Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 4 / 33 (50.000 ký tự/trang)
ུན་བརྟག་མེད། གཞན་དབང་ཀུན་

རྫོབ་ཏུ་ཡོད། ཡོངས་སུ་གྲུབ་པ་གཉིས་དོན་དམ་པ་ཉིད་དུ་ཡོད་པར་བསྟན་པས་མཐའ་གཉིས་སུ་འཛིན་པར་བཟློག་པ་དབུ་མའི་ལམ་ཡིན་པའི་ཕྱིར། ངེས་དོན་རྩོད་པ་དང་བྲལ་བ་ཡིན་ཏེ། དེ་ལྟར་ནི་རྣལ་འབྱོར་སྤྱོད་པ་དག་འདོད་ཅིང༌། དེའང་ཇི་སྐད་དུ་འཕགས་པ་
དགོངས་པ་ངེས་པར་འགྲེལ་པ་ལས། དེ་ནས་བཅོམ་ལྡན་འདས་ལ་དོན་དམ་ཡང་དག་འཕགས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དང་པོ་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ་འཕགས་པའི་
བདེན་པ་བཞི་རྣམ་པར་བསྟན་པས་ཆོས་ཀྱི་འཁོར་ལོ་ངོ་མཚར་རྨད་དུ་བྱུང་བ་སྔོན་ལྷར་གྱུར་པའམ། མིར་གྱུར་པ་སུས་ཀྱང་ཆོས་དང་མཐུན་པར་འཇིག་རྟེན་དུ་མ་བསྐོར་བ་ཅིག་རབ་ཏུ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ།
དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། གཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་
འདས་པ་ཉིད་ལས་བརྩམས་ནས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ལ་སྟོང་པ་ཉིད་སྨོས་པའི་རྣམ་པས་ཆེས་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་ཏེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ་དྲང་བའི་
དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས་ཏེ། སྐྱེ་བ་མ་མཆིས་པ་དང༌། འགག་པ་མ་མཆིས་པ་དང༌། བཟོད་མ་ནས་ཞི་བ་དང༌། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཉིད་ལས་
བརྩམས་ནས་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་རྣམས་ལ་ལེགས་པར་རྣམ་པར་ཕྱེ་བ་དང་ལྡན་པ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་རོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་

པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ་ཞེས་གསུངས་སོ། །ངོ་བོ་ཉིད་མེད་པར་སྨྲ་བ་དག་ནི། དེ་ཉིད་ཚོལ་བས་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །འདི་ཉིད་རིག་འདོད་དེ་ནས་ནི། །ཕྱི་ནས་རྣམ་པར་དབེན་པ་ཉིད། །ཅེས་པས་ཐ་
མ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་ཡིན་པར་འདོད་དོ། །གང་ལྟར་ཡང་གདུལ་བྱ་རིམ་གྱིས་དྲང་དགོས་པ་རྣམས་ཀྱི་ངོར་ཆོས་ཀྱི་འཁོར་ལོ་གསུམ་རིམ་པ་ཅན་དུ་བསྐོར་བའི་ལུགས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་གསུང་གཅིག་གིས་དུས་ཐ་དད་པ་མེད་པ་ཉིད་དུ་གསུངས་པ་
ཡིན་ནའང་གདུལ་བར་བྱ་བའི་སེམས་ཅན་གྱི་མོས་པ་ཐ་དད་པ་དང་རྗེས་སུ་འཚམ་པར་ཆོས་མི་འདྲ་བ་གསུམ་དུ་གོ་བ་ནི་ཡང་དག་པ་ཉིད་དེ། དགོངས་པ་ལུང་སྟོན་པ་ལས། རྟོག་པ་མེད་ཅིང་འཁྲུལ་མེད་པ། །ཡིད་འོང་རྡོ་རྗེའི་ཚིག་གཅིག་པུ། །གདུལ་བྱའི་བསམ་པའི་དབང་གིས་
ནི། །བྱེ་བྲག་མང་པོར་འགྱུར་བ་ཡིན། །ཞེས་དང༌། མདོ་སྡེ་རྒྱན་ལས་ཀྱང༌། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །ཞེས་གསུངས་སོ། །དེ་ལྟར་དུ་བཤད་པའི་ཚུལ་འདིས་ནི་གོང་གི་དགོངས་པ་ངེས་པར་འགྲེལ་བའི་ལུང་དང་མི་མཐུན་པ་ཉིད་དུ་ཡང་མི་འགྱུར་ཏེ། དེ་ནས་ཀྱང་
ཆོས་ནི་ཐ་དད་པར་གསུངས་པ་ཉིད་དུ་བསྟན་མོད་ཀྱི། དུས་དང་གནས་དག་ནི་ཐ་དད་པ་ཅི་ཡང་བསྟན་པ་མེད་པའི་ཕྱིར་རོ། །དེ་བས་ན་སྟོན་པའི་གསུང་གཅིག་ཉིད་ཀྱིས་དུས་གཅིག་ཏུ་ཆོས་ཐ་དད་པ་མང་པོ་གསུངས་པར་གོ་བ་ནི་གསུང་གི་བཀོད་པས་ཆོས་སྟོན་པ་ཞེས་བྱ་བ་ཡིན་ནོ། །དེ་
བཞིན་དུ་དུས་གཅིག་ལ་གནས་ཐ་དད་པ་དག་ན་སྐུ་ཐ་དད་པར་བཞུགས་པར་སྣང་བ་ནི་སྐུའི་བཀོད་པས་སེམས་ཅན་གྱི་དོན་མཛད་པ་ཞེས་བྱ་བ་ཡིན་ནོ། །ངེས་པའི་དོན་དུ་ནི་དེ་བཞིན་གཤེགས་པས་ངག་ཀུན་ནས་སློང་བའི་བག་ཆགས་མ་ལུས་པ་ཡོངས་སུ་སྤངས་པའི་ཕྱིར་མངོན་པར་རྫོགས་
པར་སངས་རྒྱས་པ་ནས་མཐར་མྱ་ངན་ལས་འདས་པའི་བར་ལ་ཚིག་གམ་ཡི་གེ་གཅིག་ཀྱང་མ་གསུངས་ཏེ། དཀོན་མཆོག་བརྩེགས་པའི་མདོ་ལས། ཕྱག་ན་རྡོ་རྗེས་ཞི་བའི་བློ་གྲོས་ལ་སྨྲས་པ། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པས་ཡི་གེ་གཅིག་ཀྱང་མ་གསུངས་སོ། །མ་བརྗོད་དོ་

ཞེས་སྔར་ཁོ་བོས་མ་བཤད་དམ། དེ་ལྟ་མོད་ཀྱི་སྨོན་ལམ་གྱི་དབང་གིས་དེ་བཞིན་གཤེགས་པའི་གསུང་སེམས་ཅན་རྣམས་ཀྱིས་དམིགས་སོ། །སྨྲས་པ། གསུངས་ན་ཉེས་པ་ཅི་ཡོད། ངག་གི་ལས་ཀྱི་ཉེས་པར་འགྱུར་རོ། །སྨྲས་པ། ངག་གི་ལས་
ལས་ཉེས་པ་ཅི་ཞིག་འབྱུང༌། ཡི་གེ་ལ་སེམས་པས་བཀླགས་པའི་ཉེས་པར་འགྱུར་རོ། །སྨྲས་པ། ཉེས་པ་མེད་པ་གང་ཡིན། གང་མི་སྨྲ་མི་བརྗོད་པ་དེ་ལ་རྣམ་པར་རིག་པ་གང་ཡང་མེད་དོ། །རྣམ་པར་རིག་པ་མེད་པ་ཉིད་ནི་ཉེས་པ་མེད་པའོ། །གང་བདག་ལ་རྣམ་པར་རིག་
པར་མི་བྱེད་པ་དང༌། གཞན་ལ་རྣམ་པར་རིག་པར་མི་བྱེད་པ་དེ་ནི་ཉེས་པ་མེད་པའོ་ཞེས་གསུངས་སོ། །དེ་བས་ན་དེ་བཞིན་གཤེགས་པ་ངག་ཀུན་ནས་སློང་བའི་བག་ཆགས་མི་མངའ་བས། ནང་གི་ཤེས་པ་ཕྱི་རོལ་གྱི་སྒྲ་ཞེན་པ་ཡོངས་སུ་སྤངས་བཞིན་དུ་སྔོན་གྱི་སྨོན་ལམ་གྱི་མཐུ་དང་ཡེ་
ཤེས་ཀྱི་སྟོབས་དང༌། གདུལ་བྱ་རྣམས་ཀྱི་མོས་པའི་དབང་ལས་དམ་པའི་ཆོས་ཀྱི་སྣང་བ་སྣ་ཚོགས་པ་དག་བྱུང་བ་ཡིན་ཏེ། དེ་ཉིད་ལས། ཇི་ལྟར་སིལ་སྙན་འཁྲུལ་འཁོར་བྱས། །རླུང་གིས་བསྐྱོད་པའི་སྒྲ་འབྱུང་བ། །སྒྲ་འབྱིན་བྱེད་པ་འགའ་ཡང་མེད། །འོན་ཀྱང་སྒྲ་རྣམས་དེ་
དག་འབྱུང༌། །དེ་བཞིན་སྔོན་ཆད་རྣམ་དག་ཕྱིར། །སེམས་ཅན་རྣམས་ཀྱི་བསམ་པས་བསྐྱོད། །སངས་རྒྱས་ཀྱི་ནི་གསུང་འབྱུང་ཡང༌། །འདི་ལ་དེ་ནི་རྟོག་མི་མངའ། །ཇི་ལྟར་བྲག་ཆ་རྣམས་ཀྱི་སྒྲ། །ནང་དང་ཕྱི་རོལ་མི་གནས་པ། །དེ་ལྟར་མི་ཡི་དབང་པོའི་གསུང༌། །ནང་དང་ཕྱི་རོལ་
མི་གནས་སོ། །ཇི་ལྟར་རིན་ཆེན་མི་རྟོག་པར། །སྣང་བས་སེམས་ཅན་ཚིམ་བྱེད་པ། །དེ་ལྟར་རྒྱལ་བ་མི་རྟོག་གསུང༌། །སྒྲ་ཀུན་རབ་ཏུ་རྫོགས་པར་བྱེད། །ཅེས་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ནི། སྤྱིར་གསང་བ་སྔགས་
ཀྱི་རྒྱུད་སྡེ་རིན་པོ་ཆེ་མཐའ་དག་ཀྱང་ཇི་ལྟར་བཤད་མ་ཐག་པའི་ཚུལ་དེ་ལྟ་བུས་བསྐལ་པ་བཟང་པོའི་འདྲེན་པ་བཞི་པ་ཤཱཀྱ་ཐུབ་པ་འདིའི་སྔ་རོལ་གྱི་དུས་ན་སྤྲུལ་པའི་སྐུ་མཆོག་གི་རྣམ་པས་ལེགས་པར་གསུངས་ཟིན་པ་ལ། སླར་ཡང་ཤཱཀྱ་ཐུབ་པ་ཉིད་ཀྱིས་བཟླས་ནས་གསུངས་པ་དག་

ཀྱང་ཡོད་དེ། དཔེར་ན་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་གཞི་དང་སྙིང་པོ་མེ་ཏོག་གི་རྒྱན་གྱིས་བརྒྱན་པར་ཀུན་དུ་བཟང་པོ་དབང་བསྐུར་བའི་གླེང་གཞི་གསུངས་ནས། སླར་ཡང་མི་མཇེད་ཀྱི་ཞིང་དུ་ཕྱག་ན་རྡོ་རྗེ་དབང་བསྐུར་བ་གསུངས་པ་ལྟ་བུའོ། །ཕྱི་ནས་བཟླས་ཏེ་གསུངས་པ་མ་
ཡིན་པ་དག་ཀྱང་ཡོད་དེ། དཔེར་ན་བདེ་མཆོག་གི་རྒྱུད་ནི་བསྐལ་པ་འཇིག་པའི་དུས་སུའང་དཔའ་བོ་དང་དཔའ་མོ་རྣམས་ཀྱི་ཉམས་སུ་བླངས་ཏེ་མ་ནུབ་པ་ཉིད་དུ་ཡོད་པར་བཤད་པ་ལྟ་བུའོ། །གཞན་པ་མང་པོ་ཞིག་ནི་ཤཱཀྱ་ཐུབ་པ་རང་ཉིད་དང་དེའི་རྣམ་པར་འཕྲུལ་པའམ་གཞན་དག་
བྱིན་གྱིས་བརླབས་ནས་དེས་གསུངས་པ་དག་ཀྱང་ཡོད་དེ། དཔེར་ན་འདུས་པའི་རྒྱུད་ཆེན་པོ་ལ་སོགས་པའི་རྒྱུད་སྡེ་ཕལ་ཆེ་བ་རྣམས་ལྟ་བུའོ། །གལ་ཏེ་ཐུབ་པ་འདིའི་གོང་དུ་སྔགས་ཀྱི་ལམ་ཡོད་པར་གྱུར་ན་ནི་གསང་བ་འདུས་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་
པ་ཐམས་ཅད་སྔོན་བྱུང་བ་བརྗོད་ཀྱིས་མི་ལང་བའི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པའི་བསྐལ་པ་ཡང་འདས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་འདས་པ་ནས་ཐུབ་པ་ཆེན་པོ་འོད་སྲུངས་སངས་རྒྱས་པའི་
བར་གྱིས་ཀྱང་མ་གསུངས་པར་བཤད་པ་དང་ཅིའི་ཕྱིར་མི་འགལ་སྙམ་ན། དེ་ནི་དེའི་ཆེ་བ་བརྗོད་པའི་ཕྱིར་ཡིན་གྱི་གསང་བ་སྔགས་ཀྱི་ཐེག་པ་ནི་དུས་གསུམ་དུ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱང་གསུངས་པ་དང་གསུང་བར་འགྱུར་བའི་ཆོས་ཡིན་ཏེ། དེ་ལྟར་ཡང་འཇམ་དཔལ་
མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བ་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང༌། །ཞེས་འབྱུང་བ་ནི་ངེས་པའི་དོན་དུ་བཤད་པ་ཉིད་ཀྱིས་སོ། །དེ་དག་གིས་ནི་བསྟན་པ་དང་པོ་ཇི་
ལྟར་བྱུང་བ་བརྗོད་ཟིན་ཏོ། །འདིར་སྨྲས་པ། <ཐོབ་བྱེད་ཀྱི་རྒྱུ།>འཇིག་རྟེན་མགོན་པོ་གྲངས་མེད་མཉེས་བྱས་ཤིང༌། །ཞིང་རབ་སྦྱངས་དང་སེམས་ཅན་ཡོངས་སྨིན་པའི། །སྤྱོད་མཆོག་སྨོན་ལམ་ཡངས་པའི་ཚོགས་བདག་གིས། །བསྐལ་པ་དཔག་ཏུ་མེད་པར་བསྒྲུབས་པའི་ཞིང༌། །<*སེམས་ལྡན་རབ་རྟོག>ཡོན་

<*སེམས་ལྡན་བརྟོག།>ཏན་མི་ཟད་དཔལ་ཀུན་སྟུག་པོ་རུ། །བཀོད་པའི་ཡ་མཚན་ཕ་རོལ་མ་མཐོང་བར། །རྒྱལ་བའི་མྱུ་གུ་རྣམས་ནི་ཆོས་སྤྲིན་རྩེར། །ལངས་ཏེ་ཡེ་ཤེས་མིག་གིས་བལྟ་བ་སྙམ། །<*ཡོན་ཏན་གྱི་རང་བཞིན་བརྗོད་པ།>ཞིང་གི་རྒྱལ་པོ་དེང་བདག་གསང་བ་གསུམ། །མི་ཟད་རྒྱན་གྱི་འཁོར་ལོར་གྲུབ་པའི་སྐུ། །
ཐེག་གཞན་ཟིལ་གྱིས་གནོན་པའི་ཆོས་རྫོགས་པར། །ལོངས་སུ་སྤྱོད་དང་འབྱིན་པར་ལྷུན་གྱིས་གྲུབ། །<*འབྱོར་པ་རྒྱ་ཆེ་བ།>མི་ཤིགས་སྐུ་ཡི་བ་སྤུའི་འཁྲི་ཤིང་གི །སྐྱེ་བ་རེ་ཡང་སངས་རྒྱས་སྤྲུལ་པའི་སྐུས། །རྩེན་པ་རབ་འབྱམས་ཞིང་གི་རྣམ་པ་ཉིད། །སྣང་
མཛད་སྒྱུ་མའི་རྒྱལ་པོ་བཅོམ་ལྡན་འདས། །<*བསམ་པ་རྒྱ་ཆེ་བ།>གང་དེ་འཁོར་བ་མྱ་ངན་ལས་འདས་པ། །ཀུན་གྱི་ཁྱབ་བདག་བླ་ནས་བླ་མ་རུ། །ཡོངས་སུ་ལུད་པའི་གོ་འཕང་རྟག་པ་དེ། །གྲངས་མེད་བསྐལ་པ་ཉིད་ནས་མངོན་དུ་མཛད། །འོན་ཏེ་ཡེ་ཤེས་དག་པའི་གཏེར་གྱི་རླབས། །ཆོས་ཀྱི་
དབྱིངས་མཐར་ཀླས་པའི་ཞིང་ཁམས་སུ། །འགྲོ་བ་ཡོངས་སུ་སྨིན་ཕྱིར་སྤྲུལ་པའི་སྐུ། །ལྷུན་གྲུབ་ཟློས་པའི་གར་ལ་ཆོག་ཤེས་མེད། །<*ཡན་ལག་གཅིག་པའི་གཟུགས་ཅན།>གང་ཕྱིར་ཐུབ་པའི་སྤྱན་སྔར་ཐོག་མའི་སེམས། །བྱང་ཆུབ་མཆོག་ཏུ་འདུན་དང་འཇུག་པ་ཡི། །གཡར་དམ་བརྟན་པའི་གོ་ཆ་ལུས་མེད་ཀྱི། །
ནུས་པ་ཡོངས་སུ་འགོངས་པ་ཉིད་དུ་བགོས། །<*མ་བསྡུས་པའི་གཟུགས་ཅན།>ཟབ་ཅིང་ཡངས་པའི་ཚོགས་ཀྱི་རྐང་པ་དག །མི་ཟད་བརྒྱད་ཅུའི་ལམ་དུ་བཀོད་པ་ཡིས། །བསྐལ་པ་གྲངས་མེད་གསུམ་གྱི་ཐང་མོ་ཆེ། །སྙིང་སྟོབས་དོ་ཟླ་མེད་པའི་ཤུགས་ཀྱིས་བརྒལ། །<*རིགས་བརྗོད་པ་བར་གྱི་གསལ་བྱེད།>གོང་ནས་གོང་མའི་ཐེམ་པ་
འགོངས་ཙམ་གྱིས། །ཡོན་ཏན་བརྒྱ་སྟོང་ལ་སོགས་བསྒྱུར་བའི་ས། །ཆོས་སྤྲིན་རྩེ་མོ་ལ་ཆགས་སྐྱེ་མཐའ་ཡི། །རྒྱལ་སྲས་ཚུལ་གྱི་སྤྱོད་པས་གདུལ་བ་བཏུལ། །<*ཡན་ལག་གཅིག་པའི་གཟུགས་ཅན།>ལུས་མེད་ཐུལ་བ་མང་པོས་བྱང་ཆུབ་པའི། །བྱིན་རླབས་སྔགས་ཀྱིས་ལེགས་
བཏབ་རྡོ་རྗེའི་གདན། །གང་དུ་དཔའ་བས་བགྲོད་བྱེད་རྡོ་རྗེ་ཡི། །སྐྱིལ་ཀྲུང་མདུད་པ་བོར་བ་གཅིག་ཅིག་ཏུ། །<མི་ལྡན་པའི་གཟུགས་ཅན།>བྱང་ཆུབ་སྙིང་པོ་ལེན་པ་དམ་བཅའི་མཁའ། །བརྟན་པ་དེ་ལ་འགྲོ་འདོད་སོག་ལེའི་སོ། །སྙིང་ལ་ཡོངས་སུ་རྫོགས་པའི་ཡིད་

སྲུབ་དཔུང༌། །བྱེ་བ་ཁྲག་ཁྲིག་ལྷགས་པའི་གཡུལ་གྱིས་གཙེས། །<*རབ་སྤེལ་གྱི་རྒྱན།>གང་ཚེ་བཟོད་དང་བྱམས་པ་ཆེན་པོ་ཡིས། །བཞིན་གྱི་དཀྱིལ་འཁོར་བཀྲུས་པའི་འཛུམ་བསུ་བས། །རྩུབ་མོའི་མཚོན་ཆ་རྣམས་ཀྱང་མེ་ཏོག་གི །རྒྱན་དུ་ལེན་པ་ཙམ་གྱིས་ཕམ་པར་མཛད། །<*འགལ་བའི་གསལ་བྱེད།>རྒྱུ་དེས་ས་འདི་
དགའ་བ་བརྒྱས་གཡོས་ཏེ། །བདེན་དཔང་ཆེད་དུ་བརྗོད་པ་གླུར་ལེན་ཡང༌། །འདོད་ལྷའི་སྙིང་ནི་མི་བཟད་མྱ་ངན་གྱིས། །བཅིར་ལ་མ་བཟོད་དབུགས་ནི་ཤུགས་རིང་བརྩེགས། །<*ཡན་ལག་གཅིག་པའི་གཟུགས་ཅན།>དེ་མཐར་ཐུབ་པ་ཁོ་ནའི་ཁྱད་པར་ཆོས། །མཐའ་དག་རྫོགས་
པར་བྱེད་པ་འཕྲིན་གྱི་རྔ། །འོག་མིན་བར་དུ་ལུད་པར་བརྡུངས་པ་ལས། །རྒོལ་བ་མེད་པར་ཐམས་ཅད་མཁྱེན་པར་བསྟན། །<*ཟླ་བོ་དངོས་པོའི་དཔེ།>འཇིག་རྟེན་ཕན་བདེ་སྒྲུབ་པ་མང་ཡོད་ཀྱང༌། །ཐུབ་པ་ཆོས་ཀྱི་འབྱུང་གནས་འདྲ་བ་མེད། །མཁའ་དབྱིངས་
འོད་ཟེར་འབྱིན་པ་གྲངས་མེད་དབུས། །བདུད་རྩིའི་འོད་ཅན་གཉིས་པ་འདི་ན་སུ། །<*མང་པོའི་དཔེ།>རིན་ཆེན་འབྱུང་གནས་ཆུ་ནི་སྙིམ་པས་དང༌། །ཀུན་གསལ་ཕ་རོལ་རྐང་དྲུག་འཕུར་ལྡིང་གིས། །སེམས་ཅན་བསམ་པའི་བྱེ་བྲག་བྱིས་པས་བཞིན། །
ཐུབ་པའི་སྤྱོད་མཐའ་བརྗོད་པས་གཏུགས་པ་མེད། །<*དངོས་པོའི་དཔེ།>འོན་ཏེ་དྲི་མེད་ལུང་ལས་འབྱུང་བའི་དོན། །ཅུང་ཟད་བྲིས་པ་འདིས་ཀྱང་མཛུབ་མོ་ཡིས། །ནམ་མཁའ་བསྟན་པ་བཞིན་དུ་འཇིག་རྟེན་ན། །ཐུགས་རྗེ་ཡངས་པ་དྲན་པའི་རྒྱུ་ཙམ་
བྱེད། །ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་
ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པའི་ཚུལ་ལས་བརྩམས་པའི་གཏམ་ངོ་མཚར་ཆུ་གཏེར་འཕེལ་བའི་ཟླ་བ་གསར་པ་ལས། ཡིད་ཆེས་བསྐྱེད་པའི་ཆེད་དུ་བསྟན་པ་གང་ལས་བྱུང་བའི་སརྒ་སྟེ་དང་པོའོ།། །།

ཨབྷྱཱརམྦྷཤཱསྟྲཾཀིཉྩཀེ྅སཾཀལྦེནནིཿསམྱཀཚུཙིསྟསྨཱཡུཏྟརཱཥཱཾབྷཱཥནཿཀཱིརྟྟིཿཤཱསནབྲྀདྡྷཤྩིརེ།
<སྤངས་ནས་མེད་པའི་བྱེད་རྒྱུ།> བརྩམས་པའི་བསྟན་བཅོས་ཅི་དང་ཅིར། །དཔྱད་པས་ཡང་དག་མ་བགྲུངས་མེད། །དེ་ཕྱིར་སྨྲ་བའི་མཆོག་རྣམས་ཀྱི། །གྲགས་པ་བསྟན་པ་སྲིད་དུ་འཕེལ། །

<*གཉི་ཀའི་ཐོག་མར་ཡོད་པ་ཆོད་པའི་ཟུང་ལྡན།> ཐམས་ཅད་མཁྱེན་པའི་གདུང་འཚོབ་པ། །ཐམས་ཅད་ཀྱི་ནི་བློ་གྲོས་ཀྱང༌། །ཐམས་ཅད་མཁྱེན་ལྟར་དག་པའི་ལས། །ཐམས་ཅད་ཕན་པར་སྨྲ་བ་བྱུང༌། །<*སྦྱར་བའི་གཟུགས་ཅན།>བརྟན་པར་བཅས་པའི་རྭ་བ་ན། །ཁྲིམས་གཙང་ཙནྡ་ན་ཡི་ཤིང༌། །མཚར་དུ་དངར་བས་བསྐྱེད་པའི་དྲི། །གང་ལ་རེག་པ་
བསིལ་བའི་དཔྱིད། །<*བྱ་བ་ལྷན་ཅིག་བརྗོད་པ།>བདག་དོན་མངོན་པར་ཞེན་པའི་བློ། །འཁོར་བའི་དཔལ་དང་ལྷན་ཅིག་སྤངས། །གཞན་ལ་ཕན་པའི་བྱང་ཆུབ་སེམས། །དཀའ་སྤྱད་དག་དང་མཉམ་དུ་བཟུང༌། །<*འཇིགས་རུང་གི་ཉམས་དང་ལྡན་པ།>ཆོས་མངོན་ལ་སྦྱངས་ཤེས་རབ་ཀྱི། །བསླབ་ལྡན་
རྣམས་ཀྱི་མདུན་ས་རུ། །རྨོངས་པའི་རང་གཟུགས་བརྟན་བྱེད་པའི། །ཆོ་ག་ཡིད་སྲུབས་ཀྱིས་མི་ཤེས། །<*བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།> ཐོས་བསམ་སྒོམ་པའི་གྲུ་ཆེན་བསྐྱོད། །སྔགས་གཞུང་རྒྱ་མཚོའི་ཕ་རོལ་དུ། །བརྒལ་བའི་སྙིང་པོ་ལུང་རྟོགས་ཀྱི། །ཡོན་ཏན་
ནོར་བུ་ཅི་ཡང་བླངས། །<*ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ།> སྙིང་རྗེས་གཞན་དབང་གྱུར་པ་རྣམས། །རྟག་ཏུ་བདག་དོན་ཁོམ་མ་ཡིན། །དག་བྱེད་ལྡན་པའི་སྤྲིན་གྱི་ཕྲེང༌། །ཆུ་རུ་གྲོན་པ་རང་དོན་ནམ། །<*ཏིང་ངེ་འཛིན་གྱི་ཡོན་ཏན།>ཟབ་ཅིང་ཡངས་པ་བདུད་རྩིའི་གཏམ། །མི་ཟད་ཚོགས་ཀྱིས་ཕྱེ་བའི་འཛུམ། །ཚེམས་
དཀར་འོད་ཀྱི་ཐིགས་པ་དག །སྣང་བའི་མུན་པ་བཀྲུ་ཕྱིར་རྒྱུ། །<*རིགས་རང་བཞིན་བརྗོད་པ།>སེམས་ཅན་ཁམས་ཀྱི་དྲི་མ་གསུམ། །དག་པའི་སྙིང་པོ་སྟེར་བའི་ཆོས། །རིས་སུ་བསྡུས་པའི་སྡེ་སྣོད་བཞིས། །བསྟན་པར་བྱ་བ་བསླབ་པའི་གནས། །<*རྒྱུ་འགོག་པ།>མཐའ་དག་འདོམས་
པའི་དབང་ཕྱུག་ཅེས། །མཆོག་ཏུ་ངོ་མཚར་སུ་ཞིག་སྨྲ། །གང་ཕྱིར་ཐུབ་པས་ལུང་བསྟན་པའི། །བསྟན་སྐྱོང་ཀུན་གྱི་ལས་འདི་ཡིན། །<*སྔོན་བྱུང་གི་གཏམ་དང་སྦྱར་བའི་བསྡུས་པའི་གཟུགས་ཅན།>རིགས་པར་སྨྲ་མཆོག་ལྷ་རྣམས་ཀྱིས། །སྒྲུབ་དང་སུན་འབྱིན་དཔུང་བ་ཡིས། །ལྟ་ངན་འབིགས་བྱེད་རི་བསྙལ་ཏེ། །དམ་ཆོས་
ཉི་མ་རབ་གསལ་བྱས། །<*སྐྱེད་བྱེད་འདུལ་བའི་རྒྱུ།>རྒྱལ་སྲས་རྣམས་ཀྱི་སོ་སོ་རང༌། །རིག་པས་ཇི་བཞིན་མཐོང་བ་དང༌། །མི་མཆོག་ཀུན་གྱིས་གཤེགས་པའི་ལམ། །མ་ནོར་བདེ་བའི་འཕྲིན་དམ་པ། །<*བྱ་བ་རང་བཞིན་བརྗོད་པ།>ཕྱི་ནང་རིག་པའི་གཙུག་ལག་སྡེ། །

བཅུ་ཕྲག་གཅིག་ཏུ་བཅིངས་པ་གང༌། །མཐའ་དག་དབྱངས་ཀྱི་རྒྱལ་མོ་ཡང༌། །དགྱེས་བསྐྱེད་ཚིག་གི་བསྟན་བཅོས་བྱས། །<*མང་བའི་དཔེ།>རབ་རིབ་ཅན་ལ་མིག་གི་དཔལ། །འདའ་ཀ་མ་ལ་མི་ཤིགས་སྲོག །དེ་བཞིན་ཐམས་ཅད་མཁྱེན་འདོད་ལ། །ལེགས་བཤད་
འདྲ་བའི་ཕན་བྱེད་དཀོན། །<*མཛེས་པའི་ཡོན་ཏན།>ཨེ་མ་ཕན་མཛད་རྣམས་ཀྱི་དྲིན། །ཆེ་བའི་དོ་ཟླར་སྟོང་གསུམ་གྱི། །རི་རབ་ཕྱོགས་གཅིག་སྤུངས་ན་ཡང༌། །བྱེད་པོའི་སྲང་ལ་མཉམ་མི་འགྱུར། །<*བྱ་བ་ཐོག་མའི་གསལ་བྱེད།>གླེང་བར་བགྱིའོ་སྟོབས་བཅུ་པའི། །བསྟན་པ་སྣང་བྱེད་གང་བྱོན་པ། །བྱོན་པའི་འཕགས་པ་
གང་དག་གིས། །བྱ་བ་ཇི་ལྟར་བྱས་པའི་ཚུལ། །སྤྱི་དོན་གཉིས་པ་སྤྲོ་བ་བསྐྱེད་པའི་ཆེད་དུ་བསྟན་སྐྱོང་རྣམས་ཀྱིས་བྱ་བ་བྱས་པ་ལ། བསྡུ་བ་ཇི་ལྟར་བྱས་པ་དང༌། འགྲེལ་བྱེད་ཇི་ལྟར་བྱོན་པའོ། །དང་པོ་བསྡུ་བ་ཇི་ལྟར་བྱས་པ་ལའང་ཐེག་པ་ཐུན་མོང་
བ་དང༌། ཐེག་པ་ཆེན་པོ་གཉིས་ལས། དང་པོ་ཐེག་པ་ཐུན་མོང་བ་ལྟར་ན་འདི་ལྟ་སྟེ། སྟོན་པ་ཐུབ་པའི་དབང་པོ་འཁོར་དགེ་སློང་ཁྲི་བརྒྱད་སྟོང་དང་བཅས་པ་མྱ་ངན་ལས་འདས། དེའི་སྔོན་དུ་ཤཱ་རིའི་བུ་འཁོར་བརྒྱད་ཁྲི་དང་བཅས་པ་དང༌། མཽང་གལ་གྱི་བུ་འཁོར་བདུན་ཁྲི་དང་བཅས་པ་
དག་ཀྱང་མྱ་ངན་ལས་འདས་སོ། །དེའི་དུས་ན་ཚེ་ལོ་བསྐལ་པ་མང་པོར་འཚོ་བའི་ལྷ་རྣམས་ནི་འདི་སྐད་དུ་སྨྲ་སྟེ། སྟོན་པའི་གསུང་རབ་ནི་དུད་པ་ཙམ་དུ་གྱུར། དགེ་སློང་དབང་ཡོད་པ་དག་ཀྱང་འདས་པར་གྱུར་པས། མདོ་སྡེ་དང༌། འདུལ་བ་དང༌། མ་མོ་དག་མི་སྒྲོགས་སོ་ཞེས་འཕྱ་
བར་བྱེད་དོ། །དེ་བསལ་བའི་ཆེད་དུ་གནས་བརྟན་འོད་སྲུངས་ཆེན་པོས་གང་པོ་ལ་དགེ་སློང་གི་དགེ་འདུན་རྣམས་སྡུས་ཤིག་ཅེས་བསྒོས་པ་དང༌། དེས་ཀྱང་འོད་སྲུངས་ཀྱི་ལྟར་མཉན་ཏེ་གཎྜཱི་བརྡུངས་པས། དགེ་སློང་གི་དགེ་འདུན་ལྔ་བརྒྱ་ལ་གཅིག་གིས་མ་ཚང་བ་འདུས་སོ། །གཅིག་ནི་བ་
ལང་བདག་སྟེ་དེ་འབོད་པའི་ཕྱིར་གང་པོ་ལ་ཁྱོད་སོང་ནས་བ་ལང་བདག་ལ་འདི་སྐད་ཅེས་སྨྲོས་ཤིག །འོད་སྲུངས་ལ་སོགས་པའི་དགེ་སློང་གི་དགེ་འདུན་རྣམས་འདི་སྐད་དུ་ནད་མེད་པར་གྱུར་ཅིག །དགེ་འདུན་གྱི་བྱ་བ་ཅུང་ཟད་ཡོད་པས་མྱུར་དུ་བོས་ཤིག་ཅེས་བྱོས་ཤིག །དེས་ཀྱང་འདི་ལྟར་

གྲོང་ཁྱེར་རྩྭ་ཅན་ནས་མི་སྣང་ཞིང༌། སུམ་ཅུ་རྩ་གསུམ་ཤིང་ཤི་རི་ཤ་ཀའི་གཞལ་མེད་ཁང་སྟོང་པ་ན་འདུག་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་བ་ལང་བདག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཇི་ལྟར་བསྒོ་བ་དེ་ལྟར་དུ་གསོལ་བ་དང༌། ཅི་གང་པོ་བཅོམ་ལྡན་འདས་གདུལ་བའི་དོན་
དུ་འཇིག་རྟེན་གཞན་དུ་མ་གཤེགས་སམ་ཞེས་བྱ་བ་ལ་སོགས་པའི་རྒྱུ་དྲིས་པས། དེས་སྨྲས་པ། བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། །ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །དེའི་ཚེ་བ་ལང་བདག་གིས་འདི་སྐད་དུ་བསྒོ་སྟེ། གང་
པོ་ཆོག་གིས་དེ་སྐད་མ་སྨྲ་ཤིག འགྲོ་བའི་དུས་མ་ཡིན་ནོ། །འོན་ཀྱང་ཇོ་ཅོ་གང་པོ། འགྲོ་བའི་སྒྲོན་མ་མགོན་པོ་བཞུགས་ན་དེར། །བདག་ནི་འགྲོ་བར་བྱ་བའི་བློ་ཡོད་ཀྱང༌། །དེ་ནས་ཕ་རོལ་རབ་ཞིར་གཤེགས་གྱུར་ན། །བློ་ལྡན་གང་ཞིག་འཇིག་རྟེན་དེ་དག་འགྲོ། །ལྷུང་བཟེད་ཆོས་
གོས་རྣམ་གསུམ་མཆོག་འདི་དག །ཁྱོད་ཀྱིས་དགེ་འདུན་དག་ལ་དབུལ་བར་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གིས་བསམས་པ་འཕགས་ལ་བཟོད་པར་གསོལ། །ཞེས་གསུངས་ནས་སྤར་བ་དང༌། དྲོ་བ་དང༌། ཆར་དབབ་པ་དང༌། གསལ་བ་མཆོག་དག་གི་ཆོ་
འཕྲུལ་བསྟན་ཏེ་མྱ་ངན་ལས་འདས་སོ། །དེའི་རང་ལུས་ལས་མེ་འབར་བས་ཚིག་སྟེ་དེ་ལས་ཆུའི་རྒྱུན་རྣམ་པ་བཞི་བབ་པ་སོ་སོའི་སྒྲ་ལས་ཚིགས་སུ་བཅད་པ་རེ་རེ་ཡང་བྱུང་ངོ༌། །དེ་ནས་གང་པོས་རུས་པ་ལ་མཆོད་པ་བྱས་ཏེ་རྫུ་འཕྲུལ་གྱིས་དགྲ་བཅོམ་པ་རྣམས་ཀྱི་ནང་དུ་ཕྱིན་ཏེ། བ་ལང་བདག་
གི་ལྷུང་བཟེད་དང་ཆོས་གོས་དག་ཕུལ་ནས། མགོན་པོའི་སྐུ་ནི་མེད་པར་དེས་ཐོས་ནས། །བསོད་ནམས་ལས་ཀྱིས་རབ་ཏུ་ཞི་བར་སོང༌། །དེ་ཡི་ལྷུང་བཟེད་ཆོས་གོས་འདི་ཡིན་ཏེ། །དེས་བསམས་དགེ་འདུན་དག་ལ་བཟོད་པར་གསོལ། །ཞེས་སྨྲས་སོ། །དེ་ནས་འོད་སྲུངས་ཆེན་
པོས་དགེ་སློང་རྣམས་ལ་གསུངས་པ། ཀྱེ་ཚངས་པ་མཚུངས་པར་སྤྱོད་པ་དག་ཉོན་ཅིག ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང༌། །དབང་ཆེན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །ཞེས་དང༌། སླར་

ཡང་རེ་ཞིག་དགེ་སློང་ལྔ་བརྒྱ་པོ་མྱ་ངན་ལས་མི་འདའ་བའི་ཕྱིར་ཁྲིམས་སུ་བཅའ་བ། ཇི་ལྟར་བསོད་ནམས་ལས་ཀྱིས་ཞི་གྱུར་པ། །ཤི་རི་ཤ་ཀའི་སེམས་མཆོག་བ་ལང་བདག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོས་ཕྱིར་ཚོགས་ནས་
བློ་གྲོས་བྱ། །ཞེས་བཅས་ནས། གནས་འདིར་ཆོས་བགྲོ་བ་ལ་ནི་གཡེང་བ་ཆེ་བས། མ་ག་དྷཱའི་ཕྱོགས་དབེན་པ་ཞིག་ཏུ་འདོང་ངོ་ཞེས་ཀུན་དགའ་བོ་ཆུ་འབྲིམ་པའི་ཞལ་ཏ་བར་བསྐོས་ཏེ་དགེ་སློང་གཞན་དང་ལྷན་ཅིག་ཏུ་ཅི་དགའ་བར་ལྗོངས་རྒྱུས་ལ་སོང་ཞིག །ང་ནི་ལམ་དྲང་པོ་ནས་འགྲོའོ་
ཞེས་འོད་སྲུངས་ཆེན་པོ་རྒྱལ་པོའི་ཁབ་ཏུ་བྱོན་ནོ། །དེར་མ་སྐྱེས་དགྲ་ནི་སྔོན་ཡང་གང་དུ་སྟོན་པ་མཐོང་བ་ན་དད་པས་རྟ་དང་གླང་པོ་ལས་རང་ལྷུང་ནས་བཅོམ་ལྡན་འདས་ཀྱི་མཐུས་མ་སྨྲས་པར་ས་ལ་འཇོག་པ་ཡིན་ཏེ། དེར་ཡང་དེ་བཞིན་དུ་འོད་སྲུངས་ཆེན་པོ་འབྱོན་པ་མཐོང་བ་ནའང་བཅོམ་ལྡན་
འདས་རྗེས་སུ་དྲན་པས་ས་ལ་ལྷུང་བ་དང༌། འོད་སྲུངས་ཆེན་པོའི་རྫུ་འཕྲུལ་གྱིས་ཅང་མ་སྣད་པར་བཟུང་སྟེ་སྨྲས་པ། རྒྱལ་པོ་ཆེན་པོ་སངས་རྒྱས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ལ། ཉན་ཐོས་རྣམས་ལ་ནི་མཉམ་པར་བཞག་པ་དང་མཉམ་པར་མ་བཞག་པ་ཅི་རིགས་པ་སྲིད་པས་
སླད་ཆད་འདི་ལྟ་བུ་མི་བགྱིད་པར་བཅས་སོ། །སླར་ཡང་སྨྲས་པ། རྒྱལ་པོ་ཆེན་པོ་དེང་དགེ་སློང་གི་དགེ་འདུན་རྣམས་ལམ་དུ་ཞུགས་ཏེ། ལྷའི་གནས་འདིར་ཆོས་ཀྱི་ཚུལ་བགྲོ་བར་འཚལ་ལོ། །དེས་སྨྲས་པ། ལེགས་ཀྱིས་བདག་གིས་ཡོ་བྱད་ཐམས་ཅད་བསྟབ་པར་བགྱིའོ་
ཞེས་དང༌། ཡང་སྨྲས་པ། བདག་ལ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བ་ནི་སྦྲན་པར་མ་བྱས་ཀྱི། ཁྱོད་ཀྱིས་ནམ་མྱ་ངན་ལས་འདའ་བར་བཞེད་པ་ན་བདག་ལ་སྦྲན་པར་མཛོད་ཅིག །འོད་སྲུངས་ཀྱིས་ཀྱང་དེ་བཞིན་དུ་བགྱི་བར་ཞལ་གྱིས་འཆེས་སོ། །དེ་ནས་གང་དུ་ཆོས་བགྲོ་
བར་བྱ་བའི་གནས་ནི། ནྱ་གྲོ་དྷཱའི་ཕུག་ཏུ་དབེན་པར་གཟིགས་ནས་དེ་ཉིད་དུ་བྱོན་ནོ། །ཇི་ཙམ་ན་དགེ་སློང་དེ་དག་གི་ནང་ནས་མདོ་སྡེ་འདོན་པའི་འོས་སུ་གྱུར་པ་ནི་ཀུན་དགའ་བོ་ཡིན་ནའང༌། དེའི་སེམས་འོད་སྲུངས་ཆེན་པོས་བརྟགས་པས་དགྲ་བཅོམ་པ་མ་ཐོབ་པར་མཁྱེན་ཏེ། དེ་

འདུལ་བར་བྱེད་པ་ལ་སྤྲོ་བའམ་སྤྱོ་བ་གང་གིས་འདུལ་བར་འགྱུར་སྙམ་དུ་རྣམ་པར་དཔྱད་པས་སྤྱོ་བའི་ཐབས་ཀྱིས་འདུལ་བར་རིག་ནས། དེས་དེ་ལ་ངེད་ནི་མཆོག་འདུས་པ་ཡིན་ལ། ཀུན་དགའ་བོ་ཁྱོད་ནི་ཟག་པ་རྣམས་ལ་སེམས་རྣམ་པར་གྲོལ་བར་མ་གྱུར་པས་དེང་ལྷན་ཅིག་ཏུ་བགྲོ་བར་
མི་བྱ་བས་ཁྱོད་ལོངས་ཤིག་ཅེས་དང༌། སྔོན་གྱི་ཉེས་པ་བརྒྱད་ཀྱང་རྣམ་པར་བསྒྲགས་ནས་ཕྱིར་བསྐྲད་དོ། །དེའི་དུས་ན་ནམ་མཁའ་ནས་ལྷ་རྣམས་ཀྱིས། ཨ་ལ་ལ། ཀྱེ་ད་ལྟ་ལྷ་རྣམས་ཀྱི་ལུས་ནི་རྒྱས་པར་འགྱུར། ལྷ་མ་ཡིན་གྱི་ལུས་རྣམས་ནི་རྨས་པར་འགྱུར། བཅོམ་ལྡན་
འདས་ཀྱི་བསྟན་པ་ནི་རྒྱས་པར་འགྱུར་ཏེ། དེ་ལྟར་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོས་སྟོན་པ་དང་འདྲ་བའི་ཉན་ཐོས་ཆེན་པོ་ལ་ཉེས་པ་རྣམ་པ་བརྒྱད་གླེངས་པས་སོ་ཞེས་ཀྱང་གཏམ་དུ་བརྗོད་དོ། །དེ་ནས་ཀུན་དགའ་བོས་དགེ་སློང་གི་ཚོགས་དེ་ལས་བྱུང་སྟེ་བྲྀ་ཛིའི་གྲོང་དུ་གཤེགས་
ནས། དེའི་གཡོག་ནི་བྲྀ་ཛིའི་བུས་བྱས་ཏེ་འཁོར་བཞི་ལ་ཆོས་འཆད་པ་དང་བཅས་ཏེ་བཞུགས་པ་དང༌། ནམ་ཞིག་ན་བྲྀ་ཛིའི་བུས་མཁན་པོའི་སེམས་ལ་བལྟས་པས། འདོད་པའི་འདོད་ཆགས་དང་བཅས་པའི་སློབ་པ་ཞིག་ཏུ་མཐོང་ནས་སྨྲས་པ། གཽ་ཏམ་ཁྱོད་ནི་བག་མེད་མ་མཛད་
པར། །ཤིང་དྲུང་ཐིབས་པོར་བརྟེན་ནས་མྱ་ངན་འདས། །ཐུགས་ལ་བཞག་སྟེ་བསམ་གཏན་མཛོད་ཅིག་དང༌། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །དེས་ཇི་ལྟར་བསྐུལ་བ་ལྟར་ཉིན་པར་དང་མཚན་གྱི་ཐུན་དང་པོ་ལ་འཆག་པ་དང་འདུག་པས་སྒྲིབ་པར་འགྱུར་བའི་ཆོས་
རྣམས་ལ་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །མཚན་གྱི་གུང་ཐུན་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ནས་ནང་དུ་གློ་གཡས་པ་ཕབ་སྟེ། སྔས་ནང་ཚངས་ཅན་ལ་མགོ་མ་བཞག་པ་ཁོ་ནར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཏེ་དགྲ་བཅོམ་པ་ཐོབ་བོ། །
ཐོབ་ནས་ཀྱང་སླར་ཡང་རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་དྷའི་ཕུག་ག་ལ་བ་དེར་ཕྱིན་ཏོ། །དེ་ནས་གནས་བརྟན་འོད་སྲུངས་ཆེན་པོ་དང་དགེ་སློང་རྣམས་ཀྱིས་མ་འོངས་པའི་དུས་སུ་དགེ་སློང་བརྗེད་ངས་པ་རྣམས་དང༌། ལུས་ཉམ་ཆུང་བར་གྱུར་པས་མདོའི་ཚིགས་སུ་བཅད་པ་མ་ཡིན་པར། སྡེ་སྣོད་

གསུམ་འཛིན་པར་མི་ནུས་ན། དེ་བས་ན་སྔ་དྲོ་ནི་མདོའི་ཚིགས་སུ་བཅད་པ་དང༌། ཕྱི་དྲོ་ནི་སྡེ་སྣོད་གསུམ་བགྲོ་བར་བྱའོ། །དེའང་ཐོག་མར་མདོ་སྡེ་བགྲོ་བར་བགྲོས་ཏེ། འོད་སྲུངས་ཆེན་པོ་སེང་གེའི་ཁྲི་ལ་བཞུགས་ཏེ། ཀུན་དགའ་བོ་ལ་སྤྲོ་བ་དྲིས་
ནས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མདོ་སྡེ་བསྡུ་བ་སྒྲུབ་པར་བསྐོས་ཏེ། ཀུན་དགའ་བོ་བཞུགས་པའི་སེང་གེའི་ཁྲི་ལ་དགྲ་བཅོམ་པ་ལྔ་བརྒྱས་སྣམ་སྦྱར་བཏིང་ངོ༌། །དེ་ནས་ཀུན་དགའ་བོས་ཕྱོགས་བཞིར་རྣམ་པར་བལྟས་ཏེ། སེམས་ཅན་ལ་སྙིང་རྗེའི་སེམས་ཉེ་བར་བཞག་པ་
དང༌། ཆོས་ལ་གུས་པ་བསྐྱེད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་ལ་ཞེ་སར་དམིགས་ནས་སེང་གེའི་ཁྲི་ལ་གཡས་སུ་བསྐོར་ཅིང་སྤྱི་བོས་གཏུགས་ཏེ། རྒན་རིམས་སུ་ཇི་ལྟར་འོས་པ་ལ་ཕྱག་བྱས་ནས་སེང་གེའི་ཁྲི་གང་ལ་བག་ཚ་བ་མེད་པར་བཞུགས་སོ། །བཞུགས་
ནས་ཀྱང་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གང་དག་ལྷ་དང་ཀླུ་ལ་སོགས་པ་ལ་གསུངས་པ་དང༌། དངོས་དང་བརྒྱུད་ནས་ཐོས་པ་ཇི་སྙེད་བཟུང་བ་ཐམས་ཅད་བཤད་པར་བྱའོ་སྙམ་དུ་བསམས་པ་དང༌། ལྷ་རྣམས་ཀྱིས་ཀྱང་ཤེས་པར་གྱུར་ཏེ་ཆོས་མཉན་པའི་ཕྱིར་ལྷགས་སོ། །དེ་ནས་འོད་སྲུངས་ཆེན་
པོས་ཀུན་དགའ་བོ་ལ་འདི་སྐད་དོ། །སྟོན་པ་འཇིག་རྟེན་ཕན་བཞེད་པ། །རྒྱལ་བས་གསུངས་པའི་ཆོས་རྣམས་ཀྱི། །རྣམ་པ་མཆོག་ནི་གར་བཤད་པ། །ཚེ་དང་ལྡན་པས་མདོ་སྡེ་གསུངས། །དེས་དེ་མ་ཐག་པར་བཅོམ་ལྡན་འདས་རྗེས་སུ་དྲན་པའི་ཐལ་མོ་སྦྱར་ནས་དབྱངས་
ཀྱིས་ཁྱབ་པར་བྱས་ཏེ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་ཝཱ་རཱ་ཎ་སཱིར་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ཚལ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་ལྔ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏེ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་
འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་བྱ་བ་ལ་སོགས་པས་མདོ་སྡེ་བཤད་དོ། །དེའི་ཚེ་ཀུན་ཤེས་ཀཽཎྜི་ནྱས་འོད་སྲུངས་ཆེན་པོ་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་མངོན་སུམ་དུ་ཐོས་ཏེ། བདག་གི་དོན་དུ་མདོ་སྡེ་འདི་བཤད་ཅིང་རྗེས་སུ་བསྟན་པས། བདག་གི་ཁྲག་དང་

མཆི་མའི་རྒྱ་མཚོ་ནི་བསྐམས། རུས་པའི་རི་ལས་ནི་བརྒལ། ངན་སོང་གི་སྒོ་ནི་བཅད། མཐོ་རིས་དང་ཐར་པའི་སྒོ་ནི་ཕྱེ་སྟེ། མདོ་སྡེ་རིན་པོ་ཆེ་འདི་བཤད་པས་བདག་དང་ལྷ་སྟོང་ཕྲག་བརྒྱད་ཅུས་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ། །དེ་རིང་འདིར་
འདི་སྐད་ཐོས་ནས་བཤད་དེ། ཀྱེ་མ་ཐམས་ཅད་མི་རྟག་པས་ཁྱད་པར་མེད་དོ་ཞེས་སྨྲས་ནས་སྟན་ལས་བབས་པ་དང༌། ཀུན་དགའ་བོ་དེ་བལྟ་བའི་ཕྱིར་དགྲ་བཅོམ་པ་གཞན་ཐམས་ཅད་ཀྱང་རང་རང་གི་སྟན་ལས་བབས་ནས། སྐྱེ་བོའི་ནང་ན་ཐམས་ཅད་མཁྱེན་པས་སྟོངས་པར་མངོན་མཐོང་
ན། །དགེ་བའི་བློ་གྲོས་གང་དག་སྲོག་ལ་ཆགས་ཤིང་དམ་པོར་བྱེད། །ཅེས་དང༌། ནམ་མཁའ་ནས་ལྷ་རྣམས་ཀྱང་སྟོན་པ་རྗེས་སུ་དྲན་ཏེ། གང་ལ་བདག་གིས་མངོན་ཐོས་པ། །ཆོས་ནི་ཐར་པའི་བདེ་བ་བྱེད། །འདི་སྐད་ཐོས་ཞེས་རབ་སྦྱར་ཏེ། །དེ་ཡང་དེ་རིང་བསྒྲགས་པ་
ཡིན། །ཞེས་སྨྲས་སོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་པས། ཀུན་དགའ་བོ་ལ་ཁྱོད་ཀྱི་ལུང་དེ་ཡིན་ནམ། དེས་བདག་གི་ལུང་དེ་ལགས་སོ། །བདག་གི་ལུང་དེ་ལྟ་བུ་ལགས་སམ། ཀུན་དགའ་བོ་དེ་ཁོ་ནའོ་ཞེས་ཕན་ཚུན་ཡིད་ཆེས་པར་བྱས་སོ། །དེ་
ནས་འོད་སྲུངས་ཆེན་པོས་བདག་གིས་བཅོམ་ལྡན་འདས་ཀྱི་མདོ་སྡེ་དང་པོ་བསྡུས་ན་ཚངས་པར་སྤྱོད་པ་གང་གིས་ཀྱང་མ་བཟློག་ཅིང་གཤེ་བར་མ་གྱུར་ཏོ། །དེ་ལྟ་བས་ན་འདི་ནི་ཆོས་སོ། །འདི་ནི་འདུལ་བའོ། །འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་ཤེས་སོ། །ཡང་དེས་དེ་ལ་བཅོམ་ལྡན་
འདས་ཀྱིས་མདོ་སྡེ་གཉིས་པ་གང་དུ་བཤད། དེས་གསལ་བར་ཡུལ་ཝཱ་རཱ་ཎ་སཱི་ཁོ་ནར་དགེ་སློང་ལྔ་པོའི་ཆེད་དུ་སྟེ། དེ་ཡང་འདི་སྐད་བདག་གིས་ཐོས་པ་ནས། དགེ་སློང་དག་འདི་ནི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་འཕགས་པའི་བདེན་པ་དང༌། སྡུག་བསྔལ་
ཀུན་འབྱུང་བ་དང༌། སྡུག་བསྔལ་འགོག་པ་དང༌། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་སྟེ། འཕགས་པའི་བདེན་པ་བཞིའོ། །སྡུག་བསྔལ་འཕགས་པའི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་དང་ཞེས་བྱ་བ་ནས་འགོག་པར་འགྲོ་བའི་ལམ་འཕགས་པའི་བདེན་པའོ་

ཞེས་བྱ་བའི་བར་གྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་དེའི་ཚེ། ཚེ་དང་ལྡན་པ་ཀུན་ཤེས་ཀཽཎྜི་ནྱ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །ལྷག་མ་དགེ་སློང་བཞི་པོ་ཡང་ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་སོ་ཞེས་
བྱ་བ་དང༌། ཀུན་ཤེས་ཀྱིས་ཀྱང་ཡིད་ཆེས་པར་བསྐྱེད་པ་མན་ཆད་སྔ་མ་ཇི་ལྟ་བ་བཞིན་ནོ། །ཡང་དེས་དེ་ལ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གསུམ་པ་གང་དུ་བཤད། དེས་གསལ་བར་ཡུལ་ཝཱ་རཱ་ཎ་སཱི་ཁོ་ནར་དགེ་སློང་ལྔ་པོའི་ཆེད་དུ་སྟེ། དེ་ཡང་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་
བ་ནས། དགེ་སློང་དག་གཟུགས་ནི་བདག་མ་ཡིན་ནོ། །དགེ་སློང་དག་གལ་ཏེ་གཟུགས་བདག་ཡིན་པར་གྱུར་དུ་ཟིན་ན། གཟུགས་ལ་གནོད་པའམ། སྡུག་བསྔལ་བར་མི་འགྱུར་ཞིང༌། གཟུགས་འདི་ལྟ་བུ་དང༌། འདི་ལྟ་བུར་ནི་གྱུར་ཅིག འདི་ལྟ་བུར་ནི་མ་གྱུར་ཅིག་ཅེས་
པ་འདི་འགྱུར་རོ་ཞེས་བྱ་བ་ནས། འདི་ལས་སྲིད་པ་གཞན་མེད་པར་རབ་ཏུ་ཤེས་སོ་ཞེས་པའི་བར་གྱི་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། དགེ་སློང་ལྷག་མ་བཞི་པོ་ལེན་པ་མེད་པར་ཟག་པ་ལས་སེམས་རྣམ་པར་གྲོལ་ལོ། །དགྲ་བཅོམ་པ་གཅིག་གིས་མ་ཚང་བ་ཞེས་བྱ་བ་ནས། འདི་ནི་སྟོན་
པས་བསྟན་པའོ་སྙམ་དུ་ཤེས་པའི་བར་སྔ་མ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་གྲོང་དང༌། གྲོང་ཁྱེར་དང༌། ཡུལ་འཁོར་དང༌། རྒྱལ་པོའི་ཕོ་བྲང་འཁོར་གང་དང་གང་དུ་བཤད་པ་དེ་དང་དེ་ཀུན་དགའ་བོས་བཟླས་ནས། དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས་
མདོ་སྡེར་བྱས་ཏེ། དེའི་ཚེ་གང་ཕུང་པོ་དང་ལྡན་པའི་མདོ་སྡེ་ནི་ཕུང་པོར་བསྡུས་ཏེ་བཞག་གོ །དེ་བཞིན་དུ་སྐྱེ་མཆེད་དང་ཡང་དག་པར་ལྡན་པ་ནི་སྐྱེ་མཆེད་དྲུག་ཏུའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་འཕགས་པའི་བདེན་པས་རིག་པ་དང་ཡང་དག་པར་ལྡན་པ་ནི་གླེང་གཞི་དང་ཡང་དག་པར་ལྡན་པར་
རོ། །གང་ཉན་ཐོས་ཀྱི་བཤད་པ་མང་བ་ནི་ཉན་ཐོས་ཀྱི་བཤད་པར་རོ། །སངས་རྒྱས་ཀྱི་བཤད་པ་མང་བ་ནི་སངས་རྒྱས་ཀྱི་བཤད་པར་རོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་ཡང་དག་པར་རབ་ཏུ་ལྡན་པ་ནི་ལམ་གྱི་ཡན་ལག་ཏུའོ། །ཡང་དག་པར་བརྗོད་པ་མང་བ་ནི་ཡང་དག་པར་བརྗོད་པའི་སྡེར་

རོ། །ཚིགས་སུ་བཅད་པ་དང་བཅས་པར་ཡང་དག་པར་ལྡན་པ་ནི་ཡང་དག་པར་ལྡན་པའི་ལུང་ཞེས་བྱ་བ་རྣམས་སུ་བསྡུས་ཏེ་བཞག་གོ །མདོ་སྡེ་རིང་པོ་ནི་ལུང་རིང་པོར་བཞག་གོ །བར་མ་བར་མ་དག་ནི་ལུང་བར་མར་བཞག་གོ །ཚིག་གཅིག་དང་ཚིག་གཉིས་ཞེས་བྱ་བ་ནས། ཚིག་བཅུ་
ཞེས་བྱ་བའི་བར་ནི་གཅིག་ལས་འཕྲོས་པའི་ལུང་ཞེས་བྱའོ། །དེ་ནས་འོད་སྲུངས་ཆེན་པོས་ཀུན་དགའ་བོ་ལ་ཁྱོད་ཀྱི་ལུང་དེ་སྙེད་ཅིག་གམ། འོད་སྲུངས་ཆེན་པོ་དེ་སྙེད་ཅིག་ལགས་ཏེ། འདི་ལས་ལྷག་པ་མེད་དོ་ཞེས་སྨྲས་ནས་སེང་གེའི་ཁྲི་ལས་བབས་སོ། །དེ་ནས་འོད་སྲུངས་
ཆེན་པོས་དགེ་སློང་དག་དེས་ནི་བཅོམ་ལྡན་འདས་ཀྱི་མདོ་སྡེ་མ་ལུས་པར་བསྡུས་ཟིན་པས་ད་ནི་འདུལ་བ་བགྲོ་བར་བྱ་སྟེ། དེའང་ཉེ་བ་འཁོར་མཁས་པར་གྱུར་པ་ནི་འདུལ་བའི་གླེང་གཞི་དང་བྱུང་བ་ལ་མཁས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བ་འཛིན་པའི་མཆོག་ཏུ་ལུང་བསྟན་
ནོ་ཞེས་བགྲོས་ནས། འོད་སྲུངས་ཆེན་པོ་སེང་གེའི་ཁྲི་ལ་འདུག་སྟེ་ཉེ་བ་འཁོར་སྤྲོ་བར་བྱས་ནས་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་འདུལ་བའི་སྡུད་པ་པོར་བསྐོས་སོ། །དེ་ནས་ཉེ་བ་འཁོར་སེང་གེའི་ཁྲི་ལ་བཞག་ནས། འོད་སྲུངས་ཆེན་པོས་ཉེ་བ་འཁོར་ལ། གང་དུ་བཅོམ་
ལྡན་འདས་ཀྱིས་དང་པོར་བསླབ་པའི་གཞི་བཅས། དེས་གསལ་བར་སྨྲས་པ། ཡུལ་ཝཱ་རཱ་ཎ་སཱིར་རོ། །གང་གི་དོན་དུ། དགེ་སློང་ལྔའི་ཆེད་དུ་སྟེ། གང་གི་ཕྱིར། འདི་ལྟ་སྟེ་ཤམ་ཐབས་ཟླུམ་པོར་བགོ་བར་བྱའོ་ཞེས་བསླབ་པ་བཅའ་བ་མཛད་དོ། །དེ་ནས་དགྲ་བཅོམ་པ་ལྔ་
བརྒྱར་གཅིག་གིས་མ་ཚང་བ་རྣམས་རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་བཞི་ལ་སྙོམས་པར་ཞུགས་ནས་སྨོན་པའི་ཤེས་པས་བལྟས་ནས་ཞེས་བྱ་བ་ནས། འདི་ནི་སྟོན་པས་བསྟན་པའོ་སྙམ་དུ་རིག་པའི་བར་དུའོ། །ཡང་དེས་དེ་ལ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་གཉིས་
པ་བཅས་པ་གསུང་ཤིག དེས་ཡུལ་ཝཱ་རཱ་ཎ་སཱིར་རོ། །གང་གི་ཆེད་དུ་དགེ་སློང་ལྔ་པོའི་དོན་དུ་སྟེ། གང་གི་ཚེ་འདི་ལྟར་དེ་ཆོས་གོས་ཟླུམ་པོར་བགོ་བར་བྱའོ་ཞེས་བསླབ་པ་བཅའ་བ་མཛད་དོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འདི་ནི་སྟོན་པས་བསྟན་པའོ་

སྙམ་དུ་རིག་པའི་བར་སྔ་མ་བཞིན་ནོ། །ཡང་དེས་དེ་ལ་གང་དུ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་གསུམ་པ་བཅས་པ་གསུང་ཤིག དེས་ཀ་ལནྡ་ཀའི་གྲོང་དུའོ། །གང་གི་ཆེད་དུ་ཀ་ལནྡ་ཀའི་བུ་བཟང་སྦྱིན་གྱི་ཆེད་དུ་སྟེ། གང་གི་ཕྱིར་འདི་ལྟར་
ཡང་དགེ་སློང་གང་དགེ་སློང་རྣམས་དང་ལྷན་ཅིག་བསླབ་པ་མཚུངས་ཤིང་མཉམ་པ་ལས་བསླབ་པ་མ་ཕུལ། བསླབ་པ་ཉམས་པར་མ་བྱས་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་པས་ཐ་ན་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པ་ལ་ཡང་རུང་སྟེ། དགེ་སློང་དེས་ཕས་ཕམ་པར་
གྱུར་པ་ཡིན་པས་གནས་པར་མི་བྱའོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་ནོ། །དེ་ལྟར་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་ལྷག་མ་གང་དང་གང་དུ་བཤད་པ་དེ་དང་དེ་དགེ་སློང་རྣམས་ལ་ཉེ་བ་འཁོར་གྱིས་བཟླས་
ནས་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གིས་མ་ཚང་བས་གཞུང་དུ་བྱས་ཏེ། ཕས་ཕམ་པ་བཞི་དང༌། དགེ་འདུན་ལྷག་མ་བཅུ་གསུམ་དང༌། མ་ངེས་པ་གཉིས་དང༌། སྤང་བའི་ལྟུང་བྱེད་སུམ་ཅུ་དང༌། ལྟུང་བྱེད་དགུ་བཅུ་དང༌། སོ་སོར་བཤགས་པར་བྱ་བ་བཞི་དང༌། བསླབ་པ་མང་པོ་
དང༌། རྩོད་པ་ཞི་བར་བྱ་བ་བདུན་དང༌། བཅས་པ་དང༌། རྗེས་སུ་བཅས་པ་དང༌། སོ་སོར་སྤང་བ་དང༌། གནང་བ་དང༌། རབ་ཏུ་བྱུང་བ་དང༌། གསོ་སྦྱོང་དང༌། དགག་དབྱེ་དང༌། ཕྲ་མོ་དང༌། གླེང་གཞི་དང༌། མོས་པ་སྟེ་འདི་དག་ནི་འདི་དང་འདིའོ་ཞེས་འདུལ་བར་ཡང་དག་པར་བསྡུས་
ནས། ཉེ་བ་འཁོར་སེང་གེའི་ཁྲི་ལས་བབས་སོ། །དེ་ནས་འོད་སྲུངས་ཆེན་པོས་མ་འོངས་པའི་གང་ཟག་ཤེས་རབ་ཞན་པ་རྣམས་ཀྱི་ཆེད་དུ་མ་མོ་བཤད་པར་བྱ་བའི་ཕྱིར་དོན་དུ་གཉེར་བས་གསོལ་བ་དང་གཉིས་ཀྱི་ལས་བྱས་ཏེ། སེང་གེའི་ཁྲི་ལ་འདུག་ནས་དགེ་སློང་དག་མ་མོ་ལྟ་བུ་ཞེས་བྱ་བ་དེ་
བདག་ཁོ་ནས་སྨྲ་བར་བྱ་སྟེ། མ་མོ་ལྟ་བུ་ནི་ཤེས་བྱའི་མཚན་ཉིད་རབ་ཏུ་གསལ་བར་བྱེད་པ་ཡིན་ཏེ། འདི་ལྟར་དྲན་པ་ཉེ་བར་གཞག་པ་བཞི་དང་ཞེས་བྱ་བ་ནས་རྫོགས་པར་བཤད་དོ། །དེ་ནས་དགྲ་བཅོམ་པ་ལྔ་བརྒྱ་ཞེས་བྱ་བ་ནས། འདི་ནི་སྟོན་པས་བསྟན་པའོ་ཞེས་བྱ་བའི་བར་སྔ་མ་བཞིན་

ནོ། །དེ་ལྟར་སྡེ་སྣོད་གསུམ་གྱི་བཀའི་བསྡུ་བ་རེ་རེ་ལའང་དགྲ་བཅོམ་པ་རྣམས་ཀྱིས་འདི་ནི་བདག་ལ་གསུངས་སོ། །འདི་ནི་བདག་ལ་གསུངས་སོ་ཞེས་བྱ་བ་ལ་སོགས་པས་རྗེས་སུ་མཐུན་པར་བརྗོད་ཅིང་བསྡུས་སོ། །དེའི་ཚེ་ས་བླའི་གནོད་སྦྱིན་རྣམས་ནས་བརྩམས་ཏེ་འོག་མིན་པའི་བར་གྱི་ལྷ་
རྣམས་ནི་འདི་སྐད་ཅེས་སྨྲ་སྟེ། ཨ་ལ་ལ། འཕགས་པ་འོད་སྲུངས་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱས་བདེ་བར་གཤེགས་པའི་སྡེ་སྣོད་གསུམ་ཡང་དག་པར་བསྡུས་པས་ལྷ་རྣམས་ཀྱི་ལུས་ནི་མངོན་པར་འཕེལ་བར་གྱུར་ཏོ། །ལྷ་མ་ཡིན་གྱི་ལུས་རྣམས་ནི་ཡོངས་སུ་འགྲིབས་པར་གྱུར་ཏོ་ཞེས་
མགྲིན་གཅིག་ཏུ་སྒྲོགས་སོ། །དེ་དག་ནི་དགྲ་བཅོམ་པ་ལྔ་བརྒྱས་བསྡུས་པས་ལྔ་བརྒྱས་ཡང་དག་པར་བསྡུས་པ་ཞེས་བྱ་བའི་ཐ་སྙད་དུ་གདགས་སོ། །དེ་ནས་འོད་སྲུངས་ཆེན་པོས་འདི་སྙམ་དུ་བདག་གིས་སྡེ་སྣོད་གསུམ་གྱི་བསྡུ་བ་ནི་ཡང་དག་པར་བྱས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བདག་ལ་
ལུང་བསྟན་པ་དང་བསྟན་པ་གཏད་པའི་བྱ་བ་ནི་མ་ལུས་པར་བྱས་སོ། །ད་ནི་ཕུང་པོའི་ཁུར་དང་ལུས་རྣག་ཅན་འདིས་ཀྱང་སྐྱོ་ན། བདག་ནི་མྱ་ངན་ལས་འདའ་བའི་དུས་ལ་བབ་བོ་སྙམ་དུ་བསམས་ནས་སྨྲས་པ། བདག་གིས་ཐུབ་པའི་མདོ་སྡེ་ནི། །ཡང་དག་བསྡུས་ནས་ཆོས་ལམ་བཞག །གཅིག་ནས་
གཅིག་ཏུ་ཡུན་རིང་བར། །སྟོན་པའི་གསུང་རབ་འདི་གནས་འགྱུར། །ངོ་ཚ་མེད་རྣམས་ཆད་པས་བཅད། །ངོ་ཚ་བྱེད་ནི་ཡོངས་སུ་བཟུང༌། །བདག་གིས་ཕན་དང་དགེ་བྱས་པས། །བདག་ནི་མྱ་ངན་འདས་དུས་བབ། །དེ་ནས་འོད་སྲུངས་ཀྱིས་ཀུན་དགའ་བོའི་དྲུང་དུ་ཕྱིན་ཏེ། ཀུན་དགའ་བོ་ཤེས་
པར་གྱིས་ཤིག བཅོམ་ལྡན་འདས་ཀྱིས་ནི་བདག་ལ་བསྟན་པ་གཏད་དེ་ཡོངས་སུ་མྱ་ངན་ལས་འདས་སོ། །ད་ནི་བདག་ཀྱང་ཞི་བ་ལ་འགྲོ་བས། ཁྱོད་ཀྱིས་བསྟན་པ་ལེགས་པར་སྐྱོངས་ཤིག ཁྱོད་ཀྱིས་ཀྱང་ཤ་ནའི་གོས་ཅན་ཞེས་བྱ་བ་འབྱུང་བ་དེ་རབ་ཏུ་བྱུང་ལ་བསྟན་པ་གཏོད་ཅིག་ཅེས་
གདམས་ནས། མིའི་ཡུལ་དང༌། ཀླུའི་ཡུལ་དང༌། སུམ་ཅུ་རྩ་གསུམ་གྱི་ཡུལ་རྣམས་སུ་སོང་སྟེ། དེ་དག་ཏུ་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་གདུང་དང་ཚེམས་མཆོ་བ་རྣམས་ལ་མཆོད་པ་བྱས་ནས།སླར་ཡང་རྒྱལ་པོའི་ཁབ་ཏུ་བྱོན་ཏེ། རྒྱལ་པོའི་ཆབ་སྒོ་བ་ལ་རྒྱལ་པོ་

ལ་འོད་སྲུངས་ནི་ཡོངས་སུ་མྱ་ངན་ལས་འདའོ་ཞེས་སྒྲོན་པར་གདམས་ཏེ། ལྷོ་ཕྱོགས་ཀྱི་རི་བོ་བྱ་གག་རྐང་ག་ལ་བདེར་འཛེགས་ཏེ། རི་གསུམ་གྱི་དབུས་སུ་རྩྭ་བཏིང་བའི་སྟན་དུ་སྟོན་པས་སྩལ་བའི་ཕྱག་དར་ཁྲོད་པའི་སྣམ་སྦྱར་སྐུ་ལ་བགོས་ནས། རྒྱལ་བ་བྱམས་པའི་
གསུང་རབ་རྒྱས་པར་གྱུར་གྱི་བར་དུ་མི་ཉམས་པར་བྱ་བར་དགོངས་ཏེ། བཅོམ་ལྡན་འདས་ཀྱི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་སྐུ་ལ་གསོལ་ཏེ་ནམ་ཞིག་མ་ཕམ་མགོན་གྱི་གསུང་རབ་རྒྱས་པར་གྱུར་པ་དེ་སྲིད་དུ་མི་ཤིགས་པར་བྱིན་གྱིས་བརླབས་ནས་ཆོ་འཕྲུལ་དུ་མ་བསྟན་ཏེ་མྱ་ངན་ལས་འདས་སོ། །
དེའི་དུས་ན་གསེར་མངལ་ཅན་དང༌། མིག་སྟོང་ལྡན་པ་ལ་སོགས་པའི་ལྷ་བརྒྱ་སྟོང་མང་པོ་དག་གིས་ཀྱང་ཉེ་བར་ལྷགས་ནས། སྟོན་པ་གཉིས་པའི་སྐུ་གདུང་དེ་ལ་ལྷའི་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། ཀུ་མུ་དཱ་དང༌། ཙནྡན་དང༌། ཨ་ག་རུ་ལ་སོགས་པས་མངོན་པར་མཆོད་ཅིང་ཕྱག་
བྱས་ཏེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ཙམ་ཞིག་ནས་རྒྱལ་པོ་མ་སྐྱེས་དགྲས་ཀྱང་འོད་སྲུངས་ཆེན་པོ་མྱ་ངན་ལས་འདས་པ་ཐོས་ནས། ཡིད་མྱ་ངན་དང་བཅས་ཏེ་འོད་མའི་ཚལ་ན་ཀུན་དགའ་བོ་བཞུགས་པའི་དྲུང་དུ་འོངས་པ་ན། དེས་ལམ་བསྟན་ཏེ་བྱ་གག་རྐང་གི་རི་ལ་འཛེགས་པ་ན། དེར་འཁོད་
པའི་གནོད་སྦྱིན་རྣམས་ཀྱིས་རི་བོ་དེ་དག་ལག་པའི་སྤར་བ་གདངས་པ་བཞིན་དུ་བསྟན་ནོ། །དེའི་ཚེ་རྒྱལ་པོས་བསྲེག་ཤིང་བསགས་ཏེ་སྲེག་པར་བརྩམས་པ་དང༌། ཀུན་དགའ་བོས། རྒྱལ་པོ་ཆེན་པོ་འདི་ནི་བྱམས་པའི་གསུང་རབ་རྒྱས་པའི་བར་དུ་མི་ཉམས་པར་བྱིན་གྱིས་བརླབས་ཏེ།ནམ་
ཞིག་བྱམས་པ་འཁོར་ཉན་ཐོས་བྱེ་བ་ཕྲག་དྲུག་ཅུ་རྩ་དགུས་བསྐོར་ནས་འདིར་འབྱོན་པར་འགྱུར་རོ། །བྱོན་ནས་ཀྱང་འཕགས་པའི་ལུས་འདི་ཉན་ཐོས་དེ་དག་ལ་བསྟན་ཏེ་འདི་ནི་འོད་སྲུངས་ཆེན་པོ་ཞེས་བྱ་བ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཉན་ཐོས། སྦྱངས་པའི་ཡོན་ཏན་འཆང་བའི་མཆོག་ཏུ་
གྱུར་པ་སྟེ། འདིས་ཐུབ་པ་དེའི་བསྟན་པ་ཡང་དག་པར་བསྡུས་སོ་ཞེས་ཉན་ཐོས་རྣམས་ལ་བསྟན་པ་དང༌། དགེ་སློང་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྦྱངས་པའི་ཡོན་ཏན་ཡང་དག་པར་བླངས་ནས་ཅི་ནུས་ཀྱིས་བསྒྲུབས་ཏེ། དགྲ་བཅོམ་པ་མངོན་དུ་བྱེད་པ་དེ་ལྟར་དུ་བྱིན་གྱིས་བརླབས་པས་སྲེག་པར་

བྱེད་མི་ནུས་སོ། །འོན་ཀྱང་སྟེང་དུ་མཆོད་རྟེན་ཞིག་རྩིགས་ཤིག་ཅེས་གསུངས་ནས། སླར་ཡང་རྒྱལ་པོས་ཕྱིར་ཕྱུང་བ་དང་རི་བོ་གསུམ་གྱིས་སྔ་མ་བཞིན་དུ་བསྒྲིབས་སོ། །དེའི་སྟེང་དུ་རྒྱལ་པོས་མཆོད་རྟེན་བརྩིགས་ནས་མཆོད་པའི་ཕྲེང་བ་མང་པོས་ཀྱང་མངོན་པར་གཏམས་ནས་བཞག་གོ །དེའི་ཚེ་
རྒྱལ་པོ་མ་སྐྱེས་དགྲས་སྟོན་པ་དང་འོད་སྲུངས་ཆེན་པོ་གཉིས་ཀ་མྱ་ངན་ལས་འདའ་བ་མ་མཐོང་བས་ཡིད་ཡོངས་སུ་གདུང་བར་གྱུར་ནས་ཀུན་དགའ་བོ་ལ། འཕགས་པ་ནམ་ཞིག་མྱ་ངན་ལས་འདའ་བ་བལྟ་བར་བགྱིའོ་སྨྲས་པ་དང༌། དེས་ཀྱང་དེ་ལྟར་དུ་བགྱི་བར་ཞལ་གྱིས་འཆེས་སོ། །དེ་ནས་གནས་བརྟན་
ཀུན་དགའ་བོ་འཁོར་དགེ་སློང་གི་དགེ་འདུན་དང་བཅས་པ་འོད་མའི་ཚལ་ལ་སོགས་པར་བཞུགས་ནས། བསྟན་པ་སྐྱོང་བའི་བགྱི་བ་ཁོ་ནས་དུས་འདའ་ཞིང༌། སྐྱེ་བོའི་ཚོགས་མང་པོ་འབྲས་བུ་རྣམ་པ་བཞི་ལ་བཀོད་པ་ལ་སོགས་པའི་ངོ་མཚར་མཛད་པའི་ཕྲེང་བ་མཚར་དུ་དངར་བ་དག་གིས་སྐྱེ་འགྲོ་ཐམས་ཅད་ཀྱི་
ཡིད་ཡོངས་སུ་ཕྲོགས་ནས། འཕགས་པ་ཀུན་དགའ་བོ་ནི་སྟོན་པ་དང་མཚུངས་སོ་ཞེས་ལྷ་དང་མིའི་འགྲོ་བ་མང་པོས་དུས་གཅིག་ཏུ་སྒྲོགས་པ་བྱུང་ངོ༌། །དུས་གཞན་ཞིག་ན་སྡེ་དཔོན་གྱི་བུ་བཙས་པའི་ཚེ་ཤ་ནའི་གོས་དང་ལྷན་ཅིག་ཏུ་བཙས་པས་ཤ་ནའི་གོས་ཅན་དུ་གྲགས་པ་དེ་རྒྱ་མཚོ་ཆེན་པོ་ནས་རྙེད་པ་
ལེགས་པར་ཐོབ་ནས་བདེ་བར་བརྒལ་ཏེ་འོངས་པ་དེས། གནས་བརྟན་ཀུན་དགའ་བོ་འོད་མའི་ཚལ་གྱི་དྲིའི་གཙང་ཁང་གི་སྒོ་ན་འཆག་པ་མཐོང་ནས་ཕྱག་བྱས་ཏེ་སྨྲས་པ། བདག་གིས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལོ་ལྔའི་བར་དུ་དུས་སྟོན་བགྱིད་པར་འཚལ་ན། སྟོན་པ་གང་ན་བཞུགས་ཞེས་དྲིས་པ་ལ། གནས་
བརྟན་གྱིས་སྨྲས་པ། བུ་ཁྱོད་ཀྱིས་མ་ཐོས་སམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སོ། །དེ་སྐད་ཐོས་མ་ཐག་ནས་བརྒྱལ་ཏེ་ས་ལ་འགྱེལ་ལོ། །དེ་ལས་སད་པ་དང༌། ཉན་ཐོས་ཆེན་པོ་མཆོག་ཟུང་འོད་སྲུངས་དང་བཅས་པ་རྣམས་ཀྱང་དྲིས་པས། དེ་དག་ཀྱང་མྱ་ངན་ལས་འདས་སོ། །དེ་སྐད་ཅེས་
ཐོས་ནས་ཀུན་དགའ་བོ་དགེ་འདུན་དང་བཅས་པ་ལོ་ལྔའི་བར་དུ་མངོན་པར་མཆོད་པའི་མཐར་གནས་བརྟན་ཆེན་པོས་བསྐུལ་ནས་རབ་ཏུ་བྱུང་ངོ༌། །དེ་ནས་རིང་པོར་མ་ཐོགས་པར་ཐོས་པ་འཛིན་པའི་རྩེ་མོར་ཕྱིན་པར་གྱུར་ཏོ། །ཇི་ཙམ་ན་ཀུན་དགའ་བོ་འོད་མའི་ཚལ་ན་བཞུགས་པ་དང༌། དགེ་སློང་གིས་མདོའི་

ཚིག་ལོག་པར་འདོན་པ་ཐོས་ནས། དེ་ལྟར་བཅོམ་ལྡན་འདས་ཀྱིས་མ་གསུངས་ཞེས་ལན་གཅིག་ལན་གཉིས་སུ་བཟློག་ཀྱང་བཅོས་སུ་མ་བཏུབ་ནས། གལ་ཏེ་བདག་ཉིད་ཀྱིས་སྨྲས་ན་ནི་འཐབ་མོར་འགྱུར་ལ། དེའི་མཁན་པོ་གང་ཡིན་པ་དེ་ནི་བདག་ལ་འདུད་པར་མི་འགྱུར་ཞིང༌།
བདག་ནི་དེར་འགྲོ་བའི་དུས་ལ་ཆ་མ་ཡིན་པར་དགོངས་ནས་མྱ་ངན་ལས་འདའ་བ་ལ་མངོན་པར་ཕྱོགས་ནས་སྨྲས་པ། རྙིང་པ་གང་དག་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ནི་གཅིག་པུ་བསམ་གཏན་ལ། །སྒོ་ང་ལས་སྐྱེས་བཞིན་དུ་གནས། །བདག་གི་གྲོགས་དང་མཛའ་བོ་ཀུན །
སྔོན་དུ་འདས་ཤིང་སོང་བར་གྱུར། །ཇི་ལྟར་བསམ་གཏན་གནས་དྲན་པ། །དེ་འདྲའི་བཤེས་གཉེན་འདི་ན་མེད། །དྲི་མ་བྱང་ནས་ཞིར་སོང་འགྲོ་བའི་སྒྲོན་མ་སྟེ། །བདག་ཉིད་ཆེན་པོས་གཏི་མུག་མུན་ནག་རབ་རིབ་བསལ། །དེ་དག་གིས་ནི་གདུལ་བ་ཚད་མེད་བཏུལ་གྱུར་ནས། །གཅིག་པུ་དགོན་པ་
མཆོད་རྟེན་ཚལ་ཤིང་ལྷག་མ་འདྲ། །ཞེས་སྨྲས་ནས་ཤ་ནའི་གོས་ཅན་ལ་བསྟན་པ་གཏད་དེ། སླད་མའི་དུས་ན་ཡུལ་བཅོམ་བརླག་གི་རི་མུ་རུནྡྷར་ཚོང་དཔོན་གྱི་བུ་ན་ཏ་དང་ཕ་ཏ་ཞེས་བྱ་བས་གཙུག་ལག་ཁང་བརྩིགས་པ་དང་ཡོན་བདག་བྱེད་པར་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ནོ། །དེ་ན་སྤོས་
འཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་ཞིག་འབྱུང་སྟེ་དེ་རབ་ཏུ་བྱུང་ཤིག་དང༌། སྟོན་པས་ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་དེ་ཉིད་མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་ལུང་བསྟན་པས་དེ་ལ་གཏོད་ཅིག་ཅེས་པར་གདམས་སོ། །དེ་ནས་ཀུན་དགའ་བོས་བདག་ཡུལ་སྤོང་བྱེད་
དམ་ཡངས་པ་ཅན་གང་རུང་ཅིག་ཏུ་མྱ་ངན་ལས་འདས་ན་ནི་ཅིག་ཤོས་དེ་མི་དགའ་བར་འགྱུར་རོ། །དེ་ན་ཆུ་བོ་གངྒཱའི་དབུས་སུ་སོང་ལ་མྱ་ངན་ལས་འདས་ནས་རིང་བསྲེལ་སོ་སོར་ཐོབ་པར་བྱའོ་སྙམ་སྟེ་མ་སྐྱེས་དགྲ་སྦྲན་པར་བསྐུལ་ནས། ཀུན་དགའ་བོ་གྲུར་ཞུགས་ཏེ་གངྒཱའི་དབུས་སུ་རྫུ་འཕྲུལ་གྱིས་ས་
ཇི་ལྟར་བྱ་བ་བཞིན་དུ་བཞུགས་སོ། །དེ་སྐད་ཐོས་པ་དང་མ་སྐྱེས་དགྲ་དཔུང་དང་བཅས་པ་ཡིད་མི་དགའ་ཞིང་གངྒཱའི་འགྲམ་དུ་སོང་བས། ལིཙྪ་བཱི་རྣམས་ཀྱང་དཔུང་གི་ཚོགས་དང་བཅས་ཏེ་གངྒཱའི་འགྲམ་དུ་ཕྱིན་ནས་རིང་བསྲེལ་གྱི་ཕྱིར་འཁོད་དོ། །དེའི་ཚེ་ས་གཡོ་བ་ཆེན་པོ་བྱུང་སྟེ་དེ་ནི་འཕགས་

པ་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་ལྟས་སུ་རིག་པའི་དྲང་སྲོང་གཅིག་ཅིག་འཁོར་ལྔ་བརྒྱས་བསྐོར་ཏེ་བྱུང་ནས་རབ་ཏུ་འབྱུང་བར་གསོལ་བ་བཏབ་བོ། །དེའི་ཚེ་འཕགས་པས་གངྒཱའི་དབུས་སུ་གླིང་ཡིད་དུ་འོང་བ་སྤྲུལ་ཏེ། དེ་ཉིད་དུ་ཉི་མ་གུང་ལ་བབ་པའི་དུས་སུ་གསོལ་བའི་ལས་བྱས་པས་ཕྱིར་མི་
འོང་བ་དང༌། ལས་གསུམ་པ་བྱས་པས་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེ་ལ་ཆུ་དབུས་པའམ་ཉི་མ་གུང་པ་ཞེས་བྱ་བར་གྲགས་སོ། །དེས་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་མ་འདས་པའི་སྔོན་དུ་བཟང་ལྡན་མྱ་ངན་ལས་འདས་པ་ལྟར། མཁན་པོའི་སྔོན་དུ་བདག་ཉིད་མྱ་ངན་
ལས་འདའ་བར་ཞུས་ཀྱང༌། མཁན་པོས་འདི་སྐད་དུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་ཁ་ཆེ་ནི་བསམ་གཏན་དང་མཐུན་པའི་གནས་མལ་གྱི་མཆོག་གོ་ཞེས་ལུང་བསྟན་པ་དང༌། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་དགེ་སློང་ཉི་མ་གུང་པ་ཞེས་བྱ་བ་འབྱུང་སྟེ། དེས་དེ་ན་བསྟན་པ་
འཛིན་པར་འགྱུར་རོ་ཞེས་ལུང་དུ་བསྟན་པས། ཁྱོད་ཀྱིས་ཁ་ཆེར་སོང་ལ་བསྟན་པ་ཟུང་ཞིག་ཅེས་གདམས་སོ། །དེ་ནས་འཕགས་པ་ཀུན་དགའ་བོ་ནམ་མཁའ་ལ་མངོན་པར་འཕགས་ཏེ་ཆོ་འཕྲུལ་རྣམ་པ་མང་པོ་བསྟན་ནས་མྱ་ངན་ལས་འདས་ནས་སྐུ་གདུང་ནི་རང་གི་རྫུ་འཕྲུལ་གྱི་མཐུས་སྦྱངས་
ནས་རིང་བསྲེལ་དུམ་བུ་གཉིས་སུ་སོང་བ་གཅིག་ནི་མ་སྐྱེས་དགྲ་དང་གཅིག་ནི་ལིཙྪ་བཱི་རྣམས་ཀྱིས་ཐོབ་སྟེ། དེ་དག་གིས་ཀྱང་སྐྱ་སྣར་གྱི་བུ་དང་ཡངས་པ་ཅན་དུ་མཆོད་རྟེན་བརྩིགས་སོ། །ཉི་མ་གུང་བ་ནི་སྟོན་པའི་ལུང་བསྟན་རྗེས་སུ་བསྒྲུབ་པའི་ཕྱིར་ཁ་ཆེར་བྱོན་ཏེ། དེ་ན་ཀླུ་ཧུ་ལུནྟ་ཞེས་བྱ་བ་
གདུག་པ་ཅན་ཞིག་གིས་རྟེན་བཅས་ནས་འགྲོ་བ་མང་པོ་ལ་འཚེ་བར་བྱེད་པ་ཞིག་ཡོད་པ། དེ་གདུལ་བའི་དོན་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། ཀླུ་དེས་ཤིན་ཏུ་མ་བཟོད་པར་ཁྲོས་ནས་རྫི་ཆར་དྲག་པོ་དང༌། མདའ་བོ་ཆེ་དང༌། དགྲ་སྟ་དང༌། རྡོ་རྗེ་ལ་སོགས་པའི་མཚོན་ཆ་ཆར་དུ་ཕབ་
བོ། །གནས་བརྟན་གྱིས་མཚོན་ཆ་དེ་ཐམས་ཅད་མེ་ཏོག་ཨུཏྤལ་དང༌། པདྨ་དང༌། པུཎྜཱ་རཱི་ཀ་རྣམས་སུ་བསྒྱུར་ཏེ་གླགས་རྙེད་པར་མ་གྱུར་པ་དང༌། སླར་གནས་བརྟན་གྱི་བཀའ་མཉན་པའི་ཕྱིར་དྲུང་དུ་བྱུང་བ་ལ། གནས་བརྟན་གྱིས་སྨྲས་པ། གནས་འདི་ང་ལ་བྱིན་ཅིག དེ་དག་གིས་

འབུལ་བར་རྔོ་མི་ཐོག་གོ །གནས་བརྟན་གྱིས་གནས་འདི་བཅོམ་ལྡན་འདས་ཀྱིས་ངའི་གནས་སུ་ལུང་བསྟན་པས་ངའི་གནས་ཡིན་ནོ། །དེ་ལྟར་ཡིན་ན་ཇི་ཙམ་དགོས་པའི་ཚད་དང་རྗེས་སུ་མཐུན་པ་ཞིག་དེ་བཞིན་དུ་གྱུར་ཅིག་ཅེས་ཕུལ་ལོ། །དེ་ལྟར་ཕུལ་བ་དང་འཕགས་པས་
དེ་ན་གྲོང་དང༌། གྲོང་ཁྱེར་དང༌། ཡུལ་འཁོར་དང༌། གཙུག་ལག་ཁང་མང་པོ་བྱས་ཏེ། སྐྱེ་བོའི་ཚོགས་དག་ཞུགས་པ་དང༌། དེ་རྣམས་འཕེལ་བའི་ཆེད་དུ་སྐྱེ་བོ་དེ་དག་ཁྲིད་དེ། རི་སྤོས་ཀྱི་ངད་ལྡང་ལས་གུར་གུམ་ཐོབ་ཅིག་གསུངས་པ་དང༌། དེ་ན་གནས་པའི་ཀླུ་གཉན་རྣམས་ཁྲོས་པའང་འཕགས་
པས་རྫུ་འཕྲུལ་གྱིས་བཏུལ་ནས་ནམ་ཞིག་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་པར་གྱུར་པ་དེ་སྲིད་དུ་གནང་བ་ཕུལ་ལོ། །ཇི་ཙམ་ན་གནས་བརྟན་གྱིས་ཁ་ཆེའི་ཡུལ་དུ་གུར་གུམ་སྐྱེ་བར་བྱིན་གྱིས་བརླབས་ཏེ་ཆོ་འཕྲུལ་རྣམ་པ་མང་པོས་སྦྱིན་པ་པོ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱི་ཡིད་
དགའ་བར་བྱས་ཏེ་མྱ་ངན་ལས་འདས་སོ། །འཕགས་པ་ཤ་ནའི་གོས་ཅན་གྱིས་ནི་མ་ག་དྷར་བཞུགས་ནས་བསྟན་པ་སྐྱོང་བའི་དུས་ན། མ་ག་དྷཱ་དང་ཉེ་བའི་ས་ཕྱོགས་ཤིག་གནོད་སྦྱིན་མི་སྲུན་པ་ཞིག་གིས་བདག་གིར་བྱས་ནས་སྐྱེ་བོ་རྣམས་ལ་འཚེ་བ་ཞིག་ཡོད་པ་དེ་གདུལ་བའི་ཕྱིར། དེའི་བསྟི་
གནས་སུ་སོང་སྟེ་མེའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པས་གནོད་སྦྱིན་དེ་ལེགས་པར་བཏུལ་བ་དང༌། ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་རྗེས་སུ་བསྟན་པའི་སྒོ་ནས། རྒྱལ་པོ་གཞུ་བཟང་ཞེས་བགྱི་བའི་འཁོར་དང་ཞོ་ཤས་འཚོ་བ་ལ་སོགས་པ་དགྲ་
བཅོམ་པ་ཁྲི་ཕྲག་གཅིག་དང༌། བདེན་པ་མཐོང་བ་འབུམ་ཕྲག་ཙམ་བྱུང་བར་གྲགས་ཤིང༌། བྱེ་བྲག་ཏུ་སྤོས་འཚོང་སྦས་པ་ཞེས་བྱ་བའི་བུ་ཉེར་སྦས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་འབྲས་བུ་ལ་བཀོད་དེ། སངས་རྒྱས་ཀྱི་བསྟན་པ་དེའི་ལག་ཏུ་བཞག་སྟེ་ཡུལ་ཙ་མཱ་ན་མྱ་
ངན་ལས་འདས་སོ། །དེའི་འོག་ཏུ་འཕགས་པ་ཉེར་སྦས་ཀྱིས་བསྟན་པ་བསྐྱངས་ཏེ། འཕགས་པ་འདིས་ནི་ལུས་འཕགས་ཞེས་བྱ་བའི་གནས་སུ་གཤེགས་ཏེ། ཁྱིམ་བདག་དབྱིག་གི་སྙིང་པོས་བཞེངས་པའི་གཙུག་ལག་ཁང་དང༌། གནྡྷ་ར་ཞེས་བྱ་བའི་རི་དང༌། མགོ་བོའི་རི་ལ་གར་མཁན་དཔའ་

བོའི་གཙུག་ལག་ཡོད་པ་རྣམས་སུ་བཞུགས་ཤིང་སྐྱེ་བོ་མང་པོ་ལ་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་དང་བདེན་པ་མཐོང་བ་མང་དུ་བྱུང་སྟེ། མདོར་ན་འཕགས་པ་རང་གིས་ཆོས་བསྟན་པས་དགྲ་བཅོམ་པ་ཐོབ་པ་རེ་རེས་ཤིང་བུ་སོར་མོ་བཞི་པ་རེ་བསྐྱུར་བས་ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་པ། རྒྱར་ཁྲུ་བཅུ་
གཉིས་པ། དཔངས་སུ་ཁྲུ་དྲུག་པ་ཅིག་ཁེངས་པ་བྱུང་བ་ལ་སོགས་པ་སྟོན་པ་འདས་པའི་འོག་ཏུ་འདི་ལས་འགྲོ་དོན་ཆེ་བ་མ་བྱུང་བར་གྲགས་ཤིང༌། ཁྱད་པར་དུ་གྲོང་ཁྱེར་ཆེན་པོ་འཕགས་རྒྱལ་གྱི་བྲམ་ཟེའི་གཙོ་བོའི་བུ་དྷི་ཏི་ཀ་རིག་བྱེད་མང་པོའི་ཕ་རོལ་དུ་སོན་ཅིང་སློབ་མ་བྲམ་ཟེ་ལྔ་བརྒྱ་ཡོད་པ་དེས་
ཕྱོགས་ཀུན་ན་གནས་པའི་བྲམ་ཟེ་ལ་སོགས་པ་མཁས་པར་གྲགས་པ་རྣམས་ལ་ཚངས་སྤྱོད་ཀྱི་ལམ་ལ་བརྩད་ཅིང་དྲིས་བས་མགུ་བར་མ་ནུས་པར། མཐུ་རར་འཕགས་པ་འདི་ཉིད་བཞུགས་པའི་གན་དུ་འོངས་ནས་དྲིས་པས་ཤིན་ཏུ་ཡིད་ཆེས་ཤིང་དད་པར་གྱུར་ཏེ། དམ་པའི་ཆོས་འདུལ་བ་ལས་
རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པས་དགྲ་བཅོམ་པ་རྣམ་པར་ཐར་པ་བརྒྱད་དང་ལྡན་པའི་བདག་ཉིད་ཅན་དུ་བསྒྲུབས་སོ། །ཇི་ཞིག་གི་དུས་ན་དེ་ལ་བསྟན་པ་གཏད་དེ། རང་ཉིད་ཞི་བའི་དབྱིངས་སུ་མནལ་བ་ན། སྐུ་གདུང་ནི་ཤིང་བུ་དེ་དག་སྤུངས་པའི་ཞུགས་ལ་བཞེན་པས་རིང་བསྲེལ་གཅིག་ཏུ་
གྱུར་པ་ལྷ་རྣམས་ཀྱིས་མཆོད་པའི་ཕྱིར་བསྐྱོད་དོ། །དེའི་འོག་ཏུ་འཕགས་པ་དྷི་ཏི་ཀས་བསྟན་པ་བསྐྱངས་ཏེ། འཕགས་པ་འདིས་ཐོ་གར་གྱི་རྒྱལ་པོ་འཁོར་དང་བཅས་པས་གནམ་མཆོད་པ་བྱའོ་ཞེས་འབྲུ་དང་གོས་ལ་སོགས་པ་མེ་ལ་བསྲེགས་ནས་མཆོད་པ་བྱེད་པ་དག་ཡོད་དེ། དེ་ན་འཕགས་པ་འདི་
དགྲ་བཅོམ་པ་ལྔ་བརྒྱའི་འཁོར་གྱིས་བསྐོར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ནས་དེའི་བཀད་སར་བཞུགས་པས། དེ་དག་གིས་གནམ་གྱི་ལྷ་ཡིན་པའི་འདུ་ཤེས་ཀྱིས་མཆོད་པ་རྒྱ་ཆེར་བྱས་པ་ལ་ཆོས་བསྟན་པས་བདེན་པ་མཐོང་བ་མང་དུ་བྱུང་བ་དང༌། གཞན་ཡང་མལླ་བར་བྲམ་
ཟེ་དྲེགས་མེད་ཅེས་བྱ་བས་ཉིན་རེ་ལ་ར་སྐྱེས་སྟོང་དང་བ་ལང་སྟོང་གི་མཆོད་སྦྱིན་བྱེད་པའང་ཆོས་ལ་བཅུག་པ་དང༌། ཤར་ཕྱོགས་ཀཱ་མ་རཱུ་པའི་བྲམ་ཟེ་སིངྷ་ཞེས་བྱ་བ་འཁོར་དང་བཅས་པས་ཉི་མ་མཆོད་པའི་ཚེ་རྫུ་འཕྲུལ་གྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བྱོན་ཏེ་ཆོས་བསྟན་ནས། བདེན་པ་

མཐོང་བ་ལ་སྦྱར་ཏེ་ཡུལ་དེར་དགེ་འདུན་གྱི་གཙུག་ལག་ཁང་བཞེངས་ཏེ་དུས་སྟོན་གྱི་རྒྱུན་བཙུགས་པ་ལ་སོགས་པ་བསྟན་པ་རྒྱས་པར་མཛད་དོ། །བྱེ་བྲག་ཏུ་ཨངྒའི་ཡུལ་གྱི་ཁྱིམ་བདག་བསོད་ནམས་ཀྱི་མཐུ་དང་ལྡན་པ། དགོས་འདོད་ཕལ་ཆེར་རང་གི་ཁྱིམ་དུ་སྐྱེས་པའི་
ཤིང་ལྗོན་པ་ལས་འབྱུང་བ་ཞིག་ཡོད་དེ། དེ་ལ་ལྷ་ནག་པོ་ཞེས་བྱ་བས་བྱིན་པའི་བུ་གཅིག་བྱུང་བ་དེའི་མིང་དུ་ཡང་ནག་པོ་ཞེས་བཏགས་སོ། །ནམ་ཞིག་ཆེར་སོན་ནས་རྒྱ་མཚོ་ཆེན་པོ་ལན་བདུན་དུ་བརྒལ་བའི་ཕྱི་མ་དེ་ལ། སྲིན་པོའི་རིས་ཁྲུང་ཁྲུང་གཞོན་ནུ་ཞེས་བྱ་བས་བཟུང་བ། འཕགས་
པ་དྷི་ཏི་ཀས་འཇིགས་པ་དེ་ལས་ཡོངས་སུ་བསྐྱབས་ནས་ཛམྦུའི་གླིང་དུ་ཕྱིན་པའི་ཚེ། དེད་དཔོན་ནག་པོས་ཕྱོགས་བཞིའི་དགེ་འདུན་ལ་ལོ་གསུམ་དུ་དུས་སྟོན་ཆེན་པོ་བྱས་ནས། མཐར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ལ་བཞག་གོ །དེ་ནས་འཕགས་པ་དྷི་ཏི་
ཀས་འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ། གྲོང་ཁྱེར་འཕགས་རྒྱལ་དུ་མྱ་ངན་ལས་འདས་སོ། །དེའི་རྗེས་སུ་འཕགས་པ་ནག་པོས་བསྟན་པ་སྐྱོང་བའི་ཚེ། ཀཥྨི་རའི་ཡུལ་ན་དགེ་སློང་གནས་པ་ཞེས་བྱ་བས་ལོག་པའི་ཆོས་ཀྱིས་སྐྱེ་བོ་མང་པོ་བདག་ཏུ་ལྟ་བ་ལ་དཀྲིས་པས་ཅུང་ཟད་
ཅིག་ཏུ་བསྟན་པ་རྩོད་པའི་དྲི་མ་ཅན་དུ་གྱུར་ཏེ། དེའི་ཚེ་མ་རུའི་ཡུལ་གྱི་པུཥྐ་ར་ཎའི་དྲིའི་གཙང་ཁང་དུ་གནོད་སྦྱིན་སེར་སྐྱ་ཞེས་བྱ་བས་སྦྱིན་བདག་བྱས་ཏེ་དགེ་སློང་གི་དགེ་འདུན་རྣམས་བསྡུས་ནས་རྩོད་པ་ཕྱིར་བཅོས་ཤིང༌། དེའི་ཚེ་འཕགས་པ་འདིས་ཆོས་བསྟན་པས་ལྟ་བ་ཡང་དག་
པར་བཅུག་སྟེ་བདེན་པ་མཐོང་བ་མང་དུ་བྱུང་ངོ༌། །དུས་གཞན་ཞིག་ན་ཛམྦུའི་གླིང་གི་ཚོང་པ་རྣམས་ཀྱིས་འཕགས་པ་ནག་པོའི་ཡོན་ཏན་གྱི་ཁྱད་པར་རྣམས་གཏམ་དུ་གླེང་བ་རྗེས་སུ་ཐོས་ནས། སིངྒ་ལའི་གླིང་གི་རྒྱལ་པོ་སིངྷ་ཞེས་བྱ་བས་སྤྱན་འདྲེན་པའི་རྐང་མགྱོགས་ཀྱིས་ཉེ་བར་སོན་
ནོ། །ཇི་ལྟར་སོན་པ་དེ་དག་གི་ངོར་འཕགས་པ་དགྲ་བཅོམ་པའི་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་རྫུ་འཕྲུལ་གྱི་བགྲོད་པས་གླིང་དེར་བྱོན་ཏེ། རྒྱལ་པོ་དང་འཁོར་དང༌། ཡུལ་མིའི་སྐྱེ་བོ་དང་བཅས་པ་ལ་ཆོས་བསྟན་པས་བདེན་པ་མཐོང་བ་དང༌། ཟག་པ་རྣམས་ལ་སེམས་རྣམ་པར་

གྲོལ་བ་ལ་བཀོད་དེ། གླིང་དེ་ན་སྔོན་དུས་བཅོམ་ལྡན་འདས་ཀྱིས་གཤེགས་ཤིང་བསྟན་པ་གནས་པ་ཡིན་ནའང༌། ཕྱི་ནས་ནུབ་པར་གྱུར་པ་ལ། འཕགས་པ་འདིས་བྱོན་ཏེ་སླར་ཡང་ཤིན་ཏུ་དར་བར་མཛད་པར་གྲགས་སོ། །དེའི་མཐར་ནུབ་ཕྱོགས་བྷ་རུ་ཀཙྪ་ན་སྐྱ་བསེང་གི་རིགས་
ལས་བྱུང་བ་མཐོང་བ་ཅན་གྱི་བུ་ལེགས་མཐོང་ཞེས་བྱ་བ། ཉི་མ་རེ་ལ་མེ་ཏོག་གི་ཕྲེང་བ་ཁོ་ནའི་ཕྱིར་ཡང་གསེར་པ་ཎ་ལྔ་སྟོང་གིས་བསྒྲུབས་པ་ལ་ལོངས་སྤྱོད་པའི་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ཡོད་དེ། དེས་སྲིད་པའི་འབྱོར་པ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་
སྤངས་ནས་དགྲ་བཅོམ་པ་སུ་ཀཱ་ཡཱ་ན་ལས་རབ་ཏུ་བྱུང་ནས་ཟག་པ་རྣམས་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པར་གྱུར་ཏོ། །དུས་ནམ་ཞིག་ན་འཕགས་པ་ནག་པོས་དེ་ལ་བསྟན་པ་གཏད་དེ་རང་ཉིད་བྱང་ཕྱོགས་ཀུ་ཤའི་ཚལ་དུ་མྱ་ངན་ལས་འདས་སོ། །དེ་ནས་ལེགས་མཐོང་ཆེན་པོས་
བསྟན་པ་སྐྱོང་བའི་དུས་སུ། ནུབ་ཕྱོགས་སིནྡྷུའི་ཡུལ་ན་གནོད་སྦྱིན་མོ་ཤ་ཁྲག་ལ་མངོན་པར་དགའ་བ་ཞིག་གནས་ཏེ། དེ་ལ་མཆོད་པ་མ་བྱས་ན་ནི་སྐྱེ་འགྲོ་རྣམས་ལ་རྣམ་པར་འཚེ་ཞིང༌། མཆོད་ན་ནི་ཉིན་རེའི་གཏོར་མ་ལ་ཡང༌། སྐྱེས་པ་དང༌། བུད་མེད་དང༌། རྟ་དང༌། བ་ལང་དང༌།
བཟའ་བཅའི་རྣམ་པ་མང་པོ་བསྟབ་དགོས་ཏེ། དེ་བདག་ཉིད་ཀྱིས་གདུལ་བར་བྱ་བ་ཉིད་དུ་མཁྱེན་ནས། ལྷུང་བཟེད་བཤལ་བའི་ཆུས་དེ་ཕྱོགས་སུ་མངོན་པར་གཏོར་རོ། །དེའི་རྐྱེན་གྱིས་དེ་རབ་ཏུ་ཁྲོས་ནས་མཚོན་གྱི་ཆར་པ་འབེབས་པར་བྱེད་ཀྱང༌། འཕགས་པས་མཚོན་ཆ་ཐམས་
ཅད་མེ་ཏོག་གི་སིལ་མའི་རྣམ་པར་བསྒྱུར་རོ། །སླར་ཡང་འཕགས་པས་དེ་གནས་པའི་ཕྱོགས་ཀྱི་འཛིན་མའི་དཀྱིལ་འཁོར་ཐམས་ཅད་དུ་མེ་རབ་ཏུ་འབར་བས་ཁེངས་པར་སྤྲུལ་པ་དང༌། དེའི་འཇིགས་པ་ལ་མ་བཟོད་དེ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་འཛིན་པར་ཁས་བླངས་ཏེ།
ཕྱིན་ཆད་ཡུལ་དེར་ཤ་ཁྲག་གི་མཆོད་སྦྱིན་མེད་པར་གྲགས་སོ། །གཞན་ཡང་ཛམྦུའི་གླིང་གི་ཡུལ་མང་པོ་དང༌། གླིང་ཕྲན་གཞན་དུ་ཡང་རྫུ་འཕྲུལ་གྱིས་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་ཏེ་མཐར་འབར་བ་ལ་སོགས་པའི་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་པར་གྱུར་ཏོ། །དེ་རྣམས་

ཀྱིས་འདུལ་བ་ཕྲན་ཚེགས་ནས་བཤད་པའི་བསྟན་པའི་གཏད་རབས་བདུན་རྫོགས་པ་ཡིན་ནོ། །ཐེག་པ་ཆེན་པོ་མདོ་སྡེ་ལངྐར་གཤེགས་པ་ལས་ནི། བདེ་གཤེགས་མྱ་ངན་འདས་ནས་ནི། །ཡང་དག་བསྟན་པ་སུ་ཞིག་འཛིན། །ཞེས་བྱ་བ་ལ་སོགས་པའི་འགྲེལ་པར་
འོད་སྲུངས་ཆེན་པོ་ནས། དྷི་ཏི་ཀའི་བར་ལུང་དང་འདྲ་ཞིང༌། དེ་ནས་རིམ་པ་བཞིན་དུ། བི་དྷ་ཀ བཙུན་པ་བུདྡྷཱ་ནནྡཱི། བུདྡྷ་མི་ཏྲ། དགེ་སློང་རྩིབས། སུ་ན་ཤ་ཏ། རྟ་སྐད། མ་ཤི་བ། ཀླུ་སྒྲུབ། ཨཱརྻ་དེ་ཝ། རཱ་ཧུ་ལ། སཾ་གྷཱ་ནནྡཱི། དགེ་སློང་དགྲ་བཅོམ་པ་ཀ་ལ་ཤ །ཀུ་མཱ་ར་ཏ།
ཤ་ཡ་ཏ། བ་སུ་ནནྡ། མ་ནོ་ཏ། ཧ་ཀ་ལི་ཀ ན་ཡ་ནཱ་ཤ་སྟེ་དགེ་སློང་དེ་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མར་བསྟན་པ་གཏད་པར་གསུངས་སོ། །བསྡུ་བ་གཉིས་པ་ནི། སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་འཕགས་པ་དྷི་ཏི་ཀས་བསྟན་པ་བཟུང་བའི་སྐབས་ཙམ་ན། ཡངས་
པ་ཅན་གྱི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ། མདོ་སྡེ་ལས་འདས། འདུལ་བ་ལས་འདས། སྟོན་པའི་བསྟན་པ་དང་བྲལ་ཏེ། མདོ་སྡེ་ལ་མི་འཇུག འདུལ་བ་ལ་མི་སྣང༌། ཆོས་ཉིད་དང་འགལ་བའི་མི་རུང་བའི་གཞི་བཅུ་ལ་ཀུན་དུ་སྤྱོད་པར་གྱུར་ཏེ། དེའང༌།
ཧུ་ལུ་ཧུ་ལུ་ཡི་རང་དང༌། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང༌། །ལམ་དང་སོར་གཉིས་དཀྲུགས་དང་གདིང༌། །གསེར་གྱིས་རུང་བ་ཞེས་བྱ་སྟེ། །འདི་དག་རུང་མིན་གཞི་བཅུ་ཡིན། །ཞེས་པའམ། ཡང་ན། ཨ་ལ་ལ་དང་རྗེས་སུ་ཡི་རང་སྤྱོད་པ་དང༌། །བརྟག་པ་དང་ནི་ལན་ཚྭ་དག་དང་ལམ་
དང་ནི། །སོར་མོ་རྣམས་ཀྱིས་རུང་དང་དཀྲུགས་དང་གདིང་བ་དང༌། །གསེར་དངུལ་བྱས་པ་འདི་ནི་བར་སྡོམ་ཡང་དག་བསྡུས། །ཞེས་པ་ལྟ་བུའི་བཞི་བཅུ་སྟེ། དེའང་ཆོས་མིན་གྱི་ལས་ཆོས་ཀྱི་ལས་སུ་བྱས་ཏེ་དགེ་སློང་རྣམས་ཀྱིས། ཨ་ལ་ལ་ཞེས་བྱ་བས་རུང་བར་བྱེད་པ་དང༌། དེ་
བཞིན་དུ་ལས་བྱས་ཏེ། ཐམས་ཅད་ཀྱིས་རྗེས་སུ་ཡི་རང་བས་རྗེས་སུ་ཡི་རང་ངོ་ཞེས་བྱ་བས་རུང་བ་བྱེད་པ་དང༌། རང་གི་ལག་གིས་ས་བརྐོ་ཞིང་རྐོར་འཇུག་པར་ཀུན་དུ་སྤྱོད་པས་རུང་བར་བྱེད་པ་དང༌། ཆང་བླུགས་པའི་སྣོད་ནས་ནད་པས་སྲིན་བུ་པད་པས་ཁྲག་གཞིབས་པ་ལྟར་གཞིབས་

ཤིང་འཐུང་བ་ནད་པས་རུང་བར་བྱེད་པ་དང༌། ཇི་སྲིད་འཚོའི་བར་དུ་བྱིན་གྱིས་བརླབས་པའི་ལན་ཚྭ་དུས་སུ་རུང་བ་དང་བསྲེས་ནས་ཀུན་དུ་སྤྱོད་པས་རུང་བར་བྱེད་པ་དང༌། ལམ་དཔག་ཚད་དང་དཔག་ཚད་ཕྱེད་དུ་སོང་སྟེ་འདུས་ཤིང་ཟས་ཟོས་ནས་ལམ་གྱིས་རུང་བར་བྱེད་པ་དང༌། ལྷག་མར་
མ་བྱས་པའི་བཟའ་བ་དང༌། བཅའ་བ་སོར་མོ་གཉིས་ཀྱིས་སྤྱད་དེ་སོར་མོ་གཉིས་ཀྱིས་རུང་བར་བྱེད་པ་དང༌། འོ་མ་བྲེ་གང་དང་ཞོ་བྲེ་གང་དཀྲུགས་ནས་དུས་མ་ཡིན་པར་ཟ་ཞིང་བསྲེས་པས་རུང་བར་བྱེད་པ་དང༌། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་གི་ཚད་ཀྱིས་གསར་པ་ལ་མ་གླན་
པར་ཡོངས་སུ་སྤྱོད་ཅིང་གདིང་བས་རུང་བར་བྱེད་པ་དང༌། ལྷུང་བཟེད་དྲི་ཞིམ་པོས་བྱུགས་ཤིང་མེ་ཏོག་གི་ཕྲེང་བས་བརྒྱན་པ་ཁྲི་རྟེན་དང་བཅས་པ་དགེ་སྦྱོང་གི་མགོ་བོར་བཞག་སྟེ་ལམ་པོ་ཆེ་དང༌། སྲང་དང༌། ལམ་གྱི་བཞི་མདོར་ལྷུང་བཟེད་འདིར་བྱིན་ནམ། ལྡུག་པར་བྱས་པ་དོན་ཆེན་
པོར་འགྱུར་བ་གླེང་ཞིང༌། གསེར་དང༌། དངུལ་དང༌། རིན་པོ་ཆེ་གང་དག་རྙེད་པ་བླངས་ནས་སྤྱོད་ཅིང་གསེར་དངུལ་གྱིས་རུང་བར་བྱེད་པ་རྣམས་སོ། །དེའི་ཚེ་གྲོང་ཁྱེར་ནོར་ཅན་ནས་དགྲ་བཅོམ་པ་གྲགས་པ་ཞེས་བྱ་བ་རྣམ་པར་ཐར་པ་བརྒྱད་དང་ལྡན་པ་དེ་འཁོར་ལྔ་བརྒྱ་དང་བཅས་པ་
ལྗོངས་རྒྱུས་ཤིང་ཡངས་པ་ཅན་དུ་ཕྱིན་པས། མི་རུང་བའི་གཞི་བཅུར་ཀུན་དུ་སྤྱོད་པ་མཐོང་ངོ༌། །མཐོང་ནས་ཀྱང་དེ་བསྟན་པ་གནས་པར་བྱ་བའི་ཕྱིར་དགྲ་བཅོམ་པ་ཐམས་ཅད་འདོད་ཅེས་བྱ་བ་རྣམ་པར་ཐར་པ་བརྒྱད་དང་ལྡན་པ་ཞིག་སྟེ་དེའི་དྲུང་དུ་སོང་སྟེ་མི་རུང་བའི་གཞི་དེ་དག་གླེང་ངོ༌། །
དེས་ཀྱང་དེ་དག་བཏང་སྙོམས་སུ་བགྱིར་མི་བཏུབ་པས། ཁྱོད་ཀྱིས་སོང་ལ་ཕྱོགས་ཚོལ་ཞིག་དང༌། ངས་ཀྱང་ཆོས་བཞིན་དུ་ཕྱོགས་བྱའོ་ཞེས་གསུངས་པ་དང༌། དེས་ཀྱང་དེ་ལྟར་བགྱིའོ་ཞེས་རིམ་གྱིས་སོང་སྟེ། གྲོང་ཁྱེར་ནོར་ཅན་ན་དགྲ་བཅོམ་པ་གཡོ་ལྡན་དང༌། གྲོང་ཁྱེར་སཾ་ཀ་ཤ་
ན་གནས་བརྟན་ནོར་ཅན་དང༌། དམར་བུ་ཅན་ན་ཡིད་དགའ་དང༌། སྲུག་ན་ན་མང་པོ་པ་དང༌། མ་ཧེ་ལྡན་ན་ཡང་དག་སྐྱེས་དང༌། ལྷན་ཅིག་སྐྱེས་ན་ནམ་གྲུ་སྟེ། དེ་དག་ལའང་གཞི་བཅུར་སྤྱོད་པ་གླེངས་ཏེ་ཕྱོགས་བཙལ་ལོ། །ནམ་གྲུས་གྲགས་པ་ལམ་གྱིས་དུབ་པ་ཤེས་ནས། བྱེད<་ཁྱེད>

ཀྱིས་ངལ་བསོར་ཞུགས་དང་ལྷག་མ་ངས་བཙལ་ལོ་ཞེས་སྨྲས་ནས་སོང་ངོ༌། །དེའི་ཚེ་ཡངས་པ་ཅན་གྱི་དགེ་སློང་རྣམས་གྲགས་པའི་ཉེ་གནས་རྣམས་ཡོད་པ་གང་ན་བར་སོང་སྟེ་ཁྱོད་ཀྱི་མཁན་པོ་གར་སོང་ཞེས་དྲིས་སོ། །དེས་སྨྲས་པ། ཕྱོགས་ཚོལ་དུ་སོང་ངོ༌། །
ཅིའི་ཕྱིར། ཁྱེད་རྣམས་གནས་ནས་དབྱུང་བའི་ཕྱིར་ཞེས་བྱ་བ་ནས་རྫོགས་པར་སྨྲས་པ་དང༌། དེ་ཉིད་ནས་སོང་སྟེ་ཇི་ལྟར་བསྐྲུན་པ་འགྲོ་ཞིང་རབ་ཏུ་བགྲོས་པའི་མཐར་གྲགས་པའི་ཉེ་གནས་རྣམས་ལ་ལྷུང་བཟེད་དང་ཆོས་གོས་སོགས་བྱིན་ནས་བསྡུས་ལ་གཟོད་ཇི་ལྟར་རིགས་པར་བྱའོ་ཞེས་སྨྲས་
ནས་དེ་ལྟར་དུ་བྱས་སོ། །དེ་ནས་གྲགས་པས་ཕྱོགས་བཙལ་ཏེ་བྱུང་བ་དང་ཉེ་གནས་རྣམས་ཀྱིས་ཐུགས་དེ་ལྟ་བུ་ནི་བཤོལ་བར་རིགས་སོ་ཞེས་གསོལ་བས། དེ་དག་ལས་བདག་གིར་བྱ་བ་བླངས་པར་ཤེས་ནས་དེ་དག་ལ་བསླབ་པ་ལྷོད་པའི་ཕྱོགས་དག་འཕེལ་བས་རིངས་པར་འོང་བ་རིག་པས་
བསྟན་པའི་དགོས་པ་ལ་བཤོལ་བར་མ་བྱེད་ཅིག་ཅེས་སྨྲས་ནས་མ་བཟློག་གོ །དེ་ནས་གྲགས་པས་ཡངས་པ་ཅན་གྱི་ཀུཥྨ་པུ་རིའི་གཙུག་ལག་ཁང་གི་ཁྱམས་སུ་ཞུགས་ནས། རབ་ཀྱི་མཐར་ཕྱིན་པའི་བསམ་གཏན་ལ་སྙོམས་པར་ཞུགས་ཏེ་སྨོན་ནས་ཤེས་པས་བརྟགས་ནས་གཎྜཱི་བརྡུང་བའི་མོད་
ལ་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ་དེའི་སྦྱིན་བདག་རྒྱལ་པོ་མྱ་ངན་མེད་ཀྱིས་བྱས་སོ། །དེར་གྲགས་པས་རུང་བ་མ་ཡིན་པའི་གཞི་བཅུ་རྒྱས་པར་བཟླས་ནས་རེ་རེ་བཞིན་དུ་སུན་ཕྱུང་སྟེ། ཐམས་ཅད་ཀྱིས་དེ་དག་བདག་ཅག་གིས་དོར་བར་བྱའོ་ཞེས་མི་རུང་བར་སྤྱོད་པ་རྣམས་ཡོངས་སུ་སྤངས་སོ། །དེ་
ལ་བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་ཐ་སྙད་དུ་བྱུང་བ་ལ། ཕྱི་ནས་བསྡུ་བ་གཉིས་པ་ཞེས་འབོད་དོ། །བསྡུ་བ་གསུམ་པ་ནི། དེའང་ཇི་ལྟར་འབྱུང་བའི་རྒྱུ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས།དེ་ལྟར་དག་པར་གནས་པའི་རྗེས། །ལྷ་ཆེན་ཞེས་བྱའི་དགེ་སློང་ཞིག །
བསྟན་པ་འདི་ཡི་ཆོམ་རྐུན་བྱུང༌། །ཞེས་བྱ་བ་ལ་སོགས་པས་བསྟན་པ་ལྟར། རྒྱ་གར་ལྷོ་ཕྱོགས་མ་རུ་ཊའི་དེད་དཔོན་ཞིག་གི་ཆུང་མ་ལས་བུ་བཙས་པ་ན་དེའི་མིང་དུ་ལྷ་ཆེན་པོར་བཏགས་པ་ཞིག་ཡོད་དེ། ནམ་ཞིག་གི་དུས་ན་དེད་དཔོན་གྱིས་ཚོང་པ་མང་པོ་དང་བཅས་ཏེ་རྒྱ་མཚོ་ཆེན་པོར་རིན་པོ་ཆེ་

ལེན་པའི་ཕྱིར་སོང་བའི་ཚེ་ལྷ་ཆེན་པོ་རང་གི་མ་དང་ལྷན་ཅིག་ཏུ་འདུས་པར་གྱུར་ཏོ། །དེ་ནས་ཅི་ཞིག་ན་དེད་དཔོན་གྱིས་རྙེད་པ་ལེགས་པར་རྙེད་ནས་ཁྱིམ་དུ་འོངས་པ་ན། དེའི་གཏམ་ཐོས་ནས་ལམ་གོལ་བ་ཅིག་ཏུ་སོང་ནས་བསད་དོ། །རིང་ཞིག་ནས་མ་ཡང་སྐྱེ་བོ་གཞན་དང་འགྲོགས་པར་ཤེས་
ནས་བཀུམས་སོ། །རང་གི་སློབ་དཔོན་དུ་གྱུར་པའི་དགྲ་བཅོམ་པ་ཞིག་གིས་སྡིག་པའི་རྣམ་པར་སྨིན་པ་བསྟན་པས། འདིས་ནི་རང་གི་བྱ་བ་ངན་པ་ཐམས་ཅད་ཡོངས་སུ་ཤེས་སོ་སྙམ་ནས་བཀྲོངས་སོ། །དེ་ནས་མཁན་སློབ་ལ་མ་ལྟོས་པར་དགེ་སློང་བྱས་ནས་མཚམས་མེད་ཀྱི་ལས་བྱས་
པའི་སྡིག་པ་ཐམས་ཅད་གསང་ནས་དབེན་པ་བསྟེན་པས་བདུད་ཀྱིས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་དད་ཅན་གྱི་བླུན་པོ་མང་དུ་འདུས་པ་ལ། སྡེ་སྣོད་གསུམ་བྱང་བར་ཤེས་པས་ལོག་པར་བརྟག་པ་མང་པོས་བསླད་ནས་སྟོན་ཅིང་དགྲ་བཅོམ་པར་ཁས་བླངས་ནས། ཐོ་རངས་ཀྱི་དུས་
ཤིག་ཏུ་རང་རྒྱུད་ཀྱི་སྡིག་པའི་ཁུར་ཆེན་པོ་ཡོངས་སུ་དྲན་པའི་ཤུགས་ཀྱིས། ཀྱེ་མ་སྡུག་བསྔལ་ལོ་ཞེས་སྨྲེ་སྔགས་བཏོན་པ་འཁོར་རྣམས་ཀྱིས་ཐོས་ནས་རྒྱུ་མཚན་དྲིས་པ་ན། བདག་གིས་འཕགས་པའི་བདེན་པ་བཞི་བསྒོམས་པས་སྡུག་བསྔལ་གྱི་བདེན་པ་མངོན་སུམ་དུ་མཐོང་ནས་བོས་པ་
ཡིན་ཞེས་བྱ་བ་ལ་སོགས་པའི་གཡོ་སྒྱུ་མང་པོ་བསྟན་པས་སེམས་ཅན་རྣམས་ཀྱི་མགོ་བོ་བསྐོར་བཞིན་དུ་ནམ་ཞིག་ཚེའི་དུས་བྱས་མ་ཐག་ནས་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་སོ། །དེ་ལྟར་ཡང་རྟོག་གེ་འབར་བ་ལས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་
པ་ནས་བཟུང་སྟེ། ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ལོན་པ་ན། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོ་ཞེས་བྱ་བའི་དུས། གྲོང་ཁྱེར་པཱ་ཊ་ལི་པུ་ཏྲའི་ནང་དུ་སྡུད་པར་བྱེད་པ་ལ་སོགས་པའི་འཕགས་པ་ཡང་ལེན་པ་མེད་པར་བསིལ་བའི་དངོས་པོ་ཐོབ་པར་གྱུར་པ་ན། འཕགས་པ་འོད་སྲུངས་ཆེན་པོ་དང༌། འཕགས་པ་སྦུ་ཆེན་པོ་དང༌།
གཏོང་བ་ཆེན་པོ་དང༌། བླ་མ་དང༌། རེ་ཝ་ཏ་ལ་སོགས་པ་སོ་སོ་ཡང་དག་པར་རིག་པ་ཐོབ་པའི་དགྲ་བཅོམ་པའི་དགེ་འདུན་དེ་ལྟར་བཞུགས་པ་ན། བདུད་སྡིག་ཏོ་ཅན་བཟང་པོ་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ། དགེ་སློང་གི་ཆ་བྱད་འཛིན་

པས་རྫུ་འཕྲུལ་སྣ་ཚོགས་པ་བསྟན་ནས། བཞི་ལྔས་དགེ་འདུན་གྱི་དབྱེན་ཆེན་པོ་བསྐྱེད་དེ། གནས་བརྟན་ཀླུ་ཞེས་བྱ་བ་དང༌། ཡིད་བརྟན་ཞེས་བྱ་བ་མང་དུ་ཐོས་པ་དག་གིས་གཞི་ལྔ་བསྔགས་པར་བྱེད། རྗེས་སུ་སྟོན་པར་བྱེད་ཅིང་དེ་གཞན་ལ་ལན་གདབ་པ་དང༌། མི་
ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟག་པ་དང༌། བདག་ཉིད་གསོ་བར་བྱེད་པ་ནི་ལམ་ཡིན་ཏེ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་ཟེར་རོ། །དེ་ནས་སྡེ་པ་གཉིས་སུ་ཆད་ནས་གནས་ཏེ། གནས་བརྟན་དང༌། དགེ་འདུན་ཕལ་ཆེན་སྡེ་ཞེས་བྱའོ། །དེ་ལྟར་ལོ་
དྲུག་ཅུ་རྩ་གསུམ་གྱི་བར་དུ་དགེ་འདུན་བྱེ་ནས་འཁྲུགས་ལོང་གིས་གནས་སོ་ཞེས་འབྱུང་བ་འདིར་ཁ་ཅིག་གོང་དུ་བཤད་པའི་ལྷ་ཆེན་པོ་དང༌། རྟོག་གེ་འབར་བ་ནས་བཤད་པའི་བདུད་སྡིག་ཏོ་ཅན་སྔོན་རྗེས་ཀྱི་རིམ་པས་བྱུང་བར་འདོད་པ་དང༌། ཁ་ཅིག་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་འདོད་
པ་སྟེ་མི་མཐུན་པ་ཅུང་ཟད་བྱུང་ངོ༌། །འོན་ཀྱང་རྟོག་གེ་འབར་བ་ནས་འབྱུང་བའི་ཚིག་རིས་འདི་ལ་དཔག་ན། བདུད་སྡིག་ཏོ་ཅན་བཟང་པོ་ཞེས་པའི་ཚིག་འདི་རྫོགས་པར་དེའི་མིང་དུ་འདོད་པ་ནི་ཅུང་ཟད་མི་རིགས་པར་སེམས་ཏེ། ཅིའི་ཕྱིར་ཞེ་ན། བཟང་པོ་ཞེས་པ་དེའི་མིང་ཡིན་ན། ཐམས་ཅད་
ཀྱི་མི་མཐུན་པའི་ཕྱོགས་སུ་གྱུར་པ་ཞེས་པ་འདི་མར་སྦྱར་དགོས་པར་འགྱུར་ལ། དེ་ལྟར་དགོས་ན་མི་མཐུན་པའི་ཕྱོགས་སུ་གྱུར་པ་དེ་ལ་ཕྱོགས་བྱ་བའི་རྗེས་སུ་འབྲང་བ་འགའ་ཡང་ཡོད་པར་མི་འགྱུར་བའི་ཕྱིར་རོ། །དེ་མེད་ན་འདིས་གཞི་ལྔ་བསྒྲགས་པ་ལ་རྗེས་སུ་བསྔགས་པ་མང་པོ་བྱུང་ནས་
དགེ་འདུན་བྱེ་སྟེ་བསྟན་པ་ལོ་གྲངས་མང་པོར་འཁྲུགས་ལོང་བྱུང་བར་གསུངས་པའི་ཕྱིར་རོ། །དེས་ན་བདུད་སྡིག་ཏོ་ཅན་ཞེས་བྱ་བ་འདི་ནི་སྤྱིའི་མིང་ཙམ་ལས་མ་སྨོས་པར་ཟད་ལ། བཟང་པོ་ཐམས་ཅད་ཅེས་པ་ནི། དེའི་སྐབས་ཀྱི་མཁས་པ་ལེགས་པར་སྨྲ་བ་དང༌། རིགས་པར་སྨྲ་བ་དང༌། དྲང་
པོར་སྨྲ་བ་དང༌། ཡང་དག་པར་སྨྲ་བའི་མཁས་པར་གཏོགས་པ་དང༌། བཟང་པོར་གཏོགས་པ་ཇི་སྙེད་ཅིག་ཡོད་པ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་གང་ཡིན་པ་དེ་ནི་བདུད་སྡིག་ཏོ་ཅན་ནམ། དེ་དགེ་སློང་གི་ཆ་བྱད་འཛིན་པ་དེས་ཞེས་བྱ་བའི་དོན་དུ་བཤད་ཀྱང་མི་

འབྲེལ་བ་མེད་པར་སེམས་ཀྱང་ད་དུང་བརྟག་པར་བྱའོ། །དེ་ལྟ་བས་ན་རྟོག་གེ་འབར་བ་ནས་བཤད་པ་དང་དགེ་སློང་ལྷ་ཆེན་པོ་གཉིས་དོན་གཅིག་ཏུ་དགོངས་ནས་མཁས་པ་ཆེན་པོ་སློབ་དཔོན་བསོད་ནམས་རྩེ་མོ་དང༌། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ལ་སོགས་པ་ཡོངས་སུ་གྲགས་པ་མང་པོའང་བསྡུ་བ་གསུམ་པའི་དགོས་
ཆེད་ཀྱི་གཙོ་བོ་ནི་དགེ་སློང་ལྷ་ཆེན་པོ་ཁོ་ན་སྨོས་པའི་ཕྱིར་རོ། །དེ་ལྟ་བུའི་བདུད་ཀྱི་ལས་དེ་དག་བྱུང་ནས་བསྟན་པ་ལ་ཆུ་བུར་ཆེན་པོ་བསྐྱེད་པའི་དུས་ནི། སྙིང་རྗེ་པདྨ་དཀར་པོ་ལས། ང་འདས་ནས་ལོ་བརྒྱ་ན་གྲོང་ཁྱེར་སྐྱ་སྣར་གྱི་བུར་མུ་ར་ཏའི་རིགས་སུ་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་སྟེ། ཉིན་
གཅིག་ལ་ངའི་སྐུ་གདུང་གི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་རོ་ཞེས་འབྱུང་བ་དང༌། རྟོག་གེ་འབར་བ་ལས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་དྲུག་ཅུ་ལོན་པ་ན་གྲོང་ཁྱེར་མེ་ཏོག་གིས་རྒྱས་པ་ཞེས་བྱ་བ་ན་རྒྱལ་པོ་ཨ་ཤྭ་ཀས་རྒྱལ་སྲིད་བྱེད་
པའི་ཚེ་རྩོད་པའི་ཆོས་འགའ་ཞིག་བྱུང་བའི་དབང་གིས་རྩོད་པའི་ཆོས་འགའ་ཞིག་བྱུང་བར་གྱུར་ཏོ་ཞེས་དང༌། བཙུན་པ་དབྱིག་གི་བཤེས་གཉེན་གྱིས། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ཤིང་རྒྱལ་བའི་ཉི་མ་ནུབ་ནས་ལོ་བརྒྱ་ལོན་ཏེ། དུས་ཅུང་ཟད་ཅིག་འདས་
ནས་ཤིང་སྐྱ་སྣར་གྱི་བུ་མེ་ཏོག་གི་གྲོང་བར་གྱི་རྟེན་ན་རྒྱལ་པོ་མྱ་ངན་མེད་པ་གདུགས་གཅིག་པའི་ས་སྐྱོང་ཞིང་རྒྱལ་སྲིད་མཛད་པའི་ཚེ། དགེ་འདུན་ཕལ་ཆེན་བགྱེས་པ་བྱུང་སྟེ་འདི་ལྟ་སྟེ། གཞན་གྱིས་ཉེ་བར་བསྒྲུབ་པ་དང༌། མི་ཤེས་པ་དང༌། སོམ་ཉི་དང༌། གཞན་གྱིས་རྣམ་པར་དཔྱོད་
པ་དང༌། ལམ་སྒྲ་འབྱིན་པ་དང་བཅས་པ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ་ཞེས་གནས་ལྔ་རྗེས་སུ་བརྗོད་ཅིང་རྗེས་སུ་སྒྲོགས་པ་གནས་བརྟན་ཀླུ་དང༌། ཤར་ཕྱོགས་པ་དང༌། མང་དུ་ཐོས་པ་བྱུང་བར་གྱུར་ཏོ། །གནས་ལྔ་པོ་དེ་དག་རྗེས་སུ་བརྗོད་ཅིང་རྗེས་སུ་བསྒྲགས་ནས་ཀྱང་དགེ་འདུན་ཕལ་ཆེན་པའི་
སྡེ་པ་དང༌། གནས་བརྟན་པའི་སྡེ་པ་ཞེས་བྱ་བ་སྡེ་པ་གཉིས་སུ་རྣམ་པར་གཞག་གོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དང༌། འོད་ལྡན་ལས། དེ་ནས་རྒྱལ་པོ་དྷརྨཱ་ཤྭ་ཀ་ཤི་བ་དང༌། དགྲ་བཅོམ་པ་རྣམས་ཀྱིས་ཐ་མལ་པ་དང༌། ཟུར་ཆག་པ་དང༌། བར་མར་འདོན་པའི་
Luận tạng Tây Tạng (Tengyur) — Tập 213 | Tra cứu Kinh điển | Tàng Kinh Việt