Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 3 / 33 (50.000 ký tự/trang)
་བྱེ་བ་ཁྲག་ཁྲིག་མང་པོ་དག་གིས་ལྷགས་པ་དང་སྤྱི་བོས་བྱང་ཆུབ་སེམས་དཔའ་བཞུགས་པའི་
གཞལ་མེད་ཁང་འདེགས་པ་དང་བཅས་ཏེ། ནམ་གྱི་གུང་ལ་ཟས་གཙང་མའི་ཁྱིམ་དུ་ངོ་མཚར་བའི་སྔ་ལྟས་བརྒྱད་ཀྱིས་ཡོངས་སུ་དཀྲིགས་པའི་ཚུལ་གྱིས། བྱང་ཆུབ་སེམས་དཔའ་ནི་གླང་པོའི་ཕྲུ་གུ་དམ་པ་ཁ་བ་དང་དངུལ་དང་ཀུ་མུ་དཱ་ལྟར་དཀར་བའི་རྣམ་པས་སྒྱུ་འཕྲུལ་དགའ་མའི་གློ་
གཡས་པ་ནས་ཞུགས་སོ། །ཞུགས་ནས་ཀྱང་གློ་གཡས་ལོགས་སུ་ལྷ་རྣམས་ཀྱིས་སྤྲུལ་པའི་ཙནྡན་སྦྲུལ་གྱི་སྙིང་པོ་ལས་བྱས་པའི་ཁང་བཟང་ཆུང་ངུ་རིན་པོ་ཆེའི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། གྲུ་བཞི་པ། ཀ་བ་བཞི་དང་ལྡན་པ་ཅིག་ཏུ་བྱང་ཆུབ་སེམས་དཔའ་སྔོན་ལེགས་
པར་སྤྱད་པའི་མཐུ་ལས་བྱུང་བའི་འདོད་པའི་ཡོན་ཏན་གྱི་མཆོད་པའི་སྤྲིན་དཔག་ཏུ་མེད་པའི་བཀུར་སྟི་དང་བཅས་ཏེ་བཞུགས་སོ། །དེའི་ཚེ་ལྷ་མོ་སྒྱུ་འཕྲུལ་མའི་རྨི་ལམ་དུ་ཡང་དེ་ལྟར་དུ་སྣང་བར་གྱུར་ཏེ། ཇི་སྐད་དུ། གླང་པོ་ཁ་བ་དངུལ་མདོག་ཆེ་བ་དྲུག ། རྐང་ལག་རབ་མཛེས་མགོ་

བོ་དམར་སྡུག་པ། །འགྲོས་བཟང་ལུས་ཚིགས་རྡོ་རྗེ་བཞིན་བརྟན་པ། །གླང་པོ་མཆོག་གཅིག་ཁོང་དུ་སོང་སྙམ་བྱེད། །དེས་ནི་དེ་འདྲའི་བདེ་བ་བརྒྱ་ལམ་ནའང༌། །མ་མཐོང་མ་ཐོས་མྱོང་བར་མ་གྱུར་ཏེ། །ལུས་ཀྱང་བདེ་ཞིང་སེམས་ཀྱང་བདེར་གྱུར་ནས། །བསམ་གཏན་མཉམ་
པར་བཞག་པ་བཞིན་དུ་གྱུར། །ཞེས་པ་ལྟར་གྱི་རྣམ་པས་ལྷུམས་སུ་ཞུགས་སོ། །གསུམ་པ་བལྟམས་པའི་མཛད་པ་ལ། ཇི་ལྟར་བལྟམས་པ་དང༌། བལྟམས་པའི་ལྟས་ཀྱི་ཁྱད་པར་རོ། །དང་པོ་ནི། དེ་ལྟར་ཡུམ་གྱི་ལྷུམས་སུ་ཟླ་བ་བཅུ་རྫོགས་པར་གནས་ནས་ལྷ་མོ་སྒྱུ་འཕྲུལ་མས་བྱང་ཆུབ་
སེམས་དཔའ་བཙའ་བའི་དུས་ལ་བབ་པར་ཤེས་ནས་རྒྱལ་པོ་ལ་གསོལ་པ་དང༌། རྒྱལ་པོས་འཁོར་རྣམས་ལ་ཇི་ལྟར་བསྒོ་བ་བཞིན་དུ་ལུམྦི་ནཱིའི་ཚལ་གྱི་ཁོ་ར་ཁོར་ཡུག་ཐམས་ཅད་ཡིད་དུ་འོང་བར་བརྒྱན་ཏེ། རིན་པོ་ཆེའི་ཕྲེང་བ་དང་ལྷའི་གོས་དག་གིས་ཀུན་ནས་མཛེས་པར་བྱས་པའི་
ཤིང་རྟ་མཆོག་གི་ནང་དུ་ལྷ་མོ་སྒྱུ་འཕྲུལ་མ་ཞུགས་པ་ལ། འཇིག་རྟེན་སྐྱོང་བ་བཞི་དང༌། ཚངས་པ་དང༌། དབང་པོ་ལ་སོགས་པས་མཆོད་ཅིང༌། ཤཱཀྱའི་བུ་མོ་སྟོང་ཕྲག་དྲུག་ཁྲིས་མདུན་དུ་བདར། ཤཱཀྱ་བཞི་ཁྲི་དང༌། དཔའ་ཞིང་རྟུལ་ཕོད་པའི་དཔུང་ཚོགས་གོ་ཆ་དང་
མཚོན་ཆ་ཐོགས་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱིས་ཀུན་ནས་ཡོངས་སུ་བསྲུངས་ཤིང༌། ལྷ་དང༌། ཀླུ་དང༌། དྲི་ཟ་དང༌།མིའམ་ཅི་དང༌། ལྷ་མ་ཡིན་གྱི་བུ་མོ་རྣམས་རེ་རེ་ལ་ཡང་བརྒྱད་ཁྲི་བཞི་སྟོང་དུ་ཚང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གླུ་དབྱངས་དང་རོལ་མོའི་ཚོགས་ཀྱིས་མཆོད་
པ་རྣམས་རྗེས་སུ་འབྲངས་ཏེ་ལུམྦི་ནཱིའི་ཚལ་ག་ལ་བ་དེར་ཞུགས་སོ། །ནགས་ཚལ་དམ་པ་དེ་ན་ཤིང་ལྗོན་པ་ཇི་སྙེད་ཡོད་པ་རྣམས་ཀྱང་དུས་ལ་མ་བབ་པར་ལོ་མ་དང༌། མེ་ཏོག་དང༌། འབྲས་བུའི་ཁུར་གྱིས་ཡོངས་སུ་དུད་པར་གྱུར་པ་ལ་ལྷ་རྣམས་ཀྱིས་རྒྱན་ཐམས་ཅད་ཀྱིས་ཀྱང་བརྒྱན་པར་
བྱས་སོ། །དེར་ཤིང་རྟ་ལས་བདེ་བར་བབ་ནས་ནགས་དང་ཤིང་དྲུང་རྣམས་སུ་འཆག་ཅིང་སོང་བ་ན། སྔོན་གྱི་རྒྱལ་བ་རྣམས་ཀྱི་ཡུམ་གྱིས་ཀྱང་བསྟེན་པའི་ཤིང་པླཀྵ་ཞེས་བྱ་བ་ལོ་མ་དང༌། མེ་ཏོག་དང༌། འབྲས་བུ་སྣ་ཚོགས་པས་བརྒྱན་པའི་ས་གཞི་ལག་མཐིལ་ལྟར་མཉམ་པ་

རྩྭ་སྔོན་པོ་རྨ་བྱའི་མགྲིན་པ་ལྟ་བུ་སྟུག་པོར་སྐྱེས་པ་དེར་བྱོན་པ་ན་པླཀྵ་དེས་ཀྱང་མངོན་པར་བཏུད་དེ་ཕྱག་བྱས་སོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་གྱིས་ཤིང་དེའི་ཡལ་ག་ལ་འཇུས་ཏེ་ཅུང་ཟད་བཞུགས་པའི་གློ་གཡས་པ་ནས་ཁྱེའུ་བྱང་ཆུབ་སེམས་དཔའ་དེ་ནི་འོད་དང་འོད་ཟེར་གྱི་ཕུང་
པོ་རབ་ཏུ་དཀྲིགས་པའི་སྣང་བ་ཆེན་པོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མུར་ཐུག་པ་མེད་པ་ཐམས་ཅད་ཀྱང་རྒྱས་པར་འགེངས་པ་དང་བཅས་ཏེ། རྨི་ལམ་གྱི་ལྟད་མོའི་ཡ་མཚན་ཉམས་སུ་མྱོང་བ་བཞིན་དུ་གནོད་པ་མེད་པར་བལྟམས་སོ། །ཇི་ལྟར་བལྟམས་པའི་མོད་དེ་ལ་ཚངས་པ་དང་བརྒྱ་
བྱིན་གཉིས་ཀྱིས་ཀཱ་ཤི་ཀའི་རས་མཆོག་དྲི་མ་མེད་པའི་སླེབ་མོས་དྲན་ཤེས་བཞིན་དུ་བླངས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔས་ཉེ་བར་སྤྱད་པའི་ཁང་བཟང་ནི་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཚངས་པའི་འཇིག་རྟེན་དུ་མཆོད་པའི་ཕྱིར་བཏེག་གོ །དེ་ནས་ས་ལ་བབ་མ་ཐག་ཏུ་སའི་ལྷ་མོས་
པདྨ་དཀར་པོ་ཤིན་ཏུ་རྒྱས་པ་གདན་དུ་ཕུལ་ལོ། །ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོ་གཉིས་ཀྱིས་ནམ་མཁའི་མཐོངས་ནས་བསིལ་བ་དང་དྲོ་བའི་རྒྱུན་གྱིས་ཁྲུས་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ཕྱོགས་དྲུག་ཏུ་གོམ་པ་བདུན་བདུན་བོར་ཏེ། འཇིག་རྟེན་གསུམ་ན་མཚུངས་པ་
མེད་པར་བྱ་བར་དམ་བཅའ་བའི་ཚིག་རྣམས་སེང་གེའི་སྒྲ་ཉིད་དུ་བསྒྲགས་པས་གོམ་པ་གང་དང་གང་དུ་བོར་བ་དེ་དང་དེ་དག་ཏུ་པདྨ་རྣམས་བརྟོལ་ཏེ་ཕྱུང་ངོ༌། །གཉིས་པ་ནི་འཇིག་རྟེན་གྱི་ཁམས་སུ་ས་གཡོ་བ་དང༌། ལྷ་དང་མིའི་སིལ་སྙན་དང་རོལ་མོའི་སྒྲ་འབྱུང་བ་དང༌། ཕྱོགས་ཐམས་ཅད་འོད་
ཀྱིས་གང་བ་དང༌། ཡུལ་ཆེན་པོ་བཞིའི་རྒྱལ་པོ་ཆེན་པོ་བཞི་ལ་སྲས་བཞི་ཡང་བཙས་པ་དང༌། ཡ་རབས་ཀྱི་རིགས་ལྔ་བརྒྱ་དང༌། གྲགས་འཛིན་མ་ལ་སོགས་པའི་བུ་མོ་བརྒྱད་བརྒྱ་དང༌། འདུན་པ་ལ་སོགས་པའི་བྲན་ལྔ་བརྒྱ་དང༌། བསྔགས་ལྡན་ལ་སོགས་པའི་རྟེའུ་ཉི་ཁྲི་དང༌། བ་
ལང་གི་བེའུ་ཁྲི་རྣམས་ཀྱང་བཙས་སོ། །གཞན་ཡང་གླིང་གི་དབུས་སུ་བྱང་ཆུབ་ཀྱི་ཤིང་སྐྱེས་པ་དང༌། གཏེར་ཁ་ལྔ་སྟོང་དང༌། སྐྱེས་མོས་ཚལ་ལྔ་བརྒྱ་ཡང་བྱུང་ངོ༌། །མདོར་ན་སེམས་ཅན་ཐམས་ཅད་ཀྱི་འདོད་པའི་དོན་ཐམས་ཅད་ལྷུན་གྱིས་གྲུབ་པར་གྱུར་པས་རྒྱལ་བུའི་མཚན་ཡང་

དོན་ཐམས་ཅད་གྲུབ་པ་ཞེས་བཏགས་སོ། །རིགས་ཀྱི་ལྷ་མཆོད་པའི་སར་བྱོན་པས་ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་ཤཱཀྱ་འཕེལ་གྱིས་གཞོན་ནུའི་ཞབས་ལ་ཕྱག་བྱས་པས་ལྷའི་ལྷ་ཞེས་བཏགས་སོ། །ཤཱཀྱ་མུར་ཅོར་སྨྲ་བ་རྣམས་ཀྱི་ནང་ན་ལུས་ངག་འདུ་འཛིས་དབེན་པ་ཐུབ་པ་བཞིན་དུ་
བཞུགས་པས་ཤཱཀྱ་ཐུབ་པ་ཞེས་བཏགས་སོ། །དེ་ནས་གཞོན་ནུ་སྐྱེ་དགུའི་བདག་མོ་ལ་གཏད་དེ། མ་མ་སུམ་ཅུ་རྩ་གཉིས་དང་བཅས་པས་རིམ་གྲོར་བྱེད་ཅིང་བསྐྱེད་བསྲིངས་སོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བལྟམས་པའི་དུས་ཀྱི་ལྟས་ངོ་མཚར་བ་དག་གིས་བསྐུལ་ཏེ།
རིའི་རྒྱལ་པོ་གངས་རིའི་ངོས་ལ་དྲང་སྲོང་ནག་པོ་ཞེས་བྱ་བ་མངོན་པར་ཤེས་པ་ལྔ་དང་ལྡན་པ་སྣག་གི་ཚ་བོ་མེས་བྱིན་ཞེས་བྱ་བ་དང་མཉམ་དུ་འགྲོགས་ཏེ་བྱང་ཆུབ་སེམས་དཔའ་བལྟ་བའི་ཕྱིར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་ལྡིང་ཞིང་བྱུང་ངོ༌། །ཇི་ཙམ་ན་སེར་སྐྱའི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་
ཕྱིན་པ་དང་རྫུ་འཕྲུལ་བརྟུལ་ཏེ་རྐང་གིས་འོངས་ནས་རྒྱལ་པོ་ཟས་གཙང་གི་ཕོ་བྲང་དུ་ཕྱིན་ཏོ། །དེར་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་ཤིག་བལྟམས་པར་གྱུར་པ་དེ་བལྟ་བར་འདོད་དོ། །དེར་རྒྱལ་པོས་བསྟན་པ་ན། དེའི་ལུས་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་
ཡོད་པ་མཐོང་སྟེ། འདི་ནི་གཉིས་སུ་འགྱུར་གྱིས་གཞན་དུ་མི་འགྱུར་རོ། །གལ་ཏེ་ཁྱིམ་ལ་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། རབ་ཏུ་བྱུང་ན་རྫོགས་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏེ། རྒྱ་ཆེར་རོལ་པ་ལས། འདི་ཡི་སྐུ་ལ་མཚན་རབ་སུམ་ཅུ་རྩ་གཉིས་དྲི་མེད་
མངའ་བ་ལས། །རྣམ་པ་གཉིས་སུ་འགྱུར་ཏེ་གསུམ་དུ་མ་མཆིས་རྒྱལ་པོ་མཁྱེན་པར་མཛོད། །འཁོར་ལོས་སྒྱུར་བའི་རྒྱལ་འགྱུར་ཡང་ན་སངས་རྒྱས་འཇིག་རྟེན་གཙོ་བོར་བྱོན། །འདི་ནི་འདོད་པའི་ཡོན་ཏན་བཞེད་པར་མི་འགྱུར་ངེས་པར་སངས་རྒྱས་འགྱུར། །ཞེས་སོ། །གཞན་ཡང་ལྷའི་བུ་དབང་
ཕྱུག་ཆེན་པོ་གཙང་མ་རིས་ཀྱི་ལྷའི་བུ་བརྒྱ་སྟོང་ཕྲག་བཅུ་གཉིས་ཀྱིས་མདུན་བདར་ཏེ་འོངས་ནས་བྱང་ཆུབ་སེམས་དཔའི་རྐང་པ་ལ་ཕྱག་འཚལ་ཏེ། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་འདི་ནི་གདོན་མི་ཟ་བར་རྫོགས་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ་ཞེས་ལུང་བསྟན་དུ་བསྒྲགས་ཏེ། ཇི་

སྐད་དུ། འདི་འདྲའི་མཚན་དང་འདི་འདྲར་ལྟ་བ་དཔལ་ཅན་དང༌། །འདི་འདྲའི་བསོད་ནམས་གཟི་བརྗིད་སྤྱི་གཙུག་མི་མཐོང་དང༌། །མཛོད་སྤུ་ནས་ནི་རྒྱ་ཆེན་འོད་འབྱུང་འདི་འདྲ་ལས། །བདུད་རྣམས་ཕམ་མཛད་བྱང་ཆུབ་བརྙེས་འགྱུར་གདོན་མི་འཚལ། །ཞེས་འབྱུང་བ་ལྟར་རོ།། །།
བཞི་པ་བཟོའི་གནས་ལ་མཁས་པར་སྦྱངས་པའི་མཛད་པ་ནི། དེ་ནས་གཞོན་ནུ་དེ་ཅུང་ཟད་ཆེར་སོན་པ་ན། བསྐལ་པ་བྱེ་བ་མང་པོའི་གོང་ནས་བསྟན་བཅོས་ཐམས་ཅད་ལ་མ་བསླབས་པ་འགའ་ཡང་ཡོད་པ་མ་ཡིན་ནའང་འཇིག་རྟེན་དང་རྗེས་སུ་མཐུན་པར་བསྟན་པའི་ཕྱིར། ཁྱེའུ་སྟོང་ཕྲག་བཅུས་
ཡོངས་སུ་བསྐོར་ཅིང་ལྷ་དང་བཅས་པའི་སྐྱེ་དགུའི་ཚོགས་མང་པོས་འདུན་གྱིས་བལྟས་ཏེ་མཆོད་པའི་དབུས་སུ་བྱིས་པའི་སློབ་དཔོན་ཀུན་གྱི་བཤེས་གཉེན་ཞེས་བྱ་བ་ལས་ཡི་གེ་བསླབ་པའི་གྲར་ཞུགས་སོ། །ཞུགས་ནས་ཀྱང་བྱང་ཆུབ་སེམས་དཔའི་ཕྱག་གིས་ཙནྡན་སྦྲུལ་གྱི་སྙིང་པོ་ལས་
བྱས་པའི་གཎྜ་ལྷའི་ཚོན་གྱིས་བྱུགས་པ་གསེར་གྱི་ཡང་མིག་གིས་བཏགས་པ། མཐའ་མར་ནོར་བུ་རིན་པོ་ཆེས་ཀུན་ནས་སྤྲས་པ་ཐོགས་ཏེ། སློབ་དཔོན་ཀུན་གྱི་བཤེས་གཉེན་ལ། ཡི་གེ་དྲུག་ཅུ་རྩ་བཞིའི་མིང་ནས་སྨོས་ཏེ། ཀྱེ་མཁན་པོ་ཡི་གེ་འདི་རྣམས་ལས་བདག་ལ་གང་དག་བསླབ་པར་
བགྱི་ཞེས་གསུངས་པས། སློབ་དཔོན་ཀུན་གྱི་བཤེས་གཉེན་ང་རྒྱལ་བ་ཡོངས་སུ་ཆག་སྟེ། ངོ་མཚར་དུ་གྱུར་ཅིང་འཛུམ་པའི་མདངས་ཕྱུང་སྟེ་སྨྲས་པ། སེམས་ཅན་དག་པ་ངོ་མཚར་ཆེ། །བསྟན་བཅོས་ཀུན་ལས་བསླབས་གྱུར་ཀྱང༌། །འཇིག་རྟེན་འཇིག་རྟེན་རྗེས་བསྙག་ཕྱིར། །ཡི་གེའི་གྲྭར་
ནི་བྱོན་པར་གྱུར། །ཡི་གེ་གང་གི་མིང་དག་ཀྱང༌། །བདག་གིས་ཤེས་པར་མ་གྱུར་པ། །དེ་ནི་འདི་ལ་བྱང་གྱུར་ཀྱང༌། །ཡི་གེ་སློབ་པའི་གྲྭར་བྱོན་ཏོ། །ཞེས་ཆེད་དུ་བརྗོད་དོ། །དེའི་ཚེ་བྱིས་པ་སྟོང་ཕྲག་བཅུ་པོ་ལའང་བྱང་ཆུབ་སེམས་དཔའི་མཐུས་ཡི་གེའི་ཕྱི་མོ་གང་དག་བསླབས་པ་ལས་ཆོས་ཀྱི་སྒོ་མོ་
བརྒྱ་སྟོང་གྲངས་མེད་པ་བྱུང་སྟེ་ཐམས་ཅད་ཀྱང་བླ་ན་མེད་པའི་བྱང་ཆུབ་ཏུ་སྨིན་པར་མཛད་དོ། །དེ་བཞིན་དུ་རྩིས་དང༌། འཕང་དང༌། རྩལ་དང༌། ཆུའི་རྐྱལ་ལ་སོགས་པའི་སྒོ་ནས་རིགས་དང༌། སྟོབས་དང༌། རིག་པའི་གཙུག་ལག་གིས་ཀུན་ནས་ཁེངས་པའི་དྲེགས་པ་ཅན་ཐམས་ཅད་ཟིལ་གྱིས་མནན་ཏེ་

འཇིག་རྟེན་ན་འགྲན་ཟླ་མེད་པ་ཉིད་དུ་མཛད་དོ། །དེ་ལྟར་ཡང་མདོ་ལས། མི་ཡི་འཇིག་རྟེན་འདི་ན་བསྟན་བཅོས་གང་ཡོད་པ། །གྲངས་དང་ཡི་གེ་རྩིས་དང་ཁམས་ཀྱི་རྒྱུད་དག་དང༌། །འཇིག་རྟེན་བཟོ་ཡི་སྦྱོར་བ་ཚད་མེད་མང་པོ་དག །བསྐལ་པ་བྱེ་མང་སྔོན་ཆད་འདིས་ནི་དེ་དག་བསླབས། །འོན་ཀྱང་སྐྱེ་
བོའི་རྗེས་སུ་མཐུན་པ་ཙམ་མཛད་དེ། །བྱིས་པ་མང་པོ་ཐེག་པ་མཆོག་ལ་སྨིན་མཛད་དང༌། །སེམས་ཅན་ཁྲག་ཁྲིག་གཞན་ཡང་འཆི་མེད་དགོད་པའི་ཕྱིར། །ཤིན་ཏུ་ལོབས་པའང་བསླབ་ཕྱིར་ཡི་གེའི་གྲྭར་ཞུགས་སོ། །ཞེས་འབྱུང་བ་ལྟར་རོ། །དེ་ནས་གཞོན་ནུ་དེ་གཞོན་ནུའི་ཚོགས་མང་པོ་དང་
ཐབས་ཅིག་ཏུ་ཞིང་པའི་གྲོང་དུ་ལྟ་ཞིང་དོང་སྟེ། རིམ་གྱིས་ཞིང་བླས་ཀྱི་མཐའི་སྐྱེད་མོས་ཚལ་དུ་ཕྱིན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་གཅིག་པུས་བྱོན་ཏེ་ཛམྦུའི་ཤིང་གི་གྲིབ་མ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་བཞུགས་ནས་བསམ་གཏན་བཞིའི་ཏིང་ངེ་འཛིན་བསྒྲུབས་པས་བྱང་ཆུབ་སེམས་དཔའི་
སྐུ་ནི་ཤིང་གི་གྲིབ་མས་མ་སྤངས་པར་བཞུགས་སོ། །སྐབས་དེར་ཕྱི་རོལ་གྱི་དྲང་སྲོང་རྫུ་འཕྲུལ་ཐོབ་པ་ལྔས་ནམ་མཁའ་ནས་འོངས་པ་བྱང་ཆུབ་སེམས་དཔའི་ཐད་དུ་ཕྱིན་པ་ན་འགྲོ་བར་མ་ནུས་པར་ངོ་མཚར་སྐྱེས་ཏེ་ཚིགས་སུ་བཅད་པས་བསྟོད་ཅིང་ལན་གསུམ་དུ་བསྐོར་བ་བྱས་ཏེ་སོང་ངོ༌། །དེའི་ཚེ་
རྒྱལ་པོ་ཟས་གཙང་གིས། །ཐུབ་པ་གང་ཚེ་བལྟམས་པ་དང༌། །གང་ཚེ་འོད་ལྡན་བསམ་གཏན་མཛད། །འདྲེན་པ་འདི་ལྟར་ལན་གཉིས་སུ། །མགོན་པོ་ཁྱོད་ཞབས་ཕྱག་འཚལ་ལོ། །ཞེས་པའི་བསྟོད་པ་ཕུལ་ལོ། །ལྔ་པ་བཙུན་མོའི་འཁོར་དུ་དགྱེས་པར་རོལ་པའི་མཛད་པ་ནི། དེ་ནས་
ཤཱཀྱ་རྒན་རབས་རྣམས་འདུས་ཏེ་རྒྱལ་པོ་ཟས་གཙང་ལ། གཞོན་ནུ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གདུང་མི་འཆད་པའི་ཕྱིར་ཁབ་མཛད་པར་གསོལ་བ་ན། རྒྱལ་པོ་ཟས་གཙང་གིས་སྨྲས་པ། དེ་ལྟར་བགྱི་ན་འོན་ཀྱང་གཞོན་ནུ་ཉིད་ལ་དྲི་བར་བྱའོ། །དེ་ནས་དེ་དག་འདུས་ཏེ་དོན་དེ་དག་གཞོན་
ནུ་ལ་གསོལ་ལོ། །དེའི་ཚེ་བྱང་ཆུབ་སེམས་དཔའ་འདོད་པའི་སྐྱོན་མཐའ་ཡས་པ་རིག་ནས་རེ་ཞིག་མ་གནང་ངོ༌། །ཡང་དེས་རྣམ་པར་བརྟགས་ནས་ཐབས་ལ་མཁས་པ་མངོན་དུ་བྱ་བའི་ཕྱིར་དང༌། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང༌། ཁ་ན་མ་ཐོ་བ་སྤང་བར་བསྟན་པའི་ཕྱིར་དང༌།

སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་དག་བྱུང་བ་རྣམས་ཀྱི་རྗེས་སུ་བསླབ་པའི་ཕྱིར་སླར་གསུངས་པ། འདམ་དང་ལྗན་ལྗིན་ཁྲོད་ན་པདྨ་རྣམ་པར་འཕེལ། །མི་རྣམས་གང་བའི་ནང་ན་རྒྱལ་པོ་མཆོད་པ་འཐོབ། །གང་ཚེ་བྱང་ཆུབ་སེམས་དཔའ་འཁོར་མཆོག་ཐོབ་གྱུར་པ། །
དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་འཆི་མེད་འདུལ། །སྔོན་གྱི་བྱང་ཆུབ་སེམས་དཔའ་མཁས་པ་གང་བྱུང་བ། །དེ་དག་ཀུན་གྱིས་བཙུན་མོ་སྲས་དང་སླས་ཀྱང་བསྟེན། །འོན་ཀྱང་འདོད་པས་ཆགས་མེད་བསམ་གཏན་བདེ་མ་ཉམས། །བདག་ཀྱང་དེ་དག་ཡོན་ཏན་རྗེས་སུ་བསླབ་པར་བྱ། །ཞེས་དང༌། བུད་
མེད་ཀྱི་ཡོན་ཏན་ཐམས་ཅད་ཚིགས་སུ་བཅད་པར་བྲིས་ནས་ཡབ་ལ་ཕུལ་ལོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་བྲམ་ཟེ་མདུན་ན་འདོན་ལ། ཚུལ་འདི་དང་མཐུན་པའི་བུད་མེད་གང་དུ་ཡོད་པ་རྟོག་ཅིག་ཅེས་བསྒོ་བ་ན་དེས་ཀྱང་སེར་སྐྱའི་གྲོང་ཁྱེར་ཐམས་ཅད་དུ་བལྟས་པའི་ཚེ་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་
ཞིག་ལ་ཡོན་ཏན་དེ་དག་ཡོངས་སུ་ཚང་བ་མཐོང་ནས་རྒྱལ་པོ་ལ་གསོལ་ལོ། །རྒྱལ་པོས་ཤཱཀྱ་ལག་ན་བེ་ཅོན་ཅན་དུ་ཕོ་ཉ་བཏང་ནས་དགུག་པར་བརྩམས་སོ། །དེའི་ཚེ་ལག་ན་བེ་ཅོན་གྱིས་སྨྲས་པ། འཕགས་པ་གཞོན་ནུ་དེ་ནི་ཕོ་བྲང་ན་སྐྱིད་ངེ་བར་འཁྲུངས་པ་ལགས་ལ། བདག་ཅག་གི་རིགས་ཀྱི་ཆོས་
ནི་སྒྱུ་རྩལ་ཤེས་པ་སྟེ། སྒྱུ་རྩལ་མི་ཤེས་པ་ལ་མི་གཏོང་བ་ལགས་ན། གཞོན་ནུ་དེ་ལ་ཇི་ལྟར་གཏོང༌། དེ་ནས་རྒྱལ་པོ་ཟས་གཙང་གིས་བྱང་ཆུབ་སེམས་དཔའ་ལ་དངོས་པོ་དེ་དག་གསོལ་ལོ། །བྱང་ཆུབ་སེམས་དཔའ་དེ་དག་གི་ང་རྒྱལ་གཞོམ་པའི་ཕྱིར་སྨྲས་པ། གྲོང་ཁྱེར་འདི་ན་བདག་དང་སྒྱུ་རྩལ་
འགྲན་པ་མཆིས་ན། དེ་དག་གི་མདུན་དུ་བདག་གིས་སྒྱུ་རྩལ་བསྟན་པར་བགྱིའོ། །དེ་ནས་རྒྱལ་པོ་ཟས་གཙང་མས་སེར་སྐྱའི་གྲོང་ཁྱེར་ཆེན་པོ་ཀུན་དུ་དྲིལ་བསྒྲགས་ཏེ་སྒྱུ་རྩལ་འགྲན་པར་དམ་བཅས་སོ། །དེ་ནས་ཇི་ཙམ་ན་སྒྱུ་རྩལ་འགྲན་པ་ཐམས་ཅད་ཀྱི་ཐོག་མར་གཞོན་ནུ་ལྷས་བྱིན་གྲོང་ཁྱེར་ནས་བྱུང་
སྟེ། བྱང་ཆུབ་སེམས་དཔའི་བཞོན་པ་གླང་པོ་ཆེའི་མཆོག་ཅིག་སྒོ་ན་ཡོད་པ་ཐལ་མོས་བསྣུན་ཏེ་བསད་དོ། །དེའི་འོག་ཏུ་གཞོན་ནུ་མཛེས་དགའ་བོ་བྱུང་ནས་གླང་པོའི་རོ་དེའི་མཇུག་མ་ནས་བཟུང་སྟེ་གྲོང་ཁྱེར་གྱི་སྒོ་ནས་གུད་དུ་བོར་རོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞོན་ཏེ་བྱུང་

ནས།རོ་དེ་ཤིང་རྟ་ལ་གནས་བཞིན་དུ་རྐང་པའི་མཐེ་བོས་བླངས་ཏེ་རྭ་བ་བདུན་རིམ་དང༌། འོབས་བདུན་རིམ་བརྒལ་བའི་ཕྱི་རོལ་རྒྱང་གྲགས་གཅིག་ཏུ་འཕངས་པས་ས་ཕྱོགས་དེ་ན་གཤོང་ཆེན་པོ་ཞིག་ཏུ་གྱུར་པ་ལ་གླང་པོའི་གཤོང་ཞེས་བྱ་བར་གྲགས་སོ། །དེའི་ཚེ་ནམ་མཁའི་དཀྱིལ་དུ་འཁོད་
པའི་ལྷ་རྣམས་འདི་སྐད་ཅེས་སྨྲའོ། །གླང་པོའི་དབང་པོ་བདེ་བ་བཞིན་བཞུད་པ། །ཞབས་ཀྱི་མཐེ་བོས་གླང་པོའི་དབང་པོ་བླངས། །རྭ་བ་བདུན་དང་འོབས་བདུན་ཡོངས་འདས་ནས། །གྲོང་ཁྱེར་འདི་ཡི་ཕྱི་རོལ་རྒྱང་རིང་འཕངས། །མཁྱེན་པ་མཆོག་མངའ་འདིས་ནི་གདོན་མི་ཟར། །ང་རྒྱལ་སྟོབས་ཀྱིས་མཐོ་
བའི་ལུས་ཅན་རྣམས། །འཁོར་བའི་གྲོང་ནས་ཕྱི་རོལ་རྒྱང་རིང་དུ། །ཤེས་རབ་སྟོབས་ཀྱིས་འདིས་ནི་འཕེན་པར་འགྱུར། །དེ་ནས་ཤཱཀྱ་གཞོན་ནུ་དག་གིས་སྒྱུ་རྩལ་སྟོན་པའི་ས་ཕྱོགས་དེར་དོང་སྟེ། ཐོག་མར་སློབ་དཔོན་ཀུན་གྱི་བཤེས་གཉེན་དཔང་དུ་བཞག་སྟེ་ཡི་གེ་དང༌། དེ་བཞིན་དུ་ཤཱཀྱ་སྲིད་སྒྲུབ་ཡོད་
པར་རྩིས་དང༌། དེའི་འོག་ཏུ་མཆོངས་པ་དང༌། རྐྱལ་དང༌།བང་ལ་སོགས་པ་དང༌། གཞན་ཡང་སྟོབས་འགྱེད་པ་དང༌། འཕོང་དང་རྐྱལ་ལ་སོགས་པའི་སྒྱུ་རྩལ་འགྲན་པ་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་ཉིད་ནི་འགྲན་ཟླ་མེད་པར་གྱུར་ཏེ་ལྷ་དང་མིར་བཅས་པའི་འགྲོ་བ་བརྒྱ་སྟོང་ཕྲག་མང་པོ་ཚིམ་
ཞིང་མགུ་ལ་རངས་ཏེ། ཨེ་མ་ཨ་ལ་ལ་ཞེས་བྱ་བའི་ཅ་ཅོ་དང་ག་ཞ་མང་པོ་སྤྲིན་གྱི་སྒྲ་བཞིན་དུ་སྒྲོགས་པར་གྱུར་ཏེ། ཤཱཀྱ་ལག་ན་བེ་ཅོན་གྱིས་ཀྱང་རང་གི་བུ་མོ་བཙུན་མོའི་མཆོག་ཏུ་འཕུལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་འཇིག་རྟེན་དང་མཐུན་པའི་ཚུལ་བསྟན་པའི་ཕྱིར། ས་འཚོ་མ་དང་གྲགས་
འཛིན་མ་དང༌། རི་དྭགས་སྐྱེས་མ་ལ་སོགས་པའི་བུད་མེད་བརྒྱད་ཁྲི་བཞི་སྟོང་གི་ཚོགས་ཀྱི་ནང་དུ་བཞུགས་ཏེ་དགའ་ཞིང་རྩེ་བའི་རྣམ་པས་སེམས་ཅན་གྱི་དོན་མཛད་དོ། །དྲུག་པ་ངེས་པར་འབྱུང་བའི་མཛད་པ་ལ། མངོན་པར་འབྱུང་བའི་རྐྱེན་དང༌། ཇི་ལྟར་མངོན་པར་འབྱུང་བའི་ཚུལ་ལོ། །
དང་པོ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་ཁབ་ཏུ་བཞུགས་ནས་བགྲང་བའི་གཞི་ཉི་ཤུ་རྩ་དགུར་སོན་པ་ན་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་གྱིས་རླབས་ཀྱིས་གླུ་དབྱངས་དང་སིལ་སྙན་གྱི་སྒྲ་ལས་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བར་བསྐུལ་

བའི་ཕྱིར་འདི་སྐད་དུ་འབྱིན་པར་བྱེད་དེ། སྡུག་བསྔལ་བརྒྱས་གང་སེམས་ཅན་མཐོང་ནས་ནི། །འགྲོ་བའི་མགོན་དང་སྐྱབས་དང་གནས་འགྱུར་ཞིང༌། །ཕན་བྱེད་མཆོག་དང་དཔུང་གཉེན་གྱུར་ཅིག་ཅེས། །ཁྱོད་ཀྱིས་སྔོན་ནི་སྨོན་
ལམ་དེ་སྐད་བཏབ། །དགེ་བ་དཔའ་བོ་སྔོན་གྱི་སྤྱོད་པ་དང༌། །འགྲོ་ཕན་བྱ་ཞེས་སྨོན་བཏབ་དྲན་པར་བྱོས། །འདི་ནི་ཁྱོད་ཀྱི་དུས་དྲན་ཚོད་ཡིན་གྱིས། །དྲང་སྲོང་མཆོག་རབ་མངོན་པར་འབྱུང་བར་བྱོས། །ཞེས་བྱ་བ་ལ་སོགས་པ་བྱུང་བས་བསྐུལ་ཏེ་བྱང་ཆུབ་
སེམས་དཔའ་མངོན་པར་འབྱུང་བ་ལ་རྩེ་གཅིག་ཏུ་ཕྱོགས་པར་གྱུར་ཏོ། །དེ་ནས་གཞོན་ནུ་ཕྱི་རོལ་གྱི་སྐྱེད་མོས་ཚལ་གཟིགས་པའི་ཕྱིར་བྱོན་པས། གྲོང་ཁྱེར་གྱི་ཤར་ཕྱོགས་ཀྱི་སྒོ་ནས་འཐོན་པ་དང༌། ལམ་ཀ་ན་གནས་གཙང་མ་རིས་ཀྱི་ལྷས་སྤྲུལ་པའི་མི་ཞིག་
རྒས་ཤིང་འཁོགས་པའི་སྡུག་བསྔལ་གྱིས་ཉེན་པ་དང༌། ལྷོ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་ན་བའི་སྡུག་བསྔལ་གྱིས་ཉེན་པ་དང༌། ནུབ་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་མི་ཤི་བར་གྱུར་པ་ཁྱོགས་ལ་བཞག་སྟེ། ཉེ་དུའི་ཚོགས་ཀྱིས་མཐའ་བསྐོར་ནས་
སྨྲེ་སྔགས་འདོན་པ་དང༌། བྱང་ཕྱོགས་ཀྱི་སྒོ་ནས་བྱོན་པའི་ལམ་ཀ་ན་དགེ་སློང་ཞི་བ་དང་དུལ་བ་ཡང་དག་པར་བསྡམས་པ་རྣམས་རིམ་པ་བཞིན་དུ་གཟིགས་པས་ཁྱིམ་གྱི་ཉེས་དམིགས་དང་ཐར་པའི་ཕན་ཡོན་རྗེས་སུ་དྲན་པའི་རྐྱེན་བྱས་ཏེ། ཤིང་རྟ་མཆོག་དེ་སླར་
བསྒྱུར་ནས་གྲོང་ཁྱེར་དུ་ཞུགས་སོ། །དེ་ལྟར་མངོན་པར་འབྱུང་བར་སྐུལ་བར་བྱེད་པའི་སྤྲུལ་པའི་གཟུགས་ཀྱི་རྣམ་པ་ཇི་ལྟར་གཟིགས་པ་དེ་དག་རྒྱལ་པོ་ཟས་གཙང་གིས་ཐོས་པས་བུད་མེད་རྣམས་ལ་གཞོན་ནུ་མངོན་པར་མི་འབྱུང་བའི་གླུ་དང་རོལ་མོ་རྒྱུན་མི་ཆད་པ་སྦྱོར་
ཅིག མགུ་བར་འགྱུར་བའི་བུད་མེད་ཀྱི་སྒྱུ་ཡང་སྟོན་ཅིག་ཅེས་བསྒོའོ། །དེ་ནས་བྱང་ཆུབ་སེམས་དཔས་ཕས་མ་གནང་བར་རབ་ཏུ་འབྱུང་བ་མི་རིགས་སོ་སྙམ་ནས། མཚན་མོ་མི་ཉལ་ཙམ་ན་ཡབ་ཀྱི་ཁང་པ་ན་བྱོན་ཏེ་གསུངས་པ། ལྷ་གཅིག་བདག་ནི་མངོན་པར་

འབྱུང་བའི་དུས་བབ་རིགས། །གེགས་ཀྱང་མ་མཛད་མི་དགྱེས་པ་ཡང་མ་མཛད་ཅིག །རྒྱལ་པོ་གཉེན་བཅས་ཡུལ་འཁོར་བཅས་ཏེ་བཟོད་པར་གསོལ། །དེའི་ཚེ་ཡབ་ཀྱིས་རྣམ་པ་དུ་མས་ལན་གསུམ་དུ་བཤོལ་ཡང་བཟློག་པར་མ་སྤོབས་ཏེ། མཐར་ཁྱོད་ཀྱི་
བསམ་པ་ཡོངས་སུ་རྫོགས་པར་གྱུར་ཅིག་ཅེས་སྨྲས་སོ། །གཉིས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་སླར་སོང་ངོ༌། །ནམ་ནངས་པ་དང་ཟས་གཙང་གིས་དངོས་པོ་དེ་དག་ཤཱཀྱ་རྣམས་ལ་བསྙད་པས་ཐམས་ཅད་ཀྱིས་ཀྱང་བསྲུང་བར་བགྲོས་ཏེ། གྲོང་ཁྱེར་
སེར་སྐྱའི་སྒོ་འབྱེད་པ་ན་རྒྱང་གྲགས་སུ་གྲག་པའི་སྒྲ་འབྱུང་བ་ཡང་གཏན་པ་དམ་པོར་བཅུག་སྟེ་གྲོང་ཁྱེར་གྱི་སྒོ་བཞི་དང༌། ལམ་གྱི་བཞི་མདོ་དང༌། སུམ་མདོ་ཐམས་ཅད་ནས་དམག་གིས་ཡོངས་སུ་བསྐོར་བར་བྱས་སོ། །དེའི་ཚེ་བྱང་ཆུབ་སེམས་དཔའི་གྲོགས་སུ་
ལྷགས་པའི་ལྷ་བྱེ་བ་བརྒྱ་སྟོང་ཕྲག་མང་པོ་ལ་ལ་ནི་བུད་མེད་ཀྱི་ཚོགས་དང་དམག་གི་ཚོགས་རྣམས་གཉིད་ཀྱིས་མྱོས་པར་བྱས་སོ། །ལ་ལས་ནི་མཆོད་པའི་ལས་བྱེད་དོ། །ལ་ལས་ནི་ཆབ་སྒོ་འབྱེད་པར་བྱེད་དོ། །ལ་ལས་ནི་སྐྱེས་པ་དང་བུད་མེད་དང་རྟ་དང་གླང་པོ་ཆེ་
ལ་སོགས་པའི་སྒྲ་མི་གྲག་པར་བྱེད་དོ། །ལ་ལས་ནི་བཙུན་མོའི་འཁོར་མི་སྡུག་པར་སྒྱུར་བར་བྱེད་པ་དང༌། དེའི་ཚེ་བྱང་ཆུབ་སེམས་དཔས་བཙུན་མོའི་འཁོར་ལ་དུར་ཁྲོད་ཀྱི་འདུ་ཤེས་སྒོམ་པར་བྱེད་དོ། །སྔོན་གྱི་སྨོན་ལམ་གྱི་ཚིག་བཞི་ཡང་མངོན་དུ་བྱེད་དོ། །
དེ་ནས་ཁང་བཟང་གི་སྟེང་དུ་བྱོན་ནས་བྱང་ཆུབ་སེམས་དཔས་སངས་རྒྱས་ཐམས་ཅད་ལ་ཐལ་མོ་སྦྱར་བའི་ཕྱག་བྱས་ཏེ་བལྟས་པས། ལྷའི་དབང་པོ་དང༌། རྒྱལ་པོ་ཆེན་པོ་བཞི་དང༌། ལྷའི་བུ་ཉི་མ་དང་ཟླ་བ་ཡང་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ཞིང་འདུག་
པ་མཐོང་ངོ༌། །དེའི་ཚེ་ནམ་མཁའ་ལ་སྐར་མ་རྒྱལ་ཤར་བ་ཡང་མཐོང་བར་གྱུར་ཏེ། འདུན་པ་ལ་སྨྲས་པ། ང་ཡི་བཀྲ་ཤིས་འདི་ནི་དོན་ཀུན་གྲུབ། །དོ་མོད་གདོན་མི་ཟ་བར་དོན་གྲུབ་ཀྱིས། །འདུན་པ་ཕྱི་ཤོལ་མ་བྱེད་ལ་གོར་དུ། །རྟ་རྒྱལ་རྒྱན་གྱིས་

བརྒྱན་པའང་ང་ལ་བྱིན། །དེས་ཀྱང་བྱང་ཆུབ་སེམས་དཔའ་མངོན་པར་འབྱུང་བ་ཤེས་ནས་ལན་མང་དུ་བཟློག་ཀྱང་འདོད་པའི་ཉེས་དམིགས་རྗེས་སུ་བསྟན་ཏེ་བཟློག་པར་མ་ནུས་པར་རྟ་རྒྱལ་དམ་པ་བསྔགས་ལྡན་ཞེས་བྱ་བ་རྒྱན་གྱིས་བརྒྱན་པ་
ཕུལ་ལོ། །བྱང་ཆུབ་སེམས་དཔའ་དེ་ལ་བཅིབས་པའི་མོད་ལ་འཇིག་རྟེན་སྐྱོང་བ་ཆེན་པོ་བཞིས་ནམ་མཁའ་ལ་བཏེག་སྟེ་བྱོན་པ་ན། ཚངས་པ་དང་བརྒྱ་བྱིན་གྱིས་ལམ་བསྟན་པ་དང༌། ལྷ་བྱེ་བ་ཁྲག་ཁྲིག་གིས་མདུན་བདར་ཏེ་གཤེགས་སོ། །དེ་ལྟར་མངོན་པར་
བྱུང་ནས། མེ་ནེ་ཡའི་ཡུལ་གྱི་གྲོང་རྡལ་རྗེས་སུ་དཔག་པ་ཞེས་བྱ་བ་ནས། དཔག་ཚད་དྲུག་ཏུ་ཕྱིན་པ་ནམ་ནངས་པར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་རྟ་ལས་བབ་ནས་འདུན་པ་ཕྱིར་བཏང་ནས། མཆོད་རྟེན་རྣམ་དག་གི་དྲུང་དུ་རལ་གྲི་ཨུཏྤ་ལ་མཐིང་ག་འདྲ་བས་
བདག་གི་གཙུག་ཕུད་བཅད་དོ། །དེའི་ཚེ་དབུ་སྐྲ་ནི་སུམ་ཅུ་རྩ་གསུམ་པའི་ལྷས་མཆོད་པའི་ཕྱིར་བཏེག་གོ །དེར་རབ་ཏུ་བྱུང་བའི་ཚུལ་དང་མཐུན་པའི་གོས་ཡིད་ལ་བྱས་པ་ཙམ་ནས། ལྷའི་བུ་རྔོན་པའི་གཟུགས་སུ་སྤྲུལ་པས་ངུར་སྨྲིག་གི་གོས་ཕུལ་བ་བླངས་ཏེ།
རང་གི་ན་བཟའ་རིན་ཐང་ཤིན་ཏུ་ཆེ་བའི་ཀཱ་ཤི་པ་དེ་ལ་བྱིན་ནོ། །ངུར་སྨྲིག་གི་གོས་དེ་སྐུ་ལ་གསོལ་ནས་བདག་ཉིད་རང་བྱུང་གི་རབ་ཏུ་བྱུང་བ་དང་བསྙེན་པ་རྫོགས་པར་མཛད་དོ། །དེ་ལྟར་ཡང༌། མཁའ་ལ་རྡུལ་གནག་དུ་བ་མཇུག་རིངས་དག །མི་ཆགས་བཞིན་དུ་སྐྱེས་
མཆོག་ཐུགས་མི་ཆགས། །དྲི་མེད་ཡུལ་གྱི་བདེ་བས་མི་གོས་ཏེ། །ཆུ་ལས་པདྨ་ཇི་ལྟར་འཕགས་པ་བཞིན། །ཞེས་སོ། །བདུན་པ་དཀའ་བ་སྤྱད་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པའི་རྗེས་སུ་འཇུག་པའི་གདུལ་བྱ་རྣམས་ལ་བྱང་ཆུབ་དམ་པ་ནི་དཀའ་བ་
སྤྱད་པ་དཔག་ཏུ་མེད་པས་སྒྲུབ་དགོས་སོ་ཞེས་བསྟན་པའི་ཕྱིར། དེ་ནས་རིམ་པར་ཡངས་པ་ཅན་དུ་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། རྒྱལ་པོའི་ཁབ་ཏུ་རེངས་བྱེད་ཀྱི་བུ་ལྷག་སྤྱོད་དག་གིས་ཅི་ཡང་མེད་པའི་སྐྱེ་མཆེད་དང་སྲིད་རྩེའི་སེམས་སྟོན་པ་རྣམས་སུ་བྱོན་ཏེ། དེ་

དག་གི་ཚུལ་མྱུར་བར་ཁོང་དུ་ཆུད་པར་བྱས་ནས་ཆོས་དེ་དག་གིས་ངེས་པར་མི་འབྱུང་བར་དགོངས་ནས་སུན་ཕྱུང་ངོ༌། །དེས་ན་དེ་བས་ལྷག་པ་ཞིག་བཙལ་ལོ་སྙམ་དུ་རྐང་གིས་ལྗོངས་རྒྱུ་ཞིང་སྡེ་དཔོན་གྱི་གྲོང་ལྟེང་རྒྱས་སུ་ཕྱིན་པའི་ཤར་ཕྱོགས་ན་ཆུ་ཀླུང་ནཻ་རཱཉྫ་ན་གྱ་གྱུར་འབབ་པའི་
ངོགས། སའི་ཕྱོགས་ཁོད་མཉམ་ཞིང་ཉམས་དགའ་བ་མཐོང་ནས་དེ་ཉིད་དུ་བཞུགས་སོ། །བཞུགས་ནས་ཀྱང་འདི་སྙམ་དུ་དགོངས་ཏེ། ཀྱེ་མ་ཛམྦུའི་གླིང་འདིར་སྙིགས་མ་ལྔའི་དུས་ལ་བབ་པ། སེམས་ཅན་དམན་པ་ལ་མོས་པ། མུ་སྟེགས་ཅན་གྱི་
སྡེས་གང་བ། ལྟ་བ་སྣ་ཚོགས་ལ་ཞུགས་པ། སྐྱབས་མ་ཡིན་པ་ལ་སྐྱབས་སུ་འདུ་ཤེས་པ། བཀྲ་ཤིས་པ་མ་ཡིན་པར་བཀྲ་ཤིས་སུ་འདུ་ཤེས་པ། དག་པ་མ་ཡིན་པ་ལ་དག་པར་འདུ་ཤེས་པ་ཁོ་ན་སྟེ་འདི་དག་རྣམས་ཡང་དག་པའི་ལམ་དུ་བསྲང་བའི་ཕྱིར་དང༌།
སེམས་ཅན་ལས་དང་བྱ་བ་ཆུད་གསོན་པ་རྣམས་ཆུད་མི་འཛའ་བར་བསྟན་པའི་ཕྱིར་དང༌། བརྟུལ་ཞུགས་ངན་པ་དང་དཀའ་ཐུབ་ངན་པས་དག་པར་འཛིན་པ་རྣམས་སུན་དབྱུང་བའི་ཕྱིར་བརྟུལ་ཞུགས་དང་དཀའ་ཐུབ་ཀྱི་ཁྱད་པར་བརྩམ་པར་བྱའོ་ཞེས་དགོངས་ནས་ལོ་དྲུག་ཏུ་
མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །དེ་ནས་དཀའ་ཐུབ་ཁོ་ནས་གྲོལ་བར་འཛིན་པ་ཡང་དགག་པའི་ཕྱིར་ཁ་ཟས་རགས་པ་ཟོས་ལ་ལུས་ཀྱི་མཐུ་བསྐྱེད་དེ། དེ་ནས་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པར་དགོངས་ཏེ། དེ་ལྟར་ཚིག་ཏུ་བརྗོད་
པས། དེའི་ཚེ་ལྔ་སྡེ་བཟང་པོས་རིམ་གྲོ་བྱས་ཤིང༌། ཏིལ་འབྲུ་གཅིག་དང༌། འབྲས་འབྲུ་གཅིག་དང༌། རྒྱ་ཤུག་འབྲུ་གཅིག་རྣམས་ཕུལ་བ་ཡང་བཞེས་སོ། །དེ་ནས་ཕྱག་དར་ཁྲོད་པའི་གོས་འགའ་ཞིག་རྙེད་ན་སྙམ་སྟེ་སེམས་བཏུད་པ་ན། གྲོང་པའི་བུ་མོ་
ལེགས་སྐྱེས་མའི་བྲན་མོ་གྲུབ་མ་ཞེས་བྱ་བ་ཤི་བ་ཤ་ནའི་རས་ཀྱིས་དཀྲིས་ཏེ་དུར་ཁྲོད་དུ་བོར་བར་གྱུར་པ་དེ་བླངས་ཏེ་བརྒྱ་བྱིན་གྱིས་བྱིན་པའི་རྡོ་ལ་བཞག་སྟེ་ལག་པའི་རྫིང་དུ་བཀྲུས་པ་ལས་སྣམ་སྦྱར་དུ་དྲུབས་པ་ཞིག་དང༌། ལྷའི་བུ་དྲི་མ་མེད་པ་ཞེས་བྱ་བས་ལྷའི་གོས་ངུར་སྨྲིག་གི་

ཚོན་དུ་བཙོས་པ་ཕུལ་བ་དག་གསོལ་ཏེ། སྔ་དྲོར་སྤྱོད་ཡུལ་གྱི་གྲོང་དུ་ཕྱོགས་པ་དང༌། སྔོན་དུ་ལྷ་རྣམས་ཀྱིས་གྲོང་པའི་བུ་མོ་ལེགས་སྐྱེས་མ་ལ་ཇི་ལྟར་སྦྲན་པ་ལྟར། དེས་བ་ཉིས་སྟོང་གི་འོ་མ་ལན་བདུན་དུ་ཉིང་ཁུར་བྱས་པ་དང༌། འབྲས་
གསར་པ་དང་ཕྲུ་བ་གསར་པ་བླུགས་ཏེ་བསྒྲུབས་པས་བསྙེན་བཀུར་བྱས་སོ། །ཇི་ལྟར་སྟོབ་པ་ལེགས་པར་བཞེས་ནས་གསེར་གྱི་ཡོལ་གོ་ཆུ་བོ་ལ་བསྐྱུར་བ་ཀླུའི་རྒྱལ་པོ་རྒྱ་མཚོས་བླངས་སོ། །དེ་ལས་ཀྱང་མིག་སྟོང་པས་ནམ་མཁའ་ལྡིང་གི་གཟུགས་སུ་སྤྲུལ་ཏེ་འཕྲོག་
པར་བརྩམས་ཀྱང༌། ཡང་དབྲོག་པར་མ་ནུས་པར་རང་གི་གཟུགས་ཀྱིས་བསླངས་ནས་སུམ་ཅུ་རྩ་གསུམ་དུ་ཁྱེར་རོ། །དེ་ལྟ་བུའི་རགས་པའི་ཟས་ཀྱི་མཐུས་སྐད་ཅིག་དེ་ཉིད་ལ་ལུས་སྔ་མའི་ཁ་དོག་བཟང་པོ་རྒྱས་པ་དང༌། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་
གཉིས་དང༌། དཔེ་བྱད་བརྒྱད་ཅུ་དང༌། འོད་འདོམ་གང་བའི་དཔལ་རྣམས་ཤིན་ཏུ་གསལ་བ་བྱུང་ངོ༌། །བརྒྱད་པ་བྱང་ཆུབ་ཀྱི་སྙིང་པོ་ལ་གཤེགས་པའི་མཛད་པ་ནི། དེ་ལྟ་བུའི་རགས་པའི་ཟས་ཀྱིས་བྱང་ཆུབ་སེམས་དཔའི་སྐུ་ལུས་སྟོབས་དང་ལྡན་པར་བསྐྱེད་དེ། ཤིང་
གི་རྒྱལ་པོའི་དྲུང་དུ་སྐྱེས་བུ་ཆེན་པོའི་སྟབས་ཀྱིས་གཤེགས་སོ། །དེར་བྱང་ཆུབ་ཀྱི་སྙིང་པོ་ཡོངས་སུ་སྐྱོང་བའི་ལྷའི་བུ་བཅུ་དྲུག་དང༌། གཞན་ཡང་ལྷའི་བུ་དང་རྒྱལ་བའི་མྱུ་གུ་མང་པོས་དེང་བྱང་ཆུབ་སེམས་དཔའ་འདིར་འདུག་སྟེ་མངོན་པར་རྫོགས་པར་འཚང་རྒྱ་
བར་འགྱུར་རོ་སྙམ་སྟེ། བྱང་ཆུབ་ཀྱི་ཤིང་བརྒྱད་ཁྲི་བརྒྱན་པར་བྱས་ཏེ། དེའང་བྱང་ཆུབ་ཀྱི་ཤིང་ཁ་ཅིག་ནི་མེ་ཏོག་གི་རང་བཞིན་ཅན་དང༌། ཁ་ཅིག་ནི་སྤོས་ཀྱི་རང་བཞིན་ཅན་དང༌། ཁ་ཅིག་ནི་ཙནྡ་ནའི་རང་བཞིན་ཅན་དང༌། ཁ་ཅིག་ནི་རིན་པོ་ཆེ་ཐམས་ཅད་ཀྱི་
རང་བཞིན་ཅན་དུ་ཡོད་པ་ལ། ཤིང་རེ་རེའི་དྲུང་ནའང་སེང་གེའི་ཁྲི་དང་སྟན་སྣ་ཚོགས་པ་དག་བཤམས་སོ། །དེ་ནས་བྱང་ཆུབ་སེམས་དཔས་རོལ་པ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་སྐད་ཅིག་ཉིད་ལ་བྱང་ཆུབ་ཀྱི་ཤིང་གི་ཁྲི་སྟན་དེ་

དག་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་མཚན་དང་དཔེ་བྱད་ཀྱི་རྒྱན་གྱིས་བརྒྱན་པར་འདུག་པ། རྒྱལ་བའི་མྱུ་གུ་དང་ལྷའི་བུ་སོ་སོའི་ཡིད་ལའང་བདག་གི་ཁྲི་ལ་བཞུགས་ཀྱི་གཞན་ལ་ནི་མ་ཡིན་ནོ་སྙམ་པར་གྱུར་པ་དེ་ལྟ་བུ་དག་མཛད་དོ། །གཞན་ཡང་རི་དང་ནགས་
ཚལ་ལ་སོགས་པ་རྣམས་ཀྱང་བྱང་ཆུབ་ཀྱི་ཤིང་ལ་མགོ་ཕྱོགས་ཏེ་འཁོད་དོ། །དེ་ནས་ལམ་གྱི་གཡས་ཕྱོགས་ནས་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་བརྔ་བ་ལ། བཀྲ་ཤིས་རྩྭ་དག་ང་ལ་མྱུར་དུ་བྱིན། །དེ་རིང་ང་ལ་རྩྭས་ནི་དོན་ཆེན་འགྱུར། །དཔུང་དང་བཅས་
པའི་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་དམ་པ་ཞི་བ་རེག་པར་འགྱུར། །ཞེས་དང༌། དེ་རིང་ང་ལ་རྩྭ་སྦྱིན་བྱས་ན་ནི། །ཁྱོད་ལ་བསོད་ནམས་སྟོབས་ནི་མཐའ་ཡས་ཏེ། །དེ་ནི་ཁྱོད་ཀྱི་ངན་པའི་རྒྱུར་མི་འགྱུར། །ཁྱོད་ཀྱང་སྟོན་པ་བླ་ན་མེད་པར་འགྱུར། །ཞེས་
གསུངས་སོ། །དེས་ཀྱང་རྩྭ་སྔོན་ཤིན་ཏུ་འཇམ་པ་ཕུལ་བ་ཁྱེར་ཏེ། བྱང་ཆུབ་ཀྱི་ཤིང་ལ་ལན་བདུན་དུ་བསྐོར་བ་བྱས་ནས། རྩྭའི་རྩེ་མོ་ནང་དུ་བསྟན་ཏེ་བཏིང་བའི་སྟན་ལ་སྐྱིལ་མོ་ཀྲུང་བཅས་ཏེ་ཞལ་ཤར་དུ་ཕྱོགས་པར་བཞུགས་ནས། སྐུ་དྲང་པོར་བསྲངས་
ཤིང༌། དྲན་པ་མངོན་དུ་བཞག་སྟེ་ཡི་དམ་དུ་བཅས་པ། སྟན་འདིར་བདག་གི་ལུས་ནི་སྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །བསྐལ་མང་རྙེད་དཀའ་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །
ཞེས་འབྱུང་བ་ལྟར་རོ། །དེའི་ཚེ་འདོད་པ་ན་སྤྱོད་པའི་ལྷ་རྣམས་བྱང་ཆུབ་སེམས་དཔའ་བསྲུང་བའི་ཕྱིར་ཕྱོགས་ཀུན་དུ་འཁོད་དོ། །བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པའི་ཚེ་སྨིན་མཚམས་ནས་བྱང་ཆུབ་སེམས་དཔའ་བསྐུལ་བ་
ཞེས་བྱ་བའི་འོད་བྱུང་ནས་ཕྱོགས་བཅུ་ཀུན་དུ་ཆོས་ཀྱི་དབྱིངས་མཐའ་ཀླས་པར་བཞུགས་པའི་བྱང་ཆུབ་སེམས་དཔའ་བགྲང་བ་ལས་འདས་པ་བསྡུས་ཏེ་མཆོད་པའི་ཕྱིར་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བར་འདུག་པ་དག་མངོན་པར་བསྟན་ཏོ། །དགུ་པ་བདུད་སྡེ་འཇོམས་པའི་མཛད་པ་ལ།

བདུད་ཀྱིས་ཐོ་བཙམས་པ་དང༌། དེ་ཇི་ལྟར་བཅོམ་པའོ། །དང་པོ་ནི། བྱང་ཆུབ་སེམས་དཔས་འདོད་པ་ཁམས་ཀྱི་དབང་ཕྱུག་བདུད་སྡིག་ཅན་ལ་མ་སྦྲན་པར་བདུད་ལས་རྣམ་པར་རྒྱལ་བའི་གོ་འཕང་མངོན་དུ་མི་འགྱུར་བར་དགོངས་ནས།
དེ་དག་བསྐུལ་བར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའི་སྨིན་མཚམས་ནས་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་འཇོམས་པ་ཞེས་བྱ་བའི་འོད་ཟེར་ཕྱུང་སྟེ། བདུད་ཀྱི་གནས་ཐམས་ཅད་དུ་འོད་ཀྱིས་སྣང་བར་བྱས་ཏེ། དེ་དག་གི་མདངས་དང་གཟི་བརྗིད་
ཐམས་ཅད་མོག་མོག་པོར་བྱས་སོ། །འོད་ཀྱི་རྩེ་མོ་ལས་སྒྲ་འདི་ལྟ་བུ་ཡང་བྱུང་སྟེ། སེམས་ཅན་ཤིན་ཏུ་དག་པ་བསྐལ་མང་སྤྱོད་སྤྱད་པ། །ཟས་གཙང་སྲས་པོ་རྒྱལ་སྲིད་དག་ནི་རབ་སྤངས་ཏེ། །ཕན་བྱེད་དེ་ནི་བདུད་རྩི་མངོན་པར་འདོད་པས་བྱུང༌། །བྱང་
ཆུབ་ཤིང་དྲུང་འོངས་ཀྱིས་དེ་རིང་བསྒྲིམ་པར་གྱིས། །ཞེས་དང༌། བདུད་ཀྱི་གཙོ་བོ་ལ་མི་དགེ་བའི་རྨི་ལམ་སུམ་ཅུ་རྩ་གཉིས་ཀྱང་བྱུང་བས་ཤིན་ཏུ་མ་རངས་པར་གྱུར་ཏེ་རང་གི་འཁོར་རྣམས་བསྡུས་ཏེ་བྱང་ཆུབ་སེམས་དཔའ་གཞོམ་པའི་ཕྱིར་འགྲོ་བར་བརྩམས་སོ། །
དེའི་ཚེ་བདུད་ཀྱི་བུ་དེད་དཔོན་ཞེས་བྱ་བས་དེ་ནི་ཐུབ་པར་མི་འགྱུར་བའི་ལྟས་སུ་ངེས་པས། དེར་མ་སོང་ན་དགེ་བར་འགྱུར་རོ་ཞེས་བྱ་བའི་ཚིག་གིས་བཟློག་ཀྱང་བཤོལ་དུ་མ་བཏུབ་བོ། །གཉིས་པ་ནི། དེ་ནས་བདུད་ཀྱི་དམག་ཡན་ལག་བཞི་དང་ལྡན་པའི་དཔུང་ཆེན་པོ་འཐབ་
མོ་ལ་ཤིན་ཏུ་དཔའ་བ་གནོད་སྦྱིན་དང༌། གྲུལ་བུམ་དང༌། ལྟོ་འཕྱེ་ཆེན་པོ་དང༌། སྲིན་པོ་དང༌། ཡི་དྭགས་དང༌། ཤ་ཟ་དང༌། ཀེང་རུས་ཀྱི་གཟུགས་འཇིགས་སུ་རུང་བ་སྤུ་ཟིང་ཞེས་བྱེད་པ། མགོ་བོ་དང་ལག་པ་དང་རྐང་པ་རྣམས་གཅིག་པ་ནས་སྟོང་ཕྲག་པའི་
བར་དུ་ཡོད་པ། མཚོན་ཆ་སྣ་ཚོགས་པས་ལག་པ་བྲེལ་བ། སྟག་དང༌། སྦྲུལ་དང༌། ཕག་པ་དང༌། གླང་པོ་དང༌། རྟ་དང༌།བོང་བུ་དང༌། རྔ་མོ་དང༌། སྤྲེའུ་དང༌། སེང་གེ་དང༌། དྲེད་ཀྱི་ཁ་གདོང་དང་ལྡན་པ། རལ་པ་བརྫེས་ཤིང་ཁ་མིག་ནས་མེ་འབར་བའི་རྣམ་པ་

ཅན་དག་སྤྲུལ་ཏེ་དཔག་ཚད་བརྒྱད་ཅུའི་ཁོ་ར་ཁོར་ཡུག་ཏུ་བཀང་ནས་འོངས་སོ། །དེའང་བདུད་ཀྱི་བུ་དེད་དཔོན་ལ་སོགས་པ་བྱང་ཆུབ་སེམས་དཔའ་ལ་མངོན་པར་དད་པ་རྣམས་ནི་བདུད་སྡིག་ཅན་གྱི་གཡས་རོལ་དུ་འཁོད་ཅིང་ཕྱིར་ཟློག་པར་བྱེད་དོ། །བདུད་ཀྱི་
ཕྱོགས་ལ་དགའ་བ་རྣམས་ཀྱིས་ནི་གཡོན་རོལ་ནས་བསྐུལ་ཏེ་བྱང་ཆུབ་སེམས་དཔའ་ལ་མཚོན་ཆ་སྣ་ཚོགས་པས་ཆར་དུ་ཕབ་བོ། །ཇི་སྙེད་ཕབ་པའི་མཚོན་ཆ་ཐམས་ཅད་ཀྱང་སྐད་ཅིག་གཅིག་གིས་མེ་ཏོག་གི་ཕྲེང་བ་དང༌། མེ་ཏོག་གི་བླ་རེ་དང༌། བྱང་ཆུབ་ཀྱི་ཤིང་མཛེས་པར་
བྱེད་པའི་རྒྱན་དུ་གྱུར་ཏོ། །དེར་བདུད་ཀྱིས་སྨྲས་པ། ཁྱོད་ཀྱི་བསོད་ནམས་དེ་ཙམ་གྱིས་ཐར་པ་ག་ལ་ཐོབ། བྱང་ཆུབ་སེམས་དཔས་འཇམ་པའི་གསུང་གིས་སྨྲས་པ། སྡིག་ཅན་ཁྱོད་ཀྱིས་གཏན་པ་མེད་པའི་མཆོད་སྦྱིན་གཅིག་གིས་འདོད་པའི་དབང་ཕྱུག་
ཐོབ་པར་ཟད་དོ། །ངས་ནི་གཏན་པ་མེད་པའི་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་དུ་མ་བྱས་སོ། །བདུད་ཀྱིས་སྨྲས་པ། ཁོ་བོས་མཆོད་སྦྱིན་གཏན་པ་མེད་པ་བགྱིས་པའི་དཔང་པོ་ནི་ཁྱོད་ཉིད་ཡོད་ན། ཁྱོད་ལ་ནི་དཔང་པོ་སུ་ཡང་མེད་དོ། །བྱང་ཆུབ་སེམས་
དཔས་ཕྱག་གཡས་པ་མཚན་གྱི་རི་མོས་བརྒྱན་པ་ས་ལ་བསྣུན་ཏེ་སྨྲས་པ། ས་འདི་འགྲོ་བ་ཀུན་གྱི་གནས་ཡིན་ཏེ། །རྒྱུ་དང་མི་རྒྱུ་སྙོམས་ཤིང་ཉེ་འཁོན་མེད། །འདི་ནི་བདག་གི་དཔང་སྟེ་བདག་རྫུན་མེད། །འདི་ལ་ཁྱོད་ནི་བདག་གི་དཔང་བྱོས་ཤིག །
ཅེས་གསུངས་མ་ཐག་ཏུ་ས་རྣམ་པ་དྲུག་ཏུ་གཡོས་པའི་རུམ་ནས་སའི་ལྷ་མོ་བརྟན་མས་ལུས་ཕྱེད་རྒྱན་གྱིས་སྤྲས་པ་མངོན་པར་ཕྱུང་སྟེ། སྐྱེས་བུ་ཆེན་པོ་དེ་དེ་བཞིན་ནོ། །ཁྱོད་ཀྱིས་ཇི་སྐད་གསུངས་པ་བཞིན་ཏེ། འདི་ནི་བདག་ལ་མངོན་སུམ་མོ། །འོན་
ཀྱང་བཅོམ་ལྡན་འདས་ཉིད་ནི་ལྷ་དང་བཅས་པའི་འཇིག་རྟེན་ཀུན་གྱི་དཔང་དུ་གྱུར་པ་དང་ཚད་མར་གྱུར་པ་དམ་པའོ་ཞེས་སྒྲ་ཆེན་པོས་བརྗོད་དེ་མི་སྣང་བར་གྱུར་ཏོ། །དེའི་ཚེ་གཡོན་ཅན་དཔུང་དང་བཅས་པ་ཡིད་མི་བདེ་བ་དང་སྐྱེངས་བཞིན་པར་སླར་ཡང་རྗེས་སུ་ཆགས་

པས་བསླང་བར་ནུས་སམ་མི་ནུས་སད་པར་བྱའོ་སྙམ་ནས།རང་གི་བུ་མོ་རྣམས་སད་པའི་ཕྱིར་བཏང་ངོ༌། །དེ་དག་གིས་ཀྱང་ཇི་ལྟར་ནུས་པའི་གཡོ་སྒྱུ་སུམ་ཅུ་རྩ་གཉིས་ཀྱི་རྣམ་པས་བསླུས་ཀྱང་བ་སྤུའི་རྩེ་མོ་ཙམ་ཡང་གཡོ་བར་མ་ནུས་ཏེ་ཆེད་དུ་བརྗོད་པ། པདྨ་
དྲི་མ་མེད་པའི་སྙིང་པོ་འདྲ་ཞིང་སྟོན་ཟླ་ལྟ་བུའི་ཞལ། །མར་གྱིས་སྦྱིན་སྲེག་བགྱིས་པའི་འོད་འཕྲོ་ཅི་འདྲ་གསེར་གྱི་རི་འདྲ་བ། །སྲིད་པ་བརྒྱ་ནས་སྤྱད་ཅིང་དགོངས་དང་སྨོན་ལམ་བཏབ་པ་གྲུབ་གྱུར་ཅིག །བདག་ཉིད་བརྒལ་ནས་སྡུག་བསྔལ་དག་དང་ལྡན་པའི་འགྲོ་བ་བསྒྲལ་དུ་གསོལ། །
ཞེས་པས་བསྟོད་ཅིང་སོང་ངོ༌། །དེའི་ཚེ་ཤིང་གི་ལྷ་མོ་བཅུ་དྲུག་གིས་ནི་བྱང་ཆུབ་སེམས་དཔའ་ལ་བསྟོད་པར་བྱེད་དོ། །གནས་གཙང་མའི་ལྷ་རྣམས་ཀྱིས་ནི་བདུད་ཀྱི་སྡེ་རྣམ་པ་བཅུ་དྲུག་གིས་ཉམས་དམས་པར་བྱེད་དོ། །ལྷ་མང་པོས་ནི་རྣམ་པ་བཅུ་དྲུག་གིས་བདུད་ཕྱིར་བཟློག་པར་བྱས་ཀྱང་མ་
ལོག་སྟེ། སླར་ཡང་མཚོན་ཆ་སྣ་ཚོགས་པ་འཕེན་པར་བྱེད་ཀྱང་སྔ་མ་བཞིན་དུ་གྱུར་ཏེ། མཐར་བདུད་ཀྱི་དཔུང་ཐམས་ཅད་མགོ་རྨོངས་པར་གྱུར་ཏེ། ལམ་ཡང་སྟོར་ནས་ཞག་བདུན་དུ་ཕྲད་པ་མེད་པར་འཐོར་བར་གྱུར་ཅིང༌། དེའི་ཚེ་བདུད་ཀྱི་རིས་མང་པོས་ཀྱང་བྱང་ཆུབ་ཏུ་སེམས་
བསྐྱེད་དོ། །དེ་ལྟར་ཡང༌། མི་མཁས་གང་ཞིག་ནམ་མཁའ་སྐྲག་པར་བྱེད་འདོད་པ། །དེ་ནི་ཤིང་མཆོག་དྲུང་ནས་ང་འདྲ་སློང་བར་འདོད། །གང་ཞིག་སྟོང་གསུམ་ཆེན་པོ་བཤིག་ནས་རྡུལ་འགྲང་དང༌། །གང་ཞིག་བ་སྤུ་ཡིས་ནི་རྒྱ་མཚོའི་ཆུ་འབྱིན་དང༌། །སྐད་ཅིག་གིས་
ནི་རྡོ་རྗེའི་རང་བཞིན་རི་འཐོར་བ། །དེས་ཀྱང་ཤིང་དྲུང་འདུག་པ་ང་ལ་འཚེ་མི་ནུས། །ཞེས་གསུངས་པ་ལྟ་བུའོ། །བཅུ་པ་མངོན་པར་བྱང་ཆུབ་པའི་མཛད་པ་ནི། དེ་ནས་བྱང་ཆུབ་སེམས་དཔས་ནམ་གྱི་ཆ་སྟོད་ལ་ནི་བསམ་གཏན་བཞི་མངོན་དུ་མཛད་དོ། །གུང་ཐུན་
ལ་ནི་རིག་པ་གསུམ་བསྐྱེད་དེ། ནམ་གྱི་ཆ་སྨད་སྐྱ་རེངས་འཆར་བ་རྔ་བརྡུང་བའི་ཚོད་ཙམ་ལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་བཅུ་གཉིས་དང༌། བདེན་པ་བཞི་མངོན་དུ་བྱས་ནས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱ་བ་དེ་བཞིན་

གཤེགས་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་ལ་བཞུགས་སོ། །དེ་ནས་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་མངོན་པར་འཕགས་ཏེ། ལམ་གྱི་རྒྱུད་ནི་ཆད་དོ་ཞེས་བྱ་བ་ལ་སོགས་པའི་ཆེད་དུ་རྗོད་པས་ཆེད་དུ་བརྗོད་དོ། །དེའི་ཚེ་ལྷ་རྣམས་ཀྱིས་ལྷའི་མེ་ཏོག་པུས་མོ་ནུབ་པ་ཙམ་
དུ་གཏོར་ནས་མཆོད་པ་བྱས་སོ། །དེའི་སྐད་ཅིག་དེ་ལ་སེམས་ཅན་ཐམས་ཅད་ཀྱང་དེ་སྲིད་དུ་མཆོག་ཏུ་བདེ་བ་ལ་རེག་པ་དང༌། འོད་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར་བྱས་ཤིང་ས་རྣམ་པ་དྲུག་ཏུ་གཡོས་སོ། །ཕྱོགས་བཅུའི་སངས་རྒྱས་ཐམས་
ཅད་ཀྱང་ཕྱག་བརྐྱང་སྟེ་ཀ་ལ་པིངྐའི་དབྱངས་ཀྱིས། ཕྱིས་ཀྱི་སངས་རྒྱས་དེ་ལ་བདག་ཅག་རྣམས་ཇི་ལྟར་བྱང་ཆུབ་ཐོབ་པ་ལྟར་ཁྱོད་ཀྱིས་ཀྱང་བྱང་ཆུབ་མངོན་དུ་བྱས་པ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ཆོས་ཀྱི་དག་པ་བ་དག་ཀྱང་བསྐུར་རོ། །གཞན་ཡང་འདོད་པ་ན་སྤྱོད་པའི་ལྷའི་བུ་མོ་རྣམས་
དང༌། ལྷའི་བུ་དང༌། བདུད་དང་བཅས་པའི་འགྲོ་བ་མ་ལུས་པས་བསྟོད་པའི་ཚོགས་ཇི་སྙེད་པས་བསྟོད་ཅིང༌། མེ་ཏོག་གི་སིལ་མ་རྣམ་པ་སྣ་ཚོགས་པས་ཕྱོགས་ཀུན་ནས་འཐོར་བའི་མཆོད་པས་མཆོད་དོ། །བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ལ། ཐོག་མར་བསྐུལ་
དགོས་པར་བསྟན་པ་དང༌། བསྐུལ་བར་ཞལ་གྱིས་བཞེས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དངོས་སོ། །དང་པོ་ནི། དེ་ལྟར་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་བདུན་ཕྲག་བདུན་ལ་རིམ་པ་ལྟར་སྐྱིལ་མོ་ཀྲུང་མ་བཤིག་པར་ཤིང་གི་རྒྱལ་པོ་ལ་སྤྱན་མི་འཛུམ་པར་གཟིགས་ནས་
དགའ་བའི་ཟས་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་གྱི་བདེ་བ་མྱོང་བ་དང༌། སྟོང་གསུམ་གྱི་འཇིག་རྟེན་རྒྱང་རིང་དུ་འཆག་པ་དང༌། བྱང་ཆུབ་ཀྱི་ཤིང་ལ་སྤྱན་མི་འཛུམས་པར་གཟིགས་པ་དང༌། ཤར་གྱི་རྒྱ་མཚོ་ནས་ནུབ་ཀྱི་རྒྱ་མཚོའི་བར་མི་རིང་བར་འཆག་ཅིང༌། བདུད་སྡིག་ཅན་གྱིས་
མྱ་ངན་འདའ་བར་གསོལ་བ་བཏབ་ཀྱང་ཞལ་གྱིས་མ་བཞེས་པ་ལ་བདུད་སེམས་ཁོང་དུ་ཆུད་པར་གྱུར་པས་བདུད་ཀྱི་བུ་མོ་གསུམ་བསླུ་བའི་སེམས་ཀྱིས་སྟོན་པའི་གན་དུ་འོངས་བ་རྒན་མོར་བྱིན་གྱིས་བརླབས་པ་དང༌། ཡུལ་ངན་གྱི་ཚེ་ཀླུ་བཏང་བཟུང་གི་གནས་སུ་བཞུགས་པ་དང༌།

ཤིང་ནྱ་གྲོ་དྷར་སྐྱོང་དུ་བཞུད་པའི་ཚེ་ཀུན་དུ་རྒྱུ་ལ་སོགས་པས་དཔྱས་འདོགས་པ་ལ་ཆེད་དུ་བརྗོད་པ་གསུངས་པ་དང༌། ཤིང་སྒྲོལ་རྒྱུའི་དྲུང་དུ་བཞུགས་ཏེ་ཚོང་པ་ག་གོན་དང་བཟང་པོ་གཉིས་ཀྱིས་སྦྲང་རྩི་དང༌། སྐྱོ་མ་དང་བུ་རམ་གྱི་ཤིང་བཤུས་པ་
རྣམས་ཕུལ་བ་ལ་སྔོན་གྱི་རྒྱལ་བ་རྣམས་ཀྱིས་སྣོད་ཀྱི་རྣམ་པ་ཅི་འདྲ་བས་བཞེས་པར་དགོངས་པ་དེའི་ཚེ་སྐད་ཅིག་དེ་ཉིད་ལ་རྒྱལ་པོ་ཆེན་པོ་བཞིས་རྡོའི་ལྷུང་བཟེད་བཞི་མེ་ཏོག་གིས་བཀང་སྟེ་ཕུལ་བ་གཅིག་ཏུ་བྱིན་གྱིས་བརླབས་ནས་དེ་ཉིད་དུ་བཞེས་པར་མཛད་དོ། །དེ་ནས་ཚོང་དཔོན་ག་གོན་དང་བཟང་པོ་
གཉིས་ཀྱིས་བ་སྟོང་གི་འོ་མ་ཉིང་ཁུར་བྱས་པའི་སྤྲིས་མ་རིན་པོ་ཆེའི་གཞོང་པར་བླུགས་ཏེ་ཕུལ་བ་ཡང་བཞེས་ནས་ཡོལ་གོ་དེ་ཉིད་དུ་བོར་བ་ནི་ལྷའི་བུ་རབ་ཚངས་ཞེས་བྱ་བས་མཆོད་པའི་ཕྱིར་ཁྱེར་རོ། །དེ་ནས་ཚོང་དཔོན་དེ་གཉིས་ལ་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྣམས་གསུངས་ནས་སྦྲང་རྩི་འབྱུང་བ་ཞེས་
བྱ་བའི་སངས་རྒྱས་སུ་ལུང་བསྟན་ནོ། །དེ་ནས་སྟོན་པ་ཐུགས་ལས་ཆུང་ངུར་གནས་པར་དགོངས་ཏེ། ཟབ་ཞི་རྡུལ་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩིའི་ཆོས་ནི་བདག་གིས་ཐོབ་པར་གྱུར། །བདག་གིས་བསྟན་ཀྱང་གཞན་གྱིས་མི་ཤེས་ཏེ། །མི་སྨྲར་ནགས་འདབས་གནས་པར་བྱ་བ་སྙམ། །ཞེས་
གསུངས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་སེམས་ཅན་མ་རིག་པས་ལྡོངས་པ་རྣམས་ལ་རྗེས་སུ་བརྩེ་བ་མི་མངའ་བ་མ་ཡིན་ཡང༌། མ་བསྐུལ་བར་ཆོས་ཀྱི་འཁོར་ལོ་མི་བསྐོར་བར་བསྟན་པའི་ཕྱིར། སླར་གསུངས་པ། འཇིག་རྟེན་ཀུན་ལ་སྙིང་བརྩེ་མཐའ་ཡས་ང༌། །གཞན་གྱིས་གསོལ་
བ་བཏབ་ལ་ང་མི་སྡོད། །སྐྱེ་བོ་འདི་དག་ཚངས་ལ་དད་པ་སྟེ། །དེ་ཡིས་གསོལ་བ་བཏབ་ན་འཁོར་ལོ་བསྐོར། །ཞེས་གསུངས་ནས་སྨིན་མཚམས་ནས་འཇིག་རྟེན་གྱི་ཁམས་འདི་སྣང་བའི་འོད་ཕྱུང་ངོ༌། །དེ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱིས་ཚངས་པ་གཙུག་ཕུད་ཅན་གྱིས་རིག་ནས། རང་གི་འཁོར་
ཚངས་པ་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་དང་བཅས་པ་འོངས་ནས་དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་གསོལ་པ། འཕགས་པའི་ནོར་ལ་སེམས་ཅན་དག་ནི་མགྲོན་གཉེར་ཏེ། །སྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །གང་སླད་མི་གསུང་འགྲོ་ལ་བཏང་

སྙོམས་མཛད་པ་འདི། །འཇིག་རྟེན་རྩ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། །ཆོས་ཀྱི་དམ་པའི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པའི་ཆོས་ཀྱི་དྲུང་ནི་མྱུར་དུ་འབུད་དུ་གསོལ། །ཆོས་ཀྱི་མཆོད་སྡོང་ཆེན་པོ་བསྒྲེང་བར་མཛད་དུ་གསོལ། །ཆོས་ཀྱི་མར་མེ་ཆེན་པོ་སྦར་བར་མཛད་དུ་གསོལ། །
ཞེས་བྱ་བ་ལ་སོགས་པས་བསྐུལ་བ་ལ་ཅང་མི་གསུང་བས་གནང་བར་རིག་ནས་དགའ་བ་མཆོག་ཏུ་སྐྱེས་ནས་མི་སྣང་བར་གྱུར་ཏོ། །སླར་ཡང་ཐུགས་ལས་ཆུང་ངུར་བཞུགས་པ་ཚངས་པས་རིག་ནས་བརྒྱ་བྱིན་དང་ལྷན་ཅིག་ཏུ་འོངས་ཏེ་བརྒྱ་བྱིན་གྱིས། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །
ཁྱོད་ཀྱི་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་བཞེངས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་དང༌། ཚངས་པས་ཀྱང་སླར་ཡང་གསོལ་བ་བཏབ་བོ། །དེ་དག་གི་ཚེ་ཡང་ཅང་མི་གསུང་བར་གྱུར་པ་རིག་ནས་དེ་དག་འཁོར་དང་བཅས་
པ་ཡང་ཡིད་མི་དགའ་བཞིན་དུ་མི་སྣང་བར་གྱུར་ཏོ། །སླར་ཡང་ཚངས་པ་གཙུག་ཕུད་ཅན་གྱིས་ཡུལ་མ་ག་དྷཱ་པའི་མི་རྣམས་ཀྱི་ལྟ་བར་གྱུར་པ་དང༌། དེ་བཞིན་གཤེགས་པའི་ཐུགས་ཀྱིས་ཇི་ལྟར་བཏུད་པ་དེ་ལྟ་བུ་ཡང་རིག་ནས། སླར་ཡང་ལྗོན་པ་སྒྲོལ་རྒྱུའི་དྲུང་ཐམས་ཅད་དུ་ལྷའི་སྣང་བས་སྣང་
བར་བྱས་ཏེ་འོངས་ནས་འདི་སྐད་ཅེས་གསོལ་ཏོ། །མ་ག་དྷཱ་ཡི་ཡུལ་འདིར་སྔོན་ཆད་ཆོས། །མ་དག་དྲི་མས་རྗེས་སུ་འབྲེལ་བ་བྱུང༌། །བདུད་རྩིའི་སྒོ་མོ་དབྱེ་བར་མཛོད་ཅིག་ཆོས། །རྡུལ་བྲལ་དྲི་མ་མེད་པ་བསྟན་དུ་གསོལ། །ཞེས་བྱ་བ་ལ་སོགས་པས་བསྐུལ་ལོ། །དེ་ལྟར་ཚངས་པ་གཙུག་ཕུད་
ཅན་གྱིས་ལན་གསུམ་གྱི་བར་དུ་གསོལ་བ་བཏབ་པའི་མཐར། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་ནས་མ་ངེས་པ་དང༌། ལེགས་པར་ངེས་པ་དང༌། ཡང་དག་པར་ངེས་པ་སྟེ་གསུམ་དུ་གནས་པ་ལས།མ་ངེས་པ་ལ་གཟིགས་ཏེ་གསུངས་པ། ཚངས་པ་མ་ག་
དྷཱ་ཡི་སེམས་ཅན་གང༌། །སྐལ་བར་ལྡན་ཞིང་རིགས་དང་ལྡན་གྱུར་ལ། །མི་འཚེ་འདུ་ཤེས་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་གསུངས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཞལ་གྱིས་འཆེས་པར་མཛད་དོ། །གསུམ་པ་ནི། དེ་ནས་སྔོན་གྱི་དྲང་སྲོང་རྣམས་

ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཝཱ་རཱ་ཎ་སཱི་ག་ལ་བ་དེར་ཆོས་གསུངས་པའི་དགོངས་པ་བཞག་སྟེ། དེའང་ཐོག་མར་གདུལ་བར་བྱ་བ་ནི་རྣམ་པ་བཟང་བ། གདུལ་སླ་བ། སྦྱོང་སླ་བ། དུག་གསུམ་གྱི་སྟོབས་ཆུང་བ། རྣམ་པར་ཤེས་པ་ཀློག་ཏུ་མ་གྱུར་པ་སྟེ། གལ་ཏེ་
ཆོས་ཐོས་པར་མ་གྱུར་ན་ཡོངས་སུ་ཉམས་པར་འགྱུར་བའི་རིགས་ཅན་ཞིག་ལ་བསྟན་པར་བྱའོ་དགོངས་པ་དང༌། ལྷག་སྤྱོད་དང་རིང་འཕུར་དག་ནི་འདས་པར་གྱུར་པ་གཟིགས་ནས། དེ་བས་ལྔ་སྡེ་བཟང་པོ་རྣམས་ལ་བསྟན་པར་བྱའོ་སྙམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པས། དེ་དག་
ཀྱང་ཝཱ་རཱ་ཎ་སཱིའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་འཁོད་པ་གཟིགས་སོ། །གཟིགས་ནས་ཀྱང་མཐར་གྱིས་ཡུལ་རྒྱུ་ཞིང་གྲོང་ཁྱེར་ཆེན་པོ་ཝཱ་རཱ་ཎ་སཱི་ག་ལ་བར་བྱོན་ནས། དེར་བསོད་སྙོམས་བཞེས་ཏེ་ཟས་ཀྱི་བྱ་བ་མཛད་དེ། དྲང་སྲོང་ལྷུང་བར་གཤེགས་སོ། །ལྔ་སྡེས་སྟོན་པ་བྱོན་པ་
མཐོང་སྟེ། དགེ་སྦྱོང་གཽ་ཏ་མ་ལྷོད་པ། མང་དུ་ཟ་བ། སྤོང་བ་ལས་ཉམས་པ་དེ་འོངས་ཀྱི་སུས་ཀྱང་བསུ་བར་མི་བྱའོ། །ལྡང་བར་མི་བྱའོ། །ཆོས་གོས་དང་ལྷུང་བཟེད་བླང་བར་མི་བྱའོ། །སྟན་དང་ཡོངས་སུ་སྤྱད་པར་འོས་པའི་བཏུང་བ་དང་རྐང་པ་ཞག་པ་ཡང་སྦྱིན་པར་མི་བྱའོ། །སྟན་ལྷག་
མ་གཞན་ནི་མ་གཏོགས་ཏེ་འདོད་ན་འདུག་ཅིག་པར་བརྗོད་དོ་ཞེས་འོག་ཁྲིམས་བཅས་ཏེ། ཀུན་ཤེས་ཀྱིས་སེམས་ཀྱིས་ཁས་མ་བླངས་སོ། །དེ་ནས་སྟོན་པ་བྱོན་པ་དང་ལྔ་སྡེས་མ་བཟོད་པར་ཁྲིམས་དྲལ་ཏེ་སྟན་ལས་ལངས་ནས།ལ་ལས་བསུ། ལ་ལས་སྟན་བཏིང༌། ལ་ལས་ཞབས་
བཀྲུ་བའི་ཆུ་བཤམས་ནས་ཁྱོད་ལེགས་པར་བྱོན་ཏམ། སྟན་འདི་ལ་བཞུགས་ཤིག་ཅེས་གསོལ་པ་དང༌། སྟོན་པས་གདན་ལ་བཞུགས་ནས་ལྔ་སྡེ་དག་མགུ་བར་བྱ་བའི་གཏམ་མང་པོ་མཛད་དོ། །ལྔ་སྡེ་ཚེ་དང་ལྡན་པ་གཽ་ཏ་མའི་དབང་པོ་ནི་གསལ་ལོ། །པགས་པ་ནི་ཡོངས་སུ་དག་ན་ཡེ་ཤེས་
མཐོང་བའི་ཁྱད་པར་ཅུང་ཟད་མངོན་དུ་མཛད་དམ། བཀའ་སྩལ་པ། དགེ་སློང་དག་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་མ་བརྗོད་ཅིག ཁྱེད་ལ་ཡུན་རིང་པོར་གནོད་པ་དང་མི་ཕན་པ་དང་མི་བདེ་བར་གྱུར་ཏ་རེ། དགེ་སློང་དག་ངས་ནི་བདུད་རྩི་ཐོབ་བོ། །འཆི་བ་མེད་པར་འགྲོ་བའི་ལམ་མངོན་

དུ་བྱས་སོ། །ང་ནི་སངས་རྒྱས་སོ། །ཐམས་ཅད་མཁྱེན་པའོ། །ཐམས་ཅད་གཟིགས་པའོ། །བསིལ་བར་གྱུར་པའོ། །ཟག་པ་ཟད་པའོ། །ཆོས་ཐམས་ཅད་ལ་དབང་བའོ། །དགེ་སློང་དག་ངས་ཁྱེད་ལ་ཆོས་བཤད་ཀྱིས་ཚུར་ཤོག །ཉོན་ཅིགནན་ཏན་གྱིས་ཤིག །རྣ་བ་ལྷོགས་ཤིག་དང༌།
ངས་གདམས་ཤིང་རྗེས་སུ་བསྟན་ནོ་ཞེས་སོགས་ནས། ཁྱོད་ཀྱིས་འོག་ཁྲིམས་འདི་ལྟར་མ་བཅས་སམ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་པ་དང༌། དེ་དག་གིས་མུ་སྟེགས་ཀྱི་རྟགས་རྣམས་སྐད་ཅིག་དེ་ཉིད་ལ་མེད་པར་གྱུར་ཏེ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུར་གྱུར་ཏོ། །དེ་དག་
གིས་ཀྱང་ཉེས་པ་བཤགས་ཏེ་གུས་པ་ཡང་བསྐྱེད་དོ། །དེ་ནས་སྟོན་པས་སྐུ་བསིལ་ནས་འདི་སྙམ་དུ་དགོངས་ཏེ། སྔོན་གྱི་རྫོགས་པའི་སངས་རྒྱས་རྣམས་གང་དུ་བཞུགས་ནས་ཆོས་ཀྱི་འཁོར་ལོ་བསྐོར་སྙམ་པ་དང༌། ས་ཕྱོགས་དེར་རིན་པོ་ཆེའི་ཁྲི་སྟོང་གློ་བུར་དུ་བྱུང་བའི་ཁྲི་སྔ་མ་གསུམ་ལ་བསྐོར་
བ་མཛད་དེ། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་བཅས་ནས་སེང་གེ་ལྟར་བག་ཚ་བ་མེད་པར་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་བཀྱེ་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་སོ། །ལྟས་ཆེན་པོ་རྣམ་པ་བཅོ་བརྒྱད་བྱུང་ཞིང༌། འོད་དེ་ལས་ཚིགས་སུ་བཅད་པའི་སྒྲ་
བྱུང་བ། འཇིག་རྟེན་ཐུགས་རྗེ་བསྐྱེད་ནས་སུ། །ཐུབ་པ་ཡིས་ནི་སྣང་བ་མཛད། །དེ་ནི་ཐུགས་དམ་བརྟན་པ་སྟེ། །ཝཱ་རཱ་ཎ་སཱི་རི་དྭགས་ནགས། །གཤེགས་ཏེ་འཁོར་ལོ་བླ་མེད་པ། །ཤིན་ཏུ་རྨད་བྱུང་དཔལ་ལྡན་བསྐོར། །རྒྱལ་བས་བསྐལ་པ་ཁྲག་ཁྲིག་བསྒྲུབས། །ཆོས་དེ་ཉན་
པར་གང་འདོད་པ། །དེས་ནི་རིངས་པར་ལ་གོར་དུ། །ཆོས་ཉན་པ་ཡི་ཕྱིར་ཤོག་ཅིག །ཅེས་བྱ་བ་ལ་སོགས་པའི་སྒྲས་བསྐུལ་ཏེ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་གང་དག་ཡོད་པའི་བྱང་ཆུབ་སེམས་དཔའ་དང༌། བརྒྱ་བྱིན་དང༌། ཚངས་པ་དང༌། འཇིག་རྟེན་སྐྱོང་བ་ལ་
སོགས་པའི་ལྷའི་འཁོར་དཔག་ཏུ་མེད་པ་འདུས་ཏེ་ཐམས་ཅད་ཀྱང་ཆོས་ཀྱི་འཁོར་ལོ་བསྐོར་བར་མགྲིན་གཅིག་ཏུ་གསོལ་བ་འདེབས་སོ། །ས་བླའི་ལྷ་རྣམས་ཀྱིས་ཆོས་ཀྱི་ཁྱམས་དཔག་ཚད་བདུན་བརྒྱ་ཡོད་པ་སྤྲུལ་ཏོ། །ལྷ་རྣམས་ཀྱིས་གདུགས་དང་རྒྱལ་མཚན་དང༌། སེང་གེའི་ཁྲི་

བརྒྱད་ཁྲི་བཞི་སྟོང་བཤམས་ནས་སྟོན་པ་ལ་ཕུལ་ཏེ་འཁོར་ལོ་དམ་པ་བསྐོར་བར་བསྐུལ་ལོ། །སྔོན་གཞོན་ནུ་སྤྲིན་མར་མེ་མཛད་ཀྱིས་ལུང་བསྟན་པའི་ཚེ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བར་སྨོན་ལམ་བཏབ་པའི་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་མ་ཐག་ཆོས་ཀྱི་འཁོར་
ལོ་བསྐོར་བ་ཞེས་བྱ་བ་དེས། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པ་ཕུལ་ནས། ཕྱོགས་བཅུ་དག་ནས་སེམས་ཅན་དམ་པ་གང་དག་འདིར་ལྷགས་པ། །དེ་དག་ཐམས་ཅད་འཇུག་པས་བགྲང་བར་ནུས་པ་མ་ལགས་ཏེ། །བཏུད་ཅིང་ཐལ་མོ་སྦྱར་ནས་ཞབས་གཉིས་ལ་ནི་གཏུགས་ནས་
སུ། །ཆོས་ཀྱི་འཁོར་ལོ་བསྐོར་ཕྱིར་ཤཱཀྱའི་རིགས་ལ་དགྱེས་པར་བསྐུལ། །ཞེས་བྱ་བ་ལ་སོགས་པས་གསོལ་བ་བཏབ་བོ། །དེ་ནས་དེའི་ནུབ་མོ་ནམ་གྱི་ཆ་སྟོད་ལ་ཅང་མི་གསུང་བར་བཞུགས་སོ། །གུང་ཐུན་ལ་ཡང་དག་པར་འཆག་པར་འགྱུར་བའི་གཏམ་རྣམས་གསུངས་སོ། །ཆ་
སྨད་ལ་ལྔ་སྡེ་ལ་བཀའ་སྩལ་པ། དགེ་སློང་དག་མཐའ་གཉིས་པོ་འདི་དག་ནི་རབ་ཏུ་བྱུང་བས་འཇུག་པར་བྱ་བ་མ་ཡིན་ཏེ། འདོད་པ་བསོད་སྙོམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའོ། །དེ་བས་མཐའ་གཉིས་སྤངས་ནས་དབུ་མའི་ལམ་གྱི་དེ་བཞིན་གཤེགས་པ་ཆོས་སྟོན་ཏོ། །དེ་ནི་འདི་
ལྟ་སྟེ་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །དགེ་སློང་དག་བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་སྟེ་གང་ཞེ་ན། སྡུག་བསྔལ་དང༌། ཀུན་འབྱུང་དང༌། འགོག་པ་དང༌། ལམ་མོ་ཞེས་བྱ་བ་ལ་སོགས་པ་དང༌། ལན་དང་པོས་བདེན་པ་བཞིའི་ངོ་བོ་དང༌། ཡང་དགེ་སློང་དག་
སྡུག་བསྔལ་ཡོངས་སུ་ཤེས་པར་བྱའོ། །སྡུག་བསྔལ་ཀུན་འབྱུང་བ་སྤང་བར་བྱའོ། །སྡུག་བསྔལ་འགོག་པ་མངོན་དུ་བྱའོ། །སྡུག་བསྔལ་འགོག་པར་འགྱུར་བའི་ལམ་བསྟན་པར་བྱའོ་ཞེས་སོགས་ལན་གཉིས་པས་བདེན་པ་བཞིའི་བྱ་བ་དང༌། ཡང་དགེ་སློང་དག་སྡུག་བསྔལ་ཡོངས་སུ་ཤེས་སོ། །སྡུག་བསྔལ་ཀུན་འབྱུང་བ་སྤངས་སོ། །སྡུག་
བསྔལ་འགོག་པ་མངོན་དུ་བྱས་སོ། །སྡུག་བསྔལ་འགོག་པས་འགྲོ་བའི་ལམ་བསྟན་ནོ་ཞེས་ལན་གསུམ་པ་བདེན་པ་བཞི་ལ་མཐར་ཕྱིན་པར་བཟླས་པ་སྟེ། དེ་ལྟར་རྣམ་པ་བཅུ་གཉིས་ཀྱི་འཁོར་ལོ་བསྐོར་བས་བཟླས་པ་དང་པོ་ལ་ཀཽཎྜི་ནྱ་དང་ལྷ་མང་པོ་

ལ་མཐོང་ལམ་སྐྱེས། གཉིས་པ་ལ་ཀཽཎྜི་ནྱ་དགྲ་བཅོམ་པ་ཐོབ། གཞན་བཞི་ལ་མཐོང་ལམ་སྐྱེས། གསུམ་པ་ལ་བཞི་པོས་ཀྱང་དགྲ་བཅོམ་པ་ཐོབ་བོ། །དེ་བཞིན་དུ་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་དང༌། ཐ་མ་ལེགས་པར་
རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་རྣམས་བསྐོར་བར་མཛད་དོ། །དེ་དག་གི་བར་སྐབས་དང་གཞན་དུ་ཡང་རུང་སྟེ་ལྷ་དང་བཅས་པའི་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པའི་ཚུལ་འདུལ་བའི་སྡེ་སྣོད་ལ་སོགས་པ་ནས་འབྱུང་བའི་དོན་ཅུང་ཟད་བརྗོད་ན། བཅོམ་ལྡན་འདས་འཁོར་ལྔ་སྡེ་དང་
བཅས་པ་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་འཆག་ཀྱིན་བཞུགས་པ་ན། ཝཱ་རཱ་ཎ་སཱིའི་ཁྱིམ་བདག་རིགས་ཀྱི་གཙོ་བོའི་བུ་གྲགས་པ་ཞེས་བྱ་བ་བྲོས་ཏེ་འོངས་པ་དང༌། དེ་བཙལ་བའི་ཕྱིར་རིགས་ཀྱི་གཙོ་བོ་ཉིད་བྱུང་བ་གཉིས་ཀ་ལ་ཆོས་བསྟན་པས་མཐོང་བའི་ལམ་རྟོགས་པར་མཛད་དོ། །གཞན་ཡང་
རིགས་ཀྱི་གཙོ་བོའི་བུ་གང་པོ་དང་དྲི་མེད་དང་བ་ལང་བདག་དང་ལག་བཟང་སྟེ་བཞི་པོ་དག་ཀྱང་རབ་ཏུ་བྱུང་ནས་དགྲ་བཅོམ་པའི་འབྲས་བུ་ལ་གནས་པར་མཛད་དོ། །དེའི་འོག་ཏུ་ཝཱ་རཱ་ཎ་སཱིའི་གྲོང་མིའི་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུས་རབ་ཏུ་བྱུང་བས་དགྲ་བཅོམ་པ་ཐོབ་པར་གྱུར་ཏེ། དུས་དེར་འཇིག་རྟེན་
ན་དགྲ་བཅོམ་པ་དྲུག་ཅུར་ལངས་པ་བྱུང་ངོ༌། །དེ་ནས་ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་དུ་བྱོན་ནས་རྗེས་སུ་གདམས་པ་བསྟན་པས་བཟང་སྡེ་ཚོགས་དྲུག་ཅུ་དང༌། བྲམ་ཟེ་ལྷ་ཆུང་མ་དང་བཅས་པ་རྣམས་ཀྱང་བདེན་པ་མཐོང་བ་དང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང༌། ལྟེང་རྒྱས་འོད་སྲུངས་རལ་པ་ཅན་ཞེས་པ་ལོ་
བརྒྱ་དང་ཉི་ཤུ་ལོན་པ་འཁོར་ལྔ་བརྒྱ་དང་བཅས་པ་དད་པར་གྱུར་ཏེ་ཚུར་ཤོག་གིས་བསྙེན་པར་རྫོགས་སོ། །དེའི་སྤུན་ཟླ་ཆུ་ཀླུང་འོད་སྲུངས་དང་ག་ཡ་འོད་སྲུངས་གཉིས་ཀྱང་རང་རང་གི་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པའང་བསྙེན་པར་རྫོགས་པར་མཛད་དོ། །དེ་ལྟར་དགེ་སློང་སྟོང་ཕྲག་གཅིག་དང་
ཐབས་ཅིག་ཏུ་ག་ཡའི་མགོར་བྱོན་ཏེ། དགེ་སློང་དེ་དག་ལ་རྫུ་འཕྲུལ་གྱི་ཆོ་འཕྲུལ་དང༌། ཀུན་བརྗོད་པའི་ཆོ་འཕྲུལ་དང༌། རྗེས་སུ་བསྟན་པའི་ཆོ་འཕྲུལ་ཏེ་ཆོ་འཕྲུལ་རྣམ་པ་གསུམ་གྱིས་རྗེས་སུ་གདམས་པས་ཐམས་ཅད་ཀྱང་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །དེ་ནས་མ་ག་དྷཱའི་རྒྱལ་པོ་གཟུགས་

ཅན་སྙིང་པོས་དེ་བཞིན་གཤེགས་པ་སྤྱན་འདྲེན་པར་གསོལ་བ་ལྟར་དགྲ་བཅོམ་པ་སྟོང་ཕྲག་གཅིག་དང་བཅས་པ་ལྟང་བྲང་གི་ཚལ་མཆོད་རྟེན་ལེགས་པར་རབ་གནས་ཡོད་པ་ག་ལ་བ་དེར་བྱོན་ཏེ། དེར་ཆོས་གསུངས་པས་རྒྱལ་པོ་འཁོར་དང་བཅས་པ་དང་ལྷ་བརྒྱད་ཁྲི་ཙམ་གྱིས་ཀྱང་
བདེན་པ་མཐོང་ངོ༌། །རྒྱལ་པོའི་ཁབ་ཀྱི་འོང་མའི་ཚལ་ཞེས་པ་བྱ་ཀ་ལནྡ་ཀ་གནས་པ་དེ་ཉིད་བཞུགས་པའི་གནས་སུ་ཕུལ་ཏེ། ཇི་སྲིད་འཚོ་བའི་བར་ལ་བསྙེན་བཀུར་བ་བགྱིད་པར་གསོལ་ལོ། །དེའི་ཚེ་མུ་སྟེགས་ཀྱི་སྟོན་པ་རྒྱལ་བ་ཅན་ཞེས་བྱ་བ་ཤི་ནས། དེའི་སློབ་མའི་གཙོ་བོར་གྱུར་པ་ཀུན་དུ་རྒྱུ་ཉེ་རྒྱལ་
དང་པང་ན་སྐྱེས་གཉིས་ལ་རྟ་ཐུལ་གྱིས་ཆོས་བཤད་པས་བདེན་པ་མཐོང་ནས། སླར་ཡང་དེ་གཉིས་རང་རང་གི་འཁོར་བརྒྱ་ལྔ་བཅུ་རེ་དང་བཅས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་ན་རྫུ་འཕྲུལ་དང་ལྡན་པའི་མཆོག་དང༌། ཤེས་རབ་དང་ལྡན་པའི་མཆོག་ཟུང་དུ་འགྱུར་བར་ལུང་བསྟན་ཏེ་ཚུར་ཤོག་གིས་
བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསིལ་བའི་ཚལ་གྱི་དུར་ཁྲོད་དུ་སྟོན་པ་དང་མཇལ་ཏེ། དེ་ཉིད་དུ་རྗེས་སུ་བསྟན་པ་ཐོས་པས་བདེན་པ་མཐོང་ངོ༌། ཁྱིམ་བདག་དེས་ཀྱང་རྒྱལ་བྱེད་ཀྱི་ཚལ་དུ་བཅོམ་ལྡན་འདས་འཁོར་དང་བཅས་
པ་ཇི་སྲིད་འཚོ་བའི་བར་དུ་བསྙེན་བཀུར་བགྱིད་པར་ཁས་བླངས་སོ། །དེའི་ཚེ་རྒྱལ་བུ་རྒྱལ་བྱེད་དང༌། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཞེས་བྱ་བ་ལ་སོགས་པ་སྲོག་ཆགས་མང་པོ་ཡང་དད་པ་ལ་རབ་ཏུ་བཀོད་དོ། །དེ་སྐབས་ཤིག་ཏུ་རྒྱལ་པོ་ཟས་གཙང་གིས་སྟོན་པ་སྤྱན་འདྲེན་པའི་ཕྱིར་ཕོ་ཉ་རིམ་
པར་བཏང་བ་རྣམས་ཀྱང་རབ་ཏུ་བྱུང་ནས་ཕྱིར་འོང་བར་མ་གྱུར་པ་དང༌། སླར་ཡང་འཆར་ཀས་ཟས་གཙང་གིས་བསྐུར་བའི་འཕྲིན་ཡིག་ཐོགས་ཏེ་དོང་པ་ཡང་ཤཱ་རིའི་བུ་ལ་གཏད་དེ་རབ་ཏུ་བྱུང་ངོ༌། །དེ་ནས་དེ་ཉིད་ཕོ་ཉའི་ཚུལ་ཏུ་བཏང་བས། དེས་རྒྱལ་བྱེད་ཚལ་གྱི་བཀོད་པ་ཅི་འདྲ་བའི་གཟུགས་བརྙན་
རྣམས་རི་མོར་བྲིས་ཏེ་བསྟན་པས་དེ་ཉིད་ལ་དཔེར་བྱས་ཏེ། རྒྱལ་པོས་ནྱ་གྲོ་དྷའི་ཀུན་དགའ་རྭ་བའི་གཙུག་ལག་ཁང་དམ་པ་བརྩིག་གོ །དེར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འདབ་ཆགས་ཀྱི་རྒྱལ་པོ་བཞིན་དུ་ལྡིང་སྟེ་བྱོན་པས་རྒྱལ་པོ་ལ་སོགས་

པའི་འགྲོ་བ་དཔག་ཏུ་མེད་པ་དད་པར་གྱུར་པ་དང༌། རྫུ་འཕྲུལ་བརྟུལ་ཏེ་ཆོས་ཀྱི་བདུད་རྩི་ལེགས་པར་བསྟན་པས་ཟས་གཙང་དང་ལྷས་བྱིན་གཉིས་མ་གཏོགས་པའི་ཤཱཀྱ་བདུན་ཁྲི་བདུན་སྟོང་དང༌། བྲེ་བོ་ཟས་བདུན་ཁྲི་དྲུག་སྟོང་དང༌། བདུད་རྩི་ཟས་ལ་སོགས་པ་བདུན་ཁྲི་ལྔ་སྟོང་རྣམས་རྒྱུན་དུ་
ཞུགས་པའི་འབྲས་བུ་ལ་བཀོད་དེ། གཞན་མང་པོ་ཡང་དེ་བཞིན་གཤེགས་པའི་ཆོས་ལ་གཞོལ་བར་བྱས་སོ། །ཡབ་ལ་ཕན་གདགས་པའི་ཕྱིར་མཽང་གལ་གྱི་བུ་ལ་རྫུ་འཕྲུལ་རྣམ་པ་མང་པོ་བསྟན་དུ་བཅུག་སྟེ། བཅོམ་ལྡན་འདས་ཉིད་ནི་ནྱ་གྲོ་དྷའི་ཀུན་དགའ་རྭ་བ་ན་ལྷ་རྣམས་ཀྱི་ཁང་བཟང་གི་
བཀོད་པ་ཕུན་སུམ་ཚོགས་པ་མིའི་ལས་ཤིན་ཏུ་འདས་པ་བསྐྲུན་ཏེ་དེའི་ནང་དུ་ལྷའི་འཁོར་འབའ་ཞིག་ལ་ཆོས་སྟོན་ཅིང་བཞུགས་པའི་ཚེ། ཟས་གཙང་གིས་ནང་དུ་སོན་པར་མ་ནུས་པར་ཕྱི་རོལ་དུ་ལུས་པ་ལ། སྟོན་པས་ཁང་བཟང་དེ་ཉིད་རིན་པོ་ཆེ་ཤེལ་གྱི་རང་བཞིན་དུ་མངོན་པར་སྤྲུལ་ཏེ་དེའི་ནང་ན་སྐུ་མ་
བསྒྲིབས་པར་བཞུགས་པ་སྣང་བར་བྱས་ནས་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །དེས་ན་ཤཱཀྱ་ཕལ་ཆེ་བ་དག་གིས་བདེན་པ་མཐོང་བས་ཤཱཀྱ་བཟང་ལྡན་རྒྱལ་སྲིད་ལ་བཞག་པར་བགྲོས་ཏེ། ནྱ་གྲོ་དྷའི་ཀུན་དགའ་རྭ་བ་བཅོམ་ལྡན་འདས་ལ་ཕུལ་བས་དེའི་ཚེ་བཅོམ་ལྡན་
འདས་ཀྱིས་ཡོན་ཡོངས་སུ་བསྔོ་བ་མཛད་དོ། །ཟས་གཙང་གིས་སྟོན་པ་བཅོམ་ལྡན་འདས་འཁོར་གྱི་ཚོགས་མང་པོས་མཛེས་པར་བྱ་བའི་ཕྱིར་ཁྱིམ་རེ་རེ་ནས་ཀྱང་མི་རེ་རེ་རབ་ཏུ་འབྱུང་དགོས་པར་དྲིལ་གྱིས་བསྒྲགས་པས་དེ་བཞིན་དུ་བགྱི་བར་ཁས་བླངས་ཏེ། རྒྱལ་པོ་བཟང་ལྡན་ལ་སོགས་པ་
ཤཱཀྱ་ལྔ་བརྒྱ་ཤིང་རྟ་ལ་ཞུགས་ཏེ་འབྱོར་པ་ཆེན་པོས་ཕྱིར་བྱུང་བ་ན། ཟས་གཙང་གིས་ཤཱཀྱ་རྣམས་ཀྱི་ཐ་མའི་འབྱོར་པ་ལ་ལྟ་ཞིང༌། མཚན་མཁན་གྱིས་དེ་དག་གི་མཚན་ལ་བརྟག་པ་ན། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་དང༌། ཀོ་ཊ་མོ་ར་ཏ་ཏིཥྱ་དང༌། རྒྱ་མཚོས་བྱིན་རྣམས་ཕྱིར་བྱུང་བ་
ན་བོང་བུའི་སྐད་གྲག་པར་གྱུར་པ་དང༌། ལྷས་བྱིན་བྱུང་བ་ན་གཙུག་གི་ནོར་བུར་བྱ་ཁྲས་ཕྲོགས་པ་མཐོང་སྟེ། དེ་དག་གིས་སྟོན་པ་དང་སྟོན་པའི་འཁོར་ལ་ཚིག་ངན་སྨྲས་པས་དམྱལ་བར་གཞོལ་བར་འགྱུར་བ་དང༌། གཞན་རྣམས་ཀྱིས་ནི་སྟོན་པ་མཉེས་པར་བྱེད་པར་འགྱུར་རོ་ཞེས་བྱ་

བར་ལུང་བསྟན་ནོ། །དེ་ནས་དེ་དག་གིས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་རབ་ཏུ་བྱུང་བ་བླངས་པར་གྱུར་ཏོ། །དེ་དག་གི་ཚེ་འདྲེག་མཁན་དུ་གྱུར་པའི་ཉེ་བ་འཁོར་ནི་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་དོ། །དེར་རྒན་རིམ་གྱིས་འདུད་པར་བྱེད་པ་ན། བཟང་
ལྡན་གྱིས་ཉེ་བ་འཁོར་གྱི་རྐང་པ་ལ་བཏུད་པའི་ཚེ་དོགས་པ་སྐྱེས་ནས་ཅི་འདིའི་རྐང་པ་ལ་འདུད་པར་བྱེད་དམ་ཞུས་པས། བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་བ་ནི་ང་རྒྱལ་སྤང་བའི་ཕྱིར་ཡིན་པས་ཐུད་ཅིག་གསུངས་ནས་བཏུད་པས་དེའི་མོད་ལ་ས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །གཞན་ཡང་
གྲགས་འཛིན་མ་ལ་སོགས་པའི་བཙུན་མོ་དྲུག་ཁྲི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང༌། ཡངས་པ་ཅན་དུ་སྐྱེ་དགུའི་བདག་མོ་ལ་སོགས་པ་ཤཱཀྱ་མོ་ལྔ་བརྒྱ་རབ་ཏུ་བྱུང་བ་དང༌། ནྱ་གྲོ་དྷ་སྐྱེས་སྟོན་པར་ཁས་བླངས་ཀྱི་བསྙེན་པར་རྫོགས་པ་དང༌། དྲང་སྲོང་མེས་བྱིན་ཀ་ཏྱའི་བུར་
གྲགས་པ་འཁོར་ལྔ་བརྒྱ་དང་བཅས་དགྲ་བཅོམ་པ་ལ་བཀོད་པ་དང༌། སུམ་ཅུ་རྩ་གསུམ་དུ་དབྱར་གནས་མཛད་ཅིང་སླར་ཡང་བཻ་ཌཱུརྻའི་ཐེམ་སྐས་ལ་བརྟེན་ནས་ལྷ་ལས་བབ་པའི་མཛད་པ་བསྟན་པ་དང༌། མཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན་པ་ལ་སོགས་པ་མཐའ་ཡས་པ་མདོ་
སྡེ་རྣམས་ལས་རྒྱ་ཆེར་འབྱུང་བ་ལས་ཤེས་པར་བྱའོ། །མདོར་ན་བྱེ་བྲག་ཏུ་བཤད་པ་ལས། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀོ་ཤཱམྦཱིར། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང༌། །སེར་
སྐྱའི་གནས་ཀྱི་གྲོང་ཁྱེར་ཏེ། །འདི་རྣམས་སུ་ནི་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་མཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་
དགུ་ཁབ་གནས་སུ། །རྒྱལ་བ་དེ་ལྟར་བརྒྱད་ཅུ་ལ། །ཐུབ་མཆོག་དམ་པ་མྱ་ངན་འདས། །ཞེས་འབྱུང་བ་ལྟར་རོ། །བཅུ་གཉིས་པ་མྱ་ངན་ལས་འདས་པར་སྟོན་པའི་མཛད་པ་ལ། མྱ་ངན་ལས་འདའ་བའི་ལྟས་དང༌། ཇི་ལྟར་མྱ་ངན་ལས་འདས་པ་དང༌། སྐུ་གདུང་རྒྱས་པ་སྟེ་གསུམ་

ལས། དང་པོ་མྱ་ངན་ལས་འདའ་བའི་ལྟས་ནི། གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཅིང༌། །ཡོངས་སུ་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་ལྟར། སྤྱིར་བཅོམ་ལྡན་
འདས་ནི་བསྐལ་པ་དཔག་ཏུ་མེད་པར་བདུད་བཞི་ལས་རྣམ་པར་རྒྱལ་བའི་གོ་འཕང་ལ་གནས་པས་མྱ་ངན་ལས་འདའ་བ་མེད་ཀྱང༌། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་རྟག་པར་འཛིན་པ་བཟློག་པའི་ཕྱིར་དང༌། སྐལ་བ་དམན་པའི་གདུལ་བྱ་འགའ་ཞིག་ལ་སངས་རྒྱས་ཉེ་བར་མི་སྣང་བ་
ཙམ་ལ་མྱ་ངན་འདའ་བའི་ཐ་སྙད་དུ་གདགས་པའི་ཕྱིར། དེ་ལྟར་སྣང་བ་ཡིན་ཏེ། དེའང་འདི་ལྟར་འགྲོ་བ་རྒྱ་མཚོའི་དོན་མཛད་ཅིང་བཞུགས་པའི་སྐབས་ཤིག་ཏུ་སྟོན་པས་ཀུན་དགའ་བོ་ལ་བསྐུལ་མ་འདེབས་པ་དྲན་པའི་ཕྱིར་འདི་སྐད་གསུངས་ཏེ། གང་སུ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་
བརྟེན་ནས་སྒོམ་མང་དུ་བྱས་པ་དེ་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་གི་བར་དུ་ཡང་འདུག་གོ་ཞེས་བྱ་བ་ལ་སོགས་པ་ལན་གཉིས་ལན་གསུམ་གྱི་བར་དུ་བཟླས་ཀྱང་བདུད་ཀྱི་སྟོབས་ཀྱིས་བསྒྲིབས་པར་བྱས་ཏེ་ཅང་གསོལ་བའི་དྲན་པ་མ་ཤར་རོ། །དེའི་ཚེ་བདུད་སྡིག་ཅན་གྱིས་ལྷགས་
ནས་དབེན་པ་ཞིག་ཏུ་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པས་སྟོན་པས་ཀྱང་ཟླ་བ་གསུམ་ནས་དེས་ཇི་སྐད་གསོལ་བ་བཞིན་དུ་བགྱིད་པར་ཞལ་གྱིས་བཞེས་ནས་བཏང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱི་འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས། ཚེའི་འདུ་བྱེད་ནི་སྤངས་པའི་ཏིང་ངེ་འཛིན་
ལ་སྙོམས་པར་ཞུགས་སོ། །དུས་དེ་ཉིད་དུ་ས་འདི་རྣམ་པ་དྲུག་ཏུ་གཡོ་བ་ལ་སོགས་པའི་ལྟས་ཀྱི་རྣམ་པ་མང་པོ་བྱུང་སྟེ། གང་དག་བྱུང་བ་རྣམས་ཀྱང་ཀུན་དགའ་བོས་སྟོན་པ་ལ་ཞུས་པ་ན། དེ་བཞིན་གཤེགས་པ་སྐུ་ཚེའི་འདུ་བྱེད་སྤངས་པའི་ལྟས་སུ་བསྟན་ཏོ། །དེའི་དུས་སུ་ཀུན་དགའ་བོ་
ནི་སྟོན་པ་མྱ་ངན་ལས་མི་འདའ་བའི་གསོལ་བ་འདེབས་པ་ལ་ཞུགས་པར་གྱུར་ཀྱང་དེ་བཞིན་གཤེགས་པ་ནི་གཉིས་སུ་མི་གསུང་བ་ཡིན་པའི་ཕྱིར་གནང་བར་མ་གྱུར་ཏོ། །དེ་ནས་ཙ་བ་ལིའི་དགེ་སློང་རྣམས་ལ་དུས་ཐ་མའི་གདམས་ངག་རྣམས་ཀྱང་ཅི་རིགས་པ་བསྟན་ནས་མཐར་གྱིས་ལྗོངས་

རྒྱུ་ཞིང་ཡངས་པ་ཅན་དང༌། བྲྀ་ཛ་དང༌། ལོངས་སྤྱོད་ཀྱི་གྲོང་གི་བྱང་རོལ་ཤིང་ཤ་པའི་ཚལ་རྣམས་སུ་བྱོན་ཏེ་དེ་དག་གི་ལམ་དུ་ཡང་འགྲོ་བ་མང་པོའི་དོན་མཛད་པ་དང༌། ཁྱད་པར་དུ་ཀུན་དགའ་བོ་ལ། མདོ་སྡེ་ལ་འཇུགའདུལ་བ་ལ་སྣང༌། ཆོས་ཉིད་དང་མི་
འགལ་ན་ཆོས་སུ་གཟུང་ལ། དེ་ལྟ་མ་ཡིན་ན་མི་གཟུང་བར་གདམས་སོ། །དེ་ནས་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་པའི་ལམ་ནས་ཅུང་ཟད་བསྙུང་བའི་ཚུལ་བསྟན་ནས་ངལ་བསོ་བ་དང༌། ཀུན་དགའ་བོ་ལ་ཆུ་བོ་ཀ་ཀུ་སྟ་ལས་ཆུ་བྱིན་ཅིག་ཅེས་གསུངས་པ་ན་ཆུ་རྙོག་མ་ཅན་ལས་རྙེད་པར་མ་གྱུར་
ཀྱང་ཆུ་དེས་ཞལ་བཀྲུས་སོ། །དེ་ནས་ཀྱང་གྲོང་ཁྱེར་རྩྭ་ཅན་དུ་གྱད་ཀྱི་ཡུལ་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་དུ་བྱོན་ཏེ་དེར་མྱ་ངན་ལས་འདའ་བའི་དགོངས་པ་ཉེ་བར་ཞག་གོ །གཉིས་པ་ནི། གནས་དེ་ཉིད་དུ་དུས་ཐ་མའི་གདན་ཁྲི་འཕང་བྱང་གི་ཕྱོགས་སུ་བསྟན་པར་བཅས་ཏེ། དེ་ལ་གློ་གཡས་པ་
ཕབ་སྟེ་ཞབས་ཀྱི་སྟེང་དུ་ཞབས་བཞག་པའི་སྟབས་ཀྱིས་སྣང་བའི་འདུ་ཤེས་དང༌། དྲན་པ་དང་ཤེས་བཞིན་དང༌།མྱ་ངན་ལས་འདས་པའི་འདུ་ཤེས་པར་མཛད་དེ་གཟིམས་སོ། །དེའི་དུས་ན་རྩྭ་ཅན་གྱི་གྱད་རྣམས་འདུས་པ་ལ་ཆོས་བསྟན་ནས་ཀུན་དགའ་བོ་ལ་བསླབ་པའི་གཞི་འབོགས་
སུ་བཅུག་གོ །དེ་ལྟར་དུས་ཐ་མའི་ཁྲི་ལ་བཞུགས་བཞིན་དུ་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་སྐྱེ་བོ་དྲི་ཟའི་རྒྱལ་པོ་རབ་དགའ་སྟེ། དེ་འདུལ་བའི་དོན་དུ་དྲི་ཟའི་ཆ་བྱད་དུ་སྤྲུལ་ཏེ་ལག་པ་ན་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་ནས་རབ་དགའི་སྒོ་དྲུང་ན་ཕྱིན་ཏེ། དེ་དང་གླུ་དབྱངས་ལེན་པ་
དང་པི་ཝང་འཁྲོལ་བའི་ཁྱད་པར་ལ་འགྲན་པའི་ཚེ་སྟོན་པས་རྒྱུད་སྟོང་ཕྲག་ཡོད་པ་ནས་གཅིག་གི་བར་ལ་རིམ་གྱིས་བཅད་ཀྱང་སྒྲ་གདངས་སྙན་པ་ལ་ཁྱད་པར་མ་བྱུང་བ་དང༌། མཐར་རྒྱུད་གཅིག་པུ་དེ་ཡང་བཅད་པས་ནམ་མཁའ་ལས་སྒྲ་གདངས་སྔ་མ་བཞིན་དུ་འབྱུང་བར་བྱིན་གྱིས་བརླབས་པས་
དེ་ངོ་མཚར་དུ་སྐྱེས་ནས་ང་རྒྱལ་གྱི་རི་བོ་གཞིག་པར་མཛད་དོ། །དེ་ནས་དད་པར་གྱུར་པ་གཟིགས་ནས་སྐུ་དངོས་སུ་སྣང་བས་ཆོས་གསུངས་ནས་བདེན་པ་རྟོགས་པར་མཛད་དོ། །དེ་བཞིན་དུ་ཀུན་དུ་རྒྱུ་རབ་བཟང་ཞེས་པ་ལོ་བརྒྱ་དང་ཉི་ཤུ་ལོན་པ་དེས་ཨུ་དུམྦཱ་རའི་མེ་ཏོག་གི་ཚལ་རྙིངས་པར་

གྱུར་པ་མཐོང་སྟེ། དེ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བའི་ལྟས་སུ་ཤེས་ནས། བདག་གི་ཐེ་ཚོམ་འགའ་ཞིག་སེལ་བར་འགྱུར་གྲང་སྙམ་སྟེ་བྱུང་བ་ལ་དགའ་བའི་གཏམ་མང་པོ་མཛད་པའི་མཐར།དེ་བཞིན་གཤེགས་པས་ཆོས་བསྟན་པས་བདེན་པ་མཐོང་བར་གྱུར་པ་དང༌།
ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པར་མཛད་དོ། །དེས་ཀྱང་སྟོན་པ་མྱ་ངན་ལས་འདའ་བ་མཐོང་བ་ལ་སྤྲོ་བར་མ་གྱུར་ཏེ་གནས་ལྔར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས་སོ། །དེ་ནས་སྟོན་པས་འཁོར་རྣམ་བཞི་ལ་མདོ་འདོན་པ་ལ་སོགས་པའི་བསླབ་གཞི་ཕྲན་ཚེགས་
ཀྱི་རིགས་འགའ་ཞིག་གདམས་པ་དང༌། དཀོན་མཆོག་གསུམ་དང་བདེན་པ་བཞི་ལ་ཐེ་ཚོམ་མེད་པའི་ངེས་པ་མཛད་དོ། །དེ་ནས་སྐུའི་སྟོད་གཡོགས་བསལ་ཏེ། དགེ་སློང་དག་དེ་བཞིན་གཤེགས་པའི་སྐུ་ལ་ལྟོས་ཤིག དེ་བཞིན་གཤེགས་པ་བལྟ་བ་ནི་རྙེད་པར་དཀའ་སྟེ་མེ་ཏོག་ཨུ་
དུམ་ཝཱ་ར་བཞིན་ནོ། །དགེ་སློང་དག་ཅང་མ་སྨྲ་ཞིག་དང༌། འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ་ཞེས་པ་གསུང་གི་ཐ་མ་ཉིད་དུ་སྩལ་ཏོ། །དེ་ནས་བསམ་གཏན་བཞི་དང་གཟུགས་མེད་བཞི་དང་འགོག་སྙོམས་ལུགས་འབྱུང་ལུགས་བཟློག་ལ་མཉམ་པར་ཞུགས་ནས།
སླར་ཡང་བསམ་གཏན་བཞི་ལ་ཞུགས་ཏེ་རབ་མཐའ་ལ་མྱ་ངན་ལས་འདས་སོ། །དེ་མ་ཐག་ཏུ་ས་གཡོ་བ་ལ་སོགས་པའི་ལྟས་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དག་ནི་ཤིན་ཏུ་འཁྲུགས་པར་གྱུར་ཏོ། །གསུམ་པ་ནི། དེ་ནས་ཀུན་དགའ་བོས་ཞག་བདུན་གྱི་བར་དུ་སྐུ་
གདུང་ཞུགས་ལ་བཞེན་པའི་ཉེར་བསྡོགས་རྣམས་བཤམས་ཏེ། བདུན་པ་ལ་གྱད་ཀྱི་ཆུང་མ་དང་བུ་མོ་རྣམས་ཀྱིས་བླ་རེ་བྲེས་པ་དང༌། གྱད་གཞོན་ནུ་རྣམས་ཀྱིས་ནི་ཁྱོགས་བཏེག་པ་དང༌། ལྷ་བྱེ་བ་ཕྲག་ཁྲིག་དུ་མ་རྣམས་ཀྱིས་ནི་དྲི་དང༌། ཕྲེང་བ་དང༌། མེ་ཏོག་དང༌།བདུག་པ་དང༌། སིལ་
སྙན་རྣམ་པ་སྣ་ཚོགས་ཀྱིས་བཀུར་སྟི་དང་བཅས་ཏེ། རྩྭ་ཅན་གྱི་ནུབ་སྒོ་ནས་དབུས་སུ་ཞུགས་ཤིང་ཤར་སྒོ་ནས་འཐོན་ཏེ་ཆུ་བོ་དབྱིག་ལྡན་བརྒལ་བའི་ཕ་རོལ། གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་ག་ལ་བར་བཞུགས་སུ་གསོལ་ལོ། །དེ་ནས་གྱད་གཞོན་ནུ་རྣམས་ཀྱིས་སྐུ་

གདུང་ཤིང་བལ་གྱི་འདའ་བ་དང༌། རས་ཟུང་ལྔ་བརྒྱས་གཡོགས་ཏེ་ལྕགས་ཀྱི་སྒྲོམ་བུར་བཅུག་ནས་འབྲུ་མར་གྱིས་བཀང་བ་ཁ་བཀབ་སྟེ། དྲི་ཞིམ་པོའི་ཤིང་སྤུངས་པ་དང་ལྷན་ཅིག་ཏུ་ཞུགས་ལ་བཞེན་པར་བརྩམས་ཀྱང་མེ་འབར་བར་མ་གྱུར་ཏོ། །ཇི་ཙམ་ཞིག་ཏུ་
རྒྱལ་པོའི་ཁབ་ནས་གནས་བརྟན་འོད་སྲུངས་ཆེན་པོ་འཁོར་ལྔ་བརྒྱ་དང་བཅས་ཏེ་བྱོན་པས་ལྷགས་ནས་སྒྲོམ་གྱི་ཁ་ཕྱེ་ཞིང་ཤིང་དང་རས་བལ་རྣམས་ལེགས་པར་བསལ་ནས་སྐུ་མ་ཉམས་པ་ལ་ཕྱག་བྱས་ཏེ། དེ་ནས་ཞུགས་འབུལ་བར་བྱེད་པའི་ཉན་ཐོས་ཆེན་པོ་རྣམས་ནི་འདི་ལྟ་སྟེ། ཀུན་ཤེས་
ཀཽཎྜི་ནྱ་དང༌། སྐུལ་བྱེད་དང༌། སྟོབས་བཅུ་འོད་སྲུངས་དང༌། འོད་སྲུངས་ཆེན་པོ་སྟེ་བཞིས་ཤིང་བལ་གྱི་འདའ་བ་གཞན་ཡང་བསབས་ཏེ་གཡོགས་པ་ལ་སོགས་པ་སྔ་མ་ཇི་ལྟ་བ་བཞིན་དུ་བྱས་ནས་བཞག་པས་མེ་རང་འབར་དུ་བྱུང་སྟེ་ཚིག་པར་གྱུར་ཏོ། །དེ་ནས་མེ་དེ་འོ་མའི་ཆབ་ཀྱིས་བསད་
པ་ལས། མེ་ཏོག་གསེར་ཅན་དང༌། སེར་སྐྱ་དང༌། རྟ་དོན་དང༌། ཨུ་དུམྦཱ་ར་བཞི་སྐྱེས་སོ། །དེ་ནས་སྒྲོམ་བུ་ཁ་ཕྱེ་ནས་བལྟས་པའི་ཚེ་གདུང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་གྱི་ཕུང་པོར་གྱུར་པ་དང༌། རས་ཟུང་ཐམས་ཅད་ཀྱིའང་ཕྱི་མ་ཤོས་དང་ནང་མ་ཤོས་གཉིས་པོ་མ་ཚིག་པར་གནས་པ་དང་བཅས་པ་གྱད་རྣམས་
ཀྱིས་གྲོང་ཁྱེར་གྱི་དབུས་སུ་སྤྱན་དྲངས་ནས་བཞུགས་སུ་གསོལ་ལོ། །དེའི་ཚེ་ཕྱོགས་ཀྱི་རྒྱལ་པོ་ལ་སོགས་པས་སོ་སོའི་གནས་སུ་སྐུ་གདུང་གི་མཆོད་རྟེན་བརྩིགས་པའི་ཕྱིར་དང་དུས་སྟོན་བྱ་བའི་ཕྱིར་རིང་བསྲེལ་གྱི་སྐལ་བ་ལེན་དུ་བྱུང་བ་རྣམས་ལ་ཆ་བརྒྱད་དུ་བགོས་ཏེ་སོ་སོར་
བྱིན་ནོ། །དེ་ལྟར་ཡང་ལུང་ལས། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་ཛམྦུའི་གླིང་པའི་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གང་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་
གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་རྒྱལ་སྐྱ་སྣར་བུར་གནས་པས། །མཆོད་རྟེན་བདུན་པོ་རྒྱ་

ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ཡིས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀྲུ་དབང་མི་ཡི་དབང་པོ་དང༌། །མི་དང་ཀླུ་དང་གནོད་སྦྱིན་བདག་པོ་ཡིས། །རབ་ཏུ་བཀུར་ནས་བཀུར་སྟེ་མཆོད་པ་
བྱས། །ཞེས་སོ།། །།གཉིས་པ་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་ལ། མཚན་ཉིད་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བ་དང༌། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ཇི་ལྟར་བསྐོར་བའོ། །དང་པོ་ལ་རིམ་ཅན་དུ་འདོད་པ་བརྗོད་པ་དང༌། ཅིག་ཅར་དུ་འདོད་པ་བརྗོད་པའོ། །དང་
པོ་ནི་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་ཅན་དུ་བསྐོར་བ་ཡིན་ཏེ། འདི་ལྟར་ཡུལ་ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་སོགས་པའི་གདུལ་བྱ་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་རྣམས་དྲང་བའི་དོན་དུ་དང་པོ་བདེན་པ་རྣམ་པ་བཞིའི་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བཟླས་པའི་ཚུལ་དུ་བསྐོར་རོ། །དེའང་
ཇི་ལྟར་ན་དགེ་སློང་དག་ཁུར་ཡང་ཡོད། ཁུར་ཁྱེར་བ་པོ་ཡང་ཡོད་ཅེས་གཟུང་བ་དང་འཛིན་པ་ཡོད་པར་གསུངས་ཏེ། དེ་ལྟ་མ་ཡིན་ན་ནི་སྐྲག་པར་འགྱུར་བའི་ཕྱིར་དེ་ལྟར་དུ་བསྟན་ནོ། །དེས་ནི་མེད་པར་འཛིན་པ་ལས་བཟློག་པར་བྱས་པས། ཡོད་པར་འཛིན་པ་ཤས་ཆེ་བར་གྱུར་ཏོ། །དེ་
ནས་གནས་བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པ་ན་གདུལ་བྱ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱི་དོན་དུ། བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེའང་ཇི་ལྟར་ན་གཟུགས་ནས་བརྩམས་ཏེ་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པའི་
སྟོང་པ་ཉིད་དུ་སྟོན་པར་བྱེད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམས་བསྟན་ཏོ། །དེས་ནི་ཡོད་པར་འཛིན་པ་ལས་བཟློག་པར་བྱས་པས་ཆོས་ཐམས་ཅད་མེད་པར་འཛིན་པ་ཤས་ཆེ་བར་གྱུར་ཏོ། །དེ་ནས་ཡུལ་མཉན་དུ་ཡོད་པ་ལ་སོགས་པ་ན་གདུལ་བྱ་ཐེག་པ་ཐམས་ཅད་ལ་ཡང་དག་པར་
ཞུགས་པ་རྣམས་ཀྱི་དོན་དུ། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ། །དེ་ནི་ཇི་ལྟར་ཞེ་ན། ཆོས་ཀྱི་འཁོར་ལོ་སྔ་མ་དེ་གཉིས་ནི་ཡོད་པར་འཛིན་པ་དང་མེད་པར་འཛིན་པ་ཤས་ཆེ་བས་དྲང་བའི་དོན་རྩོད་པ་ཅན་ཡིན་ལ། ཐ་མ་འདིས་ནི་ཀ