Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 32 / 33 (50.000 ký tự/trang)
བསྟན་པར་བྱ་བ་དང༌། ཏིང་ངེ་འཛིན་དང༌། གཟུངས་དང༌། བཟོད་པ་

ཐོབ་པར་བྱ་བ་དང༌། སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་བྱ་བ་དང༌། རྡོ་རྗེའི་གདན་ལ་འདུག་པར་བྱ་བ་དང༌། བདུད་བཞི་གཞོམ་པར་བྱ་བ་དང༌། བྱང་ཆུབ་ཀྱི་ཕྱོགས་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་
བྱ་བ་དང༌། འཕགས་པའི་ནོར་བདུན་དང་བྲལ་བའི་སེམས་ཅན་རྣམས་བྱང་ཆུབ་ཀྱི་ཕྱོགས་དང་ལྡན་པར་བྱ་བ་དང༌། འཁོར་མང་པོར་བྱ་བ་དང༌། མི་འཇིགས་པའི་གྲོང་ཁྱེར་གྱི་གནས་སུ་འཇུག་པར་བྱ་བའི་ཕྱིར་ངས་ཆོས་ཀྱི་རྣམ་གྲངས་འདི་བཤད་པའི་ཕྱིར་རོ་ཞེས་དང༌། དེ་བཞིན་
དུ། ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོའི་མདོ་ལས་ཀྱང༌། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གི་མིང་ཙམ་ལ་རྟོག་པ་གང་ལགས་པ་དེ་ཡང་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་ན། གང་དག་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་དང༌།
འཆང་བ་དང༌། ཀློག་པ་དང༌། ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་སྩོལ་བ་དང༌། གོས་དང་རྒྱན་གྱི་མཆོད་པ་ཆེན་པོ་དག་གིས་མཆོད་པར་བགྱིད་པ་དང༌། རྒྱན་གྱིས་བརྒྱན་ནས་ཡི་གེར་འདྲི་བ་དང༌། ཡི་གེར་འདྲིར་སྩོལ་བ་ལྟ་སྨོས་ཀྱང་ཅི་འཚལ་ལགས་ཞེས་དང༌། སུ་
ཞིག་གིས་སངས་རྒྱས་ཀྱི་ཞིང་རབ་འབྱམས་མ་ལུས་པ་རིན་པོ་ཆེའི་མཆོད་རྟེན་གྱིས་ཡོངས་སུ་བཀང་སྟེ། བསྐལ་པ་ལས་ལྷག་པའི་ཡུན་དུ་འགྲོ་བ་མ་ལུས་པས་རང་གི་གྲོགས་སུ་བཀུག་སྟེ་མཆོད་པ་ཕུལ་བ་བས་ཀྱང་དེ་བཞིན་གཤེགས་པ་ཀུན་གྱི་འབྱུང་གནས་སུ་གྱུར་པ་དམ་པའི་ཆོས་
ཀྱི་རྣམ་གྲངས་གཅིག་ཅིག་གླེགས་བམ་དུ་བྲིས་ནས་བསྟི་སྟང་དུ་བྱས་པ་ན་དེས་བསོད་ནམས་ཀྱི་ཕུང་པོ་ཆེས་མང་དུ་འཕེལ་བ་ནི། སྡུད་པ་ཚིགས་སུ་བཅད་པ་ལས། ལ་ལས་བདེ་གཤེགས་ཡོངས་སུ་མྱ་ངན་འདས་པ་ཡི། །མཆོད་རྟེན་རིན་ཆེན་བདུན་ལས་བྱས་
ཤིང་མཆོད་བྱེད་ལ། །བདེ་བར་གཤེགས་པའི་མཆོད་རྟེན་དེ་དག་གངྒཱ་ཡི། །བྱེ་མ་སྙེད་ཀྱི་བྱེ་བ་ཕྲག་སྟོང་ཞིང་བཀང་སྟེ། །ཡོངས་སུ་བརྟག་བཟུང་ཞིང་རྣམས་བྱེ་བ་མཐའ་ཡས་ན། །སེམས་ཅན་ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་ཀྱིས། །ལས་གཞན་མི་བྱེད་ལྷ་ཡི་

མེ་ཏོག་སྤོས་རབ་དང༌། །བྱུག་པས་དུས་གསུམ་བསྐལ་པའམ་དེ་བས་ལྷག་མཆོད་ལ། །གང་ཞིག་གང་ལས་རྣམ་འདྲེན་སྟོབས་བཅུ་འབྱུང་འགྱུར་བ། །བདེ་བར་གཤེགས་ཀྱི་ཡུམ་འདི་གླེགས་བམ་ལ་བྲིས་ཏེ། །འཆང་ཞིང་མེ་ཏོག་བྱུག་པས་བསྟི་སྟང་བྱེད་གྱུར་ན། །མཆོད་
རྟེན་བྱས་མཆོད་བསོད་ནམས་དེས་ནི་ཆར་མི་ཕོད། །ཅེས་དང༌། དེ་བཞིན་དུ་འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་ཀྱང༌། གང་ཡང་ཛམྦུའི་གླིང་འདིར་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་མཆོད་རྟེན་རིན་པོ་ཆེ་སྣ་བདུན་
ལས་བྱས་པས་གང་བར་བྱས་ཏེ། ལྷའི་ཕྲེང་བ་དང༌། བྱུག་པ་དང༌། མེ་ཏོག་དང༌། མར་མེ་དང༌། རིན་པོ་ཆེའི་གདུགས་དང༌། སིལ་སྙན་དང༌། རྒྱལ་མཚན་དང༌། བ་དན་རྣམས་ཀྱིས་ལོ་འབུམ་དུ་བཀུར་སྟི་བྱས་ཏེ་རྗེད་ཅིང་མཆོད་པ་བས། གང་ཆོས་ཀྱི་
རྣམ་གྲངས་འདི་འཆང་བ་དང༌། ཀློག་པ་དང༌། མཆོད་པ་དང༌། འདྲི་བ་དང༌། འདྲིར་འཇུག་པ་དང༌། གཞན་དག་ལ་ཡང་དག་པར་རབ་ཏུ་བསྟན་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ། །རིགས་ཀྱི་བུ་གང་ལ་ལ་ཞིག་གིས་ཛམྦུའི་གླིང་གི་སེམས་ཅན་དེ་དག་
འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་འཇོག་ཅིང༌། བཞག་ནས་ཀྱང་ལྷའི་ལོ་སྟོང་དུ་ཡོ་བྱད་ཐམས་ཅད་ཀྱིས་མི་བྲེལ་བར་རྗེད་ཅིང་མཆོད་པ་བས། གང་གིས་ཆོས་ཀྱི་རྣམ་གྲངས་འདི་ལས་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཙམ་ཡང་ཉན་པ་དང༌། འཆང་བ་
དང༌། འདྲི་བ་དང༌། འདྲིར་བཅུག་པ་དང༌། གཞན་ལ་རྒྱས་པར་བྱེད་ན་དེ་བས་འདི་ཆེས་བསོད་ནམས་མང་དུ་འཕེལ་ལོ་ཞེས་གསུངས་ཤིང༌། ཁྱད་པར་སུ་ཞིག་གིས་འཇིག་རྟེན་གྱི་ཁམས་ན་གང་དག་འཁོད་པའི་སེམས་ཅན་མ་ལུས་པ་ཉན་ཐོས་ཀྱི་དགྲ་བཅོམ་པའི་བྱང་ཆུབ་ཏུ་བཀོད་
པ་ལས་ཀྱང་ཐེག་པ་ཆེན་པོ་ལ་ཞུགས་པའི་སེམས་ཅན་མཆོག་ལ་དེ་བཞིན་གཤེགས་པ་ཀུན་གྱི་ཡུམ་དུ་གྱུར་པའི་དམ་པའི་ཆོས་ཀྱི་གླེགས་བམ་བྱིན་པའི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་ཏེ། མདོ་སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་

དགྲ་བཅོམ་ཉིད་བཏུལ་བས། །གང་གིས་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་གླེགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེས་ན་དམ་པའི་ཆོས་ཀྱི་རྣམ་གྲངས་རེ་རེ་ཡང་ཡི་གེར་འདྲི་བ་
དང༌། འཛིན་པ་དང༌། འཆང་བ་དང༌། ཉན་པ་དང༌། ཀློག་པ་ལ་སོགས་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དེ་ལྟར་གསུངས་ན་དེ་བཞིན་གཤེགས་པའི་ལུང་རབ་འབྱམས་ཀྱི་ཚིག་དང་དོན་མ་ལུས་པ་གཏན་ལ་འབེབས་པ་དང༌། ཤིན་ཏུ་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་ཉི་མ་ཆེན་པོ། བཀའ་
ལུང་རྒྱ་ཆེན་པོ་རྣམས་ཉེ་བར་སྡུད་པའི་སྒོ་ནས་གསལ་བར་བྱེད་པ་དང༌། ཟབ་ཅིང་བརླིང་བ་རྣམས་ནི་རྣམ་པར་འགྲེལ་པའི་སྒོ་ནས་གསལ་བར་བྱེད་པ་དང༌། འཁྲུགས་པ་རྣམས་གོ་རིམས་སུ་སྡེབས་པའི་སྒོ་ནས་གསལ་བར་བྱེད་པའི་བསྟན་བཅོས་ཀྱི་ཚོགས་ཐམས་ཅད་ཀྱི་གླེགས་བམ་འདི་དག
ནམ་ཡང་འཛད་པ་མེད་པའི་ཆོས་སྦྱིན་གྱི་རྒྱུན་ཆེན་པོའི་འབྱུང་གནས་སུ་གྱུར་པའི་ལེགས་བྱས་འདི་དག་བསྒྲུབས་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱའི་ཆ་དང་སྟོང་གི་ཆར་ཡང་བསྐལ་པ་བྱེ་བ་བརྒྱ་སྟོང་ཕྲག་དུ་མའི་བར་དུ་བརྗོད་ཀྱང་མཐར་ཕྱིན་པ་མེད་པའི་རང་བཞིན་དུ་འགྱུར་བ་ནི་ལྟ་ཡང་ཅི་
ཞིག་སྨོས། དེའི་རྒྱུ་མཚན་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། ཅི་ཕྱིར་ཞེ་ན་སྨྲ་མཆོག་དེ་དག་འདིར་བསླབས་ནས། །ཆོས་རྣམས་ཐམས་ཅད་སྟོང་པ་ཉིད་དུ་འདིར་སྟོན་བྱེད། །དེ་ཐོས་ཉན་ཐོས་མྱུར་དུ་རྣམ་པར་གྲོལ་ལ་རེག །ང་རྒྱལ་བྱང་ཆུབ་དང་ནི་སངས་རྒྱས་བྱང་
ཆུབ་རེག །ཅེས་འབྱུང་བ་ལྟར། གང་དག་འདས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་བྱོན་པ་དང༌། ད་ལྟར་བའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་འཚོ་ཞིང་གཞེས་པ་དང༌། མ་འོངས་པའི་དུས་ཀྱི་སངས་རྒྱས་བཅོམ་ལྡན་འདས་གང་ཇི་སྙེད་ཅིག་འབྱོན་
པ་ཐམས་ཅད་ཀྱང༌། རྣམ་པ་ཐམས་ཅད་མཁྱེན་པའི་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་སུ་གྱུར་པའི་ཤེས་པར་བྱ་བ་རིག་པའི་གཞུང་ལུགས་རྣམ་པ་ལྔ་པོ་འདི་དག་ལ་ཡོངས་སུ་བསླབས་པ་དང༌། བསླབ་པར་མི་འགྱུར་བ་ནི་འགའ་ཡང་མེད་དོ། །ཇི་ལྟར་བསླབ་པར་བགྱི་བའི་གནས་དེ་དག་

ལ་ལེགས་པར་བསླབས་ཤིང༌། བསླབས་ནས་ཀྱང་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་དབང་འབྱོར་པ་དམ་པའི་ཕ་རོལ་ཏུ་སོན་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། འཚང་རྒྱ་བར་བགྱིད་པ་དང༌། འཚང་རྒྱ་བར་བགྱི་བ་ཐམས་
ཅད་ཀྱང་ཚུལ་འདི་དག་ལ་བརྟེན་ནས་འབྱུང་དགོས་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཇི་ལྟར་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་མཛད་པ་དེའི་ཆེ་བའི་ཡོན་ཏན་གྱི་ཁྱད་པར་ནི་ཅི་ལྟ་བུ་ཞེ་ན། དེའི་ཡོན་ཏན་གྱི་ཁྱད་པར་ནི། དེ་བཞིན་གཤེགས་པའི་ཡེ་ཤེས་ཁོ་ན་ལས། གཞན་བློ་ལྡན་རྒྱལ་བའི་
སྲས་ཆེན་རྣམས་ཀྱི་ཀྱང་བརྗོད་པའི་ཡུལ་ལས་ཡོངས་སུ་འདས་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པ་ཀུན་ཏུ་ལྟ་ག་ལ་ཞིག །འོན་ཀྱང་དྲི་མ་མེད་པའི་ལུང་དོན་བཞིན་དུ་གསང་བ་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་མཚོན་ཙམ་ཞིག་སྨོས་ན། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ། གསུང་མི་ཟད་པ་
རྒྱན་གྱི་འཁོར་ལོ། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའོ། །དེའི་དང་པོ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་གཉིས་ལས། སྐུའི་གསང་བ་བསམ་གྱིས་མི་ཁྱབ་པ་ནི་སངས་རྒྱས་ཀྱི་སྐུའི་ཚད་གཞན་སུས་ཀྱང་བཟུང་བར་མི་ནུས་པ་སྟེ། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་
ནས་རིང་པོར་མ་ལོན་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་ནས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་བཞུགས་པའི་དུས་ཤིག་ཏུ། ཤར་ཕྱོགས་ལོགས་ཀྱི་དེ་བཞིན་གཤེགས་པ་ཙམ་པ་ཀའི་མདོག་གི་སངས་རྒྱས་ཀྱི་ཞིང་ཁམས་དགྲ་འདུལ་ནས་འོངས་པའི་བྱང་ཆུབ་
སེམས་དཔའ་ཤུགས་འཆང་གིས་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་བལྟར་མི་མཐོང་བ་དང༌། སྐུ་ཚད་མེད་ཅིང་མཐའ་ཡས་པའི་ཚད་དང་མཐའ་ཡོངས་སུ་བཙལ་བར་འདོད་ནས་བྱང་ཆུབ་སེམས་དཔའ་ཤུགས་འཆང་རང་གི་ལུས་དཔག་ཚད་བརྒྱད་ཁྲི་བཞི་སྟོང་དུ་བྱིན་གྱིས་བརླབས་
ཏེ་བལྟས་པས། དེ་བཞིན་གཤེགས་པའི་སྐུ་དཔག་ཚད་འབུམ་ཕྲག་དྲུག་ཅུ་རྩ་བརྒྱད་པར་མཐོང་ནས་དེས་འདི་སྙམ་དུ་སེམས་ཏེ། བདག་ནི་མངོན་པར་ཤེས་པ་ཐོབ་པ་རྫུ་འཕྲུལ་གྱི་རྐང་པས་རྣམ་པར་རྩེ་བ་ཡིན་གྱིས། བདག་གིས་དེ་བས་ཀྱང་རྫུ་འཕྲུལ་གྱི་སྟོབས་རྒྱ་ཆེར་སྐྱེད་དེ།

དེ་བཞིན་གཤེགས་པའི་སྐུའི་ཚད་བཙལ་བར་བྱའོ་སྙམ་ནས། དེ་སངས་རྒྱས་ཀྱི་མཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་བསྐྱེད་པས། སྟེང་ཕྱོགས་ཀྱི་ལོགས་སུ་སངས་རྒྱས་ཀྱི་ཞིང་གངྒཱ་བྱེ་བ་ཕྲག་བརྒྱའི་བྱེ་མ་སྙེད་བརྒལ་ཏེ་འཇིག་རྟེན་གྱི་ཁམས་པདྨོ་ཅན་
ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོའི་དཔལ་གྱི་སྙིང་པོའི་རྒྱལ་པོ་བཞུགས་པའི་གནས་སུ་ཕྱིན་ཏེ་བལྟས་ཀྱང་དབུའི་གཙུག་ཏོར་གྱི་མཐའ་མ་མཐོང་ནས། སླར་སངས་རྒྱས་ཀྱི་མཐུ་དང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཤཱཀྱ་ཐུབ་པའི་སྤྱན་སྔར་ཕྱིན་ཏེ་ལན་བདུན་དུ་བསྐོར་བ་
བྱས་ཏེ་ཆེད་དུ་བརྗོད་པ་དཀོན་མཆོག་བརྩེགས་པའི་མདོ་ལས་བཤད་པ་ལྟ་བུའོ། །སྐུ་ཐམས་ཅད་པ་ནི་སྤྲུལ་པ་མཆོག་ནས་བཟུང་སྟེ། གྲུ་དང༌། གཟིངས་དང༌། ཟམ་པ་ལ་སོགས་པ་གདུལ་བྱ་གང་ལ་གང་གིས་འདུལ་བ་དེ་ལ་དེ་དང་རྗེས་སུ་འཚམ་པའི་སྐུར་བསྟན་ནས་དོན་
མཛད་དེ། དེ་བཞིན་གཤེགས་པས་སྤྲུལ་པ་གང་སྤྲུལ་ཡང་འདི་སྙམ་དུ་ངས་སྤྲུལ་པ་དག་སྤྲུལ་ཏོ། །སྤྲུལ་ལོ། །སྤྲུལ་བར་བྱའོ་སྙམ་དུ་མི་དགོངས་མོད་ཀྱི། སྤྲུལ་པས་འདུལ་བའི་སེམས་ཅན་མཐོང་བ་ན་འཇིག་རྟེན་གྱི་ཁམས་འདིའམ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་རྣམས་
སུ་ཇི་སྙེད་མཆིས་པ་དག་ཏུ་སྤྲུལ་པའི་གཟུགས་ཀྱིས་བཞུད་དེ་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའོ། །གསུང་ལ་ཡང་གཉིས་ལས། གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་ནི། སངས་རྒྱས་ཀྱི་གསུང་དེ་དྲུང་ནས་ཉན་ཀྱང་ཆེ་བ་མེད་ལ། དཔག་ཚད་དང་རྒྱང་གྲགས་
ལ་སོགས་པ་ནས་ཉན་ཀྱང་ཆུང་ངུ་མེད་པ་སྟེ། དེ་ཡང་མཽད་གལ་གྱི་བུས་ནུབ་ཕྱོགས་བདེ་བ་ཅན་དང༌། དེ་ནས་ཀྱང་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་འདས་པ་ན་འོད་ཟེར་ཅན་གྱི་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་འོད་ཟེར་ཀུན་ནས་འབྱུང་བ་འཁོར་དང་བཅས་
པ་བཞུགས་པའི་གནས་སུ་བྱོན་ཏེ་ཉན་པས་ཀྱང་ཆུང་དུ་མེད་པ་ཐོས་པ་ལྟ་བུའོ། །གསུང་ཐམས་ཅད་པ་ནི་དག་པ་ལྷའི་སྐད་ནས་བཟུང་སྟེ་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་འགྲོ་བ་སོ་སོའི་སྐད་དུ་ཆོས་སྟོན་ནུས་པ་སྟེ། དཀོན་མཆོག་བརྩེགས་པ་ལས། ས་བླའི་ལྷ་དང་དེ་

བཞིན་བར་སྣང་ལྷ། །དེ་དག་སྒྲ་སྐད་འཇུག་པ་ཅི་འདྲ་བ། །དེ་ལྟར་དེ་ལ་དེ་ཡི་སྒྲ་ཡང་འཇུག །རྣམ་པར་ངེས་བདེན་གཏམ་ཡང་དེ་འདྲའོ། །ངང་པ་ཁྲུང་ཁྲུང་ཀ་ལ་པིང་ཀ་དང༌། །རྨ་བྱ་ནེ་ཙོ་ཁུ་བྱུག་ཤང་ཤང་ཏེའུ། །རི་སྐེགས་དང་ནི་ངུར་པ་ཀུན་ལ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་
ནི་ཚིམ་པར་བྱེད། །སྟག་དང་སེང་གེ་དེ་བཞིན་དོམ་དང་སྤྲེའུ། །གཟིག་དང་བྱི་ལ་རི་དྭགས་གླང་ཆེན་བསེ། །རྟ་དང་ཁྱི་དང་ཕག་དང་འུག་པ་ཀུན། །ཇི་ལྟའི་སྐད་ཀྱིས་དེ་ནི་ཚིམ་པར་བྱེད། །གང་དག་རྐང་བཞི་པ་དང་རྐང་གཉིས་པ། །རྐང་མངས་དང་ནི་དེ་བཞིན་རྐང་མེད་རྣམས། །
བསྐུལ་དང་ཆད་པས་བཅད་དང་ཕན་གདགས་ཕྱིར། །ཀུན་ལ་དེ་ཡི་སྒྲ་སྐད་ཤེས་པ་འཇུག །སེམས་ཅན་གང་དག་སྟོང་གསུམ་འཇིག་རྟེན་ན། །རབ་བམ་འབྲིང་ངམ་འོན་ཏེ་ཐ་མའམ། །དམྱལ་བ་དུད་འགྲོ་གཤིན་རྗེའི་འཇིག་རྟེན་དང༌། །ལྷ་མི་རྣམས་དང་དེ་ནི་སྐད་ཀྱང་མཐུན། །
ཇི་ལྟར་རིགས་པར་བྱེད་པ་སྟོན་ཀྱང་ནི། །མི་སེམས་འདུ་ཤེས་མེད་ཅིང་རྟོག་པ་མེད། །ཅེས་དང༌། འཇིག་རྟེན་དང་རྗེས་སུ་མཐུན་པར་འཇུག་པ་ལས། སྐུ་དང་སྐུ་ཡི་ཕྲིན་ལས་དང༌། །གསུང་གིས་གང་དག་བརྗོད་པ་དང༌། །ཡིད་དང་ཡིད་ཀྱི་རྣམ་རྟོག་རྣམས། །རྒྱལ་བའི་ཐམས་
ཅད་འཇིག་རྟེན་འདས། །འཇིག་རྟེན་ན་ནི་ཐུགས་བརྩེ་བས། །འཇིག་རྟེན་མགོན་པོ་འོད་མཛད་པ། །འཇིག་རྟེན་ཇི་ལྟར་རྟོགས་པ་བཞིན། །སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །ཞེས་གསུངས་སོ། །ཐུགས་ལ་ཡང་གཉིས་ལས། ཐུགས་ཀྱི་གསང་བ་བསམ་གྱིས་མི་
ཁྱབ་པ་ནི། དེ་བཞིན་གཤེགས་པའི་ཐུགས་ནི་རྣམ་པ་ཐམས་ཅད་དུ་ལྡོག་པ་མི་མངའ་བ་དང༌། རྟོག་པ་མི་མངའ་བ་དང༌། དཔྱོད་པ་མི་མངའ་བ་དང༌། འགྱུར་བ་མི་མངའ་བ་དང༌། ཚད་མི་མངའ་བ་ལ་སོགས་པས་ཆོས་གང་ཡང་མངོན་པར་མི་སྒྲུབ་པས་ན་ཐུགས་ཡོངས་སུ་
དག་པའོ། །དེས་ན་ཆོས་ཐམས་ཅད་ལ་ཡང་ཆགས་པ་དང་ཐོགས་པ་ཅུང་ཟད་ཀྱང་མི་མངའ་སྟེ། དཀོན་མཆོག་བརྩེགས་པ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་དེ་ལྟར་ཐུགས་ཡོངས་སུ་དག་པ་སྟེ། ཐུགས་ཀྱིས་ཆོས་གང་ལ་ཡང་མངོན་པར་མི་སྒྲུབ་ལ།

ཆོས་ཐམས་ཅད་ལ་ཡང་དེའི་ཡེ་ཤེས་མ་ཆགས་མ་ཐོགས་པར་འཇུག་གོ་ཞེས་གསུངས་པས། སངས་རྒྱས་ཀྱི་ཐུགས་ཀྱིས་ཤེས་བྱ་མཁྱེན་པ་བཞིན་གཞན་སུས་ཀྱང་མི་མཁྱེན་པ་སྟེ། མཽད་གལ་གྱི་བུ་འཕགས་པ་དགྲ་བཅོམ་པ་རྫུ་འཕྲུལ་དང་ལྡན་
པས་ཀྱང་རང་གི་མ་གང་དུ་སྐྱེས་མ་མཁྱེན་པ་བཅོམ་ལྡན་འདས་ཀྱིས་མཁྱེན་པ་ལྟ་བུ་དང༌། དགྲ་བཅོམ་པ་གཞན་སུས་ཀྱང་ཁྱིམ་བདག་དཔལ་སྐྱེས་ལ་ཐར་པའི་ས་བོན་ཡོད་པ་མ་མཁྱེན་པར་རབ་ཏུ་འབྱུང་མ་ནུས་པ་ལ། བཅོམ་ལྡན་འདས་ཀྱིས་དཔལ་སྐྱེས་སྐྱེ་བ་བདུན་གྱི་གོང་རོལ་
དུ་ཁྱིར་སྐྱེས་པ་ན། ཕག་གིས་བདས་ནས་མཆོད་རྟེན་ཞིག་ལ་བསྐོར་བ་བྱས་པའི་དགེ་བའི་ས་བོན་ཡོད་པར་མཁྱེན་ནས་རབ་ཏུ་འབྱུང་བར་གནང་བ་ལྟ་བུའོ། །ཐུགས་ཐམས་ཅད་པ་ནི་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བ་སྟེ། དེ་ཡང་ཇི་ལྟ་བ་ནི་དངོས་
པོའི་གནས་ལུགས་མ་བཅོས་པ་མཁྱེན་ཅིང་མངོན་དུ་གྱུར་པ་ཡིན་ལ། ཇི་སྙེད་པ་མཁྱེན་པ་ནི། ཚེར་མ་རྣོ་བ། སྲན་མ་ཟླུམ་པ། ཕ་ཝང་ལོང་བུ་གྲུ་བཞིར་འོང་བ། རྨ་བྱའི་མདོངས་འདྲ་བ་ལ་སོགས་པ་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུའི་རྟེན་འབྲེལ་མ་ལུས་པ་ཐུགས་
སུ་ཆུད་པས་གང་ཡང་མ་འདྲེས་པར་མཁྱེན་པའོ། །རྒྱན་ནི་མཛེས་པར་བྱེད་པ་སྟེ། རང་གཞན་གཉི་གའི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་མཛེས་པའོ། །འཁོར་ལོ་ནི་མཛད་པ་ཕྲིན་ལས་ཀྱི་འཁོར་ལོ་སྟེ། དེ་བཞིན་གཤེགས་པས་སེམས་ཅན་བྱེ་བ་ཁྲག་ཁྲིག་དཔག་ཏུ་
མེད་པའི་དོན་ལ་ཆོས་ཀྱི་འཁོར་ལོ་བསྐོར་བས། དེ་རྣམས་ཀྱིས་ཀྱང་ཁྱད་པར་ལྷག་པར་རྟོགས་ཏེ། ལ་ལ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་དང༌། ལ་ལ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང༌། ལ་ལ་ནི་ཕྱིར་མི་འོང་བའི་འབྲས་བུ་དང༌། ལ་ལ་ནི་དགྲ་བཅོམ་པ་ཉིད་མངོན་དུ་
བྱེད། ལ་ལ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་དེ་བཞིན་གཤེགས་པ་ཉིད་དུ་ལུང་བསྟན་པར་འགྱུར་ཏེ། མདོར་ན་འཁོར་བ་ཕལ་མོ་ཆེ་སངས་རྒྱས་ལ་གཞོལ་བ་དང༌། ཆོས་ལ་འབབ་པ་དང༌། དགེ་འདུན་ལ་བབ་པར་མཛད་དོ། །དེ་རྣམས་

རེ་རེས་ཀྱང་ཆོས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་བསྟན་པས་སྲོག་ཆགས་ཀྱི་ཚོགས་དེ་སྙེད་ཅིག་གིས་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་མཛད་པ་དང༌། དེ་དག་གིས་ཀྱང་ཕྱི་མ་ཕྱི་མའི་སེམས་ཅན་རྣམས་ལ་ཆོས་བསྟན་པ་ལ་སོགས་པ་མདོར་ན་འཁོར་བ་མ་སྟོངས་ཀྱི་བར་དུ་དེ་བཞིན་གཤེགས་
པའི་ཕྲིན་ལས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པའི་བདག་ཉིད་ཅན་ཏེ། དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་ཚུལ་འདི་དག་ལས་འབྱུང་བའི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ལམ་སྲོལ་ཆེན་པོ་འདི་དག་ལ་ལེགས་པར་བསླབས་པའི་འབྲས་བུ་ལས་གཞན་མ་ཡིན་པའི་ཕྱིར་རོ། །དེས་ན་
ཆོས་ཀྱི་སྦྱིན་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འབྱུང་གནས་ཆེན་པོ་ཉིད་དུ་ངེས་པའི་ཕྱིར། བསོད་ནམས་ཀྱི་ཕུང་པོའི་མཐའ་ནི་བསྐལ་པ་མང་པོར་བརྗོད་ཀྱང་མཐར་ཕྱིན་པར་མི་འགྱུར་བའི་རྒྱུ་མཚན་ནི་དེ་ལྟར་ལགས་སོ། །གཉིས་པ་དེ་བྱང་ཆུབ་ཏུ་བསྔོ་བ་ལ། རྣམ་གཞག་
སྤྱིར་བཤད་པ་དང༌། སོ་སོར་བཤད་པ་དང༌། སྐབས་སུ་བབ་པའི་བསྔོ་བ་དངོས་སོ། །དང་པོ་ལའང་མཚན་ཉིད་དང༌། སྒྲ་དོན་དང༌། དགོས་པ་སྟེ་རྣམ་པ་གསུམ་ལས། དང་པོ་མཚན་ཉིད་ནི། ཟག་བཅས་དང་ཟག་མེད་ཀྱིས་བསྡུས་པའི་དགེ་བའི་རྩ་བ་མངོན་པར་འདུ་
བགྱིས་པ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྒྱུར་བའི་ཐབས་ཁྱད་པར་ཅན་དུ་གྱུར་པ་གང་ཡིན་པ་སྟེ། དཔེར་ན་གསེར་གྱི་དངོས་པོ་ཞིག་རྒྱན་གྱི་དམ་པ་ཉིད་དུ་སྒྱུར་བའི་བཟོ་མགར་གྱི་ལས་ལྟ་བུའོ། །དེ་ལྟར་ཡང་འགྲེལ་པ་དོན་གསལ་བ་ལས། ཡོངས་སུ་བསྔོ་བ་
ཡིད་ལ་བྱེད་པས་ནི། གསེར་མགར་གྱིས་རྒྱན་བཞིན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་ཏུ་བྱེད་དོ་ཞེས་བྱ་བ་དང༌། མངོན་པར་རྟོགས་པའི་རྒྱན་ལས། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་
སྒྲ་དོན་ནི། སྐད་རིགས་རྣམ་པ་བཞི་ལས་ལེགས་པར་སྦྱར་བའི་སྐད་དུ། པ་རི་ཎ་ཏ་ཞེས་བྱ་བ་འབྱུང་སྟེ། དེ་ནི་ཡོངས་སུ་སྒྱུར་བའམ་ཡོངས་སུ་སྤེལ་བ་ལའང་འཇུག་སྟེ། དགེ་བའི་རྩ་བ་ཐམས་ཅད་སྒྱུ་མའི་རྣམ་པ་ལྟར་སྣང་ལ་རང་བཞིན་མེད་པར་ཡོངས་སུ་སྒྱུར་བར་བྱེད་

པའམ། བྱང་ཆུབ་ཀྱི་བར་དུ་བར་མ་དོར་ཆུད་འཛའ་བར་མི་འགྱུར་བའི་སྟོབས་དང་ལྡན་པ་ཉིད་དུ་སྤེལ་བར་བྱེད་ཅེས་པའི་ཐ་ཚིག་ཅན་ཏེ། དེ་ལ་ཡོངས་སུ་བསྔོ་བ་ཞེས་སྔོན་གྱི་ལོ་ཙཱ་བ་རྣམས་ཀྱིས་དོན་འགྱུར་དུ་མཛད་པ་ཡིན་ནོ། །གསུམ་པ་དགོས་པ་ནི། སྤྱིར་
བསོད་ནམས་བྱས་པའི་དགེ་ཚོགས་ཐམས་ཅད་ཡོངས་སུ་བསྔོ་བའི་རྒྱས་འདེབས་པར་བྱེད་པ་ནི། མུ་སྟེགས་བྱེད་ཀྱི་གཞུང་དག་ལ་མ་གྲགས་པ། རྣམ་པ་ཐམས་ཅད་མཁྱེན་པ་ཆེན་པོ་ཉིད་ཀྱི་ཁྱད་པར་གྱི་ཆོས་ཏེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། བསོད་ནམས་
བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱོད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་སོ། །དེས་ན་སྟོན་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོ་དེའི་རྗེས་སུ་སློབ་ཅིང༌། རྗེས་སུ་སྒྲུབ་པ་ལ་མི་སྤྲོ་བ་
མེད་པའི་བློ་དང་ལྡན་པ་རྣམས་ཀྱིས། བསོད་ནམས་ཀྱི་དངོས་པོ་གང་དག་བསགས་པ་ཐམས་ཅད་ཡོངས་སུ་བསྔོ་བའི་རྒྱས་འདེབས་པ་ལ་ཤིན་ཏུ་གུས་པར་བྱ་དགོས་པ་ཡིན་ནོ། །གལ་ཏེ་ན་དགེ་བའི་རྩ་བ་ཆུང་ངུ་ཞིག་ནའང་བརྙས་པར་མི་བྱ་བར་མི་གནས་པའི་མྱ་ངན་ལས་འདས་པའི་གོ་
འཕང་དུ་ཡོངས་སུ་བསྔོ་བས་ཡོངས་སུ་བསྔོས་ན། ནམ་ཞིག་བྱང་ཆུབ་ཀྱི་སྙིང་པོ་ལ་ཐུག་གི་བར་དུ་བར་མ་དོར་ཟད་པར་མི་འགྱུར་བ་དང༌། བསམ་གྱིས་མི་ཁྱབ་པར་འཕེལ་བར་འགྱུར་བ་དང༌། བྱང་ཆུབ་ཀྱི་རྒྱུར་སྨིན་པ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པ་ཡོད་དེ། དཔེར་ན་ཆུའི་
ཐིགས་པ་གཅིག་ཅིག་རྒྱ་མཚོ་ཆེན་པོའི་ནང་དུ་ལྷུང་བའི་རྒྱུན་དེ་ནི་བསྐལ་པའི་བར་དུ་ཡང་འཛད་པར་འགྱུར་བའི་གནས་ཡོད་པ་མ་ཡིན་པ་ལྟ་བུའོ། །དེ་སྐད་དུ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་ཆུ་ཐིགས་རྒྱ་མཚོ་ཆེ་ནང་ལྷུང༌། །རྒྱ་མཚོ་མ་ཟད་བར་དུ་དེ་མི་ཟད། །དེ་བཞིན་
བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང༌། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང༌། བློ་གྲོས་མི་ཟད་པའི་མདོ་ལས་ཀྱང་དེ་དང་མཐུན་པར་འབྱུང་ངོ༌། །གཞན་ཡང་དེང་གི་ལེགས་བྱས་སྒྲུབ་པ་པོ་འབྲེལ་པ་དང་བཅས་པས་བྱས་པའི་དགེ་བ་ཁོ་ནར་མ་ཟད། ཕྱོགས་ཐ་དད་པ་དང༌།

དུས་ཐ་དད་པ་དང༌། གང་ཟག་ཐ་དད་པ་དག་གིས་བསགས་པའི་དགེ་བ་ཐམས་ཅད་ཀྱང༌། འཁོར་གསུམ་གྱི་རྣམ་པར་རྟོག་པས་མ་བསྒྲིབས་པར་ཡོངས་སུ་བསྔོས་ན་ཆུ་ཀླུང་མང་པོ་རྒྱ་མཚོར་འབབ་པ་གཞོལ་བ་དེ་བཞིན་དུ། འཁོར་འདས་ཀྱི་དགེ་བ་ཐམས་ཅད་ཀྱང་བྱང་ཆུབ་མཆོག་གི་
རྒྱུར་འགྱུར་བའི་དགོས་པ་ཡོད་དེ། ནམ་མཁའ་མཛོད་ཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེར་འབབ་རོ་གཅིག་འགྱུར་བ་ལྟར། །ཐ་དད་ཕྱོགས་ནས་དགེ་བ་བསགས་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །ཞེས་སོ། །གཞན་
ཡང་དགེ་བ་ཇི་ལྟ་བུའི་སྟོབས་དང་ལྡན་པ་བསགས་ཀྱང་བྱང་ཆུབ་ཏུ་མ་བསྔོས་ན་བར་མ་དོར་ཆུད་འཛའ་བར་འགྱུར་བ་སྟེ། ཇི་སྐད་དུ། ཕལ་ཆེར་དོན་མེད་དོན་ཡོད་དང༌། །རྣམ་པ་ཀུན་དུ་དོན་ཡོད་པ། །ཞེས་གསུངས་པས། མོས་པས་སྤྱོད་པའི་དགེ་བ་ཕལ་ཆེར་དོན་མེད་འགྲོ་བ་མང་སྟེ།
དགེ་བའི་ལས་ཀྱི་འཕེན་པས་གནས་སྐབས་སུ་བདེ་འགྲོའི་གནས་སུ་འཕངས་ནས་དེར་བདེ་བ་ཅུང་ཟད་ཅིག་མྱོང་བའི་སྐལ་བ་ཅན་དུ་གྱུར་ནས། དེ་ཙམ་གྱིས་ཟད་པར་གྱུར་པའམ། ཡོངས་སུ་ཟད་པར་མ་གྱུར་ནའང་བསོད་ནམས་ཀྱི་སྟོབས་ཆུང་ངུར་གྱུར་ཏེ། །ཕྱི་ནས་འབྲས་བུ་འབྱིན་པའི་
མཐུ་དམན་པར་འགྱུར་བ་དང༌། ཡུལ་ཁྱད་པར་ཅན་ལྟ་བུ་ལ་ཁོང་ཁྲོ་བ་སྐྱེས་པ་ལ་སོགས་པའི་སྡིག་པའི་ལས་རེ་རེས་ཀྱང་ཡོངས་སུ་གཏུགས་པར་འགྱུར་བ་ཡོད་དེ། དབུ་མ་འཇུག་པ་ལས། སྤྱད་དང་དངོས་སུ་ཡོངས་སུ་ཟད་པ་ན། །ཕྱིན་ཆད་དེ་ལས་ལོངས་སྤྱོད་འབྱུང་མི་འགྱུར། །
ཞེས་དང༌། ལིཙྪ་བཱིས་ཞུས་པའི་མདོ་ལས། མང་པོ་ཡང་ཉུང་ངུར་རིག་པར་བྱ་སྟེ། ཀུན་མཁྱེན་དུ་མ་བསྔོས་པའི་ཕྱིར་རོ་ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་
དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོ། །དེས་ན་དགེ་བའི་རྩ་བ་ཡོངས་སུ་བསྔོས་པ་ནི་དེ་ལྟ་བུའི་རྐྱེན་གྱིས་འཇིག་པར་མི་འགྱུར་བ་ལ་སོགས་པའི་དགོས་པ་དཔག་ཏུ་མེད་པ་ཡོད་དོ། །གཉིས་པ་སོ་སོར་བཤད་པ་ལ། གང་ཞིག་བསྔོ་བར་བྱ་བ་བསོད་

ནམས་ཀྱི་ཁྱད་པར། གང་དུ་བསྔོ་བ་ཡུལ་གྱི་ཁྱད་པར། ཇི་ལྟར་བསྔོ་བ་ལམ་གྱི་ཁྱད་པར་ཏེ་གསུམ་ལས། དང་པོ་བསྔོ་བར་བྱ་བའི་བསོད་ནམས་ནི། །སྤྱིར་དགེ་བའི་མིང་གིས་བཏགས་པ་ཐམས་ཅད་བསྔོ་བས་བསྒྱུར་དུ་རུང་ངམ་སྙམ་ན། མ་ཡིན་ཏེ། མངོན་
པའི་གཞུང་རྣམས་ལས་དེ་བཞིན་ཉིད་ལའང་དགེ་བ་ཞེས་གསུངས་པ་ཡོད་དེ། དེ་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་པའི་ཕྱིར། བསྔོ་བར་བྱ་བའི་རྒྱུ་མ་ཡིན་པ་དང༌། བསྔོས་ཀྱང་འགྱུར་བ་མེད་པར་གསུངས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ཆོས་
ཀྱི་དབྱིངས་ལ་ཡོངས་སུ་བསྔོ་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་བསྔོ་བའི་རྒྱུར་བྱས་ན་གནོད་བྱེད་མང་དུ་ཡོད་པར་གསུངས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་ཡིན་ན་བསྔོ་བའི་རྒྱུར་བཏུབ་པའི་དགེ་བའི་རྩ་བ་དེ་ནི་གང་དག་ཡིན་སྙམ་ན། བཤད་པར་བྱ་སྟེ། དུག་གསུམ་མེད་པའི་སེམས་
ཀྱིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་གང་དག་བསགས་པ་སྟེ། རིན་ཆེན་ཕྲེང་བ་ལས། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་གསུངས་པ་ལྟར་རོ། །དེ་ཉིད་ལེགས་པར་སྦྱར་བའི་སྐད་དུ། ཀུ་ས་ལ་མཱུ་ལ་ཞེས་འབྱུང་ངོ༌། །དེའང་
ཀུ་ས་ལ་ནི་དགེ་བ་དང༌། མཱུ་ལ་ནི་རྩ་བ་སྟེ། དོན་དུ་རྣམ་པར་སྨིན་པ་བདེ་བ་སྐྱེད་པས་ན་དགེ་བ་སྟེ། དེའང་ཇི་སྐད་དུ། དགེ་བ་ལེགས་པར་སྤྱད་པ་སྟེ། །རྣམ་སྨིན་བདེ་བ་སྐྱེད་པའོ། །ཞེས་སོ། །དེ་ཉིད་ཀྱང་བསོད་ནམས་བྱ་བའི་དངོས་པོའི་སྒོ་ནས་དབྱེ་ན། སྦྱིན་པ་ལས་བྱུང་བའི་
བསོད་ནམས་བྱ་བའི་དངོས་པོ་དང༌། ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང༌། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ་གསུམ་དུ་འགྱུར་བ་ལས། དེང་འདིར་སྐབས་སུ་བབ་པ་ནི་སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་སྟེ། དེའང་
སྦྱིན་པའི་སྒྲ་ནི་དབུལ་བ་འདོར་བའི་དོན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབུལ་བ་འདོར་བར་བྱེད་པས་སྦྱིན་པ་ཞེས་སམ། ཡང་ན་འཆི་བ་དང་ཆོས་དང་སྲིད་པ་གཞན་གོ་བར་བྱེད་པས་སྦྱིན་པ་སྟེ། སློབ་དཔོན་འཕགས་པ་ལྷས། འཆི་དང་ཆོས་དང་སྲིད་པ་གཞན། །སྦྱིན་

པའི་སྒྲ་ཡིས་གསལ་བར་བྱེད། །དེས་ན་བྱང་ཆུབ་སེམས་དཔའ་ལ། །སྦྱིན་པའི་སྒྲ་ནི་ཤིན་ཏུ་བསྟན། །ཞེས་སོ། །དེ་ལྟ་བུའི་སྦྱིན་པ་ལའང་དབྱེ་ན། ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །ཞེས་པ་ལྟར་རྣམ་པ་བཞི་ལས། འདིར་སྡོམ་བརྩོན་
སྐྱེ་དགུའི་བདག་པོའི་ཐུགས་བསྐྱེད་རྒྱ་མཚོ་ལྟ་བུ་ལས་བྱུང་བའི་ལེགས་བྱས་ཀྱི་ཕུང་པོ་འདི་ནི་སྦྱིན་པ་རྣམ་པ་བཞི་ག་ཚང་བའི་སྒོ་ནས་སྒྲུབ་དགོས་ཤིང༌། བྱེ་བྲག་ཏུ་ཟང་ཟིང་གི་སྦྱིན་པ་དང་ཆོས་ཀྱི་སྦྱིན་པ་གཉིས་ནི་ཤིན་ཏུ་གཙོ་ཆེ་བ་སྟེ། དང་པོ་ནི། དུས་སུ་སྦྱིན་དང་འགྱོད་པ་མེད་པ་
དང༌། །ཡིད་འོང་སྦྱིན་དང་རྣམ་སྨིན་མི་རེ་བ། །ཞེས་གསུངས་པ་ལྟ་བུ་སྟེ་སངས་རྒྱས་ཀྱི་རྒྱུ་ཉིད་དུ་བསྔོར་མི་རུང་བ་མེད་པ་དང༌། ཆོས་ཀྱི་སྦྱིན་པ་ནི་གོང་དུ་ལུང་དྲངས་པ་རྣམས་ལས་ཇི་ལྟར་འབྱུང་བའི་ཕན་ཡོན་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་དེ་ཉིད་དོ། །དེར་ཡང་མ་ཟད་ས་སྐྱོང་བསྟན་
པའི་སྲི་ཞུ་པ་ཆེན་པོ་ནས་དཀོན་མཆོག་མཆོད་པ་ལ་སོགས་པ་དུས་གསུམ་དང་རྗེས་སུ་འབྲེལ་བར་རང་ཉིད་ཀྱིས་བསགས་པ་དང་གཞན་ལ་བསྐུལ་བ་ལ་སོགས་པ་ལེགས་བྱས་ཀྱི་ཚོགས་ཇི་སྙེད་མཆིས་པ་རྣམས་དང༌། གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀྱི་འགྲོ་བ་སུ་ཡང་
རུང་བ་དང༌། དུས་ནམ་ཡང་རུང་བ་དང༌། བསོད་ནམས་གང་ཡང་རུང་བ་བྱས་པ་ཐམས་ཅད་ཀྱང་འདིར་བསྔོར་རུང་བ་ཡིན་ཏེ། ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང༌། །བཟང་པོ་ཇི་བཞིན་དེ་འདྲའི་
ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་རེད་གྱུར་ཅིག །ཅེས་གསུངས་སོ། །གཞན་ཡང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྲངས་མེད་པ་ཡོད་དེ། དེ་དག་ཏུ་ཇི་ལྟར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་བགྲང་ལས་འདས་པ་
གང་དག་བྱུང་བ་རྣམས་ཀྱིས། དང་པོར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ། མངོན་པར་རྫོགས་པར་སངས་རྒྱས་པའི་བར་དང༌། ཡོངས་སུ་མྱ་ངན་ལས་འདས་པ་ནས་དམ་པའི་ཆོས་ཡོངས་སུ་ཟད་ཀྱི་བར་ཏེ། དེ་དག་གི་བར་དུ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་

ཕ་རོལ་ཏུ་ཕྱིན་པ་དྲུག་ལས་བརྩམས་པའི་དགེ་བའི་རྩ་བ་གང་དག་བསགས་པ་དང༌། ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བརྙེས་པ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོས་དེ་དག་ལ་བསླབས་པའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་ལུང་བསྟན་
པ་དང༌། རང་སངས་རྒྱས་དང༌། ཉན་ཐོས་སློབ་པ་དང༌། མི་སློབ་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་རྗེས་སུ་བསྟན་པ་རྗེས་སུ་ཐོས་པའི་ལྷ་དང་མི་ལ་སོགས་པས་དགེ་བའི་རྩ་བ་ཟག་བཅས་དང་ཟག་མེད་གང་དག་བསྐྲུན་པ་རྣམས་ཀྱང་ཡོངས་སུ་བསྔོ་བར་བྱ་བ་
ཉིད་དེ། དེ་སྐད་དུ་ཡང་སྡུད་པ་ཚིགས་སུ་བཅད་པ་ལས། འདས་དུས་སྔོན་གྱི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གང༌། །ཞིང་མང་མཐའ་ཡས་བྱེ་སྟོང་དག་ན་གང་བཞུགས་དང༌། །གང་ཡང་མྱ་ངན་འདས་པ་འཇིག་རྟེན་མགོན་པོ་རྣམས། །སྡུག་བསྔལ་ཟད་པར་བྱ་ཕྱིར་རིན་ཆེན་
ཆོས་སྟོན་པ། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྐྱེད་པ་ནས། །རྣམ་པར་འདྲེན་པ་རྣམས་ཀྱི་དམ་ཆོས་ཟད་ཀྱི་དུས། །དེ་བར་རྒྱལ་བ་དེ་དག་བསོད་ནམས་གང་ཡིན་པ། །ཕ་རོལ་ཕྱིན་དང་ལྡན་དང་སངས་རྒྱས་ཆོས་གང་དང༌། །གང་ཡང་སངས་རྒྱས་སྲས་རྣམས་དང་
ནི་ཉན་ཐོས་དང༌། །སློབ་དང་མི་སློབ་དགེ་བ་ཟག་བཅས་ཟག་མེད་པ། །བསྡུས་ནས་བྱང་ཆུབ་སེམས་དཔའ་རྗེས་སུ་ཡི་རངས་ཤིང༌། །འགྲོ་བའི་དོན་རྒྱུ་བྱང་ཆུབ་ཕྱིར་ནི་ཐམས་ཅད་བསྔོ། །ཞེས་དང༌། ཕལ་པོ་ཆེ་ལས། ཕྱོགས་བཅུའི་འཇིག་རྟེན་དག་ན་གང་ཡོད་པའི། །
དགེ་བ་དེ་དག་ཡང་ཡང་བསྒྲུབས་པས་ན། །འགྲོ་བ་ཀུན་ལ་ཕན་དང་བདེ་སེམས་ཀྱི། །ཡེ་ཤེས་མཁས་པ་དེ་དག་ཡོངས་སུ་བསྔོ། །ཞེས་པ་ལྟར་ཏེ། མདོར་ན་སྒོ་གསུམ་གྱིས་མངོན་པར་འདུ་བགྱིས་པའི་བསོད་ནམས་ཀྱི་ཚོགས་ཇི་སྙེད་པ་དག་ནི་རྫོགས་པའི་བྱང་ཆུབ་ཀྱི་
ཕྱིར་ཡོངས་སུ་བསྔོ་བར་བྱ་བའི་ཆོས་སོ། །གཉིས་པ་གང་དུ་བསྔོ་བའི་ཡུལ་ནི། དགེ་བ་དེ་དག་ཀྱང་སངས་རྒྱས་ཀྱིས་ལས་གཞན་པ་འཇིག་རྟེན་པའི་ཆེན་པོ་ཚངས་པ་དང༌། བརྒྱ་བྱིན་དང༌། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ཁམས་ཀྱི་རྒྱལ་ཕྲན་དང༌། འཁོར་

དང་ལོངས་སྤྱོད་ཆེན་པོ་དང་ལྡན་པ་ལ་སོགས་པ་འཁོར་བའི་བདེ་འབྲས་སྒྲུབ་པའི་ཆེད་དུ་བསྔོ་བར་བྱ་བ་ནི་མ་ཡིན་ཏེ། དེ་དག་ནི་དངོས་སམ་བརྒྱུད་ནས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་མ་བརྒལ་བ་ཡིན་ལ། དགེ་བ་ནི་གཏན་གྱི་འདུན་མ་བསྒྲུབ་པའི་ཕྱིར་བསགས་པ་ཡིན་པས་
སོ། །དེར་མ་ཟད་རང་ཉིད་གཅིག་པུ་སྡུག་བསྔལ་དང་བྲལ་བ་ཙམ་གྱི་འབྲས་བུ་ཉན་ཐོས་ཀྱི་སའམ་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོ་བ་ཡང་མ་ཡིན་ཏེ། དེ་དག་ནི་རང་དོན་ཞི་བའི་བདེ་བ་ལྷུར་བྱེད་པས། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པའི་གེགས་སུ་བྱེད་པའི་
ཕྱིར་རོ། །དེ་བས་ན་སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་ས་འབའ་ཞིག་ནི་བསྔོ་བའི་ཡུལ་དུ་གྱུར་པ་ཡིན་ནོ། །དེ་སྐད་དུ་ཡང་རྒྱལ་བའི་ཡུམ་ལས། དགེ་བའི་རྩ་བ་ཐམས་ཅད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་གཏོགས་
པར་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་འཇུག་པ་ཡིན་ནོ་ཞེས་དང༌། མགོན་པོ་བྱམས་པས་ཀྱང༌། ཁམས་གསུམ་གཏོགས་པ་མ་ཡིན་དང༌། །ཞེས་བྱ་བ་ལ་སོགས་པ་གཞན་ཡང་མང་དུ་འབྱུང་ངོ༌། །གལ་ཏེ་དེ་ལྟར་ཡིན་དུ་ཆུག་ཀྱང༌། ཚེ་
རིང་བ་དང༌། ནད་མེད་པ་དང༌། དཔལ་འབྱོར་རྒྱས་པ་དང༌། རིགས་བཟང་པོར་སྐྱེ་བ་ལ་སོགས་པ་གནས་སྐབས་ཀྱི་ཕུན་སུམ་ཚོགས་པའི་ཆེད་དུ་བསྔོ་བའང་དངོས་སུ་མཐོང་བ་ཅི་ཞིག་ཅེ་ན། གནས་སྐབས་ཀྱི་ཕུན་སུམ་ཚོགས་པ་འབའ་ཞིག་གི་ཕྱིར་བསྔོ་བ་ནི་དམིགས་པ་དམན་
པ་ཡིན་པས་འཇིག་རྟེན་པའི་བསྔོ་བ་ལས་མ་འདས་པའི་ཕྱིར་བསྔོ་ཉེས་པ་ཡིན་ལ། མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པའི་ཕྱིར་གཙོ་བོར་དམིགས་ནས། དེ་ཉིད་མངོན་དུ་མ་གྱུར་བར་གྱི་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་གནས་སྐབས་ཀྱི་འབྲས་བུ་ཕུན་སུམ་ཚོགས་པའི་
ཕྱིར་བསྔོ་བ་ནི་མི་འགལ་ཏེ། བྱང་ཆུབ་སྒྲུབ་པ་ལའང་འགལ་རྐྱེན་མེད་པ་དང༌། མཐུན་རྐྱེན་ཕུན་སུམ་ཚོགས་པ་ནི་ལམ་མྱུར་དུ་མཐར་ཕྱིན་པའི་གྲོགས་སུ་འགྱུར་བའི་ཕྱིར་དང༌། བརྒྱུད་ནས་གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་ཕྱིར་རོ། །གསུམ་པ་ཇི་ལྟར་བསྔོ་

བ་ལམ་ལ་གཉིས་ལས། དང་པོ་མི་མཐུན་པའི་ཕྱོགས་སྤོང་བར་བསྟན་པ་ནི། གལ་ཏེ་བསོད་ནམས་བྱས་པ་བསྔོ་བ་ལ་གུས་པ་ལྷུར་བྱེད་ནའང་འཁོར་གསུམ་དུ་དམིགས་པ་མེད་པའི་ཤེས་རབ་ཀྱིས་མ་ཟིན་པའི་བསྔོ་བ་ནི་ཡོངས་སུ་བསྔོ་བར་མི་ཆུད་དེ།
དཔེར་ན་སྐྱེས་བུ་གང་ལ་ལ་ཞིག་གིས་ལུས་ཟུང་བརྟས་པའི་ཆེད་དུ་ཁ་ཟས་རོ་བཟང་པོ་དང་ལྡན་པ་གཡོས་ནའང༌། དུག་དང་སྦྲགས་ཏེ་ཟོས་པས་ཕན་པར་མི་འགྱུར་བ་ཁོ་ནར་མ་ཟད་ལུས་འཇིག་པའི་རྐྱེན་དུ་འགྱུར་བ་ལྟར། སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་འདོད་པས་ཀུན་ནས་
བསླངས་ཏེ་བསོད་ནམས་བྱ་བའི་དངོས་པོ་མངོན་པར་འདུས་བྱས་ནས་བསྔོ་བ་ན་འཁོར་གསུམ་དུ་མཚན་མར་འཛིན་པའི་འདུ་ཤེས་ཅན་གྱིས་བསྔོ་བ་བྱས་ན་དེ་ནི་དམིགས་པ་དུག་དང་བཅས་པའི་བསྔོ་བར་འགྱུར་ཏེ། བརྒྱད་སྟོང་པ་ལས། དམིགས་པའི་འདུ་ཤེས་ཅན་ལ་ཡོངས་སུ་བསྔོ་
བ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། དམིགས་པ་ནི་དུག་དང་བཅས་པའོ་ཞེས་དང༌། སྡུད་པ་ལས་ཀྱང༌། གལ་ཏེ་མཚན་མར་བྱེད་ན་དེ་ནི་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་
པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་སོ། །གཞན་ཡང་དེ་ལྟ་བུའི་རྣམ་པར་རྟོག་པ་དེ་ནི་ཤེས་བྱའི་སྒྲིབ་པའང་ཡིན་ཏེ། མགོན་པོ་བྱམས་པས། འཁོར་གསུམ་རྣམ་པར་རྟོག་པ་གང༌། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་སོ། །དེས་ན་དམིགས་པའི་ཟུག་རྔུ་
ཅན་གྱི་བསྔོ་བ་ནི་སྤོང་བར་བྱ་བ་ཉིད་དུ་བསྟན་ཏོ། །གཉིས་པ་མཐུན་པའི་ཕྱོགས་སྒྲུབ་པར་བསྟན་པ་ནི། ཐབས་དང་ཤེས་རབ་ཀྱིས་ཟིན་པའི་བསྔོ་བས་ཡོངས་སུ་བསྔོས་ན་བཟང་པོ་བཞི་དང་ལྡན་པའི་བསྔོ་བར་ཡང་འགྱུར་ཏེ། དམིགས་པ་བཟང་དང་སྟོན་པ་བཟང༌། །ཐབས་
བཟང་བ་དང་ངེས་འབྱུང་དང༌། །སྤྱོད་པ་བཟང་པོའི་བདག་ཉིད་ཀྱིས། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་པ་ལྟར་རོ། །དེ་ལས་ཐབས་ནི་བྱང་ཆུབ་ཀྱི་སེམས་ཀྱི་རྩིས་ཟིན་པ་སྟེ། ཇི་ལྟར་བསྒྲུབས་པའི་དགེ་བ་ཐམས་ཅད་ཀྱང་ནམ་མཁའ་དང་མཉམ་པའི་སེམས་ཅན་

ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པའི་ཕྱིར་ཡོངས་སུ་བསྔོ་སྙམ་པའི་འདུན་པ་དང་མ་བྲལ་བ་སྟེ། སྤྱོད་འཇུག་ལས། དངོས་སམ་ཡང་ན་བརྒྱུད་ཀྱང་རུང༌། །སེམས་ཅན་དོན་ལས་གཞན་མི་སྤྱད། །
སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ། །དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་ཡོངས་སུ་ཟིན་པའི་བསོད་ནམས་ཀྱི་འབྲས་བུ་ནི་ནམ་ཡང་ཟད་པ་མེད་ཅིང་འཕེལ་བར་འགྱུར་བའི་ཕྱིར་དགེ་བ་གཞན་ཐམས་ཅད་ལས་མཆོག་ཏུ་གྱུར་པ་དཔག་བསམ་
གྱི་ཤིང་གི་དཔེས་བསྟན་ཏེ། ཇི་སྐད་དུ། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་སྤྱད་པས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང༌། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་དང༌། སེམས་ཅན་ཚད་མེད་པ་ལ་དམིགས་
པས་བསོད་ནམས་ཀྱང་ཚད་མེད་པ་འབྱུང་སྟེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་ལ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །ཅིག་ཤོས་ཤེས་རབ་ནི་ཆོས་ཐམས་ཅད་ལྟ་བ་བདག་མེད་པས་ཟིན་པ་སྟེ། དེའང་དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་
བཞིན་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཤེས་ནས། འདིར་དངོས་པོ་དང་བསམ་པ་དང་ཡུལ་ཏེ། འཁོར་གསུམ་པོ་ཡོངས་སུ་དག་པའི་ཚུལ་གྱིས་མི་དམིགས་པའི་རྣམ་པ་ཅན་ཏེ། སྡུད་པ་ལས། གལ་ཏེ་འདི་ལྟར་ཆོས་འདི་འགགས་ཤིང་ཟད་པ་དང༌། །གང་དུ་ཡོངས་
སུ་བསྔོ་བ་དེ་ཡང་ཟད་པ་དང༌། །ཆོས་ཀྱིས་ཆོས་ལ་ནམ་ཡང་མི་བསྔོ་ཤེས་གྱུར་ན། །དེ་ལྟར་རབ་ཏུ་ཤེས་པས་ཡོངས་སུ་བསྔོས་པ་ཡིན། །ཞེས་དང༌། མངོན་པར་རྟོགས་པའི་རྒྱན་ལས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་སོ། །ཐ་སྙད་ཀུན་
རྫོབ་ཏུ་སྒྱུ་མ་མཁན་གྱིས་སྤྲུལ་པའི་སྤྲུལ་པ་ལྟར་སྣང་ཡང་རང་བཞིན་མི་དམིགས་པ་ཉིད་དུ་བསྔོ་བ་སྟེ། མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་

ཅད་དེ་འདྲར་ཤེས་པར་གྱིས། །ཞེས་གསུངས་སོ། །དེ་ལྟ་བུའི་ཚུལ་གྱིས་བསྔོ་བའང༌། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་པ་ལྡན། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་གསུངས་
པ་ལྟར་ཕྱོགས་བཅུ་རབ་འབྱམས་མུར་ཐུག་པ་མེད་པའི་ཞིང་ཁམས་རྣམས་སུ་བཞུགས་པའི་བཅོམ་ལྡན་འདས་སྲས་དང་སློབ་མར་བཅས་པ་ཐམས་ཅད་དཔང་པོར་བཞུགས་ནས་ཇི་ལྟར་བསྔོས་པ་དེ་ལྟར་དུ་འགྲུབ་པར་བྱིན་གྱིས་རློབས་པར་མོས་ནས་བསོད་ནམས་བྱ་བའི་དངོས་པོ་ཐམས་ཅད་བླ་ན་མེད་
པའི་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་བསྔོ་བ་ནི་ཇི་ལྟར་བསྔོ་བའི་ཚུལ་དུ་བཤད་པ་ལགས་སོ། །གསུམ་པ་དེ་བྱང་ཆུབ་ཏུ་བསྔོ་བ་ནི། དེའང་ཇི་ལྟར་སྔོན་གྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་ཀུན་ཏུ་བཟང་པོ་ལ་སོགས་པ་འཕགས་པ་རྣམས་ཀྱི་སྤྱོད་པའི་རྗེས་སུ་སློབ་
ཅིང་རྗེས་སུ་སྒྲུབ་པའི་འདུན་པ་དང་བཅས་ཏེ། གཞལ་དུ་མེད་པའི་ལེགས་བྱས་ཀྱི་ཕུང་པོ་འདི་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་ཡོངས་སུ་བསྔོ་སྟེ། དེའང་མདོ་སྡེ་དྲན་པ་ཉེ་བར་གཞག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ་བསྟོད་པ། །གསལ་
བར་འགྱུར་བའི་སྙན་དངགས་འབད་པར་བྱ། །ཞེས་དང༌། དམ་པའི་ཆོས་ཤིན་ཏུ་གསལ་བར་བྱེད་པའི་སྙན་དངགས་བྱའོ། །དེ་ལས་མྱ་ངན་ལས་འདས་པའི་མཐར་ཐུག་པར་འགྱུར་རོ། །ངལ་བ་འབྲས་བུ་དང་བཅས་པར་འགྱུར་རོ། །གཞན་དག་གིས་དེ་རབ་ཏུ་བསྔགས་པར་འགྱུར་རོ། །
ལུས་ཞིག་ནས་ཤི་བའི་འོག་ཏུའང་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟར་འདིར་ཇི་ལྟར་བསྔོ་བའི་ཚིགས་སུ་བཅད་པའང་འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་དཔལ་ལྡན་དབྱུག་པ་ཅན་གྱི་གཞུང་གི་རྗེས་སུ་འབྲངས་ནས། རྒྱན་གྱི་སྦྱོར་བ་ཕུན་སུམ་ཚོགས་པའི་ཁོངས་ལས་ཉེ་བར་
དྲངས་ཏེ་ཅུང་ཟད་ཅིག་བརྗོད་པ་ནི། འདི་ལྟ་སྟེ། ཨོཾ་སྭསྟི་སིདྡྷོ་བྷ་ཝ་ཏུ། <*རང་བཞིན་བརྗོད་པ་ལས་ཡོན་ཏན་གྱི་རང་བཞིན་བརྗོད་པ།> གང་གི་རང་བཞིན་སྐྱེ་དང་གནས་དང་འཇིག་ལས་རྣམ་གྲོལ་འདུས་མ་བྱས། །ལྷུན་གྲུབ་ཞི་བ་ཆེན་པོའི་སྐུ་ནི་སྤྲོས་མཐར་ནམ་ཡང་གནས་པ་མིན། །འགྲོ་བ་ཐམས་ཅད་རང་གི་

གོ་འཕང་འཁྲིད་པའི་ཐབས་མཁྱེན་ཐུགས་རྗེ་ཆེ། །བསམ་གྱིས་མི་ཁྱབ་ནུས་པའི་བདག་ཉིད་སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། ༡ །རྙོག་བྲལ་<*ཡན་ལག་གཅིག་པའི་གཟུགས་ཅན།> ཡེ་ཤེས་དམ་པ་ལས་གཞན་སྒྲ་རྟོག་ཡུལ་ལས་རིང་དུ་འདས། །གཉིས་སུ་བགྱི་དང་ཀུན་དུ་རྟོག་པའི་སྒྲིབ་པ་ཀུན་གྱིས་མ་བསྒྲིབས་པ། །དེ་ཉིད་
ཐོབ་བྱེད་མཐོང་དང་བསྒོམ་ལམ་རྨོངས་པ་ཟ་བའི་གསུས་པོ་ཆེ། །ཤེས་བྱའི་གནས་ལུགས་ཡང་དག་སྣང་བྱེད་དམ་པའི་ཆོས་ལ་སྐྱབས་སུ་མཆི། ༢ །རིང་<*་ཆ་ཤས་ཀྱི་གཟུགས་ཅན།> མོའི་དུས་ནས་ལེགས་སྦྱངས་བློ་གྲོས་སྣང་བའི་གཏེར་གྱི་དཀྱིལ་འཁོར་རྒྱས། །ཟབ་ཡངས་ཆོས་ཚུལ་ཡིད་
བཟངས་རྐང་པ་བཀོད་པའི་གནས་སུ་ཆགས་ཐོགས་བྲལ། །ཕྲིན་ལས་འོད་རླབས་གཞལ་དུ་མེད་པས་ལུང་རྟོགས་ཆོས་ཀྱི་འདབ་སྟོང་ཚལ། །རྒྱ་ཆེར་འབྱེད་པའི་རྩ་ལག་རྨད་བྱུང་འཕགས་པའི་ཚོགས་ལ་སྐྱབས་སུ་མཆི། ༣ །འགྲོ་<*གཟུགས་ཅན་གྱི་གཟུགས་ཅན།> ལ་ཕན་པའི་བློ་གྲོས་འབྲུག་སྒྲའི་གར་གྱི་
གླུ་དབྱངས་ལེན་པ་མོས། །དགེ་ཚོགས་བྱང་ཆུབ་སྨིན་པའི་ཡོན་ཏན་སྤྲིན་གྱི་མཛའ་བོ་ལ་ཆགས་ནས། །ལེགས་བྱས་སྤུ་སྡུག་མཐའ་དག་བསྡེབས་པའི་སྣ་ཚོགས་གོས་ཀྱིས་ལེགས་པར་བརྒྱན། །འབྲས་བུ་ཡིད་འོང་འགུགས་པའི་སྨོན་ལམ་འཕྲིན་ཡིག་སྙན་པའི་
རྒྱུད་མངས་འཁྲོལ། ༤ །<*བྱ་བའི་རང་བཞིན་བརྗོད་པ།> བཟོད་པར་ལྡན་པས་བརྒྱན་པའི་འཇིག་རྟེན་འདི་ཡི་གདུལ་བྱ་རིགས་ཅན་གསུམ། །ཐ་དད་བློ་དང་འཚམ་པར་ཐེག་པའི་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །མངོན་མཐོ་ངེས་པར་ལེགས་པའི་ཕན་པ་ཅི་ཡང་འབྱུང་གནས་བླ་ན་མེད། །བསྟན་པ་འདི་ཡི་
བྱེད་པོར་གྱུར་པ་སྟོན་མཆོག་དམ་པ་ཤཱཀྱའི་གཙོ། ༥ །<*རྐང་པ་གསུམ་གྱི་ཐོག་མར་ཡོད་པའི་ཟུང་ལྡན།> དེ་ཉིད་ཀྱིས་མཚོན་ཕྱོགས་བཅུ་དག་ཏུ་ལྷ་ཡི་རྫིང་རིང་རབ་སོང་བ། །དེ་དག་རྣམས་སུ་ཁྱབ་པར་བརྡལ་བར་ཕྲ་རབ་རྡུལ་གྱི་གོ་སར་ཡང༌། །བགྲང་བ་ལས་འདས་ཞིང་གི་བཀོད་པ་ཚར་དུ་དངར་བས་གཏམས་གྱུར་པ། །
དེ་དག་ཀུན་དུ་བྱོན་དང་འབྱོན་འགྱུར་འཚོ་ཞིང་གཞེས་པའི་སངས་རྒྱས་རྣམས། ༦ །<*ངག་དོན་ཀྱི་དཔེ་ལས་བཞིན་སྒྲ་གཅིག་པ་ཅན།> སྟོན་མཆོག་དེ་དག་རེ་རེ་ལ་ཡང་གདུང་འཚོབ་འགྱུར་བ་རྒྱལ་བའི་སྲས། །སློབ་མར་གྱུར་པའི་འཕགས་པ་དང་བཅས་འཁོར་ཚོགས་བྱེ་བ་ཁྲག་

ཁྲིག་གིས། །མདུན་ནས་ལེགས་པར་བདར་བའི་ངོ་མཚར་རྒྱུ་སྐར་ཚོགས་ཀྱི་དོ་ཤལ་ཅན། །ཀུན་དུ་ཕན་པ་གཞོན་ནུས་བརྒྱན་བཞིན་མཛེས་པར་གྱུར་པ་གང་དག་ཡོད། ༧ །འདི་<*བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།> ན་བསོད་ནམས་མྱུ་གུ་གཞོན་ནུས་ཕྱོགས་རབ་དཀྲིགས་པ་དབྱར་གྱི་དཔལ། །གནས་
སྐབས་མཐར་ཐུག་སྙིང་པོ་གང་ཡིན་སྟོན་དུ་ཉེ་བར་བསུ་བའི་ཚེ། །གང་བསམ་དོན་གྱི་སྙེ་མ་ཀུན་ནས་སྨིན་བྱེད་དུས་ཀྱི་རྒྱལ་མོ་ཡིས། །བསྔོ་བྱ་སྨོན་པའི་དངོས་པོ་ཐམས་ཅད་སྙན་དངགས་དམ་པའི་རྒྱང་གླུ་ལེན། ༨ །<*རབ་ཏུ་སྤེལ་བ།> འོན་ཏེ་སྐྱེ་བའི་འཁྲི་ཤིང་གར་མའི་ལག་པ་
བཞིན་དུ་བསྒྱུར་བའི་ཚེ། །གཡོ་སྒྱུའི་གཏམ་དང་ཀྱལ་བ་ལ་སོགས་འཕྱོན་འདྲིད་སྤངས་པ་ཡང་མི་དྲན། །དྲང་སྲོང་ངག་གི་མཚོན་ཆ་རྣོན་པོར་ལྡན་པའི་སྐྱེ་བ་ཉིད་ཀྱང་མིན། །རིག་སྔགས་གྲུབ་པའི་གཙུག་ཏོར་ཡང་མིན་དེ་སྲིད་ཐམས་ཅད་གཞན་གྱི་དབང༌། ༩ །<*སྤང་གནས་མེད་པའི་བྱེད་རྒྱུ།> དེ་སླད་དུ་ནི་
བགྲང་ལས་འདས་པའི་སྐྱེ་བར་སྐྱོན་རྣམས་བསྐམས་བྱས་པས། །ཡོན་ཏན་མཐའ་དག་ལྷུན་གྲུབ་རང་བཞིན་དབུགས་ཀྱི་རྒྱུ་བའི་རྒྱུན་རེར་ཡང༌། །གཞན་དོན་ཉིད་དུ་མི་འགྱུར་འགའ་ཡང་མེད་པའི་དབང་བཅུ་ལྡན་པ་རྣམས། །དེ་རིང་བདག་ཅག་ཇི་ལྟར་སྨོན་པ་སྙིང་པོ་
ཀུན་གྱིས་ལྕི་བར་མཛོད། ༡༠ །<*རབ་རྟོག་བཞིན་སྒྲ་ཅན།> ཕྱག་གི་འོས་གྱུར་དེ་དག་སོ་སོའི་སྤྱན་སྔ་རུ། །གྲངས་མེད་སྤྲུལ་པའི་སྨྲ་བ་མཁས་པ་དང་འགྲོགས་ཏེ། །ཡོན་ཏན་ཕུང་པོ་གཏམ་དུ་གླེང་བའི་ཁུར་ལྕི་བས། །ཡན་ལག་ལྔ་ཡང་དུབ་པས་ས་ལ་ངལ་བསོ་བཞིན། ༡༡ །<*བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།> རང་སེམས་སྒྱུ་མའི་རྒྱལ་པོ་འདིས་ནི་སྐད་ཅིག་རེར།> །
བསྐལ་པ་ཀུན་གྱི་ཉེར་སྤྱད་ཉིད་དུ་རྟག་འཇོ་བའི། །གྱ་ནོམ་མེ་ཏོག་བདུག་པ་ལ་སོགས་ལྷ་མིའི་དཔལ། །སྣང་སྟོང་མཆོད་པའི་ལྟད་མོ་ཅི་ཡང་ངོམ་ལ་དགའ། ༡༢ །<*རིགས་མཐུན་ལྡོག་པ་ཅན།> ཞོ་འཐུང་རུས་པའི་སྤྱད་ཀྱིས་བརྡར་ཡང་ཉམས་པ་མེད། །པཀྵུའི་
རྒྱུན་གཙང་ཕབ་པས་ཀྱང་ནི་དག་མིན་པའི། །རང་བཞིན་བཅས་པར་བགོས་པའི་དྲི་མ་ནག་པོ་ཡིས། །ཐར་པ་སྒྲིབ་པར་བྱེད་དེ་སྟོབས་བཞིའི་ཆོ་གས་སྦྱང༌། ༡༣ །<*རྨད་དུ་བྱུང་བའི་དཔེ།> ཟླ་གཞོན་ཡིད་འོང་ཟེར་གྱི་ཐིགས་པ་འཛག་པ་འདིས། །འཁོར་བ་མྱ་ངན་ལས་འདས་

དགེ་བ་དཀར་པོ་ཡང༌། །ཆེས་དཀར་བྱེད་པའི་ནུས་པ་ཡོད་ན་ད་ལྟ་བདག །དགེ་ལ་ཡི་རངས་བསྒོམས་པའི་རྗེས་སུ་ཅིས་མི་འགྲོ། ༡༤ །<*འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ།> ཡོན་ཏན་མ་རྫོགས་དེ་སྲིད་དབེན་པ་ལ་དགའ་མོད། །མི་མཆོག་བདུད་རྩིའི་གཏམ་ལ་སྤྲོ་མེད་རིགས་པ་མིན། །གོང་བུར་འཐུམས་པའི་ཆུ་སྐྱེས་སྒྲ་མེད་ཡུར་
བའི་ལས། །འདབ་སྟོང་ཡོངས་སུ་གྲོལ་བས་མི་འོས་པ་མིན་ནམ། ༡༥ །<*གཞན་གྱི་དབང་གིས་འགོག་པ།> ཟབ་ཞི་བདེ་དབྱིངས་སྤྲོས་པ་བརྟུལ་ལ་དགྱེས་པ་རྣམས། །རྒྱལ་བའི་སྲས་ཆེན་འགྲོ་ལ་སྙིང་རྗེས་སེམས་འཁྲུགས་ནས། །དུས་དྲུག་རྒྱལ་བའི་ཐུགས་རྗེས་བསྐུལ་བ་ཐམས་ཅད་
ལ། །གྲོས་སུ་དྲིས་དང་བདག་ཀྱང་དེ་དང་མཐུན་པར་སྨྲ། ༡༦ །<*མ་བསྡུས་པའི་གཟུགས་ཅན།> དེ་ལྟའི་ཞིང་བསམ་སྦྱོར་བ་དག་པའི་མྱོས་བུམ་ལས། །དགེ་བའི་ཟིལ་མངར་མུ་ཏིག་མདངས་འཚེར་རབ་འཐུངས་པས། །ཡོན་ཏན་མི་ཟད་མཆོག་གི་ལང་ཚོ་དར་བའི་འཛུམ། །ཆོས་ཀྱི་འོད་
རླབས་བྱེ་བ་ཕྲག་མང་གསལ་གྱུར་ཅིག ༡༧ །འདི་<*ཡན་ལག་གཅིག་པའི་གཟུགས་ཅན།> ན་རིང་མོའི་དུས་ན་རྒྱལ་བའི་བསྟན་པ་ལ། །ཕན་པའི་སྨོན་ལམ་སྙན་དངགས་དམ་པའི་སྐུད་པ་ཡིས། །ལན་བརྒྱར་བཙེམས་པ་དུས་འདིར་སྡོམ་བརྩོན་རྒྱལ་པོ་ཡི། །བརྟུལ་ཞུགས་ལ་བརྟེན་དམ་པའི་ཚུལ་
ལ་སྤྲོ་བ་ཅན། ༡༨ །གང་དེ་ཇེ་<*མ་བསྡུས་པའི་གཟུགས་ཅན།> མཐོའི་རིགས་ཀྱི་མ་ལ་ཡ་ཡི་ནགས། །སྐྱེ་བ་དམ་པའི་དཔལ་གྱི་དུམ་བུར་འཁྲུངས་གྱུར་པ། །གང་ཚེ་མཆེད་ཟླར་གྱུར་པའི་སཱ་ལ་ཟུང་དང་བཅས། །བྱང་ཆུབ་སྤྱོད་པར་ཡང་དག་ཞུགས་པའི་དགའ་སྟོན་དུ། ༡༩ །<*བྱ་བ་བརྗོད་པ་ཐ་མའི་གསལ་བྱེད།> དྲང་སྲོང་ཆེན་
པོའི་བཀའ་ལུང་ཡོངས་ཀྱི་རྣམ་པར་འགྲེལ། །འཇིག་རྟེན་ཁམས་སུ་རིང་པོར་བརྟན་པའི་ཆོ་ག་རུ། །མི་ཟད་ཆོས་ཀྱི་གཏོང་བ་རྟག་ཏུ་འབྱུང་བའི་དཔྱིད། །པར་ཞེས་བྱ་བའི་ཡི་གེ་རབ་ཏུ་གསལ་བ་བསྐྲུན། ༢༠ །ཚུལ་<*ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད།> འདི་ཐོག་མར་མངོན་
པར་བརྩམས་པའི་གཡར་དམ་བཅས། །བར་དུ་སྙིང་སྟོབས་ཞུམ་པ་མེད་པར་གཏོང་བ་རྩོམ། །ཐ་མར་ལེགས་པར་ཕ་རོལ་ཕྱིན་ལ་དགྱེས་པའི་འཛུམ། །བརྒྱ་ཕྲག་གྲོལ་བ་ལས་བྱུང་དགེ་བ་དཀར་པོ་དང༌། ༢༡ །<*སྟོང་བ་མཚུངས་པའི་རབ་སྤེལ།> དེ་ཡི་དྲིན་གྱིས་སྲིད་པ་

གསུམ་གྱི་ཁོངས་དག་ཏུ། །བསོད་ནམས་གོམ་པ་བགྲང་དུ་མེད་པ་གང་དག་བཀོད། །དུས་གཞན་དུ་ཡང་སྡིག་པའི་སྙིང་ལ་འབིགས་སྙམ་ཅན། །བདེ་བའི་འབྱུང་གནས་ཟླ་འོད་འདྲ་བ་བསགས་པ་དང༌། ༢༢ །མི་<*དངོས་པོའི་དཔེ།> བདག་འཁོར་ལོ་རིན་ཆེན་གང་དུ་བགྲོད་པ་
དེར། །དཔུང་གི་ཚོགས་ཀྱང་དེ་ན་མངོན་ཕྱོགས་རྒྱུ་བ་བཞིན། །དེང་འདིར་ས་བདག་ཆེན་པོས་དགེ་བ་བརྩམས་རྗེས་སུ། །དངོས་དང་བརྒྱུད་པའི་གྲོགས་ལྡན་གང་དག་ཡོད་པ་དང༌། ༢༣ །ལེགས་<*ཡོངས་སུ་བརྗེས་པ།> བྱས་གང་ལས་འཕོས་པར་གྱུར་པའི་ཡི་གེའི་འཛུམ། །ཕྱོགས་ཀྱི་དཀྱིལ་
འཁོར་མཛེས་པའི་རྒྱན་དུ་ལེགས་བྱིན་པས། །དེ་དག་ཀུན་ནས་དམ་པའི་ཆོས་ཕྱིར་དམིགས་པའི་རྫས། །གང་དག་ལེགས་བསྟབས་འགྲོ་བ་རྣམས་ཀྱི་དགེ་བས་མཚོན། ༢༤ །ཕྱོགས་<*ཡོན་ཏན་བརྗོད་པ་ཐ་མའི་གསལ་བྱེད།> བཅུའི་དེ་བཞིན་གཤེགས་པ་སྲས་དང་སློབ་མར་བཅས། །དང་པོར་ཐེག་པ་
གང་དང་གང་དུ་ཞུགས་པ་ནས། །དེ་དེའི་བྱང་ཆུབ་སྙེ་མ་ཉིད་དུ་རབ་སོང་བ། །ཕྲིན་ལས་འགྲོ་བའི་དཔལ་དུ་གནས་གྱུར་དགེ་བ་དཀར། ༢༥ །དེ་<*ལྡན་པའི་གཟུགས་ཅན།> བཞིན་སོ་སོ་སྐྱེ་བོར་གཏོགས་པ་གང་དག་གིས། །ཀུན་གཞིའི་ཞིང་ལ་བཅས་དང་རང་བཞིན་རྣམ་པར་དཀར། །ས་
བོན་མ་རྨས་གང་དག་བཏབ་པ་ཡི་རང་གི། །འཛུམ་རླབས་མུ་ཏིག་མདངས་སུ་གསལ་བས་མདུན་བསུའོ། ༢༦ །ཨེ་<*སྤངས་ནས་མེད་པའི་བྱེད་རྒྱུ།> མ་ཡོངས་བསྔོ་མཁས་པ་རྣམས་ཀྱི་བློ་གྲོས་ལ། །མཚན་མར་དམིགས་པའི་ཟུག་རྔུ་གཞར་ཡང་ཡོད་མ་ཡིན། །དེ་ཕྱིར་དམ་པ་རྣམས་ཀྱི་རྣམ་
པར་བྱང་བ་ཡི། །ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་ཚུལ་དུ་འཕེལ། ༢༧ །<*འདི་ནས་བརྩམས་ཤིས་པ་བརྗོད་པའི་རྒྱན་ཏེ་མ་བསྡུས་པའི་གཟུགས་ཀྱིས་སྤྱིར་ཤེས་པ་བརྗོད་པ་ནི།> དེ་བཞིན་འདིར་ཡང་སྨན་འདོད་སེམས་ཀྱི་རྒྱལ་པོ་དང༌། །མཉམ་འགྲོགས་དམིགས་པས་སྟོང་པའི་ཤེས་རབ་འཁོར་ལོ་ཡིས། །བསོད་ནམས་ཚོགས་ཀྱི་རྒྱ་མཚོའི་ཕ་རོལ་ཕྱིན་
འགྲོ་བས། །བྱང་ཆུབ་མཆོག་ཏུ་སྒྱུ་མའི་རོལ་པས་འཇུག་གྱུར་ཅིག ༢༨ །ཚུལ་ཆེན་<*གཞི་གཅིག་གིས་ལས་འགལ་བའི་ཤིས་བརྗོད།> གང་གིས་དགེ་བ་བཟང་པོར་རློམ་པ་ཡི། །མཚན་མས་བྱང་ཆུབ་རེག་པར་བགྱི་བ་མེད་ན་ཡང༌། །དེ་མཐུས་

འགྲོ་བ་ཐམས་ཅད་མི་གནས་མྱ་ངན་ལས། །འདས་པའི་གོ་འཕང་སྟེར་བའི་བདེན་པས་སྲུང་གྱུར་ཅིག ༢༩ །<*ཡན་ལག་གཅིག་པའི་གཟུགས་ཅན།> དེ་འདྲའི་གོ་འཕང་བླ་ནས་བླ་མར་བྱར་མེད་པའི། །ཡོན་ཏན་གཞལ་དུ་མེད་པའི་ཁང་པ་ཉམས་དགའ་བར། །བདེ་བར་འདོད་པ་སྣ་ཚོགས་ཐེག་པའི་རིམ་པ་ཅན། །ཐུབ་
དབང་བསྟན་པ་སྐྱེ་དགུའི་བླ་ན་བརྟན་གྱུར་ཅིག ༣༠ །<*དགའ་བའི་འགྱུར་བ་སྒེག་པའི་ཉམས་དང་ལྡན་པ།> བཀའ་དོན་ཟབ་དང་རྒྱ་ཆེའི་དགོངས་པ་མ་ལོན་པར། །ཕལ་ཆེར་མ་རྟོགས་ལོག་རྟོགས་འཕྱང་མོ་ཉུག་གི་གཡང༌། །འཕྱན་པ་གང་ཚེ་ཡང་དག་ཉིད་དུ་རྣམ་བཀོད་པའི། །འཆོས་སྐྱོབ་དམ་པའི་
ཆོས་འདི་འགྲོ་བས་འཇི་ལྟར་ཐོབ། ༣༡ །<*ཁྱད་པར་བཅས་པའི་གཟུགས་ཅན།> ད་ཀོ་ལེགས་པར་ཐོབ་པ་མཁས་པའི་ཚོགས་རྣམས་ཀྱིས། །བཤད་དང་སྒྲུབ་པའི་གོས་མཆོག་རྣམ་པར་བརྩེགས་པའི་རྩེར། །ཡང་དག་བཀོད་པ་ས་གསུམ་དགེ་བའི་རྒྱལ་མཚན་དུ། །གཟི་བྱིན་རབ་ཏུ་འབར་བར་
རྟག་ཏུ་རྒྱལ་གྱུར་ཅིག ༣༢ །<*ཆ་ཤས་ཅན་གྱི་གཟུགས་ཅན།> ལུགས་མཆོག་དེ་དག་མ་ནོར་ཐུགས་ཀྱི་དཔལ་བེའུ་རུ།> །ཡོངས་སུ་བཟུང་ནས་ལེགས་པར་འདོམས་ལ་ཟླ་མེད་པའི། །གཟུངས་དང་ཏིང་ངེ་འཛིན་དང་ཤེས་རབ་སྤོབས་པའི་གཏེར། །ས་སྐྱ་པ་སྟེ་ཁམས་གསུམ་ཆོས་ཀྱི་སྒྲོན་
མ་ཆེ། ༣༣ །<*མ་བསྡུས་པའི་གཟུགས་ཅན།> གང་དེའི་ལུང་རྟོགས་ཆོས་ཀྱི་རྒྱལ་སྲིད་མཐོན་པོ་ནས། །ཕྲིན་ལས་དམ་པའི་གསེར་སྦྱངས་འཁོར་ལོ་རིང་སོང་བ། །ཐུབ་པའི་རྒྱལ་ཚབ་ཡོངས་ཀྱི་རྒྱལ་པོ་ཨེ་ཝཾ་པའི། །ལུགས་མཆོག་སྲིད་པ་གསུམ་གྱི་ཁོངས་སུ་གསལ་གྱུར་ཅིག ༣༤ །<*མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།> དེ་སོགས་གངས་ལྡན་
རི་བོའི་དོ་ཤལ་གྱིས་མཛེས་པའི། །ལྗོངས་སུ་རྒྱལ་བའི་རིང་ལུགས་ཡང་དག་སྨྲ་བའི་མཆོག །མང་པོས་བྱི་དོར་ལེགས་བྱས་ཕྲིན་ལས་གང་དག་ཡོད། །ཆར་ལྡན་དུས་ཀྱི་ཆུ་ཡི་གཏེར་ལ་འགྲན་གྱུར་ཅིག ༣༥ །སོ་<*་མཐའ་དག་གི་གཟུགས་ཅན།> སོ་ཐར་པའི་བསླབ་གཞིའི་
རྩ་བ་ཤིན་ཏུ་བརླིང༌། །རྒྱལ་སྲས་སྤྱོད་པའི་ཡུལ་འདབ་ཁོར་ཡུག་ཡངས་པར་བརྐྱང༌། །གསང་ཆེན་གདམས་པའི་འབྲས་བུ་གཡུར་དུ་ཟ་གྱུར་པའི། །ཡོངས་འཛིན་འདོད་དགུའི་ལྗོན་པ་ཐམས་ཅད་བརྟན་གྱུར་ཅིག ༣༦ །<*བྱ་བའི་རང་བཞིན་བརྗོད་པ།> ཚིག་དོན་གཟུང་བདེ་རྟོགས་པར་སླ་དང་ཟབ་

རྒྱ་ཆེ། །སྐབས་སུ་གང་བབས་གཞུང་གི་དགོས་པ་བསྡུས་པའི་དོན། །སྒྲ་དོན་མཚམས་སུ་སྦྱོར་དང་བརྒལ་ལན་བཅས་པ་ཡིས། །ལེགས་པར་འདོམས་པས་ས་སྟེངས་ཐམས་ཅད་མཛེས་གྱུར་ཅིག ༣༧ །<*རིག་བྱེད་གཞུང་གི་ལོ་རྒྱུས་ལས་དྲངས་པའི་མཐའ་དག་གཟུགས་ཅན།> གཞལ་བར་བྱ་བ་ཕ་རོལ་ཕྱིན་དཀའི་ས་ཆེན་གསུམ། །འཇལ་བྱེད་
ཚད་མའི་གོམ་པ་གསུམ་གྱིས་གནོན་བྱེད་པའི། །རིགས་ལུང་འདོམས་པའི་བློ་གྲོས་པད་དཀར་མིག་ཅན་གྱིས། །ལོག་པར་སྨྲ་བའི་བཅུད་བྲལ་རྐང་འོག་འཆིང་གྱུར་ཅིག ༣༨ །ཉམས་<*མ་བསྡུས་པའི་གཟུགས་ཅན།> འགྱུར་རོ་ལྡན་སྒྲ་དོན་རྒྱན་གྱི་ནགས་ཁྲོད་ནས། །གཙུག་
ལག་རབ་འབྱམས་བཅད་ལྷུག་སྤེལ་མའི་ལེགས་བཤད་ཀྱི། །གླུ་རུ་འཇོ་བས་མང་ཐོས་སེམས་ཀྱི་རི་དྭགས་ཀྱང༌། །དཀའ་བ་མེད་འཛིན་སྨྲ་མཆོག་བྱེ་བས་མཛེས་གྱུར་ཅིག ༣༩ །<*དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན།> གུར་གུམ་རྒྱས་པའི་ནགས་སྟུག་བུང་བའི་སྒྲ་སྙན་ཅན། །ཚུལ་ཁྲིམས་དག་པའི་དྲི་
ཡིས་རྣམ་དབེན་ཀློག་འདོན་གྱི། །སྒྲ་དབྱངས་རྫོགས་པ་མིན་ནོ་ཡོན་ཏན་དེ་དག་གིས། །རིང་པོར་འཕགས་པ་འདུས་པའི་ཚོགས་ཀྱིས་གཏམས་གྱུར་ཅིག ༤༠ །<*སྐྱེད་བྱེད་འགྲུབ་པའི་རྒྱུ།> དེ་མཐུས་ལྗོངས་ཀྱི་ཐིག་ལེ་འདིས་མཚོན་འཇིག་རྟེན་ཁམས། །དཀར་པོའི་ཕྱོགས་སུ་འཛུམ་
བརྒྱ་གྲོལ་བའི་ཡིད་བཟངས་རྣམས། །དུས་སུ་ཡིད་འོང་ཆུ་འཛིན་སྟུག་པོ་ཉིད་དུ་བྲེས། །ཆར་ཟིམ་ཨུཏྤ་ལ་ཡི་འདབ་འདྲ་འབེབས་པ་དང༌། ༤༡ །<*རྨད་དུ་བྱུང་བའི་ཉམས་ལྡན།> ལྗོན་ཤིང་ལོ་འདབ་སྟུག་པོར་རྒྱས་པའི་གུར་ཁྱིམ་འབུབ། །རྩ་ལྗང་ལོ་མས་སེར་བུ་འཇོ་བའི་རླུང་ཡབ་གཡོབ། །རེས་འགའ་
ཆུ་གཙང་ཟིལ་པ་སྦྲེང་བའི་འཐོར་ཡབ་བྱེད། །མེ་ཏོག་གད་མོར་དགོད་པ་བཅས་པས་མཛེས་གྱུར་ཅིག ༤༢ །<*ཕྱི་ཤེས་པར་བྱེད་པ།> རྨ་མེད་ཆུ་བས་བཏུང་བ་ལན་མང་འཐུངས་པའི་རོས། །སྡོང་ལྕུག་ལོ་འདབ་སྟུག་པོར་འཁྲུངས་པའི་རྩེ་མོ་ནས། །དུས་སུ་ལང་ཚོ་དར་ལ་བབ་གྱུར་འབྲས་བུའི་
ཚོགས།། ལེགས་པར་ཡོངས་སུ་དུད་པའི་ཁུར་གྱིས་ལྕི་གྱུར་ཅིག ༤༣ །<*མ་བསྡུས་པའི་གཟུགས་ཅན།> གདེངས་ཀ་རབ་ཏུ་གཡོ་བས་མཛེས་པའི་ལྟོས་འཕྱེ་རྣམས། །རངས་པའི་རྣམ་འགྱུར་དུས་སུ་ཉལ་འགྲོའི་བུ་མོ་དག །ཆབ་སྒྲ་སྙན་པའི་གླིང་བུ་བསྒྱུར་བས་རི་ཀླུང་དང༌། །ནགས་ཚལ་མཛེས་པའི་

གར་སྟབས་བསྒྱུར་བ་སྤེལ་གྱུར་ཅིག ༤༤ །<*ནང་ཤེས་པར་བྱེད་པ།> གང་ཚེ་མཐོང་བའི་ཆོས་ཀྱི་བདེ་ལ་རབ་སྲེད་པའི། །འགྲོ་འདི་ཇི་ལྟར་མངོན་པར་འདོད་པའི་ལོངས་སྤྱོད་ཕྱིར། །ལུས་སེམས་མནར་གྱིས་དོགས་པའི་རྒྱ་ལས་གྲོལ་བའི་ཁས། །སྙན་པའི་གླུ་ལེན་གར་གྱི་རྩེ་འཇོར་རོལ་གྱུར་ཅིག ༤༥ །<*སྐབས་མ་ཡིན་པར་བསྟོད་པ།> མ་ལ་སྙིགས་
མའི་རང་སྟོབས་ཤིན་ཏུ་བདོ་གྱུར་པའི། །རྐུ་དང་འཕྲོག་དང་ཚོང་འཕྲུལ་འཁོར་བའི་སོ་ནམ་སོགས། །བློ་མང་རྗེས་སུ་མི་རྒྱུག་ནགས་ཀྱི་རི་དྭགས་རྣམས། །རྩ་དང་མྱུ་གུས་འཚོ་ལ་འཚེ་བར་མ་གྱུར་ཅིག ༤༦ །<*སྙིང་རྗེའི་ཉམས་ལྡན།> རིང་ནས་ལན་གྲངས་བསྟེན་པའི་ཉེར་འཚོས་བོར་བའི་
ལུས། །རིང་པོར་གྱུར་པ་འདོད་པ་གོམ་པའི་སྟབས་འཁྱོར་ཞིང༌། །བཟའ་དང་བཅའ་བའི་ཡི་གེ་རྣམ་འཁྲུགས་བཟླས་བརྗོད་ལ། །བརྩོན་པའི་དུས་དེ་མིང་གི་ལྷག་མ་ཉིད་གྱུར་ཅིག ༤༧ །<*ཆོས་ཀྱི་དཔེ།> ཚ་དང་གྲང་བ་འདུས་པ་ལས་གྱུར་མི་བཟད་པའི། །ཟུག་རྔུ་དྲག་པོ་རལ་གྲིའི་ལྕེ་
བཞིན་རྐྱོང་བ་ཡིས། །བདེ་བའི་འཚོ་བ་དུས་མ་ཡིན་པར་བཟའ་ཕྱིར་དུ། །རྣམ་པར་གླལ་བའི་འཇིགས་པ་ཐམས་ཅད་མེད་གྱུར་ཅིག ༤༨ །<*འཇིགས་རུང་གི་ཉམས་ལྡན།> ཁྲག་དམར་རླངས་པའི་ན་བུན་འཕྱུར་བ་ཀླད་པའི་སྣོད། །བཏུང་བས་ཆེར་མྱོས་མིག་གིས་གཞན་སྲོག་ལ་བལྟ་བས། །ཕྱོགས་ཕྱོགས་
རྒྱུག་པའི་སྲིན་པོ་འབྱུང་པོ་ཡི་དྭགས་རྣམས། །བྱམས་པའི་སེམས་ཀྱིས་འགྲོ་ལ་མཉེས་གཤིན་གནས་གྱུར་ཅིག ༤༩ །<*དྲག་ཤུལ་གྱི་ཉམས་ལྡན།> ཁྲག་གིས་གཡོས་པའི་མིག་བསྒྱུར་སྨིན་མ་རབ་གཅུས་ནས། །རྣོ་མཚོན་མི་བཟད་འཕེན་ཞིང་འདེབས་པའི་ཚེག་སྒྲ་དང༌། །སོད་རྒྱོབ་ང་རོ་
དྲག་པོས་གནམ་སའི་དཀྱིལ་འཁོར་ཡང༌། །དོག་མོར་བགྱིད་པའི་འཁྲུག་རྩོད་ཐམས་ཅད་ཞི་གྱུར་ཅིག ༥༠ །<*ཏིང་ངེ་འཛིན་གྱི་རབ་རྟོག> འགྲོ་བ་ཀུན་ཀྱང་འཇིག་རྟེན་ཡང་དག་ལྟ་ལ་གཞོལ། །རང་དབང་དཔལ་གྱིས་ཆོག་ཤེས་འཐུང་ལ་རབ་དགའ་བས། །མཛའ་གཅུགས་བྱམས་པའི་
ཡོན་ཏན་བཞིན་ལ་འཁྱུད་མཐོང་ནས། །རུས་པའི་གེ་སར་དགའ་བས་དགོད་བཞིན་བསྟི་གྱུར་ཅིག ༥༡ །<*མཐའ་དག་གཟུགས་ཅན།> བསོད་ནམས་དཔལ་འབྱོར་པདྨའི་རྫིང་ཆེན་འཁྱིལ་བའི་ནང༌། །རིང་འཚོའི་རྟེན་གྱི་ངང་མོས་རྣམ་པར་རྩེན་པ་ཡིས། །བདེ་སྐྱིད་ཁོང་

ནས་རྒྱས་པའི་གད་མོ་རྫ་རྔ་ཡི། །དབྱངས་སུ་རྟག་པར་འབྱིན་པས་འཇིག་རྟེན་མཛེས་གྱུར་ཅིག ༥༢ །<*འདི་ནས་བརྩམས་ཏེ་བྱེ་བྲག་ཏུ་ཤིས་པ་བརྗོད་ཅིང་བསྔོ་བ་ཡོན་ཏན་གྱི་རང་བཞིན་བརྗོད་པ།> ཁྱད་པར་འཕགས་པའི་ཡུལ་འཁྲུངས་མཁས་པའི་མཆོག་རྣམས་ཀྱིས། །ལེགས་པར་བཤད་པ་འདི་ན་མི་བདག་བསོད་ནམས་སྟོབས། །གང་དག་ཐོབ་པ་རྒྱས་པར་
སྤེལ་བའི་ཕྲིན་ལས་འདི། །ཕྱོགས་ཀྱི་དཀྱིལ་འཁོར་ཀུན་དུ་ཡོངས་སུ་དར་བ་དང༌། ༥༣ །དེ་<*རིགས་པའི་རྒྱུ།> དེར་གང་དག་གུས་པས་ཉན་དང་ཀློག་དང་འཛིན། །བསམ་གྱིས་མི་ཁྱབ་བཀུར་སྟི་རྒྱ་ཆེར་བགྱིས་པ་ཡི། །བསོད་ནམས་
ཕུང་པོ་དང་འགྲོགས་བྱིན་གྱིས་བརླབས་པ་ཡིས། །ཐོག་མ་བར་མཐའ་ཀུན་དུ་དགེ་ལེགས་འཕེལ་གྱུར་ཅིག ༥༤ །<*རང་བཞིན་བརྗོད་པ་ལ་རབ་རྟོག་གིས་བརླིང་བ།> འཇམ་དཔལ་གཞོན་ནུས་མངོན་པར་སྤྲུལ་པའི་སྐྱེས་བུ་ཆེ། །མང་དུ་ཐོས་པ་ཀུཾན་དགཾའ་བསྐྱེད་པའི་བླཾོ་གྲོཾས་གཏེར། །གྲཾགས་པཾའི་
ཡི་གེའི་གད་མོ་ལྷང་ལྷང་དགོད་སྙམ་ཅན། །ལྷར་བཅས་འགྲོ་བའི་གཙུག་ན་རྟག་པར་བརྟན་གྱུར་ཅིག ༥༥ །<*ཡོན་ཏན་གྱི་རང་བཞིན་བརྗོད་པ།> སྲིད་པ་གསུམ་པོ་ཆོས་ཀྱི་བཾཀྲ་ཤིཾས་སྙིང་པོ་ཅན། །མངོན་པར་སྒྲུབ་ལ་མཁྱེན་དང་བརྩེ་བ་ནུས་པའི་བདག །གང་དེས་དོན་
གཉིས་ལྷུཾན་གྱིས་གྲུཾབ་པའི་གོ་འཕང་ནས། །བཞེད་པའི་སྙིང་པོ་གང་ལ་བཅིང་དེ་རྫོགས་གྱུར་ཅིག ༥༦ །དཔཾལ་<*ཡོན་ཏན་གྱི་རང་བཞིན་བརྗོད་པ།> ལྡཾན་གཉིས་སུ་མེད་པར་གསུང་བ་སྲས་དང་བཅས། །མ་ལུས་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་སྒྱུ་འཕྲུལ་གྱིས། །ལུང་རྟོགས་ཆོཾས་
ཚུལ་སྐྱོངཾ་བ་ཡོངས་ཀྱི་གཙུག་ཏོར་ཆེ། །ཕྲིན་ལས་ས་ཆེན་གསུམ་དུ་ཁྱབ་པར་བརྟན་གྱུར་ཅིག ༥༧ །སྐྱེ་བ་<*བསམ་པ་རྒྱ་ཆེ་བ།> དུ་མར་དམ་པའི་སྤྱོད་པར་གོམས་པའི་བློ། །བདེ་གཤེགས་བསྟཾན་པཾ་རྣམ་པར་རྒྱས་པའི་དཔུང་གཉེན་དུ། །ཚེཾ་རབས་རིཾང་མོའི་དུས་ནས་
འབྲེལ་པ་རྒྱལ་བའི་སྲས། །དུས་འདིར་མི་བདག་ཚུལ་གྱིས་བྱ་བ་ལེགས་བྱས་པ། ༥༨ །<*ཡན་ལག་གཉིས་པའི་གཟུགས་ཅན།> གང་དེ་དགེ་བའི་ལས་ལ་འདུན་ལྡན་བཙུན་མོར་བཅས། །ཚོགས་གཉིས་རྒྱ་མཚོ་རྣམ་པར་བརྒལ་བའི་ཕ་མཐའ་ནས། །སྤངས་

དང་རྟོགས་པའི་ཡོན་ཏན་རིན་ཆེན་མི་ཟད་གཏེར། །རིང་པོར་མི་ཐོགས་ཐོབ་པའི་སྐལ་བ་སྦོམ་གྱུར་ཅིག ༥༩ །༩*འབྱུང་མིན་གྱི་དཔེ།> ལུས་ཅན་སྤྱི་ཡིས་ལེགས་བྱས་ཕུང་པོ་གང་དག་བསགས། །ཐམས་ཅད་ཁྱབ་འཇུག་ལྟེ་བ་ལས་སྐྱེས་མེས་པོ་དེས། །འདི་ན་གཅིག་ཏུ་སྤུངས་པ་ལྟ་བུའི་
ས་གཞི་སྐྱོང༌། །གནམ་གྱི་མཐོངས་ནས་བསྐོས་པའི་སྡོམ་བརྩོན་བླ་མ་ཆེ། ༦༠ །ཀུཾན་<*རིག་བྱེད་གྱི་ལོ་རྒྱུས་ལས་དྲངས་པའི་མཐའ་དག་གཟུགས་ཅན།> དགཾའ་བསྐྱེད་པའི་སྙིང་སྟོབས་བིཥྞུའི་འཇུག་པ་ཡིས། །ཕྲིནཾ་ལསཾ་རྒྱཾ་མཚོཾའི་འཇིང་ནས་ལངས་པའི་ཕྲག་པ་རུ། །གཞལ་དུ་མེད་པའི་ལེགས་བྱས་ས་གཞི་ཆེན་པོ་འདི།
གྱེན་དུ་ཁྱེར་ལ་བསྙེངས་པ་ཕྲལ་བའི་སྡོམ་བརྩོན་ཆེ། ༦༡ །གང་<*ལྡན་པའི་གཟུགས་ཅན།> དེའི་སྐྱེ་བའི་སྙུག་གུ་གང་དག་བསྒྱུར་བ་ཡིས། །རབ་དང་ཡིད་ལ་དམ་བཅའི་ཡི་གེ་རྣམ་བཀོད་པ། །ཀུན་གྱི་སྙིང་པོ་བླ་ན་མེད་པ་ཁམས་གསུམ་པའི། །དོན་བྱེད་
ཆོས་ཀྱི་རྒྱལ་པོའི་གོ་འཕང་དེ་ཉིད་དོ། ༦༢ །དེ་<*ཏིང་ངེ་འཛིན་གྱི་རབ་རྟོག> ནི་མངོན་པར་འགྲུབ་བྱེད་དཔག་ཏུ་མེད་རང་བཞིན། །དེ་མཐའ་མཁའ་འདིས་ཕྱོགས་བཅུར་བཙལ་ཡང་མ་རྙེད་པར། །ད་དུང་དངོས་པོ་ཀུན་ལ་ཁྱབ་པར་ཉུལ་འདྲ་ཡི། །ཟབ་དང་ཡངས་པའི་
ཚོགས་གཉིས་ཤིན་ཏུ་འཕེལ་གྱུར་ཅིག ༦༣ །<*མཐའ་དག་གཟུགས་ཅན།> ཡང་འབྱུང་སྲིད་པར་ཚུལ་ཁྲིམས་དག་པའི་ཤིང་རྟར་བརྟན། །རྒྱལ་བའི་གསུང་རབ་ཀུན་གྱི་སྣང་བ་ལེགས་བཟུང་ནས། །ཕྱོགས་བཅུའི་སེམས་ཅན་ཁམས་སུ་ལེགས་པར་བཤད་པའི་འོད། །རྒྱ་
ཆེར་གཏོང་བ་སྨྲ་བའི་ཉི་མ་ཐོབ་གྱུར་ཅིག ༦༤ །སྐྱེ་<*རབ་ཏུ་སྤེལ་པ།> བ་འདིར་ཡང་ཞབས་སེན་འཆར་ཀའི་དམར་མདངས་ཅན། །བརླིང་བར་བཀོད་པས་ཤིན་ཏུ་མཛེས་བྱས་གསེར་གྱི་ཁྲི། །ཆེར་རློམ་མི་བདག་ཕལ་གྱི་སྤྱི་བོའི་ང་རྒྱལ་གཞུ། །དགེ་བའི་
རྒྱུད་མངས་དག་གིས་དགུག་ལྡན་དེ་ཉིད་དུ། ༦༥ །<*རིམ་པ་ཅན་གྱི་རྒྱན།> བསྐལ་པར་འཚོ་བ་སྲོག་གི་རྒྱན་དང་བསོད་ནམས་སྟོབས། །ཕྲིན་ལས་ཆབ་འབངས་བདོ་བ་གངྒཱའི་ཆབ་རྒྱུན་དང༌། །གསེར་དང་ལྡན་མ་རྡོ་རྗེའི་ཤུགས་དང་ཉི་མའི་འོད། །རིན་ཆེན་

འབྱུང་གནས་དཔལ་གྱི་རིམ་པར་སྤྱོད་གྱུར་ཅིག ༦༦ །ས་<*བྱ་བ་ཐ་དད་པའི་སྦྱར་བ།> འཛིན་བྱེ་བའི་བླ་ན་ཐོགས་པ་མེད་རྒྱུ་ཞིང༌། །གཟི་བརྗིད་འབར་བས་བླང་དོར་འབྱེད་པའི་སྡོམ་བརྩོན་གྱི། །བཀའ་ཁྲིམས་འདའ་དཀའ་ཉིད་དང་ཉི་མའི་འོད་ཀྱིས་ཀྱང༌། །འགྲོ་ཁམས་
སྙོམས་པ་བདེ་ལ་འགོད་འདི་རྒྱལ་གྱུར་ཅིག ༦༧ །<*ཡན་ལག་གཉིས་པའི་གཟུགས་ཅན།> སྐྱབས་གསུམ་འདུས་པ་བླ་མའི་མཆོག་ཏུ་གྱུར་རྣམས་ལས། །ཟབ་དང་རྒྱ་ཆེ་ཐོས་པའི་ཆོས་དོན་དཔྱོད་པ་དང༌། །བསྒོམས་པའི་ཤེས་རབ་རྣམ་སད་མིག་གིས་ལེགས་མཐོང་བའི། །ལུང་
རྟོགས་ཡོན་ཏན་གཏེར་ལ་དགས་དགུར་སྤྱོད་གྱུར་ཅིག ༦༨ །དེ་<*ཏིང་ངེ་འཛིན་གྱི་རབ་རྟོག> སོགས་བཀྲ་ཤིས་ཐམས་ཅད་རྟག་ཏུ་འཕེལ་བ་ལ། །མཐུན་པ་མིན་པའི་ཕྱོགས་སུ་གཏོགས་པ་གང་དག་ཡོད། །བསྐལ་པ་འདི་ཡི་ཕ་རོལ་ལེགས་མཐོང་རེ་བ་ཡིས། །སྟོང་པའི་
སྔས་ལ་རྨི་ལམ་སྒུགས་སྙམ་བྱེད་གྱུར་ཅིག ༦༩ །སྐྱེས<*་མཐའ་དག་གཟུགས་ཅན།> སྦྱངས་བློཾ་གྲོཾས་དཀྱིལ་འཁོར་ཀུན་ནས་གང་གྱུར་པའི། །བྱམས་ལྡན་རྒྱལ་བའི་མྱུ་གུའི་ཟླ་བ་གསར་པ་གང༌། །གནས་ལྔའི་གཞུང་ལུགས་ལེགས་པར་འདོམས་པའི་ཟེར་ཕྲེང་གིས། །
རྒྱལ་བསྟན་རྒྱཾ་མཚོཾ་རྟག་ཏུ་རྒྱས་པར་བྱེད་གྱུར་ཅིག ༧༠ །<*ངག་དོན་གྱི་དཔེ་ལས་བཞིན་སྒྲ་དུ་མ་ཅན།> གསེར་མངལ་ཅན་བཞིན་བསོདཾ་ནམཾས་མཐུ་ཆེན་མི་ཡི་བདག །རིག་བྱེད་འབྱིན་པའི་གདོང་བཞིན་ལེགས་བཤད་འབྱུང་བའི་གནས། །འཆི་བ་མེད་པའི་ཚོགས་ཀྱིས་བཞིན་དུ་ཁེངས་
ལྡན་གྱི། །སྤྱི་བོས་བཏུད་པའི་མགོཾན་པོཾ་ཉིད་དུ་རྒྱལ་གྱུར་ཅིག ༧༡ །<*མཐའ་དག་གཟུགས་ཅན།> ས་སྐྱོང་རྣམས་ཀྱི་བསོད་ནམས་ཁང་པ་རབ་ཡངས་པར། །ཆོས་ཀྱི་བློན་ཆེན་མགྲོན་དུ་གཉེར་བྱས་ཐམས་ཅད་ཀྱང༌། །དགོངས་པའི་གོམ་པ་དགེ་བའི་ལམ་
བཀོད་བཀའ་ཁྲིམས་ཀྱི། །ཁ་ལོ་སྒྱུར་ལ་ནམ་ཡང་གཡོ་བར་མ་གྱུར་ཅིག ༧༢ །<*ཕྲེང་བའི་གསལ་བྱེད།> མི་བདག་མཐུ་ཡིས་ས་སྟེངས་ཐམས་ཅད་བདེ་བར་སྐྱོང༌། །བདེ་བས་ཆབ་འབངས་ཕྱོགས་དང་ཕྱོགས་བྲལ་ཀུན་དུ་རྒྱས། །མངའ་རིས་རྒྱས་པས་

སྡེ་བཞིའི་དཔལ་འབྱོར་རྟག་ཏུ་འཛིན། །དེས་ནི་དགེ་ལེགས་གྲགས་པ་བརྟན་པར་བྱེད་གྱུར་ཅིག ༧༣ །<*རབ་སྤེལ།> རྣམ་དཀར་ལས་བཟང་འཆི་བ་མེད་པའི་གྲོང་ཁྱེར་བཞིན། །མངོན་པར་འདེགས་ལ་བློ་གྲོས་རི་ཡི་རྒྱལ་པོའི་སྟོབས། །མི་དམན་ལྷག་པའི་བསམ་པས་ཤིན་ཏུ་བརླིང་
བྱས་པ། །ཆོས་ཀྱི་མདུན་ན་འདོན་ཆེན་བཞུགས་པ་གང་ཡིན་དང༌། ༧༤ །<*བྱ་བའི་རང་བཞིན་བརྗོད་པ།> དེ་བཞིན་བདེན་པའི་ཡི་གེ་སྙིང་ལ་རྣམ་བཀོད་ནས། །ངལ་བ་ཐམས་ཅད་དམ་པའི་ཆོས་སྤྱིར་གསོད་པ་ཡི། །རྟུན་པའི་ཁུར་གཉེར་བརྡ་དག་བྱེད་དང་འདྲི་བརྐོས་སོགས། །
ཚུལ་འདིར་དྭང་བའི་འབད་པ་ཐང་རེར་བགྱིས་པ་བཅས།༧༥ །<*མཐའ་དག་གཟུགས་ཅན།> ཐམས་ཅད་ཀྱང་ནི་ཚེ་རབས་ཀུན་དུ་སྐྱེ་བའི་ཤིང༌། །དལ་བ་འབྱོར་བའི་ཡལ་ག་མ་ཚང་མེད་རྫོགས་ནས། །ཐོས་དང་བསམ་དང་བསྒོམ་པའི་ལོ་འདབ་རྒྱས་པའི་ཁྲོད། །ཡོན་ཏན་
འབྲས་བུ་གཡུར་དུ་ཟ་བས་མཛེས་གྱུར་ཅིག ༧༦ །<*ཡན་ལག་གཉིས་པའི་གཟུགས་ཅན།> བདག་ཀྱང་བྱང་ཆུབ་སྙིང་པོ་སྲིད་དུ་ཚུལ་ཁྲིམས་གསུམ། །རྣམ་དག་བསླབ་ལྡན་དེས་ནི་ཕྱི་ནང་རིག་པ་ཡི། །གཞུང་ལུགས་རིན་ཆེན་སྒྲོན་མ་མཐའ་དག་ལེགས་བཟུང་ནས། །སེམས་ཅན་ཁམས་
སུ་ལེགས་བཤད་སྣང་ཆེན་འགྱེད་པར་ཤོག ༧༧ །<*འདི་ནས་བརྩམས་ཏེ་ཐམས་ཅད་ཐུན་མོང་དུ་ཤིས་པ་བརྗོད་ཅིང་བསྔོ་བ་ལས་མཚུངས་པ་གསལ་བྱེད་ཀྱི་སྒྲས་ཟིན་པའི་དཔེ།> མདོར་ན་ངེས་པར་བཀར་བྱས་འགྲོ་བ་རྣམས་ཀྱིས་མཚོན། །མར་གྱུར་སེམས་ཅན་ནམ་མཁའི་མཐའ་ལ་འཕྱ་བ་རྣམས། །ཡོན་ཏན་ཀུན་གྱི་གཞི་མ་རྨད་བྱུང་དད་གསུམ་གྱིས། །ནོར་ལྡན་བརྟན་
མའི་གྲགས་པ་དམའ་ཡང་འབེབས་གྱུར་ཅིག ༧༨ །སུ་<*མཐའ་དག་གཟུགས་ཅན།> ཞིག་གང་ལ་ངེས་པར་སྐྱབས་སུ་མཆིས་ཙམ་ནས། །ཡེ་ཤེས་གཟིགས་པའི་མེ་ཏོག་ཚོགས་ནི་ཅི་ཡང་བཀྲ། །བརྩེ་དང་ནུས་པའི་ཡལ་
འདབ་ནམ་ཡང་མ་བསྐུམས་པའི། །སྐྱབས་མཆོག་དཔག་བསམ་གསུམ་གྱི་གྲིབ་མར་བསྟི་གྱུར་ཅིག ༧༩ །<*གཞི་གཅིག་གིས་ཆོས་དུ་མ་འགལ་བ།> བྱམས་པའི་སེམས་བརླིང་སྙིང་རྗེའི་མཆི་མ་འཁྲུངས་པ་སླ། །སྐྱོན་རྣམས་རབ་སྤོང་ལེགས་པའི་ཡོན་ཏན་སྡུད་ལ་

དགའ། །གཞན་དོན་ལ་འཇུག་རང་དོན་རེ་བ་ཆད་གྱུར་པའི། །ཐེག་པ་དེ་ལས་བློ་གྲོས་གཡོ་བར་མ་གྱུར་ཅིག ༨༠ །སློང་<*བྱ་བའི་རང་བཞིན་བརྗོད་པ།> བ་དབུགས་སུ་འབྱིན་པའི་གཏམ་གྱིས་སྔུན་བསུ་བས། །འདོད་སྟེར་དཔུང་པའི་མཆེལ་པ་རབ་ཏུ་བརྐྱངས་པ་ལས། །རེ་བའི་སྙིམ་པ་ཀུན་ནས་
གདངས་པ་དེ་དང་དེས། །བདེ་བར་འགེངས་པའི་གཏོང་ཕོད་མཐའ་རུ་ཕྱིན་གྱུར་ཅིག ༨༡ །རྙོག་<*སེམས་མེད་ཀྱི་རབ་རྟོག> པ་ཀུན་གྱིས་བསླད་པ་མེད་པའི་བསིལ་བ་གསུམ། །འཁོར་བའི་གདུང་བ་རབ་ཏུ་འཕྲོག་ལ་མངོན་ཕྱོགས་ཚེ། །དཔལ་གྱི་དུམ་བུ་རང་གི་རིན་ཐང་ཉམས་དོགས་
ཀྱིས། །མ་ལ་ཡ་ཡི་ནགས་འདབས་བྲོས་སྙམ་བྱེད་གྱུར་ཅིག ༨༢ །<*ནང་ཤེས་པར་བྱེད་པའི་རྒྱུ།> གཤེ་དང་བརྡེག་དང་མཚང་འདྲུའི་སྐྱེ་བོ་བརྒྱ་སྟོང་གིས། །ཉེ་བར་གཙེ་ལ་བཟོད་པའི་ངང་ཚུལ་མི་བསྐྱུད་པར། །ཡིད་འོང་འཛུམ་པའི་འོད་རླབས་དཀར་པོ་རབ་གཡོ་བས། །རིངས་པར་བསུ་ཞིང་
ཕན་པར་སྨྲ་ལ་སྤྲོ་གྱུར་ཅིག ༨༣ །<*ཐེ་ཚོམ་ཕུལ་བྱུང༌།>དགེ་དང་གོ་ཆ་སེམས་ཅན་དོན་སྦྱོར་རྟུན་པ་ཡིས། །བསྐལ་པ་མང་པོའི་ཚོགས་གཉིས་ཕ་རོལ་འགོངས་པ་ལ། །ཉིན་མཚན་འཁོར་ལོའི་གོ་སྐབས་ཡོད་དམ་མ་ཡིན་ཞེས། །འཕྱང་མོ་ཉུག་ལ་འགྲོ་བའི་བློ་གྲོས་མཆོངས་
གྱུར་ཅིག ༨༤ །མཚན་<*སྔ་ན་མེད་པའི་གཟུགས་ཅན།> རྟོག་སྒྲིབ་པའི་དུརྦཱ་རོཿདང་མི་ལྡན་ཞིང༌། །འོག་འགྱུ་ཀུན་རྟོག་རྒྱུན་གྱི་བགྲོད་པ་ཡང་མེད་པར། །དགའ་བ་གྱ་ནོམ་ཡོན་ཏན་མི་ཟད་རིན་ཆེན་གྱི། །འབྱུང་གནས་ཟབ་གསལ་གཉིས་སུ་མེད་དེ་འཕེལ་གྱུར་ཅིག ༨༥ །<*ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ།> བདེན་པ་ཟུང་གི་ཆོས་
དོན་རྣམ་པར་དཔྱོད་པའི་བློ། །རྩུབ་མོའི་དབལ་དང་མཁྲེགས་པའི་བེམས་ཆོས་མི་ལྡན་ཡང༌། །སྒྲིབ་གཉིས་གཅོད་ལ་རྣོ་བ་རབ་ཀྱི་རྩེར་ཕྱིན་པས། །སྲིད་པ་གསུམ་པོ་སྐད་ཅིག་ཧྲུལ་པོར་བྱེད་གྱུར་ཅིག ༨༦ །<*བྱ་བའི་རང་བཞིན་བརྗོད་པ།> ནམ་མཁའི་མཐའ་དང་
མཉམ་པར་འབྱམས་པའི་སེམས་ཅན་ལ། །དམིགས་པ་མེད་པའི་ཚད་མེད་སྒྱུ་མའི་རྩེ་འཇོ་བཞིའི། །སྣ་ཚོགས་ཐབས་ལ་མཁས་པའི་སྤྱོད་པ་ཅི་དང་ཅིས། །ནམ་ཡང་མི་གཏོང་ཕྲིན་ལས་མཐའ་རུ་ཕྱིན་གྱུར་ཅིག ༨༧ །<*དགག་པའི་དཔེ།> མངོན་པར་ཤེས་སོགས་ཡོན་

ཏན་དུ་མས་དབེན་པའི་ཕྱིར། །བཻ་ཌཱུརྱ་མཆོག་ཏོག་གི་བློ་གྲོས་གྲགས་པས་ཀྱང༌། །མཚུངས་པར་དཀའ་བ་སྨོན་པའི་ལམ་གྱི་མཐུ་བོ་ཆེས། །ཇི་ལྟར་འདོད་པ་ལྷུན་གྱིས་གྲུབ་པ་ཉིད་གྱུར་ཅིག ༨༨ །<*རྐང་པ་བཞི་པའི་དབུས་ན་ཡོད་པ་ཆོད་པའི་ཟུང་ལྡན།> བསམ་སོགས་སྟོབས་ཀྱི་རྒྱ་མཚོའི་རླབས་ནི་ཆེར་གཡོ་བས། ། སངས་རྒྱས་
ཞིང་ཁམས་རྒྱ་མཚོ་ཡོངས་སུ་དག་པ་དང༌། །སེམས་ཅན་ཁམས་ཀྱི་རྒྱ་མཚོ་ཡོངས་སུ་སྨིན་བྱས་ཏེ། །ཐུབ་དབང་ཡོན་ཏན་རྒྱ་མཚོ་ཐམས་ཅད་མཐོང་གྱུར་ཅིག ༨༩ །སྟོབས་མཚུངས་པའི་རབ་སྤེལ།> སོ་སོ་ཡང་དག་རིག་པའི་ཆོས་མིག་གྲུངས་པོ་མས། །ཇི་སྙེད་ཏིང་ངེ་འཛིན་གྱི་
ལྟད་མོ་མཚར་མཐོང་ནས། །ཕྱོགས་བཅུ་རྣམས་སུ་མུ་མེད་འོད་གཏོང་དོན་ཡང་བྱེད། །ཐམས་ཅད་མཁྱེན་པའི་ཡེ་ཤེས་དབང་བསྐུར་ཐོབ་གྱུར་ཅིག ༩༠ །<*བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ།> མི་སྡུག་ཉམས་ཀྱི་འགྱུར་བ་གཅིག་ཅིག་བསྟན་པ་མེད། །སྨིན་མ་ཡོན་པོས་ལྟ་བ་ཙམ་ཡང་མ་བྱས་པར། །
ཞི་འཛུམ་བརྟན་པའི་རང་བཞིན་ཡིད་འོང་མཐོང་ཙམ་གྱིས། །ཆུ་སྲིན་རྒྱལ་མཚན་སྡེ་དང་བཅས་ལས་རྒྱལ་གྱུར་ཅིག ༩༡ །<*ཁྱད་པར་འཕགས་པའི་ཕུལ་བྱུང༌།> ཨེ་མ་སྟོང་གསུམ་བྱེ་བ་ཕྲག་བརྒྱའི་འཇིག་རྟེན་གྱི། །དགའ་བའི་རང་བཞིན་གཞན་ནི་ཅིག་ཅར་སྤུངས་པས་ཀྱང༌། །མི་མཆོག་གང་གི་
མཚན་ཙམ་ཐོས་པའི་བརྒྱ་སྟོང་ཆ། །མཚོན་དུ་མེད་དེ་ཉིད་དུ་ནི་ཐོབ་གྱུར་ཅིག ༩༢ །<*རིག་བྱེད་གཞུང་གི་ལོ་རྒྱུས་དང་སྦྱར་བའི་མཐའ་དག་གཟུགས་ཅན།> སྐུ་གསུམ་རིན་ཆེན་གཞལ་དུ་མེད་པའི་ཁང་པ་རུ། །མི་ཟད་རྒྱན་གྱི་འཁོར་ལོ་ཡོངས་སུ་གྲུབ་པའི་གཟུགས། །ཅི་ཡང་འཕོས་པ་དེ་ཡི་རང་བཞིན་དཔྱོད་བཟོད་པ། །ཀུན་
མཁྱེན་ཡེ་ཤེས་ཨཉྫ་ན་ཡི་བུ་ཙམ་མོ། ༩༣ །<*རྐང་པ་བཞི་གང་ཡོད་པ་ཆོད་པའི་ཟུང་ལྡན།> བསམ་གྱིས་མི་ཁྱབ་ཡོན་ཏན་ཕུང་པོ་ཐོབ་ནས་ནི། །བསམ་གྱིས་མི་ཁྱབ་ཞིང་དུ་བཀོད་པ་གྲངས་མེད་ཀྱིས། །བསམ་གྱིས་མི་ཁྱབ་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་ནས། །བསམ་གྱི་མི་
ཁྱབ་འགྲོ་བ་འཚང་རྒྱར་དགོད་གྱུར་ཅིག ༩༤ །<*ངག་དོན་གྱི་དཔེ་ལས་བཞིན་སྒྲ་གཅིག་པ་ཅན།> དེ་ནས་ཀྱང་ནི་འཁོར་བ་སྲིད་དུ་རྣམ་པར་འཕྲུལ། །སྣ་ཚོགས་ཟློས་པའི་ཕྲིན་ལས་རྒྱུན་མི་ཆད་སྟོན་པ། །ཆེ་བ་ཆུ་ཡི་གཏེར་ནས་ཆུང་ངུ་ཟིལ་པའི་གུར། །དེ་སྙེད་ཟླ་བའི་གཟུགས་ཀྱིས་

མཚོན་བཞིན་རྩེན་གྱུར་ཅིག ༩༥ །<*ཆོས་ཅན་འགོག་པ།> དེ་སྐད་སྨོན་ལམ་བཏབ་པ་དེ་ཡི་བསོད་ནམས་སྟོབས། །ཤིན་ཏུ་ཆེའམ་མིན་ཞེས་ཚད་དུ་བརྗོད་པར་དཀའ། །ཞིང་དང་བསམ་པ་དངོས་པོ་དག་པ་དགེ་ཆེན་དུ། །གླེང་བ་ཙམ་ལས་ཕ་རོལ་མཐོང་བ་འགའ་ཡང་མེད། ༩༦ །རྣམ་<*བྱུང་བ་འགོག་པ།> གཟིགས་
སངས་རྒྱས་མདུན་དུ་སྲན་རྡོག་བདུན་གྱིས་གཏོར། །སྨོན་ལམ་བཏབ་པས་ང་ལས་ནུ་གྱུར་གཏམ་དེ་རྫུན། །ཡང་ན་ཞིང་དང་བསམ་པ་དག་པའི་སྟོབས་དག་ནི། །ཚད་མེད་ངེས་པས་འདིར་ཡང་ཡིད་ཆེས་འཁྲུངས་གྱུར་ཅིག ༩༧ །<*གཏན་ཚིགས་ཀྱི་ལྡོག་པ་ཅན།> བརྗོད་པ་གང་ལ་སྙིང་པོ་མཆོག་
ཏུ་རབ་ལྕི་ཞིང༌། །གཅད་དང་གཞིག་མེད་དེ་ལྟ་ན་ཡང་དྲང་སྲོང་ཕལ། །ངག་གི་ནུས་པས་སྡང་ཞེན་ཕྱོགས་སུ་རྒྱུག་པའི་ཕྱིར། །དེ་ལས་ཁྱད་པར་འཕགས་པའི་དོན་འདི་འགྲུབ་གྱུར་ཅིག ༩༨ །<*ཡན་ལག་གཅིག་པའི་གཟུགས་ཅན།> ཚུལ་འདི་སྔོན་བྱུང་དམ་པ་རྣམས་ཀྱི་སྤྱོད་རྗེས་སུ། །འཇུག་
འདོད་གོམ་པ་བཀོད་པའི་སྨོན་པ་གང་དག་བཏབ། །རྣམ་པ་ཐམས་ཅད་གང་དུ་འཕེལ་བའི་མཐུན་འགྱུར་གླུ། །སྨོན་ལམ་མཐའ་རུ་སོན་པ་ཀུན་གྱིས་ལོངས་ཤིག་ཀྱེ། ༩༩ །<*སྲིད་པ་མིན་པའི་དཔེ།> ནམ་མཁའ་སྟོང་པའི་རང་བཞིན་ཞིག་པའི་དུམ་བུ་དང༌། །ཉི་མའི་འོད་ཀྱིས་ཕྱེ་བའི་
ཀུནྡའི་དགའ་ཚལ་བཞིན། །དཀོན་མཆོག་གསུམ་གྱི་བདེན་པས་འགྲོ་བ་བསླུས་པའི་འཕྲིན། །སྲིད་པ་མིན་མཐུས་སྨོན་ལམ་ཐམས་ཅད་གྲུབ་གྱུར་ཅིག ༡༠༠ །<*ཆོས་དཔེ་གཟུགས་ཅན་རབ་རྟོག་རྣམས་སྟོབས་མཚུངས་པའི་རབ་ཏུ་སྤེལ་བ།> གང་ཞིག་མཐོང་ན་མི་མཐུན་དབེན་པ་སྐུ་ཡི་བཀྲ་ཤིས་ཆུ་ཞིང་གབ་པ་རྒྱལ་མཚན་ལྟ་བུར་མ་བསྙལ་དྲང་པོ་
ཉིད་དུ་བརྟན། །འཕྲོ་འདུ་འོད་ཀྱི་རྒྱལ་པོས་རབ་དཀྲིགས་དབུ་ཡི་གཙུག་ཏོར་མཐོན་པོར་འཁྲུངས་པའི་ཏོག་གིས་ལེགས་མཚན་ཡན་ལག་མཆོག་གི་གདུགས་དེ་མཛེས། །འདམ་ལས་སྐྱེས་པ་དམར་པོའི་ལང་ཚོའི་མཚར་སྡུག་
ཐམས་ཅད་ཕྱག་ཞབས་མཐིལ་དུ་བརྐུས་པའི་མཚང་ནི་འཁོར་ལོའི་རྒྱ་ཡིས་བཏབ་བམ་སྙམ། །གཞོམ་གཞིག་བྲལ་བ་ཐུབ་པ་ཆེན་པོའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༡ །<*བསྡུས་པ་དང་མ་བསྡུས་པ་བསྲེས་པའི་གཟུགས་ཅན།> དབྱངས་ཀྱི་

དཀྱིལ་འཁོར་མ་རྫོགས་མེད་པ་གསུང་གི་བཀྲ་ཤིས་ཉོན་མོངས་རིམས་ནད་འཕྲོག་ལ་མངོན་ཕྱོགས་སྐྱེ་བ་ལྔ་པའི་དབྱངས་སུ་ལྡིར། །དགེ་བ་སུམ་ལྡན་ཆོས་ཀྱི་ཕུང་པོ་འཛད་པ་མེད་པའི་སྦྲང་རྩིས་རབ་མྱོས་གླུ་ཡིས་འབབ་སྟེགས་རོ་འཛིན་པདྨའི་འདབ་མ་ཡངས། །ལེགས་པར་གསུངས་
པ་ཟབ་དང་རྒྱ་ཆེའི་གཏོང་པ་ཐམས་ཅད་རྟག་ཏུ་འཇོ་བ་སྐྱེས་བུ་ཆེན་པོའི་མགུར་གྱི་བུམ་བཟང་ཟླུམ་ཞིང་རྒྱས། །འགག་མེད་རྟག་པར་ཆོས་སྒྲ་འབྱིན་པའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༢ །<*མཆོག་གི་ངེས་བསྟན་གཟུགས་ཅན་དཔེ་རྒྱན་གསུམ་གྱི་སྟོང་པ་མཚུངས་པའི་རབ་ཏུ་སྤེལ་བ།> ཆོས་དོན་ཇི་ལྟ་ཇི་སྙེད་གཟིགས་པ་
ཐུགས་ཀྱི་བཀྲ་ཤིས་ཉེ་བར་མཚོན་བྱེད་དཔལ་གྱི་བེའུ་འཁྱིལ་བྲང་གི་ངོས་ཡངས་འོད་དུ་འབར། །དུས་གསུམ་དངོས་པོ་ཕྲ་རགས་ཡུལ་གྱི་རྒྱ་མཚོ་ཀུན་དུ་ཐོགས་པ་མེད་འབྱོ་སྤྱན་གྱི་ཉ་མོ་བ་མཆོག་རྫི་འདབ་བསྐྱོད་ལ་མཁས། །ཉིན་མོར་
བྱེད་པས་མཁའ་ལ་བཞིན་དུ་ཡེ་ཤེས་གཟིགས་པ་འཇིག་རྟེན་ཀུན་དུ་རྣམ་པར་མི་རྟོག་བགྲོད་པ་དུས་ལས་ཡོལ་བ་མེད། །སྒྲིབ་པ་མི་མངའ་གསལ་ལེར་གཟིགས་པའི་བཀྲ་ཤིས་གསུམ་གྱིས་སྐྱེ་དགུ་ཐམས་ཅད་རྣམ་པ་ཀུན་དུ་བཀྲ་ཤིས་དཔལ་གྱིས་ཕྱུག་པར་ཤོག ༡༠༣ །ཅེས་པ་དཔལ་
ལྡན་རྡོ་རྗེ་དབྱངས་ཀྱི་དབང་ཕྱུག་མ་རབ་ཏུ