་ཧཱ་མ་ཡཱུ་ར་ཞེས་བྱ་བའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་བསྐུར་བ་དང་རྗེས་སུ་གདམས་པ་བདུད་རྩི་ཟབ་མོས་ཡོངས་སུ་བྲན་ནོ། །དེའི་མོད་ལ་རབ་ཏུ་དགའ་བའི་ས་ལ་རེག་པའི་ཡོན་ཏན་མཐའ་དག་ལ་སྟོང་ཉིད་སྨྲ་བའི་སེང་གེར་གྱུར་ཏེ་ལོ་གྲངས་དྲུག་བརྒྱའི་བར་དུ་མི་ཤིགས་པའི་རྡོ་རྗེ་ ཆེན་པོ་ཉིད་དུ་བྱིན་གྱིས་བརླབས་སོ། །དེ་ལས་གཞན་ཡང་གསང་ཆེན་འདུས་པ་ལ་སོགས་པའི་གཞུང་དང་ཉེ་བར་བསྟན་པ་རྣམས་ཀྱང་མནོས་པ་དང༌། དབང་འབྱོར་ཞིང་ཆོས་ཉིད་དམ་པའི་བདེན་པ་མངོན་སུམ་གཟིགས་པས།སླར་ཡང་སྡེ་སྣོད་གསུམ་པོ་མ་ལུས་པ་འཛིན་པའི་བདག་ཉིད་ཆེན་ པོ་ཉིད་དུ་བསྒྲུབ་པའི་ཕྱིར། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ཡང་དག་པར་བསྒྲུབས་ནས་འབོད་ཕྱོགས་སུ་དགེ་སློང་དཔལ་ལྡན་ཞེས་བྱ་བའི་གྲགས་པས་རྒྱལ་བའི་བསྟན་པ་རྣམ་པར་བརྒྱན་པར་བྱས་སོ། །དེ་ནས་དཔལ་ནཱ་ལནྡཱར་དགེ་འདུན་གྱི་ཚོགས་ཆེན་པོ་རྣམས་ ཀྱི་ཞལ་ཏ་བ་ཉིད་ཀྱི་ཁུར་བླངས་ནས་གང་གི་ཚེ་དགེ་སློང་གི་དགེ་འདུན་ཆོས་ནས་འབྱུང་བཞིན་བྱེད་པ་རྣམས་ལ་ནི་རྗེས་སུ་བསྔགས་ཤིང༌། ཅིག་ཤོས་དེ་ལས་ལྡོག་པ་རྣམས་ནི་གནས་ལས་བསྐལ་པ་ལ་སོགས་པའི་བྱ་བས་བསྟན་པ་ཆོས་དང་མཐུན་པར་བསྐྱངས་པ་དང༌། དེ་བཞིན་གཤེགས་ པའི་སྐུའི་ཚད་ཀྱི་གཟུགས་བརྙན་བྱང་ཆུབ་ཆེན་པོ་ལ་སྲོག་ཆགས་ཀྱི་གནོད་པ་བསྲུང་བའི་ཕྱིར་རྡོ་རྗེའི་དྲྭ་མིག་གི་རྭ་བས་བསྐོར་བ་ལ་སོགས་པ་དང༌། སྐུ་གདུང་མཆོད་རྟེན་བྱེ་བ་བསྐྲུན་པ་ལ་སོགས་པས་དེ་བཞིན་གཤེགས་པའི་གཟུགས་བརྙན་དང་བསྟན་པར་བཅས་པ་ལ་རི་མོར་བགྱིས་པའི་ ཚུལ་འདི་ལ་འགྲན་ཟླར་འོས་པ་འགའ་ཡང་ཡོད་པར་མ་གྲགས་ཤིང༌། ཁྱད་པར་ཀླུའི་རྒྱལ་པོས་རང་གི་བསྟི་གནས་རིན་པོ་ཆེ་འབྱུང་བའི་ཕོ་བྲང་གང་ན་བ་དེར་སྤྱན་དྲངས་པ་ན། དེ་དག་གི་མོས་པ་དང་འཚམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས། རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་ཡི་གེ་ཉུང་ངུ་རྣམས་མི་ཡུལ་དུ་སྔོན་མེད་པ་ལ་སྤྱན་འདྲེན་པའི་ཕྲིན་ལས་ཀྱི་སྣང་བ་ཆེན་པོ་མཛད་པ་དང༌། སྐབས་ཤིག་ན་དགེ་སློང་བདེ་བྱེད་ཅེས་བྱ་བས་རྒྱལ་བའི་བསྟན་པ་ལ་རྨ་སྲོལ་བཏོད་པའི་ཆེད་དུ་བརྩམས་པ་བཀའི་དོན་ལ་ལོག་པར་བརྟག་པ་རིག་པའི་རྒྱན་ ཞེས་བྱ་བའི་གཞུང་འབུམ་ཕྲག་བཅུ་གཉིས་ཅན་བྱུང་བ་ཡང་འཕགས་པ་འདི་ཉིད་ཀྱི་དངོས་སྟོབས་རིགས་པའི་སྔགས་ཀྱིས་བཏབ་སྟེ་རྨ་མེད་པ་ཉིད་དུ་བདེ་བར་བཀོད་དོ། །ཁྱད་པར་སྟོབས་བཅུ་མངའ་བའི་དགོངས་དོན་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་རྒྱལ་པོ་མང་དུ་བསྐྲུན་པ་ནི། འདི་ ལྟ་སྟེ། ཕྱི་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་ལ་དམངས་ལ་གདམས་པ་སྐྱེ་བོ་གསོ་བའི་ཐིག་པ་དང༌། མཛངས་བློན་ལ་གདམས་པ་ཤེས་རབ་བརྒྱ་པ་དང༌། ས་བདག་ལ་གདམས་པ་དབུ་མ་རིན་པོ་ཆེའི་ཕྲེང་བ་དང༌། གཞན་ཡང་གསེར་འགྱུར་དང་སྤོས་སྦྱོར་དང༌། རྟེན་ཅིང་ འབྲེལ་པར་འབྱུང་བའི་རྩིས་དང༌། གསོ་བ་རིག་པ་ལ་སྦྱོར་བ་བརྒྱ་པ་ལ་སོགས་པ་དང༌། ནང་རིག་པའི་གནས་ཀྱི་བརྗོད་བྱ་གཙོ་བོར་སྟོན་པ་ལ། ལྟ་བ་གཏན་ལ་འབེབས་པ་དབུ་མ་ལ་རིགས་པའི་ཚོགས་རྣམ་པ་ལྔ་དང༌། བསྟོད་པའི་ཚོགས་བཅོ་བརྒྱད་དང༌། སྤྱོད་པ་གཏན་ལ་ འབེབས་པ་དང༌། མོད་ཀུན་ལས་བཏུས་པ་དང༌། ཐེག་པ་ཆེན་པོ་བློ་སྦྱོང་ངོ༌། །ཉན་ཐོས་ཀྱི་རིགས་སད་པར་བྱེད་པ་རྨི་ལམ་ཡིད་བཞིན་ནོར་བུ་དང༌། ཁྱིམ་པའི་སྤྱོད་པ་གཙོ་བོར་སྟོན་པ་དབུ་མ་བཤེས་པའི་སྤྲིང་ཡིག་དང༌། རབ་ཏུ་བྱུང་བའི་སྤྱོད་པ་གཙོ་བོར་སྟོན་པ་བྱང་ཆུབ་ཀྱི་ཚོགས་ལ་སོགས་ པ་རྣམས་སོ། །སྔགས་ཀྱི་ཕྱོགས་ལ། ལྟ་སྤྱོད་མདོར་བསྡུས་ཏེ་སྟོན་པ་རྒྱུད་ཀུན་ལས་བཏུས་པ་དང༌། ལྟ་བ་གཏན་ལ་འབེབས་པ་བྱང་ཆུབ་སེམས་འགྲེལ་དང༌། བསྐྱེད་རིམ་སྟོན་པ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་མདོ་བསྲེ་དང༌། དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང༌། རྫོགས་ པའི་རིམ་པ་སྟོན་པ་རིམ་པ་ལྔ་པ་ལ་སོགས་པ་རང་རྒྱུད་དུ་བརྩམས་པའི་བསྟན་བཅོས་མང་པོ་དང༌། གཞན་འགྲེལ་དུ་བཏབ་པ་ལའང་གསང་བ་འདུས་པའི་རྒྱུད་འགྲེལ་དང༌། སཱ་ལུ་ལྗང་པའི་མདོའི་ཚིགས་སུ་བཅད་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་དོ། །དེ་ལྟར་བགྲང་གཞི་བརྒྱ་ཕྲག་དྲུག་ གི་སྲིད་དུ་བསྟན་པ་ལེགས་པར་བསྐྱངས་ནས་མཐར་རྒྱལ་པོ་བདེ་སྤྱོད་ཀྱི་བུ་གཞོན་ནུ་ནུས་ལྡན་ཞེས་བྱ་བ་ཅིག་ལ་མས་གོས་བཟང་པོ་སྲུབ་མེད་པ་ཅིག་བྱིན་པས། འདི་བདག་གིས་རྒྱལ་སྲིད་འཛིན་པའི་དུས་སུ་གྱོན་ནོ་ཞེས་སྨྲས་པ་ལ། མས་ཁྱོད་ཀྱིས་རྒྱལ་སྲིད་འཛིན་པ་མི་འོང་སྟེ་ཡབ་དང་སློབ་ དཔོན་ཚེ་སྒྲུབ་དང་བཅུད་ལེན་སྟབས་སུ་བྱས་པ་ཡིན་པས། དེ་ལྟར་གྲུབ་སྟེ་སློབ་དཔོན་དང་སྲོག་གཅིག་པའི་ཕྱིར་རོ་ཞེས་སྨྲས་པས། དེས་ཕའི་རྒྱལ་སྲིད་ཐོབ་པའི་འདོད་གདུང་གིས་ཀུན་ནས་བསླངས་ཏེ། དཔལ་གྱི་རི་ལ་སློབ་དཔོན་གྱི་དྲུང་དུ་དབུ་བསླང་བའི་ཕྱིར་འོངས་པ་ན། སློབ་དཔོན་ གྱིས་ཇི་ལྟར་འདོད་པ་བཞིན་ཆོད་ཅིག་ཅེས་བཀའ་སྩལ་པ་དང༌། དེས་རལ་གྲི་ཤིན་ཏུ་རྣོ་བས་བཅད་པས་ཆད་པར་མ་གྱུར་ཏོ། །དེའི་ཚེ་སློབ་དཔོན་གྱིས་དེ་ལ་སྨྲས་པ། ང་ཉིད་སྔོན་དགེ་འདུན་གྱི་ཞལ་ཏ་བར་གྱུར་པའི་ཚེ་སྨྱུག་མ་ཞིག་བཅད་པས་སྐྱེ་བ་བཅད་པའི་ལྟུང་བྱེད་བྱུང་བའི་ལས་ཀྱི་ལྷག་མ་ ཡོད་པས། སྨྱུག་མའི་ཤུན་ལྤགས་ཀྱིས་བྲེག་པར་བསྒོ་བ་ན། དེས་ཀྱང་དེ་བཞིན་དུ་བྱས་པས་ཆད་པར་གྱུར་པའི་སྐེ་མཚམས་ནས། ང་ནི་བདེ་བ་ཅན་གྱི་འཇིག་རྟེན་དུ། །སོང་ནས་ལུས་འདི་ལ་ཡང་འཇུག་པར་འགྱུར། །ཞེས་བྱ་བའི་ཚིགས་སུ་བཅད་པའི་གདངས་ སྙན་པ་པི་ཝང་གི་སྒྲ་ལྟ་བུ་བྱུང་བར་གྱུར་ཏོ། །དེ་ནས་དེས་དབུ་བླངས་ཏེ་སོང་བས་ལམ་དུ་མཁའ་འགྲོ་མ་རྣམས་ཀྱིས་ཕྲོགས་ཏེ་དཔག་ཚད་གཅིག་གི་སར་དོར་རོ། །སླར་ཡང་རིང་ཞིག་ལོན་པ་ན་ལོ་རེ་བཞིན་དུ་དབུ་དང་སྐུ་ལུས་རིམ་གྱིས་ཉེ་བར་སོང་ནས་མཐར་སྔ་མ་བཞིན་དུ་འབྱར་བར་གྱུར་པ་དང༌། སེམས་ ཅན་གྱི་དོན་མཛད་དོ་ཞེས་གྲག་གོ །འཕགས་པ་དེ་ཉིད་ཀྱིས་ལེགས་པར་གསུངས་པའི་བདུད་རྩིས་ཉེ་བར་བསྐྱེད་པའི་སྲས་ཀྱི་ཐུ་བོ་རྣམ་པ་བཞིའི་ཡ་གྱལ་དུ་གྱུར་པ། ཛམྦུའི་གླིང་འདིར་མཛེས་པར་བྱེད་པའི་རྒྱན་གཉིས་པ་ནི། སློབ་དཔོན་ཨཱརྻ་དེ་ཝ་སྟེ་དེའང་འཇམ་དཔལ་རྩ་བའི་རྒྱུད་ལས། གཞན་ཡང་རབ་བྱུང་དམ་པ་ནི། །སིངྒ་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང༌། །སིངྒ་ལ་ཡི་གླིང་ན་གནས། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་དབྱུང༌། །ཞེས་པ་ངེས་པའི་དོན་གྱི་ལུང་གིས་ཇི་ལྟར་མངོན་པར་སྔགས་པའི་སྐྱེས་ བུ་ཆེན་པོ་དེ་ཉིད་ནི། ཡུལ་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲིངྒ་ར་ཞེས་བྱ་བའི་སྐྱེད་མོས་ཚལ་གྱི་ལྡུམ་ར་མེ་ཏོག་དང་པདྨའི་རིགས་རྣམ་པ་སྣ་ཚོགས་པས་ཀུན་ནས་ཡིད་དུ་འོང་བར་བྱས་པ་ཞིག་ཡོད་དེ། དེར་པདྨ་གཞན་རྣམས་ནི་ཉིན་མོའི་དུས་སུ་ཁ་འབྱེད་ཅིང་མཚན་མོར་ཟུམས་ནས་དུད་ཅིང་ གནས་པ་ལ། དེའི་ནང་ན་པདྨའི་གོང་བུ་གཅིག་ནི་རིང་མོ་ཞིག་ནས་རྟག་ཏུ་ཟུམས་ཤིང་ཁ་འབྱེ་བར་མི་འདོད་པ་བཞིན་དུ་གནས་སོ། །དེ་ཚེ་ལྡུམ་ར་བ་དེས་སའི་བདག་པོ་དེའི་ཐད་དུ་ཕྱིན་ཏེ་ཇི་ལྟར་གནས་པ་དེ་བཞིན་དུ་ཞུས་པ་དང༌། དེས་ཅུང་ཟད་ཅིག་བརྟགས་ནས་སྨྲས་པ། བཞིན་བཟང་ དེ་ནི་རིགས་སྲས་ཁྱད་པར་ཅན་ཞིག་བལྟམས་པའི་ལྟས་སུ་མངོན་ན་ལེགས་པར་གཉེར་བ་གྱིས་ཤིག་ཅེས་བསྒོས་སོ། །དེ་ནས་ནམ་ཞིག་དུས་ལ་བབ་པ་ན་པདྨ་དེ་ཡིད་དུ་འོང་བའི་འདབ་མ་བརྒྱ་སྟོང་དུ་ཁ་བྱེ་བའི་སྦུབས་ན་མིའི་ཁྱེའུ་མཚན་ཐམས་ཅད་དང་ལྡན་ཞིང་འོད་ཟེར་འབར་བ་ཞིག་བཙས་སོ། ། བཙས་མ་ཐག་ནས་རྒྱལ་པོ་དེ་དགའ་བ་དང་ངོ་མཚར་བ་ལྷན་ཅིག་ཏུ་བྱུང་སྟེ་རང་གི་བུར་བཟུང་ནས་མཐུན་པའི་ཡོ་བྱད་མང་པོ་དག་གིས་བསྙེན་བཀུར་བའི་སྒོ་ནས་བསྐྱེད་དུ་བསྲིངས་སོ། །དེ་ནས་ཁྱེའུ་དེ་ཆེར་སོན་པ་དང་མཁན་པོ་མ་ཧེ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་དགེ་སློང་གི་ དངོས་པོར་བསྒྲུབས་ནས་མཚན་ཨཱརྻ་དེ་ཝ་ཞེས་བྱ་བ་གསོལ་ཏེ་ལྷ་དང་བཅས་པའི་འཇིག་རྟེན་ན་གྲགས་པའི་ཟླ་འོད་རྣམ་པར་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་ཀླུ་སྒྲུབ་ཅན་དུ་བྱོན་ནས། རྒྱལ་བའི་མྱུ་གུ་ཀུན་གྱིས་བསླབ་པར་བྱ་བ་རིག་པའི་གནས་རྣམ་པ་ལྔ་ཡན་ལག་དང་བཅས་པ་དང༌། ཕྱི་དང་ནང་གི་གྲུབ་པའི་མཐའ་མ་ལུས་པ་ལ་བསྙེངས་པ་མེད་པའི་སྦྱངས་པ་རྒྱ་མཚོའི་ཕ་རོལ་དུ་སོན་པར་མཛད་དེ། སྨྲ་བའི་དབང་ཕྱུག་ཀུན་གྱི་གཙུག་གི་རྒྱན་དུ་གྱུར་ཏོ། །ཅི་ཙམ་ན་དུས་གཞན་ཞིག་ཏུ་མུ་སྟེགས་ཀྱི་སྟོན་པ་རྟ་དབྱངས་ཞེས་བྱ་བ་རང་གི་འདོད་པའི་ལྷ་གཙུག་ན་ཟླ་བ་བསྒྲུབས་པས། དེའི་ ཞལ་བསྟན་པ་ལ་ཕྱོགས་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་ཞུས་སོ། །དེས་ཀྱང་མངལ་སྐྱེས་སུ་གཏོགས་པ་གང་གིས་ཀྱང་ཐུབ་པ་མེད་པའི་དངོས་གྲུབ་བྱིན་ནོ། །དེ་ནས་བརྩམས་ཏེ་སངས་རྒྱས་ཀྱི་བསྟན་པ་ཡོད་པའི་ཕྱོགས་ཀུན་ཏུ་ཉུལ་ཞིང་རྩོད་པའི་སྒོ་ནས་སངས་རྒྱས་པའི་ཐེག་པ་སྨྲ་བ་མང་པོ་ ཕམ་པར་བྱས་ནས་ཕལ་ཆེར་མུར་འདུག་པའི་གྲུབ་མཐའ་ལ་སྦྱར་ཏོ། །སླར་ཡང་ང་རྒྱལ་ཆེར་སྐྱེས་ནས། ཤྲཱི་ནཱ་ལེནྡྲཱ་ཞེས་བྱ་བ་མཁས་པ་ཐམས་ཅད་ཀྱིས་བསྟི་བའི་གནས་ག་ལ་བ་དེར་སོང་ལ་རྣམ་པར་རྒྱལ་བར་བྱའོ་སྙམ་དུ་འོངས་ནས། དེར་རང་རང་གི་བསྟན་པ་རྒྱལ་བའི་རུ་མཚོན་དུ་བཙུགས་ཏེ་ རྩོད་པར་བྱའི་དུས་ཐོབ་ཅིག་ཅེས་སྨྲས་པ་ལ། ནང་པའི་པཎྜི་ཏ་རྣམས་ཀྱིས་གཞན་གྱིས་ཐུབ་པར་དཀའ་བ་ཤེས་ནས། དཔལ་གྱི་རི་ལས་འཕགས་པ་འབྱོན་པའི་ཡུན་ཇི་སྲིད་དང་རྗེས་སུ་འཚམ་པར། ཉིན་ཞག་སུམ་ཅུ་ནས་རྩོད་པའི་དུས་བཏབ་བོ། །དེའི་བར་ལ་ཀླུ་སྒྲུབ་ཡབ་སྲས་དཔལ་གྱི་རི་ ནས་སྤྱན་འདྲེན་པའི་འཕྲིན་ཡིག་ཆོས་སྐྱོང་བ་རྣམས་ལ་བཅོལ་བས་བྱ་རོག་གི་རྣམ་པ་ཅན་གྱིས་བྱུང་ཞིང་ཡི་གེ་བླངས་ནས་འཕགས་པའི་མདུན་དུ་བསྐྱལ་ལོ། །འཕགས་པས་དེ་ཉིད་གཟིགས་པའི་འཕྲལ་དེ་ལ་འབྱོན་པར་བརྩམས་པ་དང༌། ཨཱརྻ་དེ་ཝས་གསོལ་པ། འཕགས་པ་ཉིད་འབྱོན་པར་ མི་འཚལ་གྱིས། བདག་ཅག་གིས་འདུལ་བར་ཞལ་གྱིས་འཆེས་སོ། །སློབ་དཔོན་གྱིས་ཀྱང་དེས་འདུལ་བའི་སྐལ་བ་ཡོད་པར་མཁྱེན་ནས་གནང་བ་སྩལ་ཏེ་བྱོན་པ་དང༌། ལམ་ཁ་ཞིག་ཏུ་ལྗོན་པའི་ལྷ་མོ་ཞིག་གིས་འཕགས་པའི་སྤྱན་བསླང་དུ་བྱུང་བ་ལ། ཨུཏྤལ་ རྒྱས་པའི་འདབ་མ་ལ་ཅོ་འདྲིར་བྱེད་པའི་དབང་པོའི་དྭངས་མ་ཡ་གཅིག་དེ་ལ་བྱིན་ནོ། །དེ་ནས་མཐར་གྱིས་ནཱ་ལེནྡྲཱར་བྱོན་ཏེ། ཐོག་མར་དྲིས་ལན་བླན་པའི་སྒོ་ནས་ང་རྒྱལ་གྱི་རི་བོ་རྣམ་པར་བསྙིལ་ལོ། །དངོས་གཞིའི་དུས་སུ་རྩོད་པའི་གྲལ་རིམ་སོ་སོར་འཁོད་པ་ལ། དེས་དེ་ལ་མིག་གཅིག་པ་ འདི་ཅི་སྨྲ་ཞེས་དྲིས་པ་ལ། འཕགས་པས། དྲག་པོ་མིག་གསུམ་ལྡན་ཡང་དེ་ཉིད་མཐོང་བ་མེད། །བརྒྱ་བྱིན་མིག་སྟོང་ལྡན་ཡང་དེ་ཉིད་མཐོང་བ་མེད། །ཨཱརྻ་དེ་ཝ་མིག་གཅིག་པོ་ནི་གང་ཡིན་དེས། །སྲིད་པ་གསུམ་པོ་མ་ལུས་པ་ཡི་དེ་ཉིད་མཐོང༌། །ཞེས་བྱ་བ་ལ་སོགས་པས་ཐོག་དྲངས་ཏེ་ སྒྲུབ་པ་དང་སུན་འབྱིན་པའི་ཚིག་གི་མེ་ལྕེ་རབ་ཏུ་མཆེད་པས་གཞུང་ལུགས་ངན་པའི་ཚང་ཚིང་མ་ལུས་པ་བསྲེགས་ཏེ། ཐུགས་རྗེ་དཔག་ཏུ་མེད་པའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་ལ་རྗེས་སུ་བཟུང་ཞིང་འགྲན་ཟླས་དབེན་པའི་པཎྜི་ཏ་ཆེན་པོ་ཉིད་དུ་བྱིན་གྱིས་བརླབས་སོ། །དེ་ལ་སོགས་ པའི་སྒོ་ནས་བསྟན་པ་སྐྱོང་བའི་བུ་སློབ་ཀྱི་ཚོགས་ཀྱང་བགྲང་ལས་འདས་པ་བསྐྲུན་པ་དང་ཐམས་ཅད་མཁྱེན་པས་ལུང་བསྟན་པ་དང་རང་གི་སྨོན་ལམ་ཇི་ལྟར་བཏབ་པའི་འབྲས་བུ་ཡོངས་སུ་སྨིན་པར་མཛད་དོ། །སྐབས་ཀྱི་དོན་ལ་བརྩམས་པའི་བསྟན་བཅོས་ཀྱི་སྒོ་ནས་བསྟན་པ་གསལ་བར་མཛད་པའི་ ཚུལ་ནི། མཐའ་བྲལ་གྱི་དོན་རྒྱས་པར་སྟོན་པ་དབུ་མ་བཞི་བརྒྱ་པ་དང༌། བསྡུས་ཏེ་སྟོན་པ་དབུ་མ་ལག་པའི་ཚད་དང༌། དེ་ལ་རྩོད་པ་སྤོང་བ་དང༌། འཁྲུལ་པ་བཟློག་པའི་གཏན་ཚིགས་གྲུབ་པ་དང༌། མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ། སྔགས་ཀྱི་ཕྱོགས་ལ་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་ལ། མདོ་རྒྱུད་རྟོག་པའི་ལུང་དང་བསྲེས་ནས་སྒྲུབ་པ་སྤྱོད་པ་བསྡུས་པའི་སྒྲོན་མ་དང༌། རིགས་པས་གྲུབ་པ་སེམས་ཀྱི་སྒྲིབ་སྦྱོང་དང༌། སྨིན་བྱེད་དབང་གི་ཆོ་ག་ལ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་དང༌། བསྐྱེད་ པའི་རིམ་པ་སྟོན་པ་རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་དང༌། ཡེ་ཤེས་མཁའ་འགྲོ་མའི་སྒྲུབ་ཐབས་དང་གཏོར་མའི་ཆོ་ག རྫོགས་པའི་རིམ་པ་སྟོན་པ་ཤིང་གཅིག་གི་དཀའ་འགྲེལ་ལ་སོགས་པ་རྣམས་མཛད་དོ། །སློབ་དཔོན་ཀླུའི་བྱང་ཆུབ་ནི་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ཉེ་བར་གནས་པར་གྱུར་པ་ན་ཚོད་ མཐར་ཕྱིན་པ་ཞིག་ཡོད་པ་དེ་ནམ་ཞིག་ཤི་འཕོས་ནས། ཕྱུགས་སྐྱོང་གི་རིགས་ཀྱི་སྐྱེ་བའི་སྡོང་བུ་ཡོངས་སུ་བཟུང་ནས་ལང་ཚོའི་མེ་ཏོག་ཁ་བྱེ་ནས་རིང་ཞིག་ཏུ་མ་ཧེ་འཚོ་བའི་བརྟུལ་ཞུགས་ལ་གནས་སོ། །དེའི་ཚེ་སྔོན་གྱི་བག་ཆགས་བཟང་པོའི་གྲོགས་ཀྱིས་སེམས་ཀྱི་རྒྱུད་ཡོངས་སུ་བསྐུལ་ཏེ་འཕགས་པ་ཀླུ་སྒྲུབ་ཅན་དུ་བྱོན་ཏེ། འཕགས་པ་ལ་བདག་ཅག་འཁོར་བས་ཤིན་ཏུ་སྐྱོ་བར་གྱུར་པས་སྒོམ་བྱེད་པར་འཚལ་ལོ་ཞེས་ཞུས་པ་དང༌། སློབ་དཔོན་གྱིས་དང་པོ་མ་ཧེ་བསྒོམ་དུ་བཅུག་གོ །དེ་ནས་མི་དཀར་པོ་དང་དེ་ཡང་སྙིང་ལ་འཇུག་པའི་གདམས་པ་རྣམས་རིམ་གྱིས་བསྟན་པས་བདེན་ པ་མཐོང་ངོ༌། །དེ་ནས་དམ་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་མཚན་ཀླུའི་བྱང་ཆུབ་ཅེས་བྱ་བར་བཏགས་སོ། །སླར་ཡང་གསང་ཆེན་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གདམས་པ་བྱིན་པས། འཆི་མེད་རྟག་པར་འཚོ་བའི་དངོས་གྲུབ་བརྙེས་ནས་དཔལ་གྱི་རིར་གནས་ཤིང་སེམས་ཅན་རྣམས་ ཀྱི་དོན་མཛད་ཅེས་གྲགས་སོ། །སློབ་དཔོན་དེ་ཉིད་ཀྱིས་བརྩམས་པའི་བསྟན་བཅོས་ནི་དཀྱིལ་འཁོར་གྱི་ཆོ་ག་ཉི་ཤུ་པ་དང༌། སྦྱིན་སྲེག་དང༌། རྣམ་གཞག་རིམ་པ་དང༌། ལས་མཐའ་རྣམ་འབྱེད་དང༌། རིག་པ་ཁོང་བསྡུ་ལ་སོགས་པ་རྣམས་སོ། །དཔལ་འཕགས་པ་ལྷས་བྱིན་གྱིས་བརླབས་ཤིང་ རྗེས་སུ་གདམས་པའི་སློབ་མ་ནི། འཇམ་དཔལ་རྩ་བའི་རྒྱུད་ལས། དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ན་འབྱུང་འགྱུར་བ། །མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །ཇི་ལྟར་ཡོན་ཏན་བཟང་པོ་ནི། ། ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །ཀུན་ནས་སེམས་ནི་རབ་དང་ཞིང༌། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །བསྒྲུབ་དཀའ་སྔགས་ནི་རབ་གྲུབ་ཅིང༌། །འཇམ་པའི་དབྱངས་ཀྱི་དེ་བཞིན་ནོ། །ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །ཞེས་བྱ་བ་ནས། ཐམས་ཅད་མཁྱེན་པའི་བྱང་ཆུབ་ཐོབ། །ཅེས་པའི་བར་གྱིས་ལུང་བསྟན་པའི་མཁོལ་ནི། ཤར་ཕྱོགས་ ཀྱི་ཡུལ་གྲུ་ན་བྲམ་ཟེའི་རིགས་སུ་སྐྱེས་ཤིང༌། གཞོན་ནུའི་དུས་ནས་སྒྲ་ཚད་ལ་མཁས་པར་སྦྱངས་སོ། །དེར་དེའི་མ་སངས་རྒྱས་པ་ལ་དད་པས་ནང་པའི་གྲུབ་མཐར་གཟུད་པར་འདོད་ཀྱང༌། ཕའི་དབང་དུ་སོང་ནས་ཕྱི་རོལ་པའི་གྲུབ་མཐར་སྦྱར་བ་དང་དབང་ཕྱུག་བསྒྲུབས་པས་ ཞལ་གཟིགས་ཤིང་མངལ་སྐྱེས་ཐམས་ཅད་ཀྱིས་མི་ཐུབ་པར་གྱུར་ཅིག་ཅེས་པའི་སྨོན་ལམ་བཏབ་ནས་དེའི་གྲོགས་སུ་སྒྲ་ཚད་ལ་མཁས་པ་སྲིང་མོ་པཎྜི་ཏ་དང༌། ནེ་ཙོ་པཎྜི་ཏ་དང༌། བསྒྱུར་བ་ཙམ་གྱིས་རྩོད་པའི་ཡི་གེ་རང་བྲིས་སུ་འབྱུང་བའི་ཐོད་ལེ་ཀོར་རྣམས་དངོས་གྲུབ་ཏུ་བྱིན་ནོ། །དེ་གསུམ་གྱིས་མ་ཐུབ་ན་ དབང་ཕྱུག་རང་ཉིད་སྙིང་ལ་ཞུགས་ནས་བྱིན་གྱིས་བརླབས་པར་ཁས་འཆེས་སོ། །དེས་རྒྱ་གར་ཤར་ཕྱོགས་ནས་རིམ་པ་བཞིན་དུ་རྩོད་པས་སུས་ཀྱང་མ་ཐུབ་པར་ཨཱརྻ་དེ་ཝས་ཕམ་པར་བྱས་པས་སྐྱོ་ནས་གངྒཱར་ལྕེབ་པར་བརྩམས་པ་ན། སློབ་དཔོན་འཕགས་པས་སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཡོད་ པའི་ལྷ་ཁང་དུ་བཅུག་གོ །དེར་སྨོན་ལམ་གྱི་དབང་གིས་གླེགས་བམ་ལ་བལྟས་པས་རང་གི་ལྟ་བ་ནོར་བར་གོ་སྟེ། རྒྱུ་འབྲས་ལ་སྐུར་པ་བཏབ་པ་དྲན་ཏེ་འགྱོད་ཅིང་ཉེས་པ་ལྕེ་འདིས་བྱས་སོ་ཞེས་རང་གི་ལྕེ་གཅོད་པའི་ཕྱིར་སྤུ་གྲི་བླངས་པས་དེ་ལྟར་བགྱིད་དུ་མ་སྟེར་བའི་ནུབ་མོ་དེར་རྨི་ལམ་དུ། སྔར་བྱས་པའི་ སྡིག་པ་ལ་འགྱོད་པ་སྐྱེས་ཀྱང་སྡིག་པ་མ་བྱེད། ད་ནང་པའི་བསྟན་པ་ལ་ཞུགས་ནས་ལས་འབྲས་སྟོན་པའི་བསྟན་བཅོས་བརྩམས་ན་སྡིག་པ་འདག་གོ་ཞེས་ལུང་བསྟན་བྱུང་ངོ༌། །དེ་ནས་མདོ་དྲན་པ་ཉེར་གཞག་ལ་སོགས་པ་ལ་བརྟེན་ནས་ལས་འབྲས་སྟོན་པའི་བསྟན་བཅོས་བརྩམས་སོ། །དེ་ནས་ ཨཱརྻ་དེ་ཝའི་བཀའ་ལས་རབ་ཏུ་བྱུང་བའི་སྡོམ་པ་ལ་གནས་ཤིང་གདམས་ངག་ཉམས་སུ་བླངས་པས་དངོས་གྲུབ་བརྙེས་སོ། །དེ་ནས་བརྩམས་པའི་བསྟན་བཅོས་ཀྱི་སྒོ་ནས་རྒྱལ་བའི་བསྟན་པ་ཉིན་མོ་ལྟར་མཛད་པའི་ཚུལ་གཞན་ཡང༌། ཡན་ལག་བརྒྱད་པ་ཆེན་པོ་དང༌། ཡན་ལག་བརྒྱད་པ་ལ་ འཇུག་པ་དང༌། སྙིང་པོ་བསྡུས་པ་དང༌། ཡན་ལག་བརྒྱད་པ་བསྡུས་པ་སྟེ་བཞི་དང༌། སངས་རྒྱས་ཀྱི་སྐྱེས་རབས་སོ་བཞི་པ་དང༌། སངས་རྒྱས་ཀྱི་མཛད་པ་སྙན་དངགས་ཆེན་པོ་ལ་སྦྱར་བ་དང༌། བྱང་ཆུབ་ཀྱི་སེམས་བསྒོམ་པའི་མན་ངག་གཉིས་དང༌། མི་དགེ་བ་བཅུ་དང་དགེ་བ་བཅུ་བསྟན་པ་ དང༌། རྩ་ལྟུང་བཅུ་བཞི་དང༌། བླ་མ་ལྔ་བཅུ་པ་དང༌། བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སོགས་པའི་བསྟོད་པའི་རིགས་མང་པོ་མཛད་དོ། །མཁས་པ་ཆེན་པོ་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་ཀྱི་ཡུལ་གྲུ་ས་མནྟར་སྐུའི་སྐྱེ་བ་ཡོངས་སུ་བཟུང་སྟེ། དེའང་གཟུགས་བཟང་ཞིང་ལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ། འགྲོ་བ་ཀུན་གྱི་ཡིད་དང་མིག་འཕྲོག་པར་བཟོད་པ་ཅིག་ཏུ་གྱུར་ཏེ། ཆེར་སོན་པ་ན་མདོ་རྒྱུད་ཀྱི་དོན་མ་ལུས་པར་སྦྱངས་ཤིང༌། ཁྱད་པར་དབུ་མ་ཐལ་འགྱུར་གྱི་སྲོལ་འབྱེད་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལས་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་མཉན་པས་ དགོངས་དོན་ཕྱིན་ཅི་མ་ལོག་པར་མཁྱེན་ནོ། །འདིར་ཁ་ཅིག་ཟླ་བ་གྲགས་པས་ཀླུ་སྒྲུབ་ཀྱི་ཞབས་མ་ཟིན་ཏེ། འཇུག་པ་རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཞེས་སོགས་འབྱུང་ བའི་གཏན་ཚིགས་ཀྱིས་ཀླུ་སྒྲུབ་ནི་སྟོན་པ་འདས་ནས་ལོ་བཞི་བརྒྱ་ནས་བྱོན་ཏེ་ལོ་དྲུག་བརྒྱར་བཞུགས་པ་དང༌། ཐོགས་མེད་དགུ་བརྒྱ་ནས་བྱོན་ཏེ་ལོ་བརྒྱ་དང་ལྔ་བཅུར་བཞུགས་པར་བཤད་པ་ལྟར་ན། དེའི་སྐུ་ཚེའི་སྨད་ཀྱི་སློབ་མ་དབྱིག་གཉེན་ཡིན་པས། ཟླ་བ་གྲགས་པའི་དུས་སུ་དབྱིག་གཉེན་ལ་སོགས་ པའང་མི་བཞུགས་པ་གྲུབ་པའི་ཕྱིར་རོ་ཞེས་འདོད་མོད། གསང་བ་འདུས་པའི་འགྲེལ་པ་སྒྲོན་མ་གསལ་བ་ལས། སངས་རྒྱས་ཀུན་གྱི་རིམ་གཉིས་གནས་ཀྱི་རྒྱས་བཏབ་སྟེ། དེ་ནི་ཀླུ་ལས་རྙེད་པ་དཔལ་ལྡན་རྡོ་རྗེ་སེམས་དཔར་བརྒྱུད་དེ་ཟླ་བ་གྲགས་པར་རིམ་བཞིན་བཤད་ཅེས་དང༌། པཎྜི་ཏ་སྐལ་ ལྡན་གྲགས་པས་དེ་ནི་དཔལ་ལྡན་ཀླུ་སྒྲུབ་ལས་རྙེད་པ་ཞེས་སྨོས་ཏེ། དེ་ནི་དཔལ་ལྡན་ཀླུ་སྒྲུབ་ཞལ་སྔ་ནས་ཀྱི་དངོས་ཀྱི་སློབ་མ་ཉིད་དུ་སོ་སོར་སྟོན་གྱི་བརྒྱུད་པས་ནི་མ་ཡིན་ནོ་ཞེས་དང༌། དོ་ཧ་མཛོད་ཀྱི་ཊཱི་ཀ་ལས་ཀྱང༌། ཟླ་གྲགས་ཀྱིས་ཀླུ་སྒྲུབ་ལས་མན་ངག་དངོས་སུ་ཐོབ་ཅིང༌། མཐར་དབུ་ སྦྱིན་པ་བཏང་ནས་བདེ་བ་ཅན་དུ་གཤེགས་པའི་ཚེ་ཀླུ་བྱང་དང༌། ཨཱརྻ་དེ་ཝ་དང༌། ཟླ་གྲགས་གསུམ་གྱིས་གསོལ་བ་བཏབ་པས། སྐུ་ཅི་འདྲ་བའི་འོད་ཀྱིས་ལུས་སྣང་བར་བྱས་ནས། གར་ཡང་མ་རྟོག་ཅིར་ཡང་མ་སེམས་པར་ཞེས་སོགས་ཀྱི་གདམས་པ་གནང་བ་དང༌། དེའི་ཚེ་ཨཱརྻ་དེ་ཝས། འགྲོའོ་ཨཱརྻ་དེ་ཝ་འགྲོ། །འོད་ལུས་དག་པའི་ཞིང་དུ་འགྲོ། །སོང་ཅིག་ནཱ་ག་བོདྡྷི་སོང༌། །བྱ་རྐང་ཅན་དུ་འཕུར་ཏེ་སོང༌། །སོང་ཅིག་ཟླ་བ་གྲགས་པ་སོང༌། །དཔལ་གྱི་རི་ལ་རྟོག་མེད་སོང༌། །ཞེས་གསུངས་ཤིང་ཟླ་བ་གྲགས་པས། ཆད་དོ་ཟླ་བ་གྲགས་པ་ཆད། །ཀླུ་སྒྲུབ་གཤེགས་ པས་ལམ་མཁན་རྒྱུ་ཐག་ཆད། །མ་བཅོས་སྐྱེ་མེད་ཆོས་ཀྱི་རྒྱུན་ཐག་ཆད། །ཡིད་ལ་མི་བྱེད་ཆོས་ཀྱི་རྒྱུན་ཐག་ཆད། །ཅེས་གསུངས་ནས་དཔལ་འབྲས་སྤུངས་ཀྱི་རི་ལ་བཞུགས་ཞེས་བཤད་པའི་ཕྱིར་རོ་ཞེས་འབྱུང་སྟེ་ཞར་ལས་བྱུང་བའི་འཕྲོས་སོ། །སློབ་དཔོན་འདི་ནི་སྐུའི་སྐྱེ་བ་ལྔ་བརྒྱར་རྗེ་བཙུན་ འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པར་གྲགས་ཤིང༌། དེ་ཁོ་ན་ཉིད་ཀྱི་དོན་ལ་ཐུགས་གཞོལ་བས་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་རྫུན་པར་མཉམ་ཞེས་གསུངས་པ་ན། གཞན་དག་ན་རེ། འོ་ན་དངོས་པོའི་བ་ལས་འོ་མ་འབྱུང་བ་བཞིན་དུ། རི་མོར་བྲིས་པའི་བ་ལས་ཀྱང་འོ་མ་འབྱུང་ངམ་ཞེས་ སྨྲས་པ་ལ། སློབ་དཔོན་གྱིས་དེ་བཞིན་ནོ་གསུངས་ནས་རི་མོར་བྲིས་པའི་བ་ལས་འོ་མ་བཞོས་སོ། །ཡང་དོན་དམ་དུ་སྟོང་པར་མཉམ་ཞེས་གསུངས་པ་ན། འོ་ན་རྡོའི་ཀ་བ་འདི་སྟོང་པ་ཡིན་ནམ་ཞེས་སྨྲས་པ་ལ། དེ་བཞིན་ནོ་གསུངས་ནས། རྡོའི་ཀ་བ་ལས་ཕྱག་ཐལ་བྱུང་མཛད་པ་ལ་སོགས་ པའི་སྒོ་ནས་གཞན་དག་བདེན་པར་ཞེན་པ་ལས་བཟློག་པའི་མཛད་པ་མང་པོས་ངོ་མཚར་མིག་གི་དགའ་སྟོན་གསར་པ་མང་དུ་ངོམ་པར་མཛད་དོ། །ནམ་ཞིག་ན་ཕྱི་རོལ་ན་འགྲོ་བ་མང་པོ་ལ་ཆོས་འཆད་ཅིང་བཞུགས་པ་དང༌། སློབ་དཔོན་ཙནྡྲ་གོ་མི་དང་ཆོས་བགྲོ་བར་མཛད་པས། ཙནྡྲ་གོ་མིས་དྲིས་ལན་ཐམས་ ཅད་ཐོགས་པ་མེད་པར་ལྡོན་པ་མཛད་དོ། །ཁྱད་པར་ཙནྡྲ་གོ་མིས་སྤྱན་རས་གཟིགས་ཀྱི་རྡོ་སྐུས་མཛུབ་མོ་གཡོབ་ཅིང༌། སློབ་དཔོན་གྱིས་སློབ་མར་སྟོན་པ་བཞིན་རིག་པ་བསླབ་པར་མཐོང་ནས་ཟླ་བ་གྲགས་པས་འཕགས་པ་ཉེ་རིང་མངའ་འམ། ཁོང་ལ་ཞལ་སྟོན་པ་ལྟར་བདག་ལའང་བསྟན་དུ་གསོལ་ ཞེས་ཞུས་པས། དེའི་མཚན་མོ་རྨི་ལམ་དུ་བྱོན་ནས། ཁྱོད་འཇམ་དཔལ་གྱིས་བྱིན་གྱིས་བརླབས་པའི་མཁས་པ་ཡིན་པས་བྱིན་གྱིས་བརླབས་མི་དགོས་ལ། ཙནྡྲ་གོ་མི་ལ་ངས་ཅུང་ཟད་ཅིག་བྱིན་གྱིས་བརླབས་པ་ཡིན་གྱི་གསུང་ངོ༌། །སད་པ་དང་དེ་ལྟར་ལགས་ཀྱང་ཞལ་སྟོན་པར་ཞུ་ཞུས་པས་ཞལ་མངོན་ སུམ་བསྟན་ནོ། །དེའི་ཚེ་འཕགས་པ་བདག་གི་སྤྱི་བོར་བཞག་ནས་སེམས་ཅན་ཐམས་ཅད་ལ་བསྟན་པར་བྱ་སྙམ་ནས་སྤྱི་བོར་ཁུར་ཏེ་གྲོང་ཁྱེར་བ་རྣམས་ལ་ངའི་སྤྱི་བོ་ན་འཕགས་པ་སྤྱན་རས་གཟིགས་བཞུགས་པས། ཐམས་ཅད་ཀྱིས་ཕྱག་དང་མཆོད་པ་གྱིས་ཤིག་ཅེས་བསྒྲགས་པས། ལ་ལས་ནི་ཅི་ཡང་ མ་མཐོང་ངོ༌། །ལ་ལས་ནི་ཁྱི་རོ་ཞིག་མཐོང་ཞིང༌། ཕལ་ཆེ་བ་དག་ནི་འདི་ཆོས་མང་པོ་བཤད་པས་རླུང་སྨྱོ་བྱུང་བ་ཡིན་ནོ་ཞེས་སྨྲས་སོ། །ཆང་འཚོང་མ་ཞིག་གིས་ཞབས་ཙམ་མཐོང་བས་ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་ཅེས་གྲགས་སོ། །སློབ་དཔོན་འདིས་བརྩམས་པའི་བསྟན་བཅོས་ལ་དབུ་མ་རིགས་ པའི་ཚོགས་དང༌། བཞི་བརྒྱ་པའི་འགྲེལ་པ་དང༌། དབུ་མ་ལ་འཇུག་པའི་རྩ་འགྲེལ་དང༌། རྩ་བའི་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང༌། གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ཏེ། གསལ་བ་རྣམ་པ་གཉིས་ལ་སོགས་པས་བསྟན་པའི་སྒྲོན་མ་ཕྱོགས་དུས་ཐམས་ཅད་དུ་སྣང་བར་མཛད་དོ། ། རྒྱལ་བའི་སྲས་པོ་ཤཱནྟ་དེ་ཝ་ནི། པཎྜི་ཏ་བི་བྷཱུ་ཏི་ཙནྡྲས། རྒྱལ་བའི་བསྟན་ལ་བདག་ཉིད་ཆེ། །སྐྱེས་བུ་མང་པོ་བྱོན་མོད་ཀྱི། །ཞི་བའི་ལྷ་ཡི་མཛད་པ་འདྲའི། །ཉམས་དང་དགོངས་པ་ཅན་མི་རྙེད། །ཅེས་དང༌། འཇམ་དབྱངས་སྤྲུལ་པ་ཞི་བའི་ལྷ། །ཞེས་གསུངས་པ་ལྟར་འདིའི་ཆེ་བའི་ཡོན་ཏན་ ནི་ངོ་མཚར་བའི་གཏམ་བདུན་དུ་གྲགས་ཏེ། དེའང་ལྷོ་ཕྱོགས་ཀྱི་ཡུལ་གྲུ་ན་མིའི་བདག་པོ་འཇམ་དཔལ་གོ་ཆ་ཞེས་བྱ་བའི་སྲས་ཤཱནྟ་ཝརྨ་ཞེས་བྱ་བར་གྱུར་ཏེ། དང་པོ་ཉིད་ནས་ཕ་མ་དང་དགེ་སྦྱོང་དང་བྲམ་ཟེ་ལ་སོགས་པའི་བཀུར་བར་འོས་པ་ཐམས་ཅད་ལ་གུས་ཤིང༌། ཕོངས་པ་དང་མགོན་མེད་པ་རྣམས་ལ་ སྙིང་བརྩེ་བ་དང་ལྡན་པ་གཅིག་ཏུ་དམ་པའི་ཆོས་ལ་མངོན་པར་དགའ་བ། ཐེག་པ་ཆེན་པོའི་རིགས་ཀྱི་བག་ཆགས་བཟང་པོས་བགོས་པ་ཞིག་སྟེ། དེ་ནི་བསྟན་བཅོས་ཐམས་ཅད་དང་སྒྱུ་རྩལ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར་ནས། སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་བའི་ཁྲི་བཤམས་པ་དང༌། དའི<་དེའི> ནུབ་མོ་རྨི་ལམ་དུ་ཁྲི་དེ་ལ་འཇམ་པའི་དབྱངས་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། །ཁྱོད་དང་ང་ཉིད་སྟན་གཅིག་ལ་འདུག་པ། །འདི་ནི་ཚུལ་དང་མཐུན་པ་མ་ཡིན་ནོ། །ཞེས་གསུངས་པ་རྨི་བ་དང༌། སང་ཉིན་ཡུམ་གྱིས་ཆུ་དྲོན་མོས་ཁྲུས་བྱེད་དུ་ བཅུག་པ་ན་ཆུའི་ཚ་བ་ལ་མ་བཟོད་པ་ན། བུ་སྙིགས་མའི་དུས་ཀྱི་རྒྱལ་སྲིད་བཟུང་ན། ཉོན་མོངས་པའི་དབང་གིས་མི་དགེ་བར་སྤྱོད་ཅིང་ཕྱི་མ་ངན་སོང་དུ་འདི་བས་ཆེ་བའི་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་བས་ན་འཇིག་རྟེན་གྱི་བྱ་བ་ལ་སྙིང་པོ་མེད་པས་ཤར་ཕྱོགས་བྷངྒ་ལའི་ཡུལ་དུ་སོང་ཞིག ། དེར་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་རློབ་པར་འགྱུར་རོ་ཞེས་གནང་བ་བྱིན་པ་ན། འདི་སྙམ་དུ་ཀྱེ་མ་རྒྱལ་སྲིད་འདི་ནི་དུག་གི་སྡོང་པོ་བཞིན་ཏེ་གང་ལ་ཆགས་པ་ཙམ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་སྲོག་གི་གཤེད་མ་ཉིད་དོ། །དེ་བས་ན་ཞི་བསིལ་དམ་པའི་བདུད་རྩི་རོ་མཆོག་ཉེ་བར་བླངས་ནས་རང་ གཞན་ཐམས་ཅད་ཀྱི་དོན་ཆེན་པོ་བྱའོ་སྙམ་དུ་དམ་བཅས་ནས། རྟ་མཆོག་རྒྱན་གྱིས་བརྒྱན་པ་ཞིག་ལ་བཅིབས་ཏེ་དགེ་བའི་བཤེས་གཉེན་ཡིད་ལ་བྱེད་ཅིང་སོང་སོང་བ་ན། བྷངྒ་ལའི་ནགས་འདབས་སུ་སླེབས་ཏེ་སྐོམ་པའི་གདུང་བ་བསལ་བའི་ཕྱིར་དུ་ཆུ་བཏུང་བར་བརྩམས་སོ། །དེར་གློ་བུར་དུ་ བུ་མོ་ཞིག་བྱུང་ནས་དེ་ནི་དུག་ཆུ་ཡིན་པས་མ་འཐུང་ཞིག་ཅེས་སྨྲ་ཞིང་བདུད་རྩིའི་ཆུ་ལས་ངོམས་པར་བྱིན་ནོ། །དེ་ལ་ཁྱོད་གང་ནས་འོངས་དྲིས་པས། དེས་ཀྱང་ནགས་ཚལ་འདིའི་ཉེ་ལོགས་ཤིག་ན་བདག་གི་བླ་མ་འཇམ་པའི་རྡོ་རྗེའི་ཏིང་ངེ་འཛིན་གྲུབ་པ་ཞིག་བཞུགས་ཏེ། དེ་ཉིད་ཀྱི་སྤྱན་སྔ་ནས་ འོངས་སོ། །དེ་སྐད་ཐོས་པའི་མོད་ལས། སྤྲོ་བ་མཆོག་ཏུ་བརྟས་པའི་མཆིད་ནས། དེ་བདག་ལ་སྟོན་ཅིག་ཅེས་སྨྲས་ནས། རིངས་བར་སོང་བས་ཅི་ཙམ་ན་བླ་མ་དེ་ཉིད་སྐུ་གསུང་ཐུགས་དུལ་ཞིང་ཟབ་པའི་སྤྱོད་ལམ་ཕུན་སུམ་ཚོགས་ཤིང་གཟི་བྱིན་ཉི་མ་འཆར་ཀའི་དཔལ་བཞིན་དུ་ལྷམ་མེར་ བཞུགས་པར་མཐོང་ངོ༌། །མཐོང་ནས་ཀྱང་གུས་པའི་རི་མོ་དང་བཅས་ཏེ་རྒྱན་གྱིས་བརྒྱན་པའི་རྟ་མཆོག་དེ་ཕུལ་ནས་རྗེས་སུ་འཛིན་པར་ཞུས་པས། དེར་འཇམ་པའི་རྡོ་རྗེའི་དབང་བསྐུར་ནས་གདམས་པ་བྱིན་ཏེ། ལོ་གཉིས་སུ་བསྒྲུབས་པས་འཇམ་པའི་དབྱངས་ཀྱི་ཞལ་མཐོང་ཞིང་མཆོག་གི་འབྲས་བུ་ གྲུབ་བོ། །དེ་ནས་འཇམ་པའི་དབྱངས་ཀྱི་ཕྱག་མཚན་ཤིང་གི་རལ་གྲི་ཤུབས་དང་བཅས་པ་ཅིག་བཅང་སྟེ་སྤྱོད་པའི་བརྟུལ་ཞུགས་ཀྱིས་རྒྱུ་ཞིང༌། མ་ག་དྷཱའི་རྒྱལ་པོའི་སྐུ་སྲུང་མཛད་ཅིང་རྒོལ་བ་ཐམས་ཅད་ཟིལ་གྱིས་མནན་ནས་འགྲོ་བའི་དོན་བྱེད་ཀྱིན་ཡོད་པའི་ཚེ། ཕྲག་དོག་ཅན་དག་ན་རེ། འདི་ལ་ནི་ ཤིང་གི་རལ་གྲི་ཞིག་ལས་གཞན་མ་མཆིས་ན། ལྷའི་སྐུ་སྲུང་ནུས་སམ་མ་ཡིན་བརྟག་པར་བྱའོ་ཞེས་བཅས་ནས། གཞན་པ་རྣམས་ཀྱི་མཚོན་ཆ་ལ་རིམ་གྱིས་བལྟས་ཟིན་པ་དང༌། བདག་གི་རལ་གྲི་བལྟ་བར་མི་བཟོད་དོ་ཞེས་གསུངས་ཀྱང་ནན་གྱིས་བསྟན་པར་བསྐུལ་ལོ། །དེར་སློབ་དཔོན་གྱིས་སྨྲས་ པ། འོ་ན་མིག་ཡ་གཅིག་བཀབ་ལ་ལྟོས་ཤིག་ཅེས་བསྒོས་ཏེ། རལ་གྲི་ཤུབས་ནས་ཕྱུང་བས་གཟི་བརྗིད་ཀྱིས་རྒྱལ་པོའི་མིག་ཅིག་ཤོས་འཕྲལ་དུ་ས་ལ་ལྷུང་ངོ༌། །རྒྱུ་དེ་ཉིད་ཀྱིས་གཡོག་དང་བཅས་པ་ཤིན་ཏུ་སྐྲག་སྟེ་སྐྱབས་སུ་སོང་བས། སླར་ཡང་མིག་སྔ་མ་བཞིན་དུ་སྦྱར་ནས་རིང་པོའི་བར་དུ་ མཐོང་བར་བྱིན་གྱིས་བརླབས་པར་མཛད་པས་ཐམས་ཅད་ཀྱང་ངོ་མཚར་དུ་གྱུར་ནས་དད་པར་བྱས་སོ། །དེ་ནས་ཀྱང་དོང་སྟེ་སྒོ་དྲུང་ཞིག་ཏུ་སླེབ་པ་ན། མི་ཞིག་གིས་འཁྲུད་མ་དོར་བའི་ཟེགས་མ་སློབ་དཔོན་གྱི་ཞབས་ལ་རེག་པས་དེ་ལྕགས་སྲེག་ལ་ཇི་ལྟར་ཕོག་པ་བཞིན་དུ་ཁོལ་བར་གྱུར་པ་མི་དེས་མཐོང་ངོ༌། །དུས་ གཞན་ཞིག་ཏུ་བ་ཏི་བི་ཧ་རའི་རྒྱལ་པོས་བསྲུངས་པའི་ས་ཕྱོགས་སུ་མུ་སྟེགས་ཀྱི་པཎྜི་ཏ་བདེ་བྱེད་ཅེས་བྱ་བ་ཞིག་ཡོད་པ་དེས་འོངས་ནས་ཕྱི་ནང་གི་གྲུབ་མཐའ་ལ་བརྩད་ཅིང་མཐུ་དང་རྫུ་འཕྲུལ་འགྲན་ནོ། །དེའང་སུ་ཕམ་པ་དེ་རྒྱལ་བ་དེའི་རྗེས་སུ་འཇུག་པའི་ཆེད་བྱས་སོ། །རྒྱལ་པོས་སངས་རྒྱས་པའི་གྲུབ་མཐའ་ འཛིན་པ་ཐམས་ཅད་ལ་རྩོད་པར་བྱར་ནུས་པ་སུ་ཞིག་ཡོད་དྲིས་པས་སྔར་གྱི་འཁྲུད་མ་དོར་བའི་མི་དེས། སྒོ་དྲུང་གི་རྣལ་འབྱོར་པ་དེ་དྲན་ནས་དེ་ཉིད་ཀྱིས་རྩོད་པ་བཟློག་ནུས་སམ་སྙམ་སྟེ་གང་ན་བ་དེར་ཕྱིན་ནས། གསོལ་བ་བཏབ་པས་ཞལ་གྱིས་བཞེས་སོ། །དེས་རྒྱལ་པོ་ལ་ཞུས་ནས། རྒྱལ་པོས་སྐྱེ་བོ་མང་ པོ་འདུས་པའི་དབུས་སུ་ཁྲི་བརྩིགས་ནས་ཕྱི་ནང་གི་པཎྜི་ཏ་རྣམས་གྲལ་དུ་བཀོད་དེ་གྲུབ་མཐའ་ལ་རྩོད་དུ་བཅུག་པས་སློབ་དཔོན་རྒྱལ་ལོ། །ཡང་མུ་སྟེགས་ཀྱིས་ནམ་མཁའ་ལ་རྫུ་འཕྲུལ་གྱིས་དཀྱིལ་འཁོར་བྲིས་པ་ན། སློབ་དཔོན་གྱིས་ཟད་པར་རླུང་གི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། དཀྱིལ་འཁོར་ དང་མུ་སྟེགས་ཀྱི་གྲོང་ཁྱེར་དང་བཅས་པ་རླུང་གིས་བཤིགས་ནས་དེ་ཐམས་ཅད་ཀྱང་ནང་པའི་བསྟན་པ་ལ་བཙུད་དོ། །དེ་ནས་ནཱ་ལེནྡྲཱར་མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ་ཞི་བའི་ལྷ་ཞེས་བྱ་བར་བཏགས་སོ། །དེ་ནས་བརྩམས་ཏེ་བྷཱུ་སུ་ཀུའི་བརྟུལ་ཞུགས་ཀྱིས་སྒྲུབ་པ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་ཞིང༌། ཏིང་ངེ་འཛིན་གྱི་སྒོ་དུ་མ་མངོན་དུ་མཛད་དོ། །ནམ་ཞིག་ཆོ་འཕྲུལ་གྱི་ཟླ་བ་ལ་གསུང་རབ་འདོན་པའི་རེ་མོས་ཡོད་པས། དེར་སློབ་དཔོན་འབྱོན་པར་ཞུས་པ་ལ། ཅི་ཡང་མི་ཤེས་སོ་ཞེས་ལན་འགའ་བཟློག་ཀྱང་གཞན་དག་གིས་ཉམས་སད་པར་བགྲོས་ནས་ཡང་ཡང་ཞུས་པ་དང་ཞལ་ གྱིས་བཞེས་སོ། །སང་ཉིན་གཙུག་ལག་ཁང་གི་ཕྱི་རོལ་སྐྱེ་བོ་མང་པོ་འདུ་བའི་དབུས་ན་ཁྲི་མཐོན་པོར་བཤམས་ཏེ་སྤྱན་དྲངས་པས་ཁྲི་དེ་ལ་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་བཞིན་དུ་བག་ཚ་བ་མེད་པར་བཞུགས་ནས་སྔོན་དྲང་སྲོང་གིས་གསུངས་པ་གྲགས་ཟིན་པ་ཞིག་གམ། དེའི་རྗེས་སུ་བྱུང་བ་སྔར་ མ་གྲགས་པ་ཞིག་གདོན་གསུངས་པས། དེར་བཞུགས་པ་ཐམས་ཅད་ཀྱིས་མ་ལ་ཞེས་བརྗོད་ཅིང་མ་གྲགས་པ་ཞིག་འདོན་པར་གསོལ་བ་བཏབ་པའི་ངོར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ཆེན་པོ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་བྱ་བ་ལ་སོགས་ པའི་ཚེ་བདེན་པ་བཞིའི་ཆོས་ཉིད་མངོན་སུམ་གཟིགས་ཤིང༌། འཕགས་པ་འཇམ་དཔལ་ཡང་མདུན་གྱི་ནམ་མཁའ་ལ་བཞུགས་པ་སྐྱེ་བོ་མང་པོས་མངོན་སུམ་དུ་མཐོང་ནས་དད་པར་གྱུར་ཏེ། སྐྱེས་བུ་དམ་པ་འདི་ནི་བློ་གྲོས་མི་ཟད་པའོ་ཞེས་མགྲིན་གཅིག་ཏུ་སྒྲོགས་སོ། །དེ་ནས་བསྔོ་བའི་ལེའུ་གསུངས་ པའི་ཚེ་འཇམ་དཔལ་དང་བཅས་ནམ་མཁའི་དབྱིངས་སུ་འཕགས་ཏེ་མཐར་མི་སྣང་བར་གྱུར་ཀྱང༌། ཚངས་པའི་དབྱངས་དང་བཅས་པའི་ཆོས་ཀྱི་སྒྲ་ནི་གཞུང་མ་རྫོགས་ཀྱི་བར་དུ་རྒྱུན་ཆད་པར་མ་གྱུར་ཏོ། །དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་སཽ་མནྠ་དང་ཉེ་བར་བྱོན་ནས་ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་ཙམ་དང༌། སྤྲང་པོ་བཀྲེས་པ་སྟོང་ཕྲག་ཙམ་གྱི་འཚོ་བ་སྦྱར་ནས་ཆོས་བསྟན་པས་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེའི་རྗེས་སུ་ནཱ་ལེནྡྲཱའི་མཁས་པ་རྣམས་ཀྱིས་གཞུང་དེ་ཡི་གེར་བཀོད་པའི་ཚེ། ཁ་ཆེ་བ་རྣམས་ཀྱིས་ཤླཽ་ཀ་བདུན་བརྒྱ་ཡོད་པ་བཟུང་བ་དང༌། ཡུལ་དབུས་པ་རྣམས་ཀྱིས་ཤླཽ་ཀ་སྟོང་ཡོད་པ་བཟུང་སྟེ་ མ་མཉམ་པར་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པའང་བལྟ་ཞེས་འབྱུང་བའི་བསྟན་བཅོས་གཉིས་མ་རྙེད་པ་ལ་གཟུངས་ཐོབ་པའི་པཎྜི་ཏ་གཉིས་ཀྱིས་ཕྱིས་སུ་ཞུས་པས་གཞུང་གི་ཚད་ནི་ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་དང༌། བསྟན་བཅོས་གཉིས་ནི་ཁོ་བོའི་སྤོ་ཁང་གི་ གདུང་གསེབ་ན་པཎྜི་ཏའི་ཡི་གེ་ཕྲ་མོ་བྲིས་པ་ཞིག་ཡོད་པས་ལྟོས་ཤིག་ཅེས་བསྟན་ཅིང༌། དེ་དག་གི་བཤད་པ་དང་སྒྲུབ་པའི་ལུང་ཡང་གནང་སྟེ་བསྟན་པ་ལ་ཕན་པ་རྒྱ་ཆེར་མཛད་དོ། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་གྱི་ཡ་གྱལ་ཐོགས་མེད་སྐུ་མཆེད་ནི་ཇི་སྐད་དུ། འཇམ་དཔལ་རྩ་བའི་རྒྱུད་ལས། ཐོག་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་ མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འགྲོ་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། ། བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། །ཞེས་པའི་ལུང་གིས་མངོན་པར་བསྔགས་པའི་སྐྱེས་བུ་དེ་དག་ཇི་ལྟར་བྱོན་པའི་ཚུལ་ནི། དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་སྟེ། དེའང་དང་པོ་ནི་ནང་པས་གཎྜཱི་བརྡུང་བའི་སྒྲ་ལ་བརྟགས་ནས་དེ་ལ་མུ་སྟེགས་པ་རྣམས་ཁྲོས་ནས་དམག་དྲངས་ཏེ་བསྣུབས་ སོ། །གཉིས་པ་ནི་སྟག་གཟིག་གི་རྒྱལ་པོའི་སྐྱེས་ཀྱི་མཚན་མ་ལ་བརྟགས་ནས་ཁྲོས་ཏེ་དམག་དྲངས་ནས་བསྣུབས་སོ། །གསུམ་པ་ནི་མུ་སྟེགས་ཀྱི་སློང་མོ་བ་ལ་བཤལ་ཆུས་གཏོར་བ་ལ་ཁྲོས་ཏེ་ཉི་མ་བསྒྲུབས་ནས་བསྣུབས་སོ། །དེའི་ཚེ་བྲམ་ཟེ་མོ་སུ་པྲ་ཀཱ་ཤ་ཤཱི་ལཱ་ཞེས་བྱ་བ་ནང་པ་ལ་དད་པ་ཞིག་ འདི་སྙམ་དུ་སེམས་ཏེ། ཀྱེ་མ་བསྟན་པའི་རྩ་བ་མངོན་པ་འདི་ནི་འདི་ལྟར་ནུབ་པར་གྱུར་ཀྱང་སླར་དར་བར་བྱེད་པ་ནི་གཞན་འགའ་ཡང་མི་སྣང་ན་བདག་ནི་བུད་མེད་ཀྱི་ལུས་སུ་སོང་བས་མི་ནུས་མོད་ཀྱི། འོན་ཀྱང་ལུས་ལས་ཁྱེའུ་བསྐྱེད་དེ། དེ་ལ་བསྟན་པ་དར་བར་བྱེད་དུ་གཞུག་གོ་སྙམ་སྟེ། རྒྱལ་ རིགས་དང་འདུས་པ་ལས་ཐོགས་མེད་དང༌། བྲམ་ཟེའི་རིགས་དང་འདུས་པ་ལས་དབྱིག་གཉེན་འཁྲུངས་སོ། །འཁྲུངས་མ་ཐག་ནས་དེ་དག་གི་ལྕེ་ལ་གི་ཝང་གིས་ཨ་ཡིག་འདྲི་བ་ལ་སོགས་པ་བློ་རྣོ་བའི་ཆོ་ག་རྣམས་བྱས་སོ། །ཆེར་སོན་པའི་ཚེ་བདག་ཅག་གི་ཕའི་ལས་གང་ཡིན་ཞེས་སྨྲས་པ་ལ། མ་དེས་འདི་སྐད་དུ། དེའི་ཕྱིར་ན་ཁྱེད་དག་བསྐྱེད་པ་མ་ཡིན་གྱི། བློ་སྦྱོང་གིས་བསྟན་པ་དར་བར་བྱོས་ཤིག་ཅེས་གདམས་སོ། །གཞོན་ནུ་གཉིས་ཀྱང་དེ་ལྟར་བགྱིའོ་ཞེས་གཉིས་ཀའང་ཆུང་ངུ་ཉིད་ནས་རིག་པའི་གནས་ཐམས་ཅད་ལ་འཇུག་པའི་བློ་གྲོས་ཤིན་ཏུ་གསལ་བར་གྱུར་ ཏེ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་སྦྱངས། དེ་ནས་གཅེན་གྱིས་ཐེག་པ་ཆེན་པོའི་བསྟན་པ་གསལ་བར་བྱེད་པ་ལ་དགོངས་ནས་རི་བོ་བྱ་རྐང་གི་ཕུག་ཏུ་བྱོན་ཏེ་ལོ་བཅུ་གཉིས་ཀྱི་བར་དུ་བྱམས་པ་བསྒྲུབས་ཀྱང་གྲུབ་པའི་རྟགས་མཚན་མ་བྱུང་ནས་སྐྱོ་སྟེ་ཕྱི་རོལ་དུ་བྱོན་པ་ན། ཁྱི་མོ་ཁོག་སྨད་འབུས་ གང་ཞིང་ཟ་བ་ལ་ཁོག་སྟོད་མ་ཤི་བར་ཟུག་པ་ཞིག་མཐོང་ནས། དེར་སྙིང་རྗེ་ལྷག་པར་སྐྱེས་ནས། འདི་ལྟར་འབུ་འདི་དག་བསལ་ན་ནི་འཆི་བར་འགྱུར་ལ། མ་བསལ་ན་ནི་ཁྱི་མོ་འཆི་བར་འགྱུར་གྱི་དེ་བས་ན་རང་གི་ལུས་ལས་ཤ་བཅད་དེ་འབུ་རྣམས་དེར་བསལ་བར་བྱའོ་སྙམ་སྟེ། གྲོང་ཁྱེར་དུ་བྱོན་ ནས་གསེག་ཤང་གཏེང་བར་བཅུག་སྟེ། སྤུ་གྲི་གཡར་ནས་ལུས་ཀྱི་ཤ་བཅད་དེ། སྲོག་ཆགས་ཕྲ་མོ་དེ་དག་ལག་པས་བསལ་ན་ནི་ཤི་བའི་དོགས་པས་སྤྱན་བཙུམས་བཞིན་པར་ལྗགས་ཀྱི་རྩེ་མོས་ལེན་པར་བརྩམས་པ་ན་དེ་ཉིད་དུ་ཁྱི་མོ་མེད་པར་རྗེ་བཙུན་གྱི་སྐུ་འོད་དང་འོད་ཟེར་ལྷམ་མེར་བཞུགས་ པ་མཐོང་ངོ༌། །མཐོང་ནས་ཀྱང་ཡུས་པའི་ཚུལ་གྱིས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབེབས། །བདག་གིས་དེ་ཙམ་བསྒྲུབས་ན་རྟགས་ཀྱང་མ་བྱུང་བས་ཐུགས་ རྗེ་རེ་ཆུང་ཞེས་གསོལ་བ་དང་རྗེ་བཙུན་གྱིས། ལྷ་ཡི་རྒྱལ་པོས་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །ང་དང་པོ་ཉིད་ནས་ཡོད་ཀྱང་ཁྱོད་རང་གི་ལས་ཀྱི་སྒྲིབ་པས་མ་མཐོང་བར་ཟད་དོ། །ད་ལྟ་སྙིང་རྗེ་ ཆེན་པོ་སྐྱེས་པས་ལས་ཀྱི་སྒྲིབ་པ་བྱང་ནས་མཐོང་བ་ཡིན་ནོ་ཞེས་དང༌། ཁྱོད་ཀྱི་འདོད་པ་ཅི་ཞིག་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་ཡུད་ཙམ་གྱིས་དགའ་ལྡན་གྱི་གནས་སུ་ཁྲིད་དེ། ལྷའི་གྲོ་སྐད་གཅིག་ཏུ་བཞུགས་ནས། ཡུམ་གྱི་མདོ་ རྣམས་དང༌། རྣལ་འབྱོར་སྤྱོད་པའི་ས་ཆེན་པོ་པ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་མང་པོ་དང༌། དེ་དག་གི་དོན་སྟོན་པའི་བསྟན་བཅོས་བྱམས་ཆོས་ལྔ་རྣམས་གསན་ཏེ་མི་ཡུལ་དུ་བྱོན་ནས། དབྱིག་གཉེན་ལ་སོགས་པའི་སློབ་མའི་ཚོགས་དཔག་ཏུ་མེད་པ་བསྐྲུན་ནོ། །བརྩམས་པའི་སྒོ་ནས་ བཀའི་དགོངས་པ་འགྲེལ་པའི་བསྟན་བཅོས་ནི། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་རྒྱས་པའི་བསྟན་བཅོས་ས་སྡེ་ལྔ་དང༌། ཐེག་པ་ཆེན་པོའི་སྡོམ་ཐེག་བསྡུས་དང༌། ཐེག་པ་ཐུན་མོང་བའི་སྡོམ་ཆོས་མངོན་པ་ཀུན་ལས་བཏུས་པ་གཉིས་དང༌། བྱམས་ཆོས་ལྔ་ཡང་ཡི་གེར་བཀོད་དོ། །མངོན་ རྟོགས་རྒྱན་དང་ཡུམ་གྱི་དོན་སྟོན་པ་དེ་ཉིད་རྣམ་པར་ངེས་པ་དང༌། རྒྱུད་བླ་མའི་འགྲེལ་པ། མདོ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ་དང༌། དཀོན་མཆོག་གསུམ་རྗེས་སུ་དྲན་པའི་འགྲེལ་པ་ལ་སོགས་པ་མང་དུ་མཛད་ཅིང་འོད་བྱེད་པའི་ས་མངོན་དུ་མཛད་དེ། མདོར་ན་ལོ་གྲངས་ཕྱེད་དང་ཉིས་ བརྒྱའི་བར་དུ་བསྟན་པ་ལ་བྱ་བ་བྱས་སོ་ཞེས་གྲགས་སོ། །སློབ་དཔོན་དེའི་གཅུང་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་བཞི་པ་མང་དུ་ཐོས་པའི་མཁས་མཆོག་དབྱིག་གཉེན་ནི། རྒྱུད་དེ་ཉིད་ལས། ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །ཡི་གེ་དང་པོ་བ་བསྟན་པ། །སྟོན་པའི་བསྟན་པ་དེ་གཙོ་བྱེད། ། མཆོད་རྟེན་ཀུན་དགའ་རྭ་བར་གནས། །སྟོན་པའི་གཟུགས་བརྙན་ཡིད་འོང་བའི། །ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཐམས་ཅད་ཀྱི་ནི་རྒྱན་དུ་བྱས། །ཞེས་པ་དུས་གསུམ་གཟིགས་པ་མཆོག་གི་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་སྟེ་འདིས་ཁ་ཆེར་སློབ་དཔོན་སཾ་གྷ་བྷ་དྲའི་དྲུང་དུ་བྱོན་ནས། བསྟན་ བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་དང་མངོན་པ་སྡེ་བདུན་ལ་སོགས་པ་གསན་ཅིང་སྦྱངས་པས་མཐར་ཕྱིན་པར་མཛད་དོ། །དེ་ནས་ཤྲཱི་ནཱ་ལེནྡཱར་བྱོན་པས་དེ་ཉིད་དུ་གཅེན་གྱིས་ཐེག་པ་ཆེན་པོའི་བསྟན་བཅོས་ཀྱི་རྣམ་གྲངས་མང་པོ་བརྩམས་ནས་བསྟན་པ་སྤེལ་གྱིན་བཞུགས་པ་ཐོས་པས། དེ་ལ་ཅུང་ཟད་ མ་རངས་པའི་རྣམ་འགྱུར་གྱིས་ཐེག་པ་ཆེན་པོ