Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 213

Văn bản gốc(Tây Tạng)

Trang 20 / 33 (50.000 ký tự/trang)
སོགས་པ་འགོ་འཛིན་གྱི་བཀོད་པའི་ཉེར་བསྡོགས་ཁོ་ན་ལ་རག་ལས་པས། དེའང་གཟའ་སྐར་དང་དུས་ཚེས་ཕུན་སུམ་ཚོགས་པའི་ཉིན་དེ་ལ། དཔལ་མིའི་དབང་ཕྱུག་ཆོས་རྒྱལ་ཆེན་པོ་ཡབ་
སྲས་རྣམས་གདན་འཛོམ་པར་བཞུགས་པའི་དགོངས་པ་གཅིག་པས། བཀའ་ལུང་གི་བཀོད་པ་གཉེན་པོ་ཛམྦུ་ཆུ་བོའི་གསེར་གྱི་ཅོད་པཎ་དང་འདྲ་བར་རབ་ཏུ་ལྕི་ཞིང་གཟི་བརྗིད་ཆེ་བ་དག་གི་བཀོད་པ་འདི་ལྟར་སྩལ་ཏེ། དེ་ཡང་སྤྱིར་ཚུལ་འདི་དག་སྒྲུབ་པ་ལ་གཏོང་བ་མི་ཟད་ནམ་
མཁའ་མཛོད་ཀྱི་སྒོ་མང་པོ་འབྱེད་པ་དང་བསྡམས་པ་གཉིས་ཀ་ལ་གཞན་དྲིང་མི་འཇོག་ཅིང༌། བླང་དོར་གྱི་གནས་རྣམས་ཡང་དག་པར་འདོམས་པ་ལ་རྣམ་གསལ་རིག་པའི་འཕྲུལ་སྒོ་ཅི་ཡང་འབྱེད་པར་ནུས་པའི་བཀའ་ལུང་གི་འཁོར་ལོས་སྒྱུར་བའི་འཕྲུལ་བློན་ཆེན་པོ་ལྷ་བུ་ཚེ་རིང་ཉིད་
གཙོ་བོར་བཞུགས་སུ་གསོལ་ནས། བྱེ་བྲག་ཏུ་དངོས་རྫས་ཀྱི་གཏོང་སྒོ་དང་ཚག་བསྡུ་ཐམས་ཅད་ཀྱི་ལས་འགན་རི་བོའི་ལྗིད་ཆེན་པོ་སྙིང་སྟོབས་ཀྱི་ཕྲག་པར་འདེགས་པ་དང༌། ལས་བྱེད་པ་རྣམས་ཀྱི་བགྱི་བ་དང་བགྱི་བ་མ་ཡིན་པའི་ལེགས་ཉེས་ཚུལ་བཞིན་དུ་སྟོན་པའི་
འགོ་གཉེར་གྱི་གཙོ་བོར་གྱུར་པའི་སྐུ་ཚབ་པ་ནི་སྐུ་དོན་གཞན་དུ་བགྲོད་དགོས་པ་དང་སྙུན་གྱིས་ཟིན་པ་ལ་སོགས་པས་ཐོག་མཐའ་བར་གསུམ་དུ་བསྐོས་ཏེ། དེའང་འདི་ལྟ་སྟེ། ཐོག་མར་ཆོས་དང་སྲིད་པའི་གཙུག་ལག་གི་ཤེས་བྱ་མང་པོའི་གོ་འབྱེད་པའི་མཁྱེན་དཔྱོད་ནམ་

མཁའི་ངོས་ལྟར་ཡངས་ཤིང་དད་དང་གཏོང་བའི་ནོར་དང་ལྡན་པའི་འཕྲུལ་གྱི་བློན་ཆེན་ཕྱག་མཛོད་གུ་རུ་བཀྲ་ཤིས་སོ། །བར་དུ་ཡི་གེ་འདྲི་ཀློག་དང་ཚེའི་རིག་བྱེད་དང་རྩིས་ཀྱི་རིག་པ་ལ་སྦྱངས་པ་མི་དམན་ཞིང༌། ཕྱི་ཐག་རིང་དུ་ལྟ་བའི་བློ་གྲོས་ཀྱི་མིག་དཀྱུས་
ཐུང་ངུར་མ་གྱུར་པའི་གཉེར་པ་ཨ་ཟློས་སོ། །དེའི་རྗེས་སུ་སྡོམ་པ་གསུམ་གྱི་བསླབ་པའི་གནས་ལ་རྟུན་པ་ལྷུར་བྱེད་ཅིང༌། བྱ་བ་ཐམས་ཅད་དཀོན་མཆོག་རིན་པོ་ཆེ་བདེན་དཔང་དུ་བཞུགས་པའི་དྲན་ཤེས་དང་མ་བྲལ་བའི་སྤྱོད་པས་དོན་ཐམས་ཅད་མི་འགྲུབ་པ་མེད་ལ། གཅིག་ཏུ་
ཡིག་རྩིས་ཀྱི་རིག་པ་ལ་མཁས་པ་དགེ་སློང་ཚུལ་ཁྲིམས་རབ་བརྟན་ཏེ་དེ་རྣམས་རིམ་པ་ལྟར་བསྐོ་བར་མཛད་དོ། །ཇི་ལྟར་བསྐོས་པ་དེ་དག་གཙོ་བོར་བཞུགས་པའི་ཕྱི་དང་ནང་གི་བྱ་བ་ཆེ་ཕྲ་ཐམས་ཅད་ཀྱི་ཁུར་ལེན་བྱེད་པའི་གྲོགས་ལྡན་པ་ནི། བགྱི་བ་གང་དང་གང་ཡིན་པ་ཐམས་ཅད་ལས་
འབྲས་སྟོན་པའི་མདོ་སྡེའི་རྗེས་སུ་སྒྲུབ་ཅིང༌། ངོ་ཚ་ཤེས་པ་ལ་སོགས་པ་ཡ་རབས་ཀྱི་ངང་ཚུལ་ལ་གནས་པའི་པར་དཔོན་དགེ་སློང་རིན་ཆེན་བཀྲ་ཤིས་དང༌། བློ་གྲོས་བརྟན་པ་དང༌། དཔལ་ལྡན་རྒྱལ་མཚན་དང༌། ངག་དབང་རིན་ཆེན་ཏེ་ཆོས་གྲོགས་བཞི་དང༌། པར་གྱི་བཀྲམ་
བསྡུ་དང་བརྐོས་པ་མཁས་དམན་གྱི་ཁྱད་པར་དཔྱོད་པ་ལ་བློ་གྲོས་རྣམ་པར་གསལ་བ་གཟུངས་སྐྱབས་རྣམས་སོ། །ཞུས་དག་གི་དཔང་པོ་དང་ཡི་གེ་མཁན་ལ་སོགས་པའི་ལས་བྱེད་རྣམས་ཀྱི་ཁ་ཏ་བ་ནི། སྙོམ་ལས་དང་རྨོངས་པ་ཆེན་པོའི་མཐར་ཐུག་པའི་རྣམ་པར་ཐར་པ་འདི་ནི་ཀུན་
གྱིས་མངོན་དུ་གྱུར་ཀྱང༌། རིག་པའི་གནས་ལ་སྦྱངས་པའི་བག་ཆགས་ཅུང་ཟད་བཞག་པ་རྒྱུ་མཚན་དུ་བྱས་ནས། ལྡན་ཕྲུག་བདག་ལ་དགོས་ཚུལ་གྱི་བཀའ་ལུང་རབ་ཏུ་ལྕི་བ་སྤྱི་བོའི་རྒྱན་དུ་བཅིང་བའི་སྒོ་ནས་ལས་བྱེད་རྣམས་ཀྱི་བཀོད་པ་ལེགས་པར་སྩལ་ཏོ། །ཇི་ལྟར་སྩལ་བའི་
བཀའ་དོན་ཐམས་ཅད་ཚུལ་བཞིན་བསྒྲུབས་པའི་ནུས་པ་རང་རང་ལ་བྱུང་ན་བྱང་ཆུབ་ཀྱི་སྤྱོད་པ་ལ་ཞུགས་པའི་མིའི་བདག་པོའི་བཞེད་པ་བསྒྲུབས་པའི་ལས་བྱས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་དང༌། མིའི་བདག་པོས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་དུ་གནས་པའི་བྱ་བ་

བྱེད་པ་ལ་རང་ཡང་ལས་བཟང་གི་འབྲེལ་པ་བཞག་པའི་སྐལ་བ་ཅན་དུ་འགྱུར་བ་དང༌། མིའི་བདག་པོས་དགེ་བ་རྒྱ་མཚོ་ལྟ་བུ་བསགས་པའི་ནང་དུ་རང་གི་ལས་བཟང་ཆུའི་ཐིགས་པ་ཙམ་གྱི་རྒྱུན་ཡང་གནས་པར་འགྱུར་བ་དང༌། དེང་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་
དམ་པའི་ཆོས་དང་མཇལ་ནས་དེ་ལ་ཕན་པའི་བྱ་བ་བྱས་པ་དམ་པ་དམ་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ལ་སོགས་པས་ཚུལ་འདི་ལ་ཟླ་བ་མཐོང་བའི་ཆུ་གཏེར་བཞིན་དུ་སྤྲོ་བ་མཆོག་གིས་འཇུག་པར་མི་བྱེད་པ་ནི་སེམས་དང་ལྡན་པ་སུ་ཞིག དེ་ལྟ་ནའང་ཁོ་བོ་ཅག་གི་ཡིད་ལ་འདི་ལྟར་རྟོག་པ་
ལ་ཞུགས་ཏེ། མ་ལ་ཕ་རོལ་གཟིགས་པ་ཆེན་པོ་རྣམས་ཀྱི་གསུང་རབ་ཟབ་ཅིང་བརླིང་བ་དག་གི་ཚིག་དང་དོན་གྱི་ཆ་ལ་ཁོ་བོ་ཅག་ལྟ་བུ་ཤེས་རྒྱུད་ཀྱི་སྒྲིབ་པ་སྟུག་པོའི་ཆ་བྲི་བ་ཙམ་ཡང་མ་གྱུར་པ་ཞིག་གིས། དག་པ་དང་མ་དག་པར་དཔྱོད་པའི་སྤོབས་པ་ནི་ནམ་མཁའི་མེ་ཏོག་གམ་
དབང་པོའི་གཞུའི་སྙིང་པོ་ལྟ་བུའོ། །གལ་ཏེ་གོ་རྟོགས་རང་དགའ་མའི་ཉག་ཕྲན་འཁྱལ་པ་རེ་འཕངས་ཀྱང་གསུང་རབ་ཟབ་མོའི་གནད་ལ་འབིགས་པའི་ཉེན་པ་འབྱུང་སྲིད་དམ་སྙམ་པ་ལ་སོགས་པ་དོགས་པ་ཆེ་བ་དང༌། དེར་མ་ཟད་བཀའ་ལུང་གི་བཀོད་པ་ཇི་ལྟ་བ་བཞིན་དུ་བྱ་
བའི་ཁུར་ཆེན་པོ་འདི་དག་ཡང་དག་པར་འགྲུབ་བམ་འོན་ཏེ་མི་འགྲུབ་སྙམ་པའི་ཐེ་ཚོམ་གྱི་ཁྱོག་ལ་རིང་ཞིག་མཆོང་བར་གྱུར་ཏོ། །དེ་ལྟ་ནའང་མཁན་ཆེན་བསྟན་པའི་བདག་པོ་དེ་ཉིད་དང༌། ས་སྐྱོང་བསྟན་པའི་སྦྱིན་བདག་སྟེ་མཆོད་ཡོན་ཆེན་པོ་ཉི་ཟླ་ཟུང་དུ་འབྲེལ་པ་ལྟ་བུའི་བཀའ་
ནན་བཟླས་ཏེ་ཕེབས་སོ། །ཇི་ལྟར་ཕེབས་པའི་བཀའི་རྭ་བ་དེ་ཉིད་ལས་རྣམ་པར་བརྒལ་བའི་རིག་པ་ཡང་དག་པ་ཞིག་ཀྱང་མ་རྙེད་པར་དེ་ལྟར་བགྱིད་པར་ཁས་འཆེས་ནས་བསྡད་པ་དེ་ལྟར་ལགས་སོ། །དེ་ལྟར་བྱ་བ་ལས་ཀྱི་འཁོར་ལོའི་ཉེར་བསྡོགས་ཀྱི་བཀོད་པ་ཇི་ལྟར་ཕེབས་པའི་ཉི་མ་
དེ་ཉིད་ནས་འདྲི་འདོན་གྱི་འགོ་བརྩམས་ཏེ། དེའང་དགོངས་འགྲེལ་རིན་པོ་ཆེ་འདི་དག་གི་བཞུགས་ཚུལ་ལ་ལྟོས་ནས་མཆོག་དམན་གྱི་རིམ་པས་བཞུགས་པས། ཐོག་མར་རྒྱུད་ཀྱི་འགྲེས་པ་ནས་འདྲི་བར་འོས་ནའང༌། དེ་ཉིད་ཤིན་ཏུ་བཀའ་གཉེན་ཅིང་མཁའ་འགྲོའི་འཁུ་ལྡོག་

ཆེ་བར་སེམས་ཤིང༌། སྔོན་དུ་བར་ཆད་ཆུང་བའི་ཐབས་སུ་མཚན་ཉིད་ཐེག་པའི་དབུ་ནས་འདྲི་འདོན་གྱི་འགོ་ཉེ་བར་བརྩམས་སོ། །དེའང་ཇི་ལྟར་བརྩམ་པར་བྱ་བ་རྣམ་པར་དཀར་བའི་བགྱི་བ་གང་ཡིན་པ་ཐམས་ཅད་གེགས་མེད་ཉིད་དུ་མཐར་ཕྱིན་པར་བྱེད་པ་
ལ་ནི། བར་དུ་གཅོད་པ་སྲུང་བའི་ཐབས་ལ་ཤིན་ཏུ་འབད་པར་བྱ་དགོས་པའང༌། མདོ་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་དང༌། ས་སྐྱ་པཎྜི་ཏས། རིན་ཆེན་ཆོས་ཀྱང་དཀོན་ལ་ནི། རྟག་ཏུ་འཚེ་བ་མང་ཞེས་གསུངས། །ཞེས་གསུངས་
པ་ལྟར་སྙིགས་མ་ལྔའི་མྱོས་བྱེད་ཀྱི་བཏུང་བས་ཀུན་ནས་མྱོས་པའི་སྐྱེ་བོ་མི་སྲུན་པའི་ཁྲོད་ན་ནོར་བུ་རིན་པོ་ཆེ་ལྟ་བུའི་དམ་པའི་ཆོས་དང་དེ་ཚུལ་བཞིན་དུ་སྒྲུབ་པའི་གང་ཟག་གཉིས་ཀ་དཀོན་པ་དང༌། འགའ་ཞིག་འབྱུང་བ་རྣམས་ལ་ཡང༌། སྐབས་དེར་བདུད་རིགས་རྣམས་ཀྱི་སྟོབས་
ཤིན་ཏུ་ཆེ་བར་གྱུར་པས། ཆོས་ལ་བར་དུ་གཅོད་པའི་རྣམ་པ་མང་དུ་འབྱུང་བར་འགྱུར་བ་དང༌། ཁྱད་པར་དེང་གི་དུས་ན་བསྟན་པ་ལ་ལྷག་པར་སྨན་པའི་ཐུགས་བསྐྱེད་དང༌། དེའི་བྱ་བ་ནི་འདི་ལས་རྒྱ་ཆེ་བའམ་མཆོག་ཏུ་སྟོབས་ཆེ་བ་འགའ་ཡང་བསྒྲུབ་ཏུ་མེད་པ་ལྟར་མཆིས་
ན། དེའི་ཚེ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དེ་ཡང་རང་གི་སྟན་ལ་མི་དགའ་བར་འགྱུར་བ་དང༌། སེམས་ཁོང་དུ་ཆུད་པར་འགྱུར་བ་དང༌། རྟག་ཏུ་སྤྱད་པར་བྱ་བ་འདོད་པའི་ཡོན་ཏན་རྣམས་ལ་ཡིད་སྤྲོ་བ་མེད་པར་འགྱུར་བ་དང༌། དེའི་གནས་སུ་ཡིད་དུ་འོང་བ་མ་ཡིན་པའི་སྒྲ་
ཆེན་པོ་འབྱུང་བར་གྱུར་ཏེ། ཀྱེ་མ་བདག་ལ་སླད་མའི་དུས་འདིར་ཡིད་ལ་མི་བཟད་པའི་ཟུག་རྔུ་རྩུབ་མོ་འདི་དང་ཡུལ་གྱི་མི་འདོད་པ་འདི་ལྟ་བུ་དག་འབྱིན་པའི་མཐུ་དང་ལྡན་པའི་འགྲོ་བ་ནི་འགའ་ཡང་ཡོད་པ་མ་ཤེས་ན། དེང་བདག་ལ་འཁོན་པའི་རྒྱུ་མེད་པར་སྡང་ཞིང༌། ནམ་ཞིག་
ན་བདུད་ཀྱི་གནས་ཀྱང་སྟོངས་པར་བགྱིད་པ་ལ་ཡང་སྤྲོ་བ་དམ་པའི་ཤིང་རྟ་ལ་ཞོན་པའི་དགེ་བ་ཅན་སུ་ཞིག་སའི་སྟེང་ན་མཆིས་པར་མ་གྱུར་ཏམ་སྙམ་དུ་རྟོག་ཅིང་བརྟགས་པ་ལ་ཞུགས་སོ། །ཇི་ཙམ་ན་མིའི་བདག་པོའི་ལྷག་པའི་བསམ་པ་རྣམ་པར་དག་པའི་མཐུ་ལས་བྱུང་བར་ཤེས་

ནས། དེ་ལ་བར་དུ་གཅོད་པར་རྩོམ་པ་ལ་མི་སྤྲོ་བ་མེད་པར་འགྱུར་ནའང༌། སྡོམ་བརྩོན་མིའི་བདག་པོ་གང་གི་བསྐལ་པ་ནས་བསྐལ་པར་བསགས་པའི་བསོད་ནམས་ཀྱི་སྟོབས་ནི་དབྲོག་ཏུ་ནུས་པ་སུ་ཞིག །འོན་ཏེ་ད་ནི་བདག་གིས་དེའི་དགེ་བའི་སེམས་ཀྱི་རྒྱུན་ལམ་དེ་གང་དུ་
གནས་པ་དེ་ལེགས་པར་བརྟགས་ནས། དེར་བསླུ་བྱེད་ཀྱི་མདའ་རྣོན་པོ་མེ་ཏོག་གི་མདེའུ་དང་ལྡན་པ། རྣམ་པ་ནི་ཤིན་ཏུ་རྩུབ་མོ་མ་ཡིན་ན་ཡང་ནུས་པ་མཆོག་དང་ལྡན་པ་དེ་འཕངས་ལ། ཇི་ཙམ་ཞིག་གི་དུས་ན་དེའི་སེམས་དགེ་བའི་རྗེས་སུ་ཞུགས་པ་དེ་འཕྱང་མོ་ཉུག་གི་ལྕུག་ཕྲན་
ལ་ཞོན་པ་ཞིག་གམ། ཡང་ན་དགེ་བའི་ལས་དེ་ལས་ཐབས་ཀྱིས་འབྱོལ་ཞིང་རིམ་གྱིས་སྤྲོ་བ་མེད་པ་ཞིག་ཏུ་འགྱུར་བའི་ཐབས་དེ་ལྟ་བུ་ཞིག་བརྩམ་པར་བྱའོ་སྙམ་དུ་ཡིད་ལ་མི་བྱེད་པ་ནི་མི་སྲིད་པ་ཉིད་དོ། །དེ་ལྟ་ནའང་དེ་ཉིད་ལས་སྲུང་བར་བྱེད་པའི་ཐབས་ཀྱི་རྣམ་པ་གང་དག་ལ་
ཞུགས་པ་རྣམས་ནི་དེ་དང་དེའི་རིགས་ཅན་མང་པོ་གླགས་བལྟ་བར་བརྩམས་ཀྱང་གླགས་རྙེད་པར་འགྱུར་བ་མ་ཡིན་ཞིང༌། ཁྱད་པར་གསང་བའི་སྔགས་དང་རིག་པའི་སྔགས་ཀྱི་རྣལ་འབྱོར་སྒྲུབ་པ་རྣམས་ལ་ནི་རྒྱལ་བས་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཉེ་བར་བསྟན་པའི་ཆོས་སྐྱོང་བའི་
སྲུང་མ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེ་གཉེན་པོ་རབ་ཏུ་གདེངས་པ་རྣམས་ནི་རྟག་ཏུ་ལུས་དང་གྲིབ་མ་འགྲོགས་པ་བཞིན་དུ་འགོ་ཞིང་བཅོལ་བ་མེད་པར་བདུད་དང་བདུད་ཀྱི་རིགས་ཅན་རྣམས་ཀྱི་གཤེད་མ་ཉིད་དུ་མངོན་པར་རྒྱུག་པ་ལ་རབ་ཏུ་དགའ་
ན། ཆེད་དུ་གཉེར་གཏད་ཅིང་ལས་སུ་བསྐོས་ན། བར་དུ་གཅོད་པའི་རི་རབ་ཀྱི་རྣམ་པ་ཉིད་ཀྱང་སྐད་ཅིག་དང་པོ་ནས་གཉིས་པའི་བར་དུ་གནས་པའི་གོ་སྐབས་མི་སྟེར་བ་ནི་འབྲས་བུ་གསང་བ་སྔགས་ཀྱི་ཐེག་པ་ཟབ་ཅིང་མྱུར་བའི་ཁྱད་པར་གྱི་ཆོས་ཉིད་དོ། །དོན་དེ་དག་
རྗེས་སུ་དྲན་ཅིང་ཐབས་ཀྱི་ཁྱད་པར་གང་དག་བརྩམ་པ་ལ་སྤྲོ་བས་ཞུགས་པའི་མི་བདག་ཆེན་པོ་ཆོས་ལ་སྤྱོད་ཅིང་ཆོས་ལ་བསྐུལ་བ་དེ་ཉིད་ཡབ་སྲས་ནས། ལས་འདི་གེགས་དང་བྲལ་བ་ཉིད་དུ་མཐར་ཕྱིན་པར་བྱེད་པའི་རྩ་ལག་ཏུ་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གཉེར་དུ་

གཏད་ཅིང་བཀའ་བསྒོ་བ་གསོལ་བའི་ཕྱིར་ཟླ་བ་དེའི་དམར་ཕྱོགས་ཀྱི་རྒྱལ་བ་གཉིས་པ་སྟེ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་ལ་རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་དེ་
ཉིད་མགོན་ཁང་ཆེན་པོར་སྤྱན་དྲངས་ཏེ་ཇི་ལྟར་འདོད་པ་དེ་ལྟར་དུ་གསོལ་བ་བཏབ་བོ། །དེ་ཉིད་ནས་ཀྱང་ཇི་ལྟར་གསོལ་བ་བཞིན་དུ་བདག་ཉིད་ཆེན་པོ་དེ་གཙོ་བོར་བཞུགས་པའི་རྡོ་རྗེ་འཛིན་པའི་དགེ་སློང་ཉི་ཤུ་རྩ་ལྔས་ཉིན་གཅིག་གི་བར་དུ་བཞུགས་ཏེ། སྲུང་མའི་དབང་པོ་ཐམས་
ཅད་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་ནུས་པའི་ལྕགས་ཀྱུས་མངོན་སུམ་བཞིན་དུ་བཀུག་སྟེ་མདུན་དུ་བཀའ་ལུང་མཉན་གྱིན་འཁོར་དུ་གཞུག་གོ །དེ་ལྟར་འཁོད་པ་དེ་དག་ལ། ཀྱེ་རྡོ་རྗེ་ལས། སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །
ཞེས་གསུངས་པ་ལྟར་དངོས་སུ་བཤམས་པ་གྱ་ནོམ་པ་དང༌། ཡིད་ཀྱིས་མངོན་པར་སྤྲུལ་པའི་མཆོད་པ་དང་གཏོར་མ་རྒྱ་ཆེན་པོས་མཉེས་པར་བྱས་ཏེ། བསྟན་པའི་སྦྱིན་བདག་པ་ཆེན་པོས་ཇི་ལྟར་བསྒྲུབ་པའི་བྱ་བ་རྒྱ་ཆེན་པོ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པའི་རྒྱལ་
མཚན་དམ་པ་འཇིག་རྟེན་གྱི་ཁམས་སུ་མི་ནུབ་ཅིང་ཡུན་དུ་བརྟན་པར་བྱ་བ་དང༌། དེའི་རྒྱུད་ལ་དགེ་བའི་ཚོགས་རྣམ་པར་འཕེལ་བར་འགྱུར་བའི་ལས་འདི་ལ་བར་དུ་གཅོད་པ་མི་འབྱུང་བ་དང་ལས་མཐར་ཕྱིན་ཅིང་ཕན་བདེ་རྒྱ་ཆེན་པོ་འབྱུང་བའི་ཕྲིན་ལས་དང་སྟོང་གྲོགས་སུ་བསྒོ་བའི་
འདོད་པའི་དོན་གསོལ་བ་མཁན་པོ་ཆེན་པོ་ཉིད་ནས་བསྡེབས་ལེགས་ཚིག་གི་ཕྲེང་བ་གསར་དུ་སྤེལ་བར་མཛད་པ་དང༌། དམ་ཚིག་གི་རྡོ་རྗེ་གཉེན་པོའི་རི་མོ་རྟག་ཏུ་མི་བརྗེད་པར་སྙིང་ལ་གསལ་བར་བྲིས་སོ། །གསུམ་པ་བྱ་བ་ལས་ཀྱི་འཁོར་ལོ་ལ། ཞུས་དག་གི་རིམ་
པས་ཡིད་རྟོན་པར་བསྒྲུབས་པ་དང༌། དེ་ཉིད་པར་དུ་བསྒྲུབ་པར་རྩོམ་པ་དང༌། བརྩམས་པའི་ལས་མཐར་ཕྱིན་པའི་ཚུལ་ལོ། །དང་པོ་ལའང་ཕྱི་མོ་གང་ལ་གཏུགས་པ་དང༌། ཞུས་དག་ཇི་ལྟར་བྱས་པའི་ཚུལ་ལོ། །དང་པོ་ཕྱི་མོ་གང་ལ་གཏུགས་པ་ལ། སྤྱིར་ས་ཆེན་པོ་

ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེའི་བདག་ཉིད་ཅན་རྣམས་ནི་རྟག་པར་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་བརྩེ་བའི་སྤྱན་རས་ཀྱིས་ཉིན་ལན་གསུམ་དང་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་གཟིགས་པ་ལས་ནི་ནམ་ཡང་ཡོལ་བ་མི་མངའ་ཞིང༌། གཟིགས་
པ་གང་གི་རྭ་བ་ན་འཇིག་རྟེན་གྱི་འགྲོ་བ་སུ་ཞིག་ནི་འཕེལ་བར་གྱུར། སུ་ཞིག་ནི་འགྲིབ་པར་གྱུར། སུ་ཞིག་ནི་དབུལ་བའི་དགོན་པར་འཁྱམས། སུ་ཞིག་ནི་གནོད་པ་དང་ལྷན་ཅིག་པར་གྱུར། སུ་ཞིག་ནི་ཉམ་ང་བའི་གཡང་དུ་རྒྱུ། སུ་ཞིག་ནི་སྡུག་བསྔལ་གྱིས་སྡུག་བསྔལ་བའི་ཁུར་
གྱིས་ནོན། སུ་ཞིག་ནི་སྡུག་བསྔལ་ལ་མངོན་པར་རྒྱུག །སུ་ཞིག་ནི་ངན་སོང་གི་ཐང་དུ་གཞོལ་ཞིང་འབབ། སུ་ཞིག་སྲིད་པའི་ཆུ་གཏེར་དུ་བྱིངས་པ་དེང་ངས་སྙིང་རྗེའི་ལག་པས་གདོན། སུ་ཞིག་སྡུག་བསྔལ་གྱི་སྲིན་པོས་གཙེས་པ་ལས་དེང་ངས་འཇིག་པ་མ་མཆིས་པའི་
གནས་སུ་བསྐྱལ། སུ་ཞིག་འདོད་ཆགས་ཀྱི་མེས་གདུངས་པ་དེང་ངས་ཆགས་བྲལ་དམ་པའི་ཆོས་ཀྱི་ཆུས་དབང་བསྐུར་བར་བྱ། སུ་ཞིག་སྡང་སེམས་གདུག་པའི་སྦྲུལ་གྱིས་ཟིན་པ་དེང་ངས་ཞི་བྱེད་གཉེན་པོའི་སྔགས་ཀྱིས་གསོ་བར་བྱ། སུ་ཞིག་རྣམ་པར་གཡེང་བའི་རླུང་གིས་
བདས་པ་དེང་ངས་རྩེ་གཅིག་སེམས་ཀྱི་སྟེགས་ལ་ངལ་བསོར་སྤྱོད་དུ་གཞུག །སུ་ཞིག་མ་རིག་པའི་སྨག་རུམ་དུ་ལྷུང་བ་དེང་ངས་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་སྒྲོན་མ་སྦྱིན་པར་བྱ། སུ་ཞིག་ལྟར་སྣང་བདེ་བའི་འཆིང་ཐག་གིས་བཅིངས་པ་དེང་ངས་ཡིད་འབྱུང་གཏམ་གྱི་སོར་མོས་བཀྲོལ་
ལ་གཏན་གྱི་བདེ་བའི་གྲོང་ཁྱེར་དུ་བཀྲི་བར་བྱ་སྙམ་དུ་རྩེ་གཅིག་པས་རྟོག་པར་ཞུགས་པ་ན། གངས་ལྡན་གྱི་རི་བོའི་ཕྲེང་བས་བསྐོར་བའི་ནོར་འཛིན་ཡངས་པའི་གཞི་ལ་བརྟེན་པའི་སྲོག་ཆགས་ཀྱི་ཚོགས་ཚད་མེད་ཅིང་གྲངས་མེད་པ་རྣམས། དམ་པའི་ཆོས་ཀྱི་སྣང་བས་མ་
ཁྱབ་པ། བླང་དོར་ལོག་པར་ཞུགས་པ། དུག་གསུམ་གྱི་སྡོང་པོ་རྒྱས་པ། མི་འདོད་ནའང་སྡུག་བསྔལ་ལ་མངོན་པར་རྒྱུག་པ། བདེ་བ་སྒྲུབ་པའི་ཐབས་ལ་མི་མཁས་ཤིང་མཐའ་འཁོབ་ཀྱི་མུན་པ་སྟུག་པོའི་ཁྲོད་དུ་འཕྱན་པ་རྣམས་རྣམ་པར་གཟིགས་སོ། །གཟིགས་ནས་

ཀྱང་པདྨའི་མཚོ་ལ་ངང་པ་འཇུག་པ་བཞིན་དུ་གདུལ་དཀའི་མི་སྲུན་ཚོགས་ཀྱིས་ཡོངས་སུ་ཁྱབ་པའི་གདུལ་ཞིང་དེ་ན་བསམ་བཞིན་པར་སྲིད་པའི་དཔག་བསམ་དམ་པའི་སྐྱེ་བར་ཡོངས་སུ་བཟུང་བའི་སྔོན་གྱི་སྤྲུལ་པའི་རྒྱལ་བློན་རྣམས་དང༌། དེ་དག་གིས་སྤྱན་
དྲངས་པ་དང༌། སྔོན་གྱི་སྨོན་ལམ་བཟང་པོའི་ཕོ་ཉས་ཡོངས་སུ་བསྐུལ་ཏེ་བྱོན་པའི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་ཤེས་བྱ་རིག་པའི་གཞུང་ལུགས་རབ་འབྱམས་ཀྱི་ཡུལ་ལ་རྣམ་པར་བལྟ་བའི་མཁྱེན་རབ་ཀྱི་མིག་དཀྱུས་ཐུང་ངུར་མ་གྱུར་པ་རྣམས་དང༌། སྐད་གཉིས་སྨྲ་བའི་
ལོ་ཙཱ་བ་འཇིག་རྟེན་ཐམས་ཅད་ཆོས་ཀྱིས་སྣང་བར་བྱེད་ཅིང༌། འཇིག་རྟེན་ཀུན་གྱི་མིག་ཏུ་གྱུར་པ་རྣམས་ཀྱིས། ཐུགས་བསྐྱེད་དང་རྟུན་པ་བརྒྱ་ཕྲག་དུ་མ་བརྩེགས་པའི་བཀའ་དྲིན་གྱི་ཤིང་རྟས། རྒྱ་གར་དང༌། ཁ་ཆེ་དང༌། ཟ་ཧོར་དང༌། བལ་པོ་དང༌། ལི་ཡུལ་དང༌།
ཤམྦྷ་ལ་དང༌། ཨོ་ཌྱཱན་དང༌། རྒྱ་ནག་ལ་སོགས་པ་རྣམས་ནས་བདེ་བར་གཤེགས་པའི་བཀའ་དང༌། བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ། གངས་ཅན་པའི་སྐད་དང་རྗེས་སུ་མཐུན་པའི་བརྡའི་ལམ་དུ་བསྒྱུར་བ་དང༌། བཤད་པ་དང༌། དཔྱད་
པ་གསུམ་གྱི་སྒོ་ནས་ལེགས་པར་གཏན་ལ་ཕབ་སྟེ། གངས་རིའི་ཁྲོད་འདིར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ། ཤཱཀྱ་སེང་གེ ཤཱཀྱའི་གཙོ་བོ། ཤཱཀྱའི་སྐྱེས་མཆོག་ཆེན་པོ་དེའི་བསྟན་པ་
དྲི་མ་མེད་པ་ཤིན་ཏུ་དར་ཤིང་རྒྱས་པར་མཛད་དོ། །དེ་དང་མཉམ་དུ་སྤྲུལ་པའི་རྒྱལ་བློན་ཆེན་པོ་རྣམས་ཀྱིས་བདེ་བར་གཤེགས་པའི་བཀའ་ལུང་དགོངས་འགྲེལ་དྲི་མ་མེད་པ་དང་བཅས་པའི་གླེགས་བམ་གྱི་ཚོགས་བགྲང་གིས་མི་ལང་བ་མང་པོ་ཐུགས་དམ་གྱི་རྟེན་དུ་བཞེངས་ཏེ་མཆོད་
ཅིང་རྗེད་པ་དང༌། ཉན་པ་དང་བཤད་པ་ལ་སོགས་པའི་སྲོལ་བཟང་པོ་ནམ་ཡང་བསུབ་ཏུ་མེད་པར་བཙུགས་སོ། །ཆོས་ལྡན་གྱི་རྒྱལ་པོ་སད་ན་ལེགས་མཇིང་ཡོན་གྱི་སྐུ་རིང་ལ། སྐད་གཉིས་སྨྲ་བའི་དབང་པོ་བནྡེ་དཔལ་བརྩེགས་རཀྵི་ཏ་དང༌། དེ་ཝེནྡྲ་དང༌། དཔལ་

གྱི་ལྷུན་པོ་ལ་སོགས་པས་འཕང་ཐང་ཀ་མེད་ཀྱི་གཙུག་ལག་ཁང་ན་བཞུགས་པའི་གསུང་རབ་རྣམས་ལ། ཚེག་བར་བརྒྱད་ལ་རྐང་པ་གཅིག་ཏུ་བརྩིས་པའི་རྐང་པ་བཞི་ཚོགས་པ་ལ་ཤླཽ་ཀ་དང༌། དེ་སུམ་བརྒྱ་ལ་སོགས་པ་ལ་བམ་པོའི་ཚད་དུ་བྱས་ཏེ། གཞུང་ཚད་དེ་ཉིད་
ཀྱིས་ལེགས་པར་གཞལ་བའི་ཐེམ་བྱང་མ་འཁྲུལ་བར་ཆོས་ཚན་འདི་དང་འདི་ལ་རྣམ་གྲངས་འདི་དང་འདི་བཀོད་པ་དཀར་ཆག་འཕང་ཐང་མར་གྲགས་པ་སྟེ། བོད་ལ་དམ་པའི་ཆོས་འགྱུར་རོ་ཅོག་ཕྱོགས་གཅིག་ཏུ་བསྒྲིགས་པའི་ཐོག་མར་འདི་ཡིན་པར་གྲགས་ཤིང༌།
དེའི་རྗེས་སུ་སྒྲ་བསྒྱུར་གྱི་བནྡེ་དཔལ་བརྩེགས་དང༌། འཁོན་ཀླུའི་དབང་པོའི་བསྲུངས་པ་ལ་སོགས་པས་སྟོང་ཐང་ལྡན་དཀར་གྱི་ཕོ་བྲང་ཆེན་པོ་ན་བཞུགས་པའི་གསུང་རབ་དང་བསྟན་བཅོས་བོད་ཀྱི་རྒྱལ་ཁམས་སུ་འགྱུར་རོ་འཚལ་བམ་པོ་དང་ཤླཽ་ཀའི་གྲངས་སུ་འདི་དང་འདི་
མཆིས་ཞེས་ངེས་པར་གཏན་ལ་ཕབ་ཟིན་པ་རྣམས་ཀྱི་མཚན་བྱང་དཀར་ཆག་ཏུ་བཏབ་པ་ལ་དཀར་ཆག་ལྡན་དཀར་མར་གྲགས་པ་བྱུང༌། དེའི་རྗེས་སུ་བཙད་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ཅང་གི་རྡོར་བཞུགས་པ་ན། ཉི་འོག་གི་མཁན་པོ་ཨཱ་ཙཱརྻ་ཛི་ན་མི་ཏྲ་དང༌། སུ་རེནྡྲ་བོ་
དྷི་དང༌། ཤཱི་ལེནྡྲ་བོ་དྷི་དང༌། དཱ་ན་ཤཱི་ལ་དང༌། བོ་དྷི་མི་ཏྲ་དང༌། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང༌། དྷརྨ་ཏ་ཤཱི་ལ་དང༌། ལོ་ཙཱ་བ་མཁས་པར་ཆུད་པ་ཛྙཱ་ན་སེ་ནཱ་དང༌། ཛཱ་ཡ་རཀྵི་ཏ་དང༌། མཉྫུ་ཤྲཱི་ཝརྨྨ་དང༌། རནྟེནྟྲ་ཤཱི་ལ་སོགས་པ་རྣམས་ཀྱིས་ཐེག་པ་ཆེ་ཆུང་ལས་འབྱུང་
བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་བསྒྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་བསླབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་སྩལ་བར་བརྟེན། དེ་རྣམས་ཀྱིས་ཀྱང་རྒྱལ་བའི་གསུང་རབ་དང་བསྟན་བཅོས་ཀྱི་
རིགས་སྔར་བསྒྱུར་བ་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ། གསར་དུ་ཡང་མང་པོ་བསྒྱུར་ཞིང་ཞུས་ཏེ་གཏན་ལ་ཕབ་བོ། །སླན་ཆད་ཀྱང་དེ་ལས་མི་བསྒྱུར་བར་བཀས་བཅད་པ་སྒྲ་སྦྱོར་བམ་པོ་གཉིས་པ་མཛད། བསྟན་པ་ཕྱི་དར་གྱི་དུས་སུ་ཆོས་རྒྱལ་ཆེན་པོ་རྣམས་

ཀྱི་ཐུགས་བསྐྱེད་དང༌། ས་སྟེང་ན་ཉི་ཟླ་ལྟར་ཡོངས་སུ་གྲགས་ཤིང་གྲུབ་པའི་པཎྜི་ཏ་ཇི་སྙེད་བྱོན་པ་རྣམས་ཀྱི་སྐུ་དྲིན་དང༌། སྐད་གཉིས་སྨྲ་བའི་དབང་པོ་སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་གསུང་རབ་སྔར་བསྒྱུར་བ་རྣམས་ཀྱང་ཞུ་ནན་གྱི་སྒོ་ནས་བསྟན་
པ་རིན་པོ་ཆེ་སྒྲོ་སྐུར་གྱི་དྲི་མ་དང་བྲལ་བར་མཛད། སྔོན་ཆད་བོད་དུ་མ་བསྒྱུར་བའི་བཀའ་དང་བསྟན་བཅོས་ཀྱི་རིགས་དཔག་ཏུ་མེད་པ་ཡང་གསར་དུ་བསྒྱུར་ཅིང་ཞུ་བ་དང༌། བཤད་པ་ལ་སོགས་པས་ལེགས་པར་གཏན་ལ་ཕབ་ནས་གངས་རིའི་ཁྲོད་འདིར་དམ་པའི་ཆོས་
ཀྱི་འབྱོར་པ་རྒྱ་ཆེ་ཞིང་ཟབ་པའི་ཚོགས་ཀྱིས་སྔོན་དུས་འཕགས་པའི་ཡུལ་དུ་ཇི་ལྟར་བྱུང་བའི་ངོ་མཚར་གྱི་ཕུང་པོ་ལ་འགྲན་པར་བཟོད་པའི་རང་བཞིན་དུ་གྱུར་ཏོ། །དུས་ཕྱིས་འཛམ་གླིང་བསྟན་པའི་སྒྲོན་མེ་དཔལ་ལྡན་ས་སྐྱའི་གདུང་བརྒྱུད་དྲི་མ་མེད་པ་རྣམས་ཀྱི་སྐུའི་ཞང་པོར་
གྱུར་པ། སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེན་པོ་སེ་ཆེན་གན་གྱི་བརྒྱུད་པ་དང་བཅས་པས་ལེགས་པར་བསྐྱངས་ཤིང་ཆེན་པོའི་གོ་སར་དབང་བསྐུར་བ། སྐུ་ཞང་ཆེན་པོ་གྲགས་པ་རྒྱལ་མཚན་གྱི་སྲས་ཀྱི་ཐུ་བོ་གཙུག་ལག་ཟུང་གི་མཁྱེན་རབ་རྣམ་པར་ཡངས་པའི་དཔོན་
ཆེན་པོ་ཀུན་དགའ་དོན་གྲུབ་ཀྱི་བསོད་ནམས་གསོག་པའི་རྟེན་དུ། བསྟན་བཅོས་འགྱུར་རོ་འཚལ་བཞེངས་པའི་དུས་སུ། ཆོས་གྲྭ་ཆེན་པོ་སྣར་ཐང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ལ་མ་ཕྱིར་བཟུང་སྟེ། དེ་ཉིད་དུ་མ་བཞུགས་པའི་ཆོས་ཚན་རྣམས་དང༌། གསར་
དུ་བསྒྱུར་བའི་བསྟན་བཅོས་ཀྱི་རིགས་རྣམས་དབུས་གཙང་གི་ཆོས་གྲྭ་ཆེ་ཆུང་རྣམས་ནས་འབད་པ་ཆེན་པོས་བཙལ་ཏེ། ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་ཙམ་རྙེད་པ་བསྣན་པ་དང་བཅས་པའི་བསྟན་བཅོས་རིན་པོ་ཆེ་སྟོང་ཕྲག་གསུམ་དང་སུམ་བརྒྱ་དྲུག་ཅུ་རྩ་གཉིས་བཞུགས་པའི་
གླེགས་བམ་གྱི་ཚོགས་བཞེངས་ཏེ་ལེགས་བྱས་ཀྱི་རྒྱ་མཚོ་ཆེན་པོ་བསྐྱིལ་བར་མཛད་དོ། །དུས་དེར་གངས་ཅན་ཁྲོད་ན་ཡོངས་སུ་གྲགས་པའི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་ཅེས་པ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བསྟན་པ་ལ་རྒྱལ་ཚབ་ཆེན་པོའི་བགྱི་བ་བླ་ན་མེད་

པ་བགྱིས་པའི་བསྟན་སྐྱོང་དགེ་བའི་བཤེས་གཉེན་ཆེན་པོ་དེས། ཆོས་ཀྱི་རྣམ་གྲངས་མཐའ་དག་གི་མཚན་བྱང་དང༌། མཛད་འགྱུར་མཐའ་དཔྱད་དང་བཅས་པའི་སྒོ་ནས་གཏན་ལ་ཕབ་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་ནོར་བུ་རིན་པོ་ཆེ་དབང་གི་རྒྱལ་པོའི་ཕྲེང་བ་ཞེས་
པ་བརྩམས་སོ། །དེའི་རྗེས་སུ་བསོད་ནམས་དུ་མས་བསྐྱེད་པའི་སྟོབས་ཀྱིས་མངོན་པར་འཕགས་ཤིང་ཁྲིམས་གཉིས་ཀྱི་འཁོར་ལོས་སྒྱུར་བ་ཆེན་པོ་ཏའི་སི་ཏུ་ཆེན་པོ་བྱང་ཆུབ་རྒྱལ་མཚན་གྱིས་ཡུལ་དབུས་འགྱུར་འཆང་གིས་མཚོན་པའི་ས་ཕྱོགས་ཐམས་ཅད་དུ་བསྟན་པ་རྒྱས་པའི་ཕྱིར་
དང༌། མི་བདག་ཆེན་པོ་རང་གི་རིགས་ཀྱི་ཅོད་པཎ་དམ་པ། དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་མཚུངས་མེད་ཆོས་ཀྱི་རྗེ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་གཙོ་བོར་སྨོས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཁམས་བཟང་ཞིང་ཕྲིན་ལས་
རྒྱས་པར་བྱ་བའི་ཕྱིར་དང༌། བདག་གཞན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་གཉིས་ཀྱི་དཔལ་འབྱོར་རྒྱ་ཆེན་པོ་བསྐྱེད་པའི་ཕྱིར་དང༌། སྔོན་གྱི་རྒྱལ་བློན་བཟང་པོ་རྣམས་ཀྱི་རྣམ་པར་ཐར་པ་བསྐྱང་བར་བྱ་བའི་ཕྱིར། དཔལ་ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་ན་བཞུགས་པའི་
བསྟན་བཅོས་འགྱུར་རོ་འཚལ་ཕྱི་མོར་བཟུང་སྟེ། དེར་མ་ཚུད་པའི་དཔེ་དཀོན་པ་ཕྱིས་སུ་རྙེད་པ་དང༌། གསར་དུ་འགྱུར་བ་སུམ་ཅུ་རྩ་བརྒྱད་ཙམ་བསྣན་པ་དང་བཅས་པ་རྣམས་ལ་སྒྲོ་སྐུར་གྱི་མཐའ་སྤང་བའི་ཕྱིར། ལུང་རིགས་སྨྲ་བའི་དབང་པོ་ཤཱཀྱ་འོད་དང༌། བྱང་
ཆུབ་རྒྱལ་མཚན་པ་རྣམས་ཀྱིས་ཞལ་ཏ་ལེགས་པར་མཛད་དེ། ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་གསུམ་དང་བཞི་བརྒྱ་ཉི་ཤུ་རྩ་དགུ་བཞུགས་པའི་གླེགས་བམ་གྱི་ཚོགས་རྣམས་བཞེངས་ཏེ། ཀུན་མཁྱེན་བུ་སྟོན་ཆེན་པོས་སླར་བསྣན་པ་རྣམས་དང་བཅས་པ་དཀར་ཆག་
ཏུ་བཏབ་སྟེ། དེའི་དཀར་ཆག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་ཟ་མ་ཏོག་ཅེས་བྱ་བ་བརྩམས་སོ། །ཡང་བླ་ན་མེད་པའི་སྟོབས་དང་འབྱོར་པ་རྒྱ་མཚོའི་མཆེད་ཟླར་གྱུར་པ་ལ་དབང་འབྱོར་ཞིང༌། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོའི་བསྟན་པ་གོང་མ་ནས་གོང་མར་འདེགས་པའི་སྙིང་

སྟོབས་བསྒྲུན་དུ་མེད་པའི་བདག་ཉིད་ཅན་གྱི་རྒྱལ་པོ་ཆེན་པོ་ཨ་མགོན་བཟང་པོ་དང༌། སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཉིད་གློ་བོར་སྤྱན་འདྲེན་པར་མཛད་དེ། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་འགྱུར་
རོ་འཚལ་རྣམས་བཞེངས་པ་ན། དེའི་སྒྲིག་རིམ་དང་གཞུང་དོན་འགའ་ཞིག་ཐེ་ཚོམ་ཅན་ཡིན་མིན་གྱི་མཐའ་དཔྱད་དང་བཅས་པ་ལེགས་པར་མཛད་དེ། མཚན་ཉིད་ཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་དང༌། རྡོ་རྗེ་ཐེག་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་དཀར་ཆག་
གཉིས་མཛད་དོ། །གཞན་ཡང་ལྷ་སྲས་མུ་ནེ་བཙན་པོའི་སྐུའི་ཡང་སྲིད་དུ་ལུང་གིས་ཟིན་པ་སྡེ་སྲིད་མིའི་དབང་པོ་སངས་རྒྱས་རྒྱ་མཚོ་ཞེས། དོན་དུ་དཔལ་ལྡན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་པཎྜི་ཏ་ཆེན་པོ། ཤེས་བྱ་རིག་པའི་གཞུང་ལུགས་མཐའ་དག་གང་གི་མཁྱེན་
རབ་ཀྱི་མེ་ལོང་གཅིག་ཏུ་རྣམ་པར་བཀྲ་ཞིང༌། ཇི་ལྟར་བཀྲ་བའི་རྣམ་པ་གང་དག་ཚུལ་བཞིན་དུ་འདོམས་པ་ལ་ཐོགས་པ་མི་མངའ་བའི་མཁྱེན་རབ་དང་ངག་གི་དབང་ཕྱུག་བརྙེས་པ་ཆེན་པོ་དེས། རང་གི་རིགས་ཀྱི་ཅོད་པཎ་ཆེན་པོ། ཚངས་སྲས་བཞད་པའི་རྡོ་རྗེ་ངག་དབང་བློ་
བཟང་རྒྱ་མཚོ་འཇིགས་མེད་གོ་ཆ་ཐུབ་བསྟན་ལང་ཚོའི་སྡེ་ཞེས་པ། སྙིགས་མའི་དུས་ཀྱི་ཐམས་ཅད་མཁྱེན་པ་ཆེན་པོར་གྱུར་པ། གངས་ཅན་ཁྲོད་ཀྱི་གྲུབ་པའི་མཐའ་གསར་རྙིང་རིས་མེད་ཀྱི་བསྟན་པ་མ་ལུས་པའི་གཙུག་རྒྱན་ཆེན་པོ་དེ་ཉིད་ཞབས་ཀྱི་པདྨ་མི་འགྱུར་རྡོ་རྗེའི་ཁྲི་ལ་
བརྟན་པར་བཞུགས་པའི་རིམ་གྲོར་དམིགས་ནས། འཕྱོང་རྒྱས་འཕྱིང་བར་སྟག་རྩེའི་ཕོ་བྲང་དུ། ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་གི་བསྟན་བཅོས་འགྱུར་རོ་འཚལ་ལ་ཕྱི་མོར་བགྱིས་ནས་ཡར་ལུང་པས་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་ཉིད་ལས་རིམ་པར་
བརྒྱུད་དེ་མཆེད་པའི་བུ་དཔེ་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང༌། སེ་ར་ཐེག་ཆེན་གླིང་དང༌། ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དང༌། འཕྱོང་རྒྱས་ལ་སོགས་པར་བཞུགས་པའི་ཕྱི་མོ་རྣམས་དང༌། དེར་མ་བཞུགས་པ་བུ་སྟོན་རིན་པོ་ཆེ་ནས་དེང་སང་གི་

བར་གྱི་གསར་འགྱུར་དང༌། མདོ་དང་སྔགས་དང༌། རིག་གནས་ཀྱི་དཔེ་རྙིང་ཁུངས་བཙུན་པ་སྔར་མ་ཆུད་པ་རྣམས་དང་བཅས་པའི་ཁྱོན་བདུན་བརྒྱ་དང་བརྒྱད་ཅུ་ཙམ་བསྣན་པས། ཁྱོན་བསྡོམས་པར་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བཞི་དང་ཉིས་བརྒྱ་དགུ་ཙམ་བསགས་
པ་ལ། མ་ཕྱིར་སྡེབ་ཀྱི་ཞུ་ཆེན་པ་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་གཙོས་པའི་བརྡ་དག་དང་རིག་པའི་གནས་ལ་བྱང་ཆུབ་པ་རྣམས་ཀྱིས་བགྱིས་ཏེ་བཞེངས་ནས། དེའི་དཀར་ཆག་འཇིག་རྟེན་གསུམ་གྱི་བདེ་སྐྱིད་པད་ཚལ་བཞད་པའི་ཉིན་བྱེད་ཅེས་བྱ་བ། རྒྱལ་
བའི་དབང་པོ་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོས་བརྩམས་སོ། །དེ་ལ་སོགས་པ་སྔོན་གྱི་མཁས་པ་ཆེན་པོ་ཐུབ་དབང་བསྟན་པའི་རྩ་ལག་དམ་པར་གྱུར་པ་རྣམས་ཀྱིས། ལན་གྲངས་དུ་མའི་བར་དུ་བརྡ་དང་དོན་གྱི་ཞུས་ཆེན་ལན་གྲངས་མང་པོས་ལེགས་པར་གཏན་ལ་ཕབ་
སྟེ། དེ་དག་ལས་མཆེད་པའི་དཔེ་རྒྱུན་མང་པོ་རྣམས་ནི་ཡུལ་དབུས་གཙང་གི་ཕྱོགས་ཀྱི་གདན་ས་ཆེན་པོ་རྣམས་སུ་དར་རྒྱས་ཤིན་ཏུ་ཆེ་བར་བཞུགས་ནའང༌། མདོ་སྨད་ཀྱི་ལྗོངས་འདིར་སྔོན་དུས་དགོངས་འགྲེལ་འགྱུར་རོ་འཚལ་གྱི་གླེགས་བམ་ཡོངས་སུ་ཚང་བའི་འདྲི་སྲོལ་ཆེ་བ་
ཞིག་མ་བྱུང་བ་ལྟ་བུས། ཕྱི་མོར་བཏུབ་པའི་དཔེ་རྒྱུན་ནི་ཤིན་ཏུ་དཀོན་པ་ཙམ་སྣང་བ་ལས། རྒ་སྟོད་ཀྱི་ཕྱོགས་ན་རྒ་ཨ་གཉན་དམ་པ་ཞེས་པ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེན་པོ་དཔལ་ས་སྐྱ་པ་འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་པའི་གསུང་ལས་སྐྱེས་པའི་
སློབ་མའི་ཐུ་བོར་གྱུར་པ། དཔལ་ལྡན་རྡོ་རྗེ་འཆང་གི་གསང་བའི་སྔགས་ཀྱི་རྣལ་འབྱོར་ལེགས་པར་གྲུབ་པའི་རྟགས་སུ། གང་གི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ། མི་ཕྱེད་རྡོ་རྗེ་གསུམ་གྱི་ཁམས་སུ་བརྟས་པའི་བྱིན་རླབས་མེ་དཔུང་གི་ཚ་ཚ་རེས་ཀྱང༌། ཆུ་སྲིན་རྒྱལ་མཚན་
ཅན་སྡེ་དང་བཅས་པ་བསྐལ་པ་བརྒྱ་ཕྲག་མང་པོའི་ཕ་རོལ་དུ་ཡང་གནས་པའི་གོ་ས་འཕྲོག་པ་ལ། ཅུང་ཟད་ཀྱང་བསྙེལ་པ་མི་མངའ་བའི་དཔའ་བོ་ཆེན་པོར་གྱུར་ཏེ། དེའི་གྲགས་པ་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཡང་ཨ་གཉན་པཀྵི་ཞེས་ཀུན་དུ་ཡོངས་སུ་གྲགས་པའི་སྐྱེས་བུ་ཆེན་པོ་

ཞིག་བྱུང་ངོ༌། །དེ་ཉིད་གང་ལས་བྱོན་པའི་རིགས་ཀྱི་དབོན་དུ་གྱུར་པ་ཞིག་གིས་རྒྱུ་རྐྱེན་ཕུན་སུམ་ཚོགས་པར་སྦྱར་ཏེ། ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་ཕྱི་མོར་བཟུང་ཞིང་ཡི་གེའི་རིག་བྱེད་པ་རྣམས་
བསགས་ནས་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་གླེགས་བམ་རྣམས་དང༌། ཞྭ་དམར་ཅོད་པཎ་འཆང་བ་རིམ་པར་བྱོན་ལས་བཞི་པར་གྱུར་པ་ཤཱཀྱའི་སྲས་ཀྱི་བསྟན་པ་སྣང་བར་བྱེད་པའི་ཉི་མ་ཆེན་པོ། དཔལ་ལྡན་ཆོས་ཀྱི་གྲགས་པའི་བདག་རྐྱེན་ལ་བརྟེན་ནས།
འཕྱིང་བར་སྟག་རྩེའི་ཕོ་བྲང་དུ་མངོན་པར་བསྒྲུབས་པའི་བསྟན་བཅོས་འགྱུར་རོ་འཚལ་ལས་དཔེ་བྱས་ནས། ཀརྨ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་འབྱུང་གནས་ཞེས་པ། ཐམས་ཅད་མཁྱེན་པའི་ཡོན་ཏན་རྒྱ་མཚོའི་འཇུག་ངོགས་སུ་གྱུར་པའི་རིག་པའི་གནས་ལྔ་ཡན་ལག་དང་བཅས་པ་
ཚུལ་བཞིན་དུ་མཁྱེན་ཅིང༌། མཁྱེན་པ་ཐམས་ཅད་ཀྱང་རྗོད་བྱེད་དྲི་མ་མེད་པའི་ལམ་ནས་འདོམས་པ་ལ་མི་འཇིགས་པའི་མཁས་པ་ཆེན་པོ་དེ་ཉིད་ཀྱིས་བདག་པོའི་རྐྱེན་སྦྱར་ཏེ་བཞེངས་པའི་བསྟན་བཅོས་འགྱུར་རོ་འཚལ་དང༌། དུས་གསུམ་མཉམ་པར་གཟིགས་པའི་ཡེ་ཤེས་ཀྱི་
འདྲེན་བྱེད་དཀྱུས་སུ་རིང་བར་གྱུར་པའི་རྒྱལ་དབང་ཀརྨ་པ་མཐོན་ཀ་ཆེན་པོའི་ཅོད་པཎ་གྱིས་གཙུག་ཏོར་མཛེས་པར་སྤྲས་པའི་སྐྱེས་བུ་དམ་པ་རིམ་པར་བྱོན་པ་ནས། ཀརྨ་པ་ཡེ་ཤེས་རྡོ་རྗེའི་བར་ལ་ཐུགས་དམ་རྟེན་དུ་བཞུགས་པ་ལ། དུས་ཕྱིས་འགྲན་ཟླ་མེད་པའི་སྟོབས་
ཀྱི་འཁོར་ལོས་སྒྱུར་བའི་མི་བདག་སའི་ཚངས་པ་སྡེ་དགེ་བསྟན་པ་ཚེ་རིང་ལ་བསོད་ནམས་གསོག་པའི་རྟེན་དུ་ལེགས་པར་སྩལ་བའི་བསྟན་བཅོས་འགྱུར་རོ་འཚལ་དང༌། ས་བདག་ཆེན་པོ་རང་གི་ཕྱག་མཆོད་ཀྱི་ཞིང་དུ། མཐིང་ཤོག་ལེགས་པར་བསྟར་བའི་གཞི་མ་ལ་རིན་པོ་ཆེ་
དངུལ་དཀར་ཟླ་བའི་གྲོགས་པོ་འདུལ་སྦྱངས་ལེགས་པར་བགྱིས་པའི་ཁུ་བས་ཤིན་ཏུ་གཟབས་པར་དྲིས་པའི་བསྟན་བཅོས་འགྱུར་རོ་འཚལ་དང༌། གཞན་ཡང་བྱམས་ཆོས་ལྔ་ལ་སོགས་པ་པར་མ་ཐོར་བུ་བ་རྣམས་གང་འབྱོར་བྱས་ཏེ། ཞུ་དག་གི་མ་ཕྱིའི་ཆེད་དུ་མངོན་པར་

འདུ་བགྱིས་སོ། །གཉིས་པ་ཞུ་དག་ཇི་ལྟར་བྱས་པ་ནི། དེ་ལྟར་མངོན་པར་འདུ་བགྱིས་པའི་ཕྱི་མོ་དེ་རྣམས་ཀྱི་ནང་ནས་རྒ་ཨ་གཉེན་པ་ནས་བྱུང་བའི་བསྟན་བཅོས་ཀྱི་དཔེ་ནི་མདོ་ཕྱོགས་ཀྱི་སྐོར་རྣམས་དང༌། རྒྱུད་འགྲེལ་ཉུང་ཤས་ཤིག་ཤིན་ཏུ་དག་ཅིང་ཡིད་བརྟན་རུང་བ་ཁོ་ན་
མཆིས་ཀྱང༌། དེ་ལས་གཞན་པའི་རྒྱུད་འགྲེལ་རྣམས་དང༌། བརྡ་སྤྲོད་རིག་པའི་སྐོར་དང༌། ཚད་མ་རིག་པའི་སྐོར་ནས་ཕལ་ཆེར་ཕྱིས་སུ་འཐོར་གོད་དུ་སོང་བས་མ་ཚང་བ་མང་ཞིང༌། ཁ་འཐོར་ལུས་པ་རྣམས་ཀྱང་རྗེས་མ་ཞིག་གིས་ཁ་སྐོང་ཐོན་ལོ་ཙམ་བྱས་པའི་གྲས་
སུ་སོང་བས། ཡི་གེ་མཁན་མཁས་པོ་མ་བྱུང་བ་དང་ཆད་ལྷག་མང་པོ་ཡོད་པའི་སྐྱོན་གྱིས་ཡིད་རྟོན་འཆར་བཏུབ་པ་མང་པོ་མ་བྱུང་བས་ཅུང་ཟད་ཙམ་ལས་ཕན་སྐྱེད་ཆེན་པོ་ཐུབ་པ་མ་བྱུང་ངོ༌། །དེ་བཞིན་དུ་ཀརྨ་པས་སྩལ་བའི་གླེགས་བམ་གྱི་ཚོགས་རྣམས་བཟོ་བཀོད་ཀྱི་
རྣམ་པ་ནི་མིག་གི་དགའ་སྟོན་ཆེན་པོ་ཁོ་ནར་བཞུགས་ཀྱང༌། ཡི་གེ་པས་བྲིས་ཟིན་ནས་ཞུས་དག་སོང་བའི་རྗེས་ཅི་ཡང་མེད་པས་ཆད་ལྷག་ཤིན་ཏུ་མང་བ་དང༌། རིག་པའི་གནས་ཀྱི་བསྟན་བཅོས་སྐོར་ནི་ཉུང་ཟད་ཅིག་ལས་གཞན་ལྟར་རྒྱས་པར་མ་བཞུགས་པ་དང༌། སྐབས་
འགར་ཡིག་མཁན་མཁས་པོ་མ་བྱུང་བའི་ལག་རྗེས་སུ་སོང་བས་ཀློག་པ་ལ་ཡང་བཀའ་ཚེགས་མ་ཆུང་ཙམ་འབྱུང་བ་ཁོ་ནར་བཞུགས་པས་ཡིད་རྟོན་བཏུབ་པ་ཞིག་མ་བྱུང༌། འོན་ཀྱང་སྔ་དུས་ཞིག་ནས་གྱེས་པའི་དཔེ་རྒྱུན་གཞན་ཞིག་ལས་བྲིས་པ་ཡིན་ནམ་སྙམ་པ་
གོ་རིམ་འཁྲུགས་པའི་མཚམས་དང༌། སྐབས་འགའ་ཞིག་ནས་ཅུང་ཟད་རེ་ཕན་པ་བྱུང་ངོ༌། །སྡེ་དགེ་ཉིད་ཀྱིས་བཞེངས་པའི་དངུལ་བྲིས་ཅན་ནི་དཔེ་མ་བུར་སོང་བས་བུམ་ཆུ་ཡར་འབྱོ་མར་འབྱོར་ཙམ་ལས་ཕན་སྐྱེད་ནུས་པ་ཅི་ཡང་མ་བྱུང་ངོ༌། །དེ་རྣམས་ཀྱི་
ནང་ནས་སི་ཏུ་རིན་པོ་ཆེའི་བསྟན་བཅོས་འགྱུར་རོ་འཚལ་འདི་ཚང་ཞིང་རྒྱས་པ་དང༌། མཚན་ཉིད་ཐེག་པའི་སྐོར་དང་སྔགས་ཀྱི་ཐེག་པའི་སྐོར་གྱི་སྐབས་འགར་འདི་ཉིད་གྲགས་པ་བྱུང་བས་གཙོ་བོར་བཟུང་བ་ཡིན་ནོ། །འོན་ཀྱང་འདིའི་ནང་ནའང་ཚད་མའི་སྐོར་

ལ་སོགས་པ་འགའ་ཞིག་ཏུ་ཡི་གེ་བས་བསླད་སྐྱོན་ཆེ་བས་ཆད་ལྷག་དང་བྲི་ནོར་བྱུང་བ་ཤིན་ཏུ་བརྟག་དཀའ་བ་མང་དུ་མཆིས་ཀྱང༌། མ་ཕྱི་གཞན་ལའང་དེ་མཚུངས་ཁོ་ན་ལས་མེད་པས་ཅུང་ཟད་རེ་ལས་ཕན་སྐྱེད་ཆེན་པོ་མ་བྱུང་ཞིང༌། དེ་
ལས་གཞན་པའི་མ་ཕྱི་ཡིད་ཆེས་པ་གཞན་དང་བསྟུན་པའི་ཡ་བ་ཡང་ཁམས་ཕྱོགས་འདི་ནས་ཤིན་ཏུ་རྙེད་དཀའ་བར་བཅས། དོགས་གནས་ཆེ་ཙམ་མཆིས་ཀྱང་སོར་བཞག་གོ། །ཇི་སྐད་སྨོས་པའི་ཕྱི་མོ་དེ་རྣམས་ཀྱང་འགའ་ཞིག་ནི་དཔེ་རྒྱུན་གཅིག་པར་སོང་
བ་དང༌། ཁ་ཅིག་ནི་རང་བློ་དབང་དུ་མ་གྱུར་པ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པ་ལྟར། ཡི་གེ་པ་དང༌། དག་བྱེད་པའི་བློ་བྱིང་བ་དང༌། རྨུགས་པ་དང༌། ཧ་ཅང་འཕྲོ་རྒོད་དུ་གྱུར་པའི་དབང་གིས་ཆད་ལྷག་ཏུ་སོང་བའི་རྒྱུན་འབྱམས་ཏེ། ཆད་པ་ལ་ཆད་མཉམ་
དང༌། ལྷག་པ་ལ་ལྷག་མཉམ་བྱུང་བ་དང༌། སྐབས་འགའ་ཞིག་ཏུ་ནི་ཚིག་དང་དོན་གྱི་ཆ་ལ་སྐྱོན་དུ་ཞུགས་པ་དངོས་སུ་མཐོང་བར་བྱུང་བ་རྣམས་དང༌། ཕྱིས་ཀྱི་ཞུ་དག་མཁན་གང་ཟག་རང་སྟོབས་ཀྱིས་དཔྱོད་ཚུལ་མི་འདྲ་བའི་དབང་དུ་བཏང་བས་བཅོས་ནོར་སོང་བ་རྣམས་
ལ་བརྟག་དཔྱད་བྱེད་པའི་ཚུལ་གྱིས་འབྱིན་འཇུག་འོས་པ་རྣམས་གང་ཤེས་བྱས་སོ། །སྐབས་ཁ་ཅིག་ཏུ་ནི་གོང་འོག་གི་གོ་རིམ་རྣམ་པར་འཁྲུགས་པ་དང༌། དོན་མི་སྟོན་པར་རྫོབ་པོར་སོང་བ་དང༌། ཚིག་དང་དོན་གྱི་བབ་ལ་ཐེ་ཚོམ་ཟ་བའི་རིགས་ཅན་རྣམས་ལ་ནི། བཀྲལ་
བར་བྱ་བའི་བཀའ་དང་བསྟན་བཅོས་གང་ཡིན་པ་དེ་དང་དེ་ལ་གཏུགས་ནས་བཅོས་སོ། །ལ་ལ་ནི་མཛད་པ་པོ་ཐ་དད་པའི་གཞུང་འགྲེལ་གཞན་ལས་འབྱུང་བ་རྣམས་དང་ཡང་བསྟུན་ནས་གང་ལ་ངེས་པར་ཤར་བ་དེ་དང་དེའི་ཐད་ནས་བཅོས་ཤིང༌། དེ་དག་གིས་ཀྱང་ངེས་
པ་མ་བྱུང་བ་རྣམས་ནི་རེ་ཞིག་དཔྱད་པར་བྱ་བའི་གནས་སུ་བཞག་གོ། །ཁྱད་པར་སྔགས་ཀྱི་ཚིག་འབྲུ་རྣམས་ནི་སྤྱིར་བསྟན་བཅོས་འདི་དག་གི་ནང་ནས་ཀུན་ལ་རྒྱུག་ཆེ་བའི་དཔེ་ཚན་འགའ་རེ་མིན་པ། སྔོན་ཆད་པར་དུ་བརྐོ་བའམ་ཚིག་གི་བྱི་དོར་བྱེད་པ་ཉུང་བ་ལྟར་

གྱུར་པ་དང༌། གླེགས་བམ་དུ་བྲིས་པའི་རྒྱུན་རྣམས་ཀྱང་ཕལ་ཆེ་བ་དག་ནི་ཡི་གེ་གཤར་དུ་བྲིས་པ་ལ་དཔེ་བྱས་པ་ཤས་ཆེ་བར་བྱུང་བའི་རྟགས་སུ། དཔེར་ན་ཡིག་འབྲུ་ཏ་ར་དང༌། པ་ས་དང༌། དྷ་ཧ་དང༌། ཊ་སྡེ་དང་ཏ་སྡེ་ལྟ་བུ་ཕན་ཚུན་འབྲུ་ནོར་བྱུང་བ་དང༌།
བརྩེགས་པ་གྲལ་རིམ་དུ་ཤོར་བ་ལ་སོགས་པའི་འབྲུ་ནོར་ཅུང་ཟད་རེས་རྐྱེན་བྱས་ཏེ། མེ་སྟག་ཆུང་ངུ་ལས་མཆེད་པས། ནགས་ཚལ་ཆེན་པོ་མེར་སྦར་བ་བཞིན་དུ་རིམ་གྱིས་རྒྱ་མིན་བོད་མིན་དུ་གྱུར་པའང་མང་དུ་མཆིས། དེ་དག་ལས་འདྲི་མཁན་དང་ཀློག་མཁན་
གཉིས་ཀས་ཀྱང་དག་སྣང་སྦྱོང་བ་ཙམ་མ་གཏོགས། རྟོག་དཔྱོད་རིག་པའི་སྲང་མདས་གཞལ་འདེགས་མ་གྲུབ་པར་བཏང་སྙོམས་སུ་ལུས། དེ་ལས་རྒྱུན་འབྱམས་སུ་སོང་བ་ཤིན་ཏུ་དཔྱོད་དཀའ་བར་མཆིས་སོ། །འོན་ཀྱང་སཾ་ཀྲྀ་ཏའི་སྐད་ཀྱིས་ཡིན་པའི་སྔགས་
ལས་ནི་ཕལ་ཆེར་རྒྱུད་གཞུང་དང་བརྡ་སྤྲོད་པའི་ལུགས་གཉིས་ཀ་དང་བསྟུན་ནས་རང་བློར་གང་ངེས་པ་རྣམས་ནི་ཅི་ནུས་ཀྱིས་བཅོས། སྔགས་བཏུ་ལས་འབྱུང་བ་རྣམས་ནི་དེ་ཉིད་ཀྱིས་ངེས་པར་བྱས། ཅིས་ཀྱང་ཐེ་ཚོམ་དང་བྲལ་བར་མ་ནུས་པ་རྣམས་ནི་སླར་ཡང་བརྟག་པར་བྱ་
བའི་ཡུལ་དུ་བཞག །པི་ཤ་ཙི་དང༌། ཨ་ཝ་བྷྲཾ་ཤ་དང༌། པྲ་ཀྲྀ་ཏའི་སྐད་ཀྱིས་ཡིན་པ་རྣམས་དང༌། ཤིན་ཏུ་གསང་བ་བརྡའི་སྐད་ཀྱིས་ཡིན་པ་སྔགས་ཀྱི་ཚིག་ལེགས་པར་སྦྱར་བའི་སྐད་དང་མཐུན་པར་བཅོས་སུ་མི་བཏུབ་པ་རྣམས་ནི་ཕྱི་མོ་མཐུན་པ་ཤས་ཆེ་བ་རྒྱུ་མཚན་
དུ་བྱས་ནས་སོར་བཞག་པ་དང་བཅས་ཏེ་ཞུས་སོ། །གངས་ཅན་སྐད་ཀྱི་བརྡ་རྣམས་ཀྱང༌། །དཔལ་ཁང་པ་ཆོས་མཛད་ལོ་ཙཱ་བས། །སོ་སོ་རིག་བཞི་ས་དགུ་པ། །མ་ཐོབ་དེ་སྲིད་ཆོས་ཀུན་གྱི། །ངེས་ཚིག་ཤེས་མིན་དེ་ཡི་ཕྱིར། །མཐའ་དག་སྡེབ་སྦྱོར་སུ་ཡིས་
ཤེས། །ཞེས་གསུངས་པ་ལྟ་བུའི་ཡོན་ཏན་རྫོགས་པར་མ་གྱུར་པ་དེ་སྲིད་དུ་རྟོགས་པར་དཀའ་ནའང་སྔོན་གྱི་མཁས་པ་རྣམས་ཀྱིས་བཞེད་པའི་གཞུང་གི་རྗེས་སུ་བགྱིད་པའི་སྒོ་ནས་ཏེ། དེའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པའི་སློབ་དཔོན་ཐོན་མི་སཾ་

བྷོ་ཊས། འཕགས་པའི་ཡུལ་གྱི་བརྡ་སྤྲོད་པའི་གཞུང་ཆེན་པོ་བརྒྱད་དང་གྲངས་མཚུངས་སུ་སྦྱར་བའི་བོད་སྐད་ལ་ཉེ་བར་མཁོ་བའི་བརྡ་སྤྲོད་ཀྱི་གཞུང་རྣམ་པ་བརྒྱད་མཛད་པར་གྲགས་ཀྱང༌། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་དེང་སང་ནི་སུམ་
ཅུ་པ་དང་རྟགས་གཉིས་ཀྱི་འཇུག་པ་གཉིས་ལས་མི་བཞུགས་པར་གྲགས་ཤིང༌། གཞུང་དེ་གཉིས་དང༌། གཞན་ཡང་བཀས་བཅད་བྱེ་བྲག་ཏུ་རྟོགས་བྱེད་ཆེན་པོ་དང༌། སྒྲ་སྦྱོར་བམ་པོ་གཉིས་པ་དང༌། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་རྩ་འགྲེལ་དང༌། གཞན་ཡང་
མཁས་པ་ཕྱི་མ་རྣམས་ཀྱིས་ཀྱང་གཞུང་དེ་དག་གི་དགོངས་པ་དང༌། བརྡ་རྙིང་གི་གསུང་རབ་ཐམས་ཅད་དང་སྒོ་བསྟུན་ནས་གསར་རྙིང་གི་བརྡ་ཚིག་དག་པར་བྱེད་པའི་བསྟན་བཅོས་ཀྱི་ཚོགས་ནི་མིག་འབྱེད་ཀྱི་ཐུར་མ་འདྲ་བ་མང་དུ་བརྩམས་སོ། །ཇི་ལྟར་བརྩམས་པ་
དག་གི་བརྗོད་པར་བྱ་བ་ཡང༌། འཇམ་དབྱངས་ཐོན་མིའི་གཞུང་ལས། ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །ཀཱ་ལི་སུམ་ཅུ་ཐམ་པའོ། །ཞེས་སློབ་དཔོན་འདིས་ཨ་ཡིག་གསལ་བྱེད་ཀྱི་གྲངས་སུ་འདྲེན་པའི་དབང་གིས་དབྱངས་ཡིག་
བཞི་དང༌། གསལ་བྱེད་སུམ་ཅུ་ཐམ་པའི་གྲངས་ངེས་མཛད་ལ། མཁས་པའི་ཁ་རྒྱན་ལས། བོད་ཀྱི་དབང་དུ་མཛད་དེ་དབྱངས་ནི་ལྔའོ། །གསལ་བྱེད་ནི་ཉི་ཤུ་རྩ་དགུའོ་ཞེས་ཨ་ཡིག་དབྱངས་ཀྱི་ཁོངས་སུ་དྲངས་པ་ལ་མི་འགལ་བའི་དབང་གིས་དེ་ལྟར་དུ་མཛད་དོ། །
གང་ལྟར་ཡང་དེ་དག་གི་དབྱེ་བ་ལའང་སྔོན་འཇུག་གི་ཡི་གེ་དང༌། རྗེས་འཇུག་གི་ཡི་གེ་དང༌། མི་འཇུག་པའི་ཡི་གེ་དང༌། ཡི་གེ་སོ་སོའི་རྟགས་དང་བཅས་པའི་རྣམ་པར་དབྱེ་བ་མང་དུ་འབྱུང་བ་རྣམས་དང༌། ཡི་གེ་གཉིས་སམ་མང་པོ་འདུས་ནས་བརྗོད་པར་བྱ་བ་
དོན་གྱི་ངོ་བོ་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་མིང་སྟེ། དེ་ཡང་འདོགས་པའི་དགོས་པ་དང་རྒྱུ་མཚན་ལ་མ་ལྟོས་པར་དོན་དེ་དང་དེ་ལ་རྒན་པོ་རྣམས་ཀྱིས་བརྡ་སྦྱར་བའི་མིང་གང་ཡིན་པ་དེ་ནི་འདོད་རྒྱལ་དང༌། འདྲ་བའམ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་རྗེས་སུ་བཏགས་པའི་མིང་

གང་ཡིན་པ་དེ་ནི་རྗེས་སུ་སྒྲུབ་པ་སྟེ། དེ་དག་གི་ནང་གསེས་ཀྱི་རྣམ་པར་དབྱེ་བ་ཐ་དད་པར་འབྱུང་བ་རྣམས་སོ། །དངོས་བཏགས་ཀྱི་མིང་གང་ཡང་རུང་བ་གཉིས་སམ་མང་པོ་འདུས་ནས་བརྗོད་པར་བྱ་བ་དོན་གྱི་ཁྱད་པར་སྟོན་པར་བྱེད་པ་གང་ཡིན་པ་དེ་ནི་དམ་པའི་ཆོས་
མངོན་པར་གསུངས་པའི་ཚིག་དང༌། རང་བཞིན་མིང་ལ་རྣམ་པར་དབྱེ་བ་བརྒྱད་དབྱེ་བ་དང་བཅས་པ་དང༌། རང་བཞིན་བྱིངས་ལ་ཏི་སོགས་ཀྱི་རྐྱེན་སྦྱར་བས་རང་རང་གི་དོན་གྱི་ངོ་བོ་དང་ཁྱད་པར་ཅི་རིགས་པ་སྟོན་པ་ནི་བརྡ་སྤྲོད་པའི་ལུགས་ཀྱི་ཚིག་སྟེ། དེ་དག་དང་
རྗེས་སུ་མཐུན་པར་བོད་ཀྱི་བརྡ་སྤྲོད་པའི་གཞུང་གི་དབང་དུ་བྱས་ན་མིང་དང་ཚིག་གི་འཇུག་པ་ལ་དངོས་པོ་དང༌། ལས་དང༌། བྱེད་པ་དང༌། དགོས་ཆེད་དང༌། འབྱུང་ཁུངས་དང༌། འབྲེལ་པ་དང༌། གནས་གཞི་དང༌། བོད་པ་དང༌། གཞན་ཡང་ངེས་པར་དགར་པ་
དང༌། བསྣན་པ་དང༌། འབྱེད་པ་དང༌། སྡུད་པ་དང༌། རྒྱུ་མཚན་ལ་འཇུག་པ་དང༌། ལྷག་བཅས་ཀྱི་སྒྲ་དང༌། འདས་པ་དང༌། རྣམ་གྲངས་གཞན་བརྗོད་པ་དང༌། སྤྱི་དང་བྱེ་བྲག་གི་སྒྲ་དང༌། བདག་པོའི་སྒྲ་དང༌། དགག་པའི་སྒྲ་དང༌། དགྲོལ་བ་ལ་སོགས་པ་རྣམས་
སོ། །གཞན་ཡང་རྟགས་ཀྱི་ངེས་པ་དང་ལྡན་པའི་ཡི་གེ་རྣམས་ནི། གང་ལ་འཇུག་པ་དང༌། གང་གིས་འཇུག་པ་དང༌། ཇི་ལྟར་འཇུག་པ་དང༌། ཅིའི་ཕྱིར་འཇུག་པ་དང༌། དེ་དག་ཀྱང་དུས་རྣམ་པ་གསུམ་དང་རྗེས་སུ་འབྲེལ་བའི་དབང་གིས་འཇུག་པ་དང༌། བསྐུལ་བའི་ཚིག་དང་
རྗེས་སུ་འབྲེལ་བའི་དབང་གིས་འཇུག་པ་ཐ་དད་པ་མང་དུ་འབྱུང་སྟེ། ཇི་ལྟར་འབྱུང་བ་སྟོན་པར་བྱེད་པའི་བསྟན་བཅོས་ཀྱི་ཚུལ་འགའ་ཞིག་ལ། ཐོས་པ་དང་བསམ་པའི་སྦྱངས་སྟོབས་དམན་པ་མིན་པས་བློའི་དྲི་མ་རགས་པ་སྦྱངས་ཤིང༌། ཤེས་པར་བགྱི་བ་རིག་པའི་གཙུག་ལག་
གི་གནས་གཞན་མང་པོ་ལའང་རྣམ་པར་འབྱེད་པའི་བློ་གྲོས་ཀྱི་ལང་ཚོ་དར་ལ་བབ་པའི་ཞུས་དག་པའི་གྲོགས་ལྡན་པ་རྣམས་ནི། སྔོན་གྱི་བརྡ་སྤྲོད་མཁས་པ་ཐོན་མི་སམྦྷོ་ཊ་ཉིད་སླར་ཡང་ས་སྐྱོང་སྡོམ་བརྩོན་ཆེན་པོའི་བསོད་ནམས་ཀྱི་རིམ་པ་རབ་ཏུ་བརྩེགས་པའི་ཐེམ་སྐས་ལ་བརྟེན་ནས་

བདེ་བར་བབ་པ་སྙམ་བྱེད་པ་རྣམས་ནི་འདི་ལྟ་སྟེ། མ་ཕྱི་འདོན་པའི་ཞུ་ཆེན་བར་རྨུགས་སངས་ཀྱི་བླ་མ་སྦྱིན་པ་རྒྱ་མཚོ་དང༌། སྤོ་ལུ་བླ་བྲང་གི་དྲུང་ཡིག་བློ་གྲོས་རྒྱལ་མཚན། ལྕགས་རའི་དྲུང་ཡིག་བསྟན་འཛིན་ལྷུན་གྲུབ། འཛོམ་ཐོག་གི་དགེ་
སློང་བསོད་ནམས་བློ་གྲོས་རྣམས་དང༌། བུ་ཡིག་གི་རྗེས་འདེད་པར་རྨུགས་སངས་ཀྱི་དགེ་སློང་ཨོ་རྒྱན་རབ་དགའ་དང༌། ཤེས་རབ་བསྟན་འཛིན་དང༌། འཛོམ་ཐོག་གི་དགེ་སློང་དཔལ་བཟང་རྣམས་དང༌། པར་ཡིག་གི་ཡང་འདོན་པར་སྐུ་ཚེའི་པདྨ་ལ་སོགས་པའི་
བློ་གསལ་རྣམས་ཀྱིས་ཁོ་བོའི་ངག་བཀོད་དང་ལེན་གྱི་སྒོ་ནས་གོང་དུ་སྨོས་པའི་མ་དཔེ་དག་དང་ལེགས་པར་གཏུགས་ནས་སྙོམ་ལས་མེད་པར་འདོན་པའི་ཞུ་དག་གི་འགན་འདེགས་བགྱིས་ནས། ཚིག་དོན་གྱི་ཆ་ལ་ཆད་པ་དང་ལྷག་པའི་སྐྱོན་གྱི་རྣམ་པ་གང་དག་མཆིས་པ་རྣམས་
བརྟགས་དཔྱད་རིག་པའི་འཕྲུལ་གྱི་སོར་མོས་འབྱིན་འཇུག་གི་བྱ་བ་གང་འོས་བགྱིས་ཏེ། ཡིད་རྟོན་པའི་གནས་སུ་རུང་བའི་ཞུས་དག་ཡང་དག་པར་བྱས་སོ། །བློ་གྲོས་གསལ་ལྡན་དེ་དག་གི་དཔྱད་པས་ངེས་པར་མ་གྱུར་པ་དང༌། ཐེ་ཚོམ་དུ་གྱུར་པ་དང༌། རྟོགས་པར་དཀའ་
བའི་དོགས་གནས་གང་དག་བྱུང་བ་རྣམས་ནི་ཁོ་བོའི་མིག་སྔར་བསྟན་དུ་བྱུང་བ་དང་རང་གིས་བལྟས་པ་རྣམས་ལ་བརྟག་དཔྱད་གང་ཤེས་བྱས་ཤིང༌། གང་དག་ཡིད་ལ་ངེས་པར་གྱུར་པའི་གནས་རྣམས་སུ་དབྲི་བསྣན་དང་སོར་བཞག་གང་འོས་ཀྱི་བཀོད་པ་བྱེད་པའི་ཁུལ་
བགྱིས་སོ། །གཉིས་པ་དེ་ཉིད་པར་དུ་སྒྲུབ་པར་རྩོམ་པ་ནི། དེ་ལྟར་ཞུས་དག་གི་རིམ་པས་གཏན་ལ་ཕབ་པའི་ཕྱི་མོ་དེ་དག་ལས། པར་ཡིག་འདྲི་བའི་ཡི་གེ་པ་མཁས་པ་རྣམས་ཀྱིས་གོང་དུ་སྨོས་པའི་དུས་ཚེས་ནས་བརྩམས་ཏེ་ཡི་གེར་འདྲི་བའི་གྲྭ་ལེགས་པར་བཙུགས་ཏེ།
དེ་ལའང་སྔོན་གྱི་དུས་ན་འདིར་ཕྱོགས་སུ་ཡི་གེ་རྫབ་མ་འདྲི་པ་པོ་མ་ཐོགས་ཙམ་ལས། མཁས་མཐོང་ཆེ་བའི་སྙུག་འཛིན་པ་མང་པོ་མ་བྱུང་བར་གྲགས་ཀྱང༌། ཕྱིས་སུ་བསོད་ནམས་ཀྱི་སྐལ་བར་ལྡན་པའི་སྡོམ་བརྩོན་ཆེན་པོ་སྐུ་མཆེད་ཡབ་མེས་དང་བཅས་པའི་སྐུ་རིང་

ནས། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་མང་པོ་རིས་སུ་འདྲི་བ་དང༌། འབུར་དུ་བཞེང་པ་དང༌། ལུགས་སུ་བླུགས་པ་དང༌། ཟབས་སུ་བརྐོ་བ་ལ་སོགས་པ་དར་སྲོལ་ཤིན་ཏུ་ཆེ་བ་བྱུང་སྟེ། དེ་ལས་བྱུང་བའི་ལེགས་བྱས་ཀྱི་གྲགས་པ་དམ་པ་དཔྱིད་ཀྱི་རྒྱལ་མོའི་
རྒྱངས་གླུ་ལྟ་བུ་གང་དག་ཕྱོགས་བཅུའི་འགྲོ་བ་ཀུན་གྱི་རྣ་བའི་བཅུད་དུ་ལེགས་པར་སིམ་ཞིང༌། དེ་ལ་བརྟེན་ནས། ཇི་སྐད་དུ། ས་སྐྱ་པཎྜི་ཏས། པདྨའི་མཚོ་ལ་ངང་པ་འདུ། །དྲི་ལྡན་མེ་ཏོག་བུང་བ་སྡུད། །ཤ་ཡི་དྲི་ལ་ཤ་སྦྲང་འདུ། །འབྲོག་བཟང་དུ་ནི་རི་དྭགས་འདུ། །བཟའ་
བཏུང་མང་སར་སྐྱེ་བོ་འཚོགས། །གལ་ཏེ་དེ་དག་མི་ལྡན་ན། །བསྡུས་ཀྱང་སྐྱེ་བོ་ཕལ་ཆེར་འབྲོས། །དྲོ་ཞིང་བརླན་སར་ནགས་ཚལ་སྐྱེ། །དེ་སོགས་ཕྱི་ཡི་རྟེན་འབྲེལ་ཡིན། །མཆོད་ལ་བརྩོན་ན་མཆོད་པར་འགྱུར། །བྱམས་པ་བྱས་ན་གླགས་ཀྱིས་བྱམས། །བདག་གི་བླ་མ་
མཆོད་བྱས་ན། །སེམས་ཅན་ཀུན་གྱིས་བདག་མཆོད་འགྱུར། །དམ་པའི་ཆོས་ལ་གུས་བྱས་ན། །སངས་རྒྱས་ཀུན་གྱི་ཆོས་མཛོད་འཛིན། །དགེ་འདུན་རྣམས་ནི་མཉེས་བྱས་ན། །དགེ་འདུན་དམ་པ་རྣམས་ནི་སྡུད། །འཁོར་རྣམས་བསམ་པ་དག་པ་ཡིས། །འཁོར་གྱི་
དཀྱིལ་འཁོར་འདུ་བར་འགྱུར། །མདོར་ན་བསམ་པ་དག་པ་ཡིས། །གང་དང་གང་ལ་འདོད་སེམས་ཡོད། །ཤེས་ན་དེ་དང་དེ་དག་འདུ། །ཞེས་གསུངས་པ་ལྟར་ཡུལ་ཕྱོགས་གཞན་གྱི་བཟོ་གནས་རིག་པ་ལ་མཁས་པའི་བློ་ལྡན་གྱི་སྐྱེ་བོ་རྣམས་ཀྱང༌། བཤུལ་ཐག་རིང་པོའི་
ལམ་གྱི་བགྲོད་པས་ངལ་བ་དང་ཚེགས་ཆེ་བ་ལ་མ་ལྟོས་པར་གྲགས་པའི་ཡི་གེ་རྣམ་པར་གསལ་བ་གང་དག་རྣ་བའི་གསོས་སུ་ལེན་ཀྱིན། ཆེད་དུ་བོས་པ་བཞིན་དུ་རང་ལྷག་པ་མང་པོ་བྱུང་བ་དང༌། རྒྱལ་ཁབ་ཆེན་པོ་འདིའི་མངའ་ཞབས་ནས་ཀྱང་མི་བདག་རྣམས་ཀྱི་བསོད་ནམས་ཀྱི་
མཐུ་ལས་གཙོ་བོ་དང་ཕལ་གྱི་བཟོ་གནས་རིག་པ་འཆང་བའི་བློ་ལྡན་གྱི་སྐྱེ་བོ་སྤྲུལ་པའི་བཟོ་བོ་དང་འདྲ་བ་མང་དུ་བྱུང་ངོ༌། །ཁྱད་པར་འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་མེད་པར་གྱུར་པའི་དགོངས་འགྲེལ་གྱི་རྟེན་བཞེངས་ཆེན་པོ་འདིའི་འགོ་བརྩམས་པ་ནས། གཏོང་ཕོད་མི་དམན་པའི་སྒོ་མོ་

བརྒྱ་སྟོང་ཕྲག་དུ་མ་ཅིག་ཅར་དུ་བྱེ་བར་བརྟེན། མངའ་འོག་གི་མིའི་འགྲོ་བ་མང་ཤས་ཤིག་ནི། ལེགས་བྱས་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་འདི་དག་མྱུར་དུ་འགྲུབ་པར་བྱེད་པའི་ལས་བྱེད་པར་གྱུར་ཏོ། །དེའང་ལ་ལ་ནི་གསར་རྙིང་བརྡའི་ཚིག་དང་དོན་གྱི་འཁྲུལ་པ་སེལ་
བར་བྱེད་པའི་དག་སྡེབ་པར་གྱུར། ལ་ལ་ནི་སྣག་ཚ་དང་སྨྱུག་བུ་ལག་ཆར་ཐོགས་ནས་ཡིག་རིགས་མང་པོ་སོར་མོའི་འཕྲུལ་གྱིས་བསྐྲུན་པ་ལ་དཀའ་བ་མེད་པའི་ཡི་གེའི་འདུ་བྱེད་པར་གྱུར། ཕལ་ཆེར་ཡི་གེའི་གཟུགས་བརྙན་གྱི་ཚད་དང་མཚན་ཉིད་ཉམས་པ་མེད་པའི་ཡིག་འབྲུ་བརྐོ་བའི་
རྐོས་བྱེད་པར་གྱུར་ཏོ། །གཞན་ཡང་དཀར་ཞིང་འཇམ་པའི་ངོས་གཞི་རབ་ཏུ་གཙང་བའི་ཤོག་བུའི་འདུ་བྱེད་པ་དང༌། ཤིང་གཞོག་པ་དང༌། ཐ་ན་ཤིང་དང་ཤོག་གུའི་ཞོ་ཤས་འཚོ་བ་པ་ཡན་ཆད་ཀྱང་མི་བདག་ཆེན་པོའི་དགེ་ཚོགས་སྒྲུབ་པའི་གྲོགས་སུ་གྱུར་པ་ནི། དཔེར་ན་རིའི་རྒྱལ་པོ་ལྷུན་པོའི་
ངོས་ལ་བརྟེན་པའི་འདབ་ཆགས་ཀྱི་རིགས་ཁ་དོག་ཐ་དད་པར་ཡོད་པ་རྣམས་ཀྱང༌། རིན་པོ་ཆེ་ཀཉྩ་ནའི་ཁ་དོག་འབའ་ཞིག་ཏུ་སྣང་བ་ལྟར། མི་བདག་སྐྱེ་དགུའི་ས་འཛིན་ཆེན་པོ་དགེ་བའི་ལམ་དུ་སྙིང་སྟོབས་རྨད་དུ་བྱུང་བ་ཞུགས་པ་ན། དེའི་རྗེས་སུ་ཆབ་འབངས་ཀྱི་སྐྱེ་བོ་ཐམས་ཅད་ཀྱང་དགེ་བའི་
ལས་ཀྱི་བྱ་བ་བྱེད་པ་དང་ལག་ཏུ་ལེན་པ་པོར་གྱུར་ཏེ། ཐམས་ཅད་ཀྱང་རང་རང་གི་ལས་སྐལ་གང་དང་གང་བསྐོས་པ་དེ་དང་དེ་ལ་མ་རྨོངས་པའི་བཟོའི་གནས་ཀྱི་རིག་པ་འཆང་བ་ཁོ་ནར་གྱུར་ཏོ། །ཁྱད་པར་ཡི་གེ་འདྲི་བ་ལ་ཉེ་བར་མཁོ་བའི་མཚན་ཉིད་གདོན་པ་བཅུ་དང་གཅེས་སོ་བརྒྱད་དེ་བཅོ་བརྒྱད་དང༌།
མགོ་དང༌། དཔུང་བ་དང༌། ཟགས་མཆུ་དང༌། ཡར་འཐེན་དང༌། མར་འཐེན་དང༌། མིག་སྤུ་སྟེ། དེ་རེ་རེ་ལའང་རབ་དང་འབྲིང་དང་ཐ་མ་སྟེ་གསུམ་གསུམ་དུ་ཕྱེ་བའི་མ་ཆོས་ཉི་ཤུ་རྩ་གཅིག་དང༌། རྣ་རུའི་ཆོས་གསུམ་དང༌། འགྲེང་བུའི་ཆོས་གཉིས་དང༌། གི་གུའི་ཆོས་གསུམ་དང༌།
ཞབས་ཀྱུའི་ཆོས་གསུམ་དང༌། ར་བཏགས་ཀྱི་ཆོས་གཉིས་དང༌། ཡ་བཏགས་ཀྱི་ཆོས་གསུམ་སྟེ་བུ་ཆོས་བཅུ་དྲུག་དང༌། སྤྱིའི་ཆོས་གསུམ་སྦོ་དང་བཅས་པ་སྟེ་རགས་པར་ཆོས་བཞི་བཅུའི་མཚན་ཉིད་དང༌། ཞིབ་པར་སོ་སོའི་ཐིག་གིས་ཆ་དབྱེ་བ་དང་བཅས་པ་སྟེ། དེ་དག་གི་སྲོལ་འབྱེད་ཆེན་

པོ་འཇམ་པའི་དབྱངས་ཐོན་མི་སམྦྷོ་ཊའི་ཡི་གེའི་རྒྱུན་འཛིན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཁྱུང་པོ་གཡུ་ཁྲིས་ཐིག་རིས་སུ་བཏབ་པ་ལ། མཁས་པ་རོང་པོས་ལྷན་ཐབས་ཀྱི་སྟོང་ཐུན་མཛད་པ་དང༌། ཕྱིས་བྱུང་གི་མཁས་པ་རྣམས་ཀྱིས་བརྩམས་པའི་ལེགས་པར་བཤད་པ་དྲི་མ་མེད་པ་རྣམས་དཔང་པོར་
བཟུང་སྟེ། དེ་དག་གི་ཚུལ་ལ་ལེགས་པར་བསླབས་ནས་སྦྱངས་པའི་མཐར་སོན་པར་གྱུར་པའི་ཡི་གེའི་དབུ་པ། དགེ་ཚུལ་གྱི་བསླབ་པ་ལ་གནས་ཤིང་གཞན་ལ་ཕན་པ་ལྷུར་བྱེད་པ་བསྟན་པ་རྒྱལ་མཚན་ལ་སོགས་པ་འདིར་ཡོད་པ་དང༌། དགའ་སྟོད་ཀྱི་འཛིན་མའི་ཆ་ནས་དབུ་པ་འཇམ་དབྱངས་
ལ་སོགས་པ་མང་པོའི་དཀྱིལ་ནས་བཀྲབས་པ་དང་ཉུང་ཤས་རྣམས་ཀྱིས་དང་པོར་དབུ་ཚུགས་པའི་དབྱར་ཟླ་འབྲིང་པོར་ཡི་གེ་པ་མཁས་བཏུས་བཅོ་ལྔས་བྲིས། དེའི་ཕྱི་ལོ་ནས་བཟུང་སྟེ་སྔར་ཡོད་པ་རྣམས་ཞིབ་འཚོགས་དང༌། གསར་དུ་སྦྱོང་རྩོལ་བྱེད་པའང་མང་དུ་བྱུང་བ་དང་བཅས་ཏེ་ཐམས་ཅད་
བསྡོམས་པར་སྨྱུག་འཛིན་པ་བརྒྱད་ཅུ་ཁ་ཡར་གྱིས་ལྕགས་སྤྲེལ་གྱི་ལོའི་ཧོར་ཟླ་བདུན་པའི་བར་གྱི་དབྱར་ངོ་ཕྱེད་གསུམ་སྟེ། དང་པོར་དབུ་ཚུགས་པའི་དབྱར་སྨད་བཅས་པའི་དབྱར་ངོ་གསུམ་གྱི་དོད་ཙམ་ལ། མཚན་ཉིད་ཐེག་པའི་སྐོར་དང་རིག་པའི་གནས་ཀྱི་བསྟན་བཅོས་བཅས་བསྡོམས་པ་གླེགས་
བམ་བརྒྱ་དང་ཉི་ཤུ་རྩ་བརྒྱད་པོ་ཐམས་ཅད་མཐར་ཕྱིན་པར་བྲིས་ཟིན་ཏོ། །དེ་ནས་ཧོར་ཟླ་བདུན་པ་དེ་ཉིད་ནས་བརྩམས་ཏེ་རྒྱུད་ཀྱི་འགྲེལ་པ་རྣམས་བྲི་བའི་དབུ་བཙུགས་ཏེ། དེ་ལ་ཐོག་མར་མཁའ་འགྲོ་ཆོས་སྐྱོང་གི་ཚོགས་ལ་གནང་བ་ནོད་པ་དང་བར་ཆད་མི་འབྱུང་བའི་ཕྲིན་ལས་གཞོལ་བའི་ཕྱིར། མགོན་
ཁང་ནུབ་ཏུ་སུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གི་དགེ་འདུན་ཞིབ་འཚོགས་སུ་བགྱིས་པའི་ངོར་ལུགས་ཀྱི་བསྐང་གསོ་དང༌། མགོན་ཁང་ཤར་དུ་དམ་པའི་བསྐང་གསོ་ཆོས་ཉིད་མ་འདོན་པ་རྣམས་ཚོགས་ནས་བསྐང་གསོ་དང་ཕྲིན་ལས་བཅོལ་བ་ཡང་དག་པར་མཛད་དོ། །དུས་དེ་ཉིད་དུ་མགོན་པོའི་སྐུ་བརྙན་
རྣམས་སུ་སྙན་ཤལ་ཕུལ་བ་རྣམས་ལའང་གནང་བ་ཞུ་བ་དང་འདོད་པའི་དོན་གསོལ་བ་ཁོ་བོས་སུག་བྲིས་བྱས་པ་ནི་འདི་ལྟ་སྟེ།། །།སྭསྟི་བི་ཛ་ཡནྟུ། རྒྱལ་བ་ཀུན་གྱི་མཐུ་དང་རྫུ་འཕྲུལ་གྱི། །ཆོ་འཕྲུལ་རྣམ་པར་འཕྲུལ་པས་ཟློས་པའི་གར། །གང་ཞིག་དྲན་པས་བདུད་ལས་རྒྱལ་བ་ཡི། །གོ་འཕང་སྦྱིན་པ་

སྲུང་མའི་དབང་པོར་འདུད། །གང་གི་འཇིགས་རུང་ཉམས་ཀྱི་འགྱུར་བ་རེས། །ཆུ་སྲིན་རྒྱལ་མཚན་སྡེ་དང་བཅས་པ་ཡི། །དོན་སྙིང་ཁ་རུ་འབྱིན་ཡང་བསྟན་སྐྱོང་གི །དབུ་འཕང་བསྟོད་པའི་གུར་མགོན་ལྕམ་དྲལ་དང༌། །ཞི་བ་རྒྱས་པ་དབང་དང་མངོན་སྤྱོད་ཀྱི། །ལས་ཀྱི་དངོས་གྲུབ་ཆར་དུ་བསྙིལ་བ་ལ། །
ཡིད་བཞིན་ནོར་བུ་ལྟ་བུའི་སྲུང་མ་ཆེ། །ཞིང་སྐྱོང་གདོང་བཞི་ལྡན་པ་སྲིང་དང་བཅས། །བསྟན་དང་བསྟན་འཛིན་སྐྱོང་བའི་ཁས་བླངས་དང༌། །དམ་ཚིག་རྡོ་རྗེའི་རྭ་བར་གནས་བཅས་པའི། །ལས་ཀྱི་མགོན་པོ་གནོད་སྦྱིན་ཡབ་ཡུམ་དང༌། །པུ་ཏྲ་མིང་སྲིང་སྤྲུལ་པ་ཡང་སྤྲུལ་བཅས། །མཐུ་དང་དཔུང་གིས་ཁེངས་པ་མ་བཏང་ཡང༌། །
རྣམ་འདྲེན་བསྟན་ལ་དགའ་བའི་རུ་མཚོན་དག །འཕྱར་ལ་མི་གུས་མེད་པ་སྲུང་མའི་ཚོགས། །འདོད་པའི་ཕྲིན་ལས་བཅོལ་ལ་གཅིག་ཏུ་དགོངས། །འཇིག་རྟེན་ཁམས་སུ་རྒྱལ་བསྟན་རིན་པོ་ཆེ། །ཡུན་དུ་གནས་ཕྱིར་རྒྱུད་ཀྱི་དགོངས་འགྲེལ་རྣམས། །ཕྱི་མོ་གཅིག་ལས་དུ་མ་འབྱུང་བའི་འཕྲུལ། །ཆོས་སྦྱིན་མི་ཟད་པར་གྱི་སྒོ་
བརྒྱ་དབྱེ། །དེ་ཡི་བདག་རྐྱེན་ས་སྤྱོད་ཀུན་གྱི་རྩེ། །བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ། །སྐུ་འཁོར་བཅས་དང་བཀའ་བཞིན་སྒྲུབ་པ་ཡི། །ལས་བྱེད་ཀུན་ལ་གེགས་མེད་གནང་བ་སྩོལ། །མངོན་པར་བསྒྲུབ་བྱ་མཐའ་རུ་མ་སོན་བར། །གཟུགས་ཅན་གཟུགས་མེད་གཏོགས་པའི་དགྲ་དང་བགེགས། །ནད་དང་
རིམས་ཡམས་གདོན་གྱི་གནོད་པ་སོགས། །འགལ་རྐྱེན་བར་དུ་གཅོད་དགུ་ཞི་བར་མཛོད། །འཆི་བ་མེད་པའི་ཚེ་དང་བསོད་ནམས་དང༌། །ཆོས་དང་སྲིད་པའི་དཔལ་འབྱོར་བློ་གྲོས་སོགས། །མཐུན་པའི་རྐྱེན་རྣམས་ཕན་ཚུན་གཅིག་ལ་གཅིག །འགྲན་ལྟར་རྣམ་པར་རྒྱས་པའི་ཕྲིན་ལས་མཛོད། །རིགས་སྟོབས་
འབྱོར་པས་དྲེགས་པའི་ཆེ་དགུ་དང༌། །མི་དང་མི་མ་ཡིན་པའི་སྐྱེ་འགྲོ་རྣམས། །རིག་བྱེད་དགའ་མའི་ཨུཏྤལ་མདའ་གཞུ་ཡིས། །རེག་པ་ཇི་བཞིན་འདི་ན་རང་དབང་ཁུགས། །བཀའ་ཡི་དགོངས་འགྲེལ་ཆེན་པོའི་འཕྲུལ་གྱི་སྒོ། །རྣམ་པར་དབྱེ་ལ་ནག་པོའི་ཕྱོགས་ཀྱི་རིགས། །ཕྲག་དོག་སེམས་ལྡན་རྣམས་
ཀྱིས་སྤྲོས་པའི་བགེགས། །ཞི་བའི་བདུད་རྩི་འཐུང་བར་མ་འདོད་ན། །སྔོན་གྱི་དམ་ཚིག་ལ་དགོངས་མཐུ་སྟོབས་དང༌། །མི་བཟད་དཔུང་གི་དཀྱིལ་འཁོར་བསྐྱེད་ནས་ནི། །འཐོར་བྱེད་རླུང་དང་འཕྲད་པའི་ཐལ་བ་བཞིན། །དགྲ་བགེགས་དབྱིངས་སུ་སྦྱར་དང་བསྒྲལ་བར་མཛོད། །བླ་མེད་དཀོན་མཆོག་གསུམ་གྱི་བདེན་པ་

དང༌། ལྷ་སྲུང་རྟག་ཏུ་བསྟན་ལས་བྱུང་བའི་མཐུ། །གྲག་སྟོང་ངག་གིས་གསོལ་བཏབ་རྟེན་འབྲེལ་གྱིས། །བསམ་པའི་འབྲས་བུ་འཕྲལ་ལ་སྨིན་པར་ཤོག །ཅེས་པ་ཕྲིན་ལས་ཞུ་བའི་ཆེད་དུ་བྲིས་ཤིང་ལས་བྱེད་པ་རྣམས་ལ་གསང་བ་སྔགས་ཀྱི་རྒྱུད་འགྲེལ་ཟབ་མོ་འདྲི་འདོན་བྱེད་དུ་འཇུག་པའི་ཉེས་པ་རང་གཞན་ལ་མི་
འབྱུང་བ་དང་རྐྱེན་སེལ་གྱི་ཆེད་དུའང་དམིགས་ནས། བཅོམ་ལྡན་འདས་གསང་བའི་བདག་པོའི་རྗེས་སུ་གནང་བ་ཞིག་གྱིས་ཞེས་སྐུ་ཚབ་པའི་གསུང་གིས་བསྐུལ་བ་ལྟར་དེ་བཞིན་ཡང་བྱས་སོ། །སྐབས་ལ་ལར་རང་གཞན་ལ་མཁའ་འགྲོའི་སུན་ལྟས་སམ་ལྷ་འདྲེའི་བྱད་ལྟས་ལྟ་བུའི་མཚན་མ་འགའ་ཞིག་བྱུང་འདུག་པར།
དེ་ལ་ཕན་པར་བསམས་ནས་ནང་ནུབ་ཏུ་སེང་གདོང་མའི་བསྒོམ་བཟླས་མང་ཙམ་དང༌། དེ་ལ་བསྟོད་ཅིང་འདོད་དོན་གསོལ་བའི་ཚིགས་སུ་བཅད་པ་ཁོ་བོའི་སུག་བྲིས་སུ་བགྱིས་པའང་འདི་ལྟ་སྟེ། དཔལ་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་མ་ལ་བསྟོད་པ་མི་མཐུན་ཕྱོགས་ལས་རྒྱལ་བའི་རྔ་སྒྲ་
ཞེས་བྱ་བ། གང་ལ་བསྟོད་ཅིང་གསོལ་བ་བཏབ་ཙམ་གྱིས། །བདུད་ལས་རྣམ་པར་རྒྱལ་བྱེད་བླ་མ་དང༌། །གཉིས་སུ་མེད་པའི་གནས་གསུམ་མཁའ་འགྲོའི་གཙོ། །སེང་གེའི་གདོང་པ་ཅན་ལ་བསྟོད་པར་བགྱི། །ཡེ་ཤེས་མེ་འོད་འབུམ་གྱིས་དཀྲིགས་པའི་དབུས། །བདུད་སྡེའི་
དཔུང་གིས་མི་ཕྱེད་རྡོ་རྗེ་ཡི། །ས་གཞི་རྭ་བ་གུར་ཁྱིམ་རབ་ཡངས་པས། །མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་ལ་འདུད། །རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་ཡོངས་བསྐོར་བའི། །ཆོས་འབྱུང་དབང་སྔོན་མདོག་ཏུ་འབར་བའི་ནང༌། །ཁྲག་ཞག་བསྐྱིལ་བའི་དབའ་རླབས་ཕན་
ཚུན་དུ། །འཐབ་པའི་ལྦུ་ཕྲེང་ཚར་དུ་དངར་ལ་འདུད། །དེ་ན་སྣ་ཚོགས་པདྨ་རྒྱས་པའི་ཁ། །ཟུམས་ཀྱིས་དོགས་ནས་ནམ་མཁའི་ནོར་བུ་ཡང༌། །གདན་དུ་འོངས་ལ་བདུད་རྣམས་མ་བཟོད་ནས། །རོ་ཡི་རྣམ་པས་ཉལ་ཏེ་བསྒྲིབས་པ་བཞིན། །དེ་སྟེང་རྒྱལ་བ་སྐྱེད་དང་རོལ་
བའི་ཡུམ། །མཁའ་འགྲོ་བྱེ་བ་འབུམ་གྱི་མངའ་བདག་མོ། །བདུད་དཔུང་རི་དྭགས་མཐར་མཛད་སེང་གེའི་གདོང༌། །སྐུ་ནི་གར་གྱི་ཉམས་དགུ་རྫོགས་ལ་འདུད། །ཞེ་སྡང་རྣམ་དག་རྣམ་ཤེས་གནས་གྱུར་ཡང༌། །ཆོས་དབྱིངས་ཡེ་ཤེས་རང་བཞིན་བཅོམ་ལྡན་མ། །ཐུགས་ཀྱི་རིགས་མཆོག་མཐིང་ནག་ཁྲོ་མོའི་

སྐུ། །སེང་གེའི་གདོང་ཅན་མ་ལ་ཕྱག་འཚལ་ལོ། །གཏི་མུག་རྣམ་དག་གཟུགས་ཕུང་གནས་གྱུར་པ། །མེ་ལོང་ཡེ་ཤེས་རང་བཞིན་བཅོམ་ལྡན་མ། །སྐུ་ཡི་རིགས་མཆོག་རབ་དཀར་ཁྲོ་མོའི་སྐུ། །སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །སེར་སྣའི་
རང་བཞིན་ཚོར་ཕུང་གནས་གྱུར་པ། །མཉམ་ཉིད་ཡེ་ཤེས་རང་བཞིན་བཅོམ་ལྡན་མ། །ཡོན་ཏན་རིགས་མཆོག་གསེར་འདྲ་ཁྲོ་མོའི་སྐུ། །སེང་གེའི་གདོང་ཅན་མ་ལ་ཕྱག་འཚལ་ལོ། །འདོད་ཆགས་རྣམ་དག་འདུ་ཤེས་གནས་གྱུར་པ། །སོར་རྟོག་ཡེ་ཤེས་རང་བཞིན་
བཅོམ་ལྡན་མ། །གསུང་གི་རིགས་མཆོག་རབ་དམར་ཁྲོ་མོའི་སྐུ། །སེང་གེའི་གདོང་པ་ཅན་ལ་ཕྱག་འཚལ་ལོ། །ཕྲག་དོག་རྣམ་དག་འདུ་བྱེད་གནས་གྱུར་པ། །བྱ་གྲུབ་ཡེ་ཤེས་རང་བཞིན་བཅོམ་ལྡན་མ། །ཕྲིན་ལས་རིགས་མཆོག་ལྗང་སྔོན་ཁྲོ་མོའི་སྐུ། །སེང་གེའི་གདོང་
པ་ཅན་ལ་ཕྱག་འཚལ་ལོ། །ཉམས་པའི་ཤ་རུས་བལྡད་པའི་ཞལ་སྒོ་ནས། །དགྲ་བགེགས་བྱད་མའི་ཚོགས་ནི་སྐད་ཅིག་ཙམ། །འཚོ་བར་རུང་ངམ་ཞེས་པའི་ང་རོ་ཡིས། །ས་གཞི་རྣམ་པ་དྲུག་ཏུ་གཡོ་ལ་འདུད། །དྲི་གཞོན་གྱིས་བསྐྱོད་འོ་མའི་རྒྱ་མཚོ་བཞིན། །ཁྱོད་གདོང་ཁྲོ་
བའི་གཉེར་མ་རབ་ཏུ་སྤུངས། །རྣོ་དཀར་མཆེ་བ་གཟེངས་པའི་ཕྲག་པ་ནས། །ལྗགས་འགྱུ་གློག་གི་སྟང་སྟབས་བསྒྱུར་ལ་འདུད། །བདེ་འབྱུང་མིག་གིས་མདའ་ལྔའི་བདག་པོའི་ལུས། །བསྲེགས་པའི་ངོ་མཚར་ཡི་གེ་འགོག་བྱེད་པའི། །དམར་ལ་ཟླུམ་པའི་སྤྱན་གསུམ་གཙུབས་
པ་ལས། །མེ་ཡི་ཚ་ཚས་གདོན་བགེགས་སྲེག་ལ་འདུད། །སྨ་ར་སྨིན་མ་འཁྱུག་ཅིང་འཁྱོག་པ་ཡིས། །གློག་འགྱུ་སྟོང་གི་མཛེས་པ་དམའ་ཡང་འབེབས། །རལ་པ་ཁམ་སེར་མཁའ་ལ་གཟིངས་པའི་ཁྲོད། །རང་རྟགས་རིགས་ཀྱི་ཅོད་པཎ་འཛིན་ལ་འདུད། །རྒྱ་ཆེན་ཐབས་
དང་ཐུགས་རྗེ་ཆེན་པོ་ཡིས། །ཡངས་པར་བརྡལ་བ་བྲང་གི་ངོས་དག་ལས། །དངོས་གྲུབ་བཅུད་ཀྱི་བཏུང་བ་རྟག་འཇོ་བའི། །ནུ་མ་འབུར་བའི་ཁུར་གྱིས་མཛེས་ལ་འདུད། །ཕ་རོལ་བྱས་པའི་རྫས་སྔགས་ཏིང་འཛིན་གྱི། །ནུས་པ་རྩད་ནས་གཅོད་པའི་གྲི་གུག་གཡས། །བྱད་

མའི་སྙིང་ཁྲག་ལང་ལིང་ཁོལ་བའི་སྣོད། །ལྕང་ལོར་བཅས་པས་ལག་གཡོན་བྲེལ་ལ་འདུད། །ཞབས་གཡས་བསྐུམ་པའི་སོར་མོ་རྣམས་ཀྱི་རྩེ། །ཆུ་ཤིང་ལྟར་མཁྲང་གཡོན་པའི་བརླ་ལ་གཏད། །གར་སྟབས་སྟོང་གིས་རོ་ཡི་སྙིང་ག་ན། །ཁ་ཊྭཱཾ་ག་དང་ཆབ་ཅིག་རོལ་ལ་འདུད། །
དབང་པོའི་གྲངས་ལྡན་ཐོད་པ་སྐམ་པོ་ལ། །སྲོག་ལྔའི་པ་ཏྲས་འཁྱུད་པ་འོད་དུ་འབར། །རོ་སྐྲའི་དཔྱང་ཐག་ལ་བརྟེན་མགོ་བོ་ནི། །བརྒྱ་ཕྱེད་རློན་པའི་དོ་ཤལ་འཕྱང་ལ་འདུད། །དུང་ཆེན་རྒྱན་གྱི་ཕྲེང་བ་རྣམ་ལྔ་དང༌། །ཁྲག་གིས་སྦགས་པའི་སྟག་ལྤགས་ཤམ་ཐབས་སོགས། །དཔའ་
མོ་འཇིགས་པའི་ཆ་ལུགས་རྫོགས་པའི་སླད། །ཡེ་ཤེས་མེ་ཡི་དཀྱིལ་ན་བཞུགས་ལ་འདུད། །མི་སྡུག་སྐུ་ཡི་ཆ་ཤས་རེ་རེ་ནས། །སྤྲུལ་པ་ཡང་སྤྲུལ་རྡོ་རྗེའི་ཆར་རླུང་གིས། །ཕ་རོལ་བརྩམས་པའི་བྱད་གཏད་འཁྲུལ་འཁོར་སོགས། །ནུས་པའི་བྲག་རི་ཐལ་བར་རློག་ལ་འདུད། །
སྒོ་གསུམ་གུས་པས་མཆོད་ཅིང་བསྟོད་པ་དང༌། །གསང་གསུམ་རྣལ་འབྱོར་བསྒོམ་དང་བཟླས་པ་ཡིས། །སྒོ་གསུམ་རྡོ་རྗེའི་སྲུང་བ་མཐར་ཕྱིན་ནས། །ཁམས་གསུམ་འགྲོ་བའི་དོན་ཆེན་བྱེད་པར་ཤོག །དེང་གི་རྣལ་འབྱོར་སྦྱིན་བདག་འཁོར་དང་བཅས། །བྱང་ཆུབ་སྒྲུབ་དང་སྒོ་
གསུམ་དགེ་བ་ཡི། །བདུད་རྩི་འཐུང་བའི་དཔལ་འཕྲོག་ནད་དང་གདོན། །བགེགས་རིགས་འཁྲུགས་པའི་བར་ཆད་ཞི་བར་མཛོད། །ཚེ་སྲོག་ཉམས་ཟད་བདུད་དང་གཤིན་རྗེ་ཡིས། །བརྐུས་དང་ཕྲོགས་པ་ཐམས་ཅད་སྣོད་བཅུད་ཀྱི། །ཚེ་དང་བསོད་ནམས་གསར་པའི་སྐྱེས་དང་བཅས། །
འདི་ན་ཚུར་བསྡུས་ཚེ་ཡི་ཀ་རིང་ཚུགས། །ལོ་དང་ཟླ་བ་ཞག་དང་དུས་ཚོད་དང༌། །ཕྱི་ནང་འབྱུང་བ་དགྲ་གཤེད་འཐབས་པ་ཡི། །ཆག་ཆེ་ཉམ་ང་ཀེག་དང་སྲིར་ལྡང་བའི། །དུས་མིན་འཆི་བ་ཐམས་ཅད་བཟློག་ཏུ་གསོལ། །ཕྲག་དོག་ཆང་མྱོས་མི་དང་མི་མིན་གྱི། །བསམ་ངན་སྦྱོར་བ་
རྩུབ་མོའི་ཁ་ཡི་རླངས། །བྱད་ཁ་སྦོད་གཏོང་གཏད་ཁྲོམ་བཅུག་པ་སོགས། །གནོད་པ་ཐམས་ཅད་བཟློག་ཅིང་བསྒྱུར་དུ་གསོལ། །ཅིར་ཡང་ཐོགས་པ་མེད་པའི་མཐུ་དང་དཔུང༌། །བསྐལ་པའི་འཐོར་རླུང་ལྟ་བུར་བསྐྱེད་ནས་ནི། །བསམ་སྦྱོར་ངན་པར་གོམས་པའི་དགྲ་

བགེགས་དག །སྐད་ཅིག་གཉིས་པར་གསོན་དུ་མ་སྟེར་ཅིག །མདོར་ན་དེང་ནས་བྱང་ཆུབ་སྙིང་པོའི་བར། །ས་འོག་ས་སྟེང་ས་བླར་རྒྱུ་བ་ཡི། །གདོན་དང་དགྲ་བགེགས་འབྱུང་པོའི་གནོད་པ་ལས། །བདག་ཅག་འཁོར་བཅས་བསྲུང་ཞིང་བསྐྱབ་པར་
མཛོད། །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་རླབས་དང༌། །མཁའ་འགྲོ་བྱེ་བ་འབུམ་གྱི་མཐུ་རྩལ་དང༌། །མཐུ་ཆེན་གསང་སྔགས་ཟབ་མོའི་བདེན་པ་ཡིས། །ཇི་ལྟར་གསོལ་བའི་འབྲས་བུ་འགྲུབ་གྱུར་ཅིག །དེ་ལྟར་ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་ཅན་མ་ལ་བསྟོད་པ་མི་
མཐུན་ཕྱོགས་ལས་རྒྱལ་བའི་རྔ་སྒྲ་ཞེས་བྱ་བ་འདི་ནི་རང་གིས་མངོན་པར་འདོད་པའི་དངོས་གྲུབ་ཞུ་བའི་ཆེད་དུ་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པ་འདིས་ཀྱང་སེམས་ཅན་ཐམས་ཅད་བདུད་དང་བར་དུ་གཅོད་པ་ཀུན་ལས་རྣམ་པར་རྒྱལ་བར་གྱུར་ཅིག་
ཅེས་བྱ་བའང་བྲིས་ཤིང༌། གཞན་ཡང་ལས་ཚན་ནམ་ཞིག་གྱེས་པའི་བར་དེ་སྲིད་དུ། མགོན་ཁང་གཉིས་སུ་དགེ་སློང་གསུམ་རེ་གསར་འཕར་དུ་བཞུགས་པའི་བསྐང་གསོ་རྟག་འདོན་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་རྟག་འདོན་དང༌། ཟླ་བ་བྱུང་ངོ་ཅོག་གི་ཉ་དང་སྟོང་
ལ་བླ་མ་དཔོན་གཡོག་བརྒྱད་རེས་རྡོ་རྗེ་རྣམ་པར་འཇོམས་པའི་སྒོ་ནས་ཕྱོགས་བཞིའི་གཏོར་ཆེན་བརྫོང་བ་དང༌། བར་སྐབས་རྣམས་སུ་ཡང་དགེ་སློང་མང་འཚོགས་ཀྱིས་བསྐང་གསོ་འདོན་པ་དང་བཅས་ཏེ་བྱ་བ་ལས་ཀྱི་འཁོར་ལོ་མངོན་པར་བརྩམ་མོ། །ཁྱད་པར་དེའི་ཕྱི་ལོར་མཁན་ཆེན་
ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་ཞལ་སྔ་ནས་ཀྱི་ཡེ་ཤེས་ཀྱི་མེ་ལོང་གཙང་མའི་ངོས་སུ་ལྐོག་གྱུར་ཤེས་པར་བགྱི་བའི་དངོས་པོ་མཐའ་དག་མི་འཆར་བ་མེད་པ་ནི་དུས་གསུམ་གཟིགས་པ་ཀུན་གྱི་ཆོས་ཉིད་དོ། །འདིར་ཡང་
མིའི་བདག་པོའི་ཕྲིན་ལས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་ལས་འདི་དང༌། བསྟན་དང་འགྲོ་བའི་དགེ་ལེགས་སྒྲུབ་པ་ལ་བར་དུ་གཅོད་པ་ཡོད་མེད་རྣམས་ཀྱང་གོང་དུ་ཇི་ལྟར་ཤར་བའི་ལུང་དུ་བསྟན་པར། འདི་ལྟར་དེང་གི་སྐྱེ་དགུ་མ་ལུས་པའི་བསོད་ནམས་དང་དབང་ཐང་གི་བུམ་པ་བརྒྱ་

ལས་སྐྱེས་པའི་ཟོང་གི་དངོས་པོ་གྱ་ནོམ་པས་ལེགས་པར་བསྒྲུབས་པའི་སྡོམ་བརྩོན་མིའི་དབང་ཕྱུག་རིན་པོ་ཆེ་སྐུ་མཆེད་དང་བཅས་པ་ཆབ་སྲིད་རྣམ་པར་རྒྱས་པའི་རྒྱན་དུ་བརྟན་པ་དང༌། གཙུག་ལག་ལུགས་བརྒྱའི་མདུན་ས་ཆེན་པོ་འདིས་མཚོན་པའི་ཡངས་པའི་འཇིག་རྟེན་ཐམས་ཅད་དུ་བདེ་ལེགས་
འབྱུང་བ་ཡང་ཆོས་ལྡན་གྱི་རྒྱལ་པོ་ཉིད་ལ་རགས་པས་ན་དེ་དག་གི་ཆེད་དང༌། མཚུངས་པ་མེད་པའི་སྟོབས་དང་དབང་ཕྱུག་དང་གྲགས་པ་དང་མངའ་ཐང་རྣམ་པར་རྒྱས་པ་ནི། སྔོན་ཡང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པའི་མཐུས་བསྐྲུན་པ་ཡིན་གྱི། དེང་ཡང་འཇིག་རྟེན་གསུམ་ན་སྐྱབས་
གནས་བསླུ་བ་མེད་པའི་ཐུགས་རྗེའི་བདག་ཉིད་ཅན་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་སྟེ། དེ་དག་ལ་ཅི་ནུས་ཀྱིས་མཆོད་ཅིང་གསོལ་བ་འདེབས་པ་དང༌། ཡོན་གནས་དམ་པར་བཞུགས་པ་འཕགས་པའི་དགེ་འདུན་གྱི་སྡེ་ལ་བསྙེན་བཀུར་སྟོབ་པ་དག་ནི། ཇི་ལྟར་བསམ་པ་ཐམས་
ཅད་འགྲུབ་པ་དང༌། རིང་འཚོར་བགྱིད་པའི་ཆོ་ག་ཐམས་ཅད་ཀྱི་ནང་ནས་འདི་ལས་མཆོག་ཏུ་གྱུར་པ་འགའ་ཡང་མེད་ན། རྣམ་པ་ཐམས་ཅད་དུ་ཐབས་ཀྱི་བྱེ་བྲག་དེ་ལས་གཡེལ་བ་ནི་ཅི་ཞིག་བགྱིར་རུང༌། ཁྱད་པར་དེང་གི་བསྟན་པའི་བྱ་བ་ཆེན་པོ་འདི་དག་བསྒྲུབ་པ་ལ་བར་ཆད་མེད་ཅིང་
མཐར་ཕྱིན་པར་གྱུར་ན། ཉིད་ཀྱིས་ཚེ་རབས་མང་པོ་ནས་སྨོན་ལམ་བཟང་པོས་ལེགས་པར་སྦྲེལ་བའི་འབྲས་བུ་མངོན་དུ་འགྱུར་བ་དང༌། ཉིད་ཆོས་ལྡན་གྱི་རྒྱལ་པོའི་སྐུའི་སྐྱེ་བ་བཞེས་པའི་དགོས་པ་དང༌། ཕྲིན་ལས་ཀྱི་གཞི་ཐམས་ཅད་ཀྱི་སྙིང་པོ་ནི་འདི་ལས་ལྷག་པའི་བགྱི་བ་བགྱིར་མེད་
པ་ཞིག་ན། དེང་དེ་དག་ལ་དམིགས་པའི་སྐུ་རིམ་སྒྲུབ་པ་ལ་མི་གཡེལ་བའི་བཀའ་དྲིན་ཅི་གནང༌། ཇི་ལྟར་གསོལ་བ་ལེགས་པར་གྲུབ་ན། ཕན་བདེའི་རྩ་ལག་དམ་པ་རྣམས་ཀྱི་སྐུ་ཚེ་མི་ཤིགས་རྡོ་རྗེ་ཆེན་པོའི་ཁམས་སུ་འགྲུབ་པ་དང༌། ཐ་གྲུ་ཡངས་པའི་རྒྱལ་སྲིད་ཀྱི་བྱ་བ་ཡང་ཆོས་
དང་མཐུན་པར་བྱེད་ལ། དེང་གི་བཞེད་པའི་གཙོ་བོ་ཉིད་ཀྱང་གེགས་མེད་དུ་མཐར་ཕྱིན་པར་འགྱུར་ཞིང༌། དེ་དག་ལ་བརྟེན་ནས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཐམས་ཅད་ཀྱང་རང་གི་ངང་གིས་འཕེལ་བ་དང་བསོད་ནམས་ཀྱི་སྟོབས་རབ་ཏུ་རྫོགས་པའི་མཐུ་ཉིད་ཀྱིས་སོ་

ཞེས་པའི་བཀའ་སྩལ་ཚངས་པའི་བུ་མོའི་རྒྱུད་མངས་ཀྱི་གླུ་དང་འདྲ་བར་སྩལ་བར་བརྟེན། ལོ་དེར་མངའ་འོག་ཏུ་གཏོགས་པས་མཚོན་པའི་དགོན་སྡེ་རིས་སུ་མེད་པ་མཐའ་དག་ལ་སྐུ་རིམ་གྱི་རྟེན་རྒྱ་ཆེ་བ་ལན་གཉིས་སུ་དགྲམ་པ་དང༌། ཁྱད་པར་ལྷུན་གྲུབ་
སྟེང་གི་ཆོས་གྲྭ་འདི་ཉིད་དུ་ཟླ་བ་བྱུང་ངོ་ཅོག་ཕལ་ཆེ་བ་ལ་གཏོར་བཟློག་གི་རིགས་གང་ཡང་རུང་བ་རེ་འཛུགས་པར་མཛད་དོ། །དེ་བཞིན་དུ་རྟེན་བཞེངས་འདིའི་གེགས་སེལ་གྱི་རིམ་གྲོ་ཡང་ཕལ་ཆེར་སྔ་མ་ལྟར་དང༌། ལྷག་ཏུ་སེང་གདོང་མའི་སྙིང་པོ་སྔགས་དུང་ཕྱུར་གཅིག་འདོན་པ་དང༌། སྦྱིན་
སྲེག་གི་རིགས་ཅི་མང་བླུགས་པ་དང༌། ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་གཏོར་བསྔོ་བརྒྱ་རྩ་མང་དུ་བྱས་ན་ལེགས་པའི་བཀས་གནང་ཇི་ལྟར་ཕེབས་པ་ལྟར་ཐམས་ཅད་ཚང་བར་མཛད་སོང་ཞིང༌། ཁྱད་པར་མཁན་ཆེན་ཐམས་ཅད་མཁྱེན་པ་ཉིད་ནས། ཞག་བདུན་ཕྲག་གཉིས་ཀྱི་བར་སྐུ་མཚམས་
དམ་པར་བཅད་ནས། སྲུང་མའི་དབང་པོ་རབ་འབྱམས་ཀྱི་ཚོགས་ལ་མཆོད་གཏོར་བརྒྱ་རྩ་རེས་མཉེས་པར་མཛད་དེ། སྡོམ་བརྩོན་བསྟན་པའི་སྦྱིན་བདག་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱི་སྐུ་ལ་བར་ཆད་མི་འབྱུང་བ་དང༌། ཇི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྦྱིན་པ་འདི་དག་གེགས་མེད་
དུ་མཐར་ཕྱིན་པ་དང༌། བསྟན་དང་འགྲོ་བའི་དགེ་ལེགས་ཀྱི་ཚོགས་གོང་ནས་གོང་དུ་འཕེལ་བའི་ཕྲིན་ལས་དང་སྟོང་གྲོགས་སུ་རྟག་པར་འགོ་བའི་བཀའ་བསྒོ་བ་དང༌། གཏོར་མ་གཏད་བཟུང་བའི་མན་ངག་ཟབ་མོ་དང་བཅས་པས་གཉེར་གཏད་ཡང་དག་པར་མཛད་དོ། །སྐུ་མཚམས་དེ་
ལས་གྲོལ་བ་ན་དགེ་འདུན་གྱི་གཙུག་ལག་ཁང་བསམ་འགྲུབ་མཐོང་གྲོལ་ཉིད་དུ་ཕེབས་ནས་ལས་བྱེད་པ་རྣམས་ལའང་སྒྲོལ་མ་ཡིད་བཞིན་འཁོར་ལོའི་རྗེས་སུ་གནང་བ་མཐའ་རྟེན་བཀྲུ་བྱབ་བསྲུང་གསུམ་དང་བཅས་པའི་བཀའ་དྲིན་གྱིས་བསྐྱང་ངོ༌། །དེ་ལྟ་བུའི་རྐྱེན་སེལ་གྱི་རིམ་པ་
མང་པོ་དང་བཅས་པའི་འབད་རྩོལ་ཆེན་པོས་པར་དུ་བསྒྲུབས་པས། ཆུ་ཕོ་ཁྱི་ལོའི་སྟོན་ཟླ་ཐ་ཆུངས་ཀྱི་བར་དུ་བྲིས་པས་ལྷག་ལུས་ཅུང་ཟད་ཙམ་མ་གཏོགས་པའི་གཏོས་ཆེ་བ་རྣམས་བྲིས་ཟིན་པ་བྱུང་ངོ༌། །དེའི་རྗེས་སུའང་དབྱར་དཔྱིད་གཉིས་ཙམ་ལ་སྨྱུག་འཛིན་པ་ཉི་ཤུ་རྩ་ལྔས་སྔར་གྱི་

འཕྲོ་ལུས་པ་རྣམས་རྫོགས་པར་འདྲི་བ་དང༌། གསར་དུ་ཡང་གྲུབ་མཐའ་རིས་སུ་མེད་པ་ལ་ཉེ་བར་མཁོ་བའི་རིགས་ཀྱི་བསྟན་བཅོས་གོང་དུ་སྨོས་པ་ལྟ་བུའི་མང་རབ་ཅིག་པར་དུ་བསྒྲུབ་པ་དང་བཅས་ཏེ། དེ་དག་ལའང་པར་བརྐོས་ནི་མང་པོའི་ཁྲོད་ནས་མཁས་བཏུས་བྱས་པ་བརྒྱ་ཕྲག་ལྔ་
ཙམ་ལ་བཀྲམ་ནས་པར་དུ་བརྐོར་བཅུག་པ་ཡིན་ནོ། །གཞན་ཡང་གླེགས་བམ་རྣམས་ཀྱི་དབུ་ཁང་གཡས་གཡོན་དུ་བཞུགས་པའི་སྐུ་བརྙན་ལ། ཐོག་མར་བསྟོད་པའི་ཚོགས་ཀྱི་དབུར་བསྟན་པའི་བདག་པོ་སངས་རྒྱས་བཅོམ་ལྡན་འདས་དང༌། དེའི་བསྟན་པ་ལ་བྱ་བ་ལྷག་
པར་བྱས་པ་ས་སྐྱ་པཎྜི་ཏ་གཉིས་སོ། །དེ་ནས་རིམ་པར་རྒྱུད་སྡེ་གོང་འོག་གི་འགྲེལ་པ་རྣམས་ལ་རྒྱུད་སྡེ་རང་རང་ནས་འབྱུང་བའི་ཡི་དམ་གྱི་ལྷའི་གཙོ་བོ་དང༌། དེའི་འགྲེལ་བྱེད་ཀྱི་སློབ་དཔོན་དང༌། སོ་སོའི་དབང་བཤད་ཀྱི་བརྒྱུད་པ་ནས་འབྱུང་བ་འགའ་ཞིག་དང༌། ལྷ་དང་སློབ་དཔོན་
མཛད་པ་པོ་རྣམས་སྟོད་སྨད་ནས་ཟློས་ཏེ་བྱུང་བ་རྣམས་ལ་ནི་འདོད་པའི་ལྷ་གཞན་དང༌། འཕགས་པའི་ཡུལ་གྱི་པཎྜི་ཏ་དང་གྲུབ་ཐོབ་འགའ་རེ་དང༌། མཐར་རྒྱུད་སྡེ་ནས་བཤད་པའི་ཆོས་སྐྱོང་བ་རྣམས་དང་ནོར་ལྷ་འགའ་ཞིག་བྲིས་སོ། །མཚན་ཉིད་ཐེག་པའི་སྐོར་ལ། ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་འགྲེལ་པ་མངོན་པར་རྟོགས་པ་རྒྱན་གྱི་དབུར་སྟོན་པ་རྫོགས་པའི་སངས་རྒྱས་དང༌། བསྟན་བཅོས་གསུང་བ་པོ་མགོན་པོ་བྱམས་པ་དང༌། དེ་ནས་རིམ་པར་བྱང་ཆུབ་ལྟུང་བ་བཤགས་པའི་མདོ་ལས་འབྱུང་བའི་སངས་རྒྱས་སུམ་ཅུ་རྩ་ལྔ་དང༌། དཔང་སྐོང་ཕྱག་བརྒྱ་པ་ནས་
འབྱུང་བའི་ཕྱོགས་བཅུའི་སངས་རྒྱས་དང༌། ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ནས་འབྱུང་བའི་ཕྱོགས་བཅུའི་སངས་རྒྱས་རེ་དང༌། གཡོན་དུ་དཔང་སྐོང་ནས་འབྱུང་བའི་བྱང་ཆུབ་སེམས་དཔའ་བཅུའོ། །དེ་ལས་གཞན་ཕལ་ཆེ་བ་ནི་མེ་ཏོག་བཀོད་པའི་མདོ་ལས་འབྱུང་བའི་སངས་རྒྱས་བརྒྱ་
དང་ཉི་ཤུ་རྩ་གསུམ་ལས་གང་དག་ཆུད་པ་དང༌། མངོན་པའི་འགྲེལ་པ་གླེགས་བམ་བཞི་པ་ཕྱིན་གྱི་བརྒྱད་པོ་ལ་གཡོན་དུ་འཇམ་དཔལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་བརྒྱད་དང༌། དེ་ནས་འདུལ་བའི་འགྲེལ་པ་ལ་ཐུབ་པ་གནས་བརྟན་བཅུ་དྲུག་དང༌། ཉན་ཐོས་ཆེན་པོ་མཆོག་བརྒྱད་

དང་བཅས་པས་ཁྱབ་པར་བཀོད་དོ། །དེ་ནས་རིག་གནས་ཀྱི་སྐོར་ལ། སྔར་གྱི་སངས་རྒྱས་རྣམས་ལས་མ་རྫོགས་པར་ཡོད་པ་རྣམས་ཚང་བར་བཀོད་པ་དང༌། བསྟན་བཅོས་རང་རང་གི་མཛད་པོ་དང༌། བོད་ལ་བཀའ་དྲིན་ཆེ་བའི་སློབ་དཔོན་དང་
རྒྱལ་བློན་འགའ་རེ། སྡེ་དགེ་མཆོད་ཡོན་རྣམས་དང༌། ཆོས་སྤྱིའི་སྲུང་མ་རྒྱལ་པོ་ཆེན་པོ་བཞིའི་སྐུ་བརྙན་དང་བཅས་པ་རྣམས་བྲིས་སོ། །དེ་དག་གི་རི་མོའི་འདུ་བྱེད་པ་ནི་སྨན་མཁྱེན་གཉིས་པ་བཞིན་དུ་སྣང་སྲིད་ཀྱི་དངོས་པོ་འདུས་བྱས་པ་ཐམས་ཅད་རི་མོའི་ལམ་དུ་འདྲེན་པ་ལ་
ཤིན་ཏུ་མཁས་པའི་གཟུགས་རིས་པ་གཡུང་དྲུང་བོན་གྱི་ཐེག་པ་འཆང་བ་ཨ་འཕེལ་གྱིས་བྲིས་ཤིང༌། དེའི་བརྐོས་ཀྱི་འདུ་བྱེད་པ་ནི། མིག་འཕྲུལ་མཁས་པའི་ངོ་མཚར་བརྒྱ་ཕྲག་སྟོང་ཡང་ཉུང་ངུར་བྱེད་ཅིང་ཕྲ་ཞིབ་རི་མོའི་འགྲོས་ལ་མཚུངས་པ་མེད་པའི་བློ་ལྡན་བུ་ནག་ཅན་ལ་
སོགས་པ་གསུམ་དང༌། གཞན་ཡང་ལཉྩ་དང་ཝརྟུ་ལའི་ཡི་གེ་དགོས་པ་རྣམས་ཀྱི་འབྲུ་བརྐོས་པ་གཉིས་དང་བཅས་པས་བརྐོས་སོ། །དེ་དག་གི་རྗེས་སུ་ཡང་པར་གྱི་ངོས་ལ་ཞུ་དག་ལན་རེ་དང་བཅས་ཏེ། མདོར་ན་སྔ་ཕྱིར་ཞུས་དག་ལན་བཞི་ཙམ་གྱིས་ཡིད་རྟོན་དུ་བཏུབ་པར་བགྱིས་
སོ། །དེས་ན་སླན་ཆད་ཀྱང་ཕྱི་མོ་འདི་དག་གི་རྒྱུན་ལ་བརྟེན་ནས་ཡི་གེར་འདྲི་བ་དང༌། ལུང་ནོད་པ་དང༌། འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དང༌། གཞན་དག་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་དང༌། གླེགས་བམ་དུ་བྱས་ཏེ། ཁོར་ཡུག་ཀུན་
དུ་མེ་ཏོག་གི་ཕྲེང་བ་དང༌། བདུག་པའི་སྤྲིན་དང༌། མར་མེའི་ཕྲེང་བ་དང༌། དྲི་ཞིམ་པོའི་ཆུའི་བྱུག་པ་དང༌། ལྷའི་ཞལ་ཟས་རོ་བརྒྱ་དང་ལྡན་པ་དང༌། དབྱངས་སྙན་རོལ་མོའི་ཚོགས་ཀྱིས་མངོན་པར་མཆོད་ཅིང༌། གཞན་ཡང་ལྷ་དང་མིའི་ཡུལ་ན་ཁྱད་པར་དུ་འཕགས་པའི་འཕན་
དང༌། གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དྲིལ་བུ་སིལ་སིལ་གྱི་དྲྭ་བ་དང༌། མེ་ཏོག་གི་ཕྲེང་བ་རྣམ་པ་སྣ་ཚོགས་པས་ཀུན་ནས་ཡོངས་སུ་བསྐོར་ཏེ་བཀུར་སྟིར་བགྱི་བ་དང༌། བླ་མར་བགྱི་བ་དང༌། མཆོད་པར་བགྱི་བ་དང༌། རྗེད་པར་བགྱི་བ་དང༌། རི་མོར་བགྱི་བ་དང༌།

ཁྱད་པར་ཆོས་ཀྱི་ཚུལ་འདི་དག་གི་དགོས་པའི་གཙོ་བོར་གྱུར་པ་ཐོས་པ་དང༌། བསམ་པ་དང༌། བསྒོམ་པ་རྣམས་ལ་རབ་ཏུ་གུས་པ་དང་ཤིན་ཏུ་བརྩོན་པར་བགྱིས་ན། དེའི་ཕན་ཡོན་བཅོམ་ལྡན་འདས་ཀྱིས་ཞལ་གྱི་ལུང་བཟང་དྲི་མ་མེད་པས་མདོ་སྡེ་དང་རྒྱུད་སྡེ་རྣམས་ནས་ཇི་ལྟར་
བསྔགས་པ་རྣམས་རིང་པོར་མི་ཐོགས་པར་འཐོབ་པ་ནི་ངེས་པའོ། །གསུམ་པ་བརྩམས་པའི་ལས་མཐར་ཕྱིན་པའི་ཚུལ་ལ། ནམ་ཞིག་མཐར་ཕྱིན་པ་དང༌། མཐར་ཕྱིན་པའི་བྱ་བ་གཉིས་ལས། དང་པོ་ནམ་ཞིག་ལས་མཐར་ཕྱིན་པ་དེའང༌། རྡོ་རྗེ་སྙིང་པོའི་གཟུངས་ཀྱི་མདོ་
ལས། བཅོམ་ལྡན་འདས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་འདི་འཛིན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་བར་བགྱིད་པ་དང༌། ཡི་གེར་འདྲི་བ་དང༌། གཞན་དག་ལ་ཡང་རྒྱ་ཆེར་སྟོན་པ་དེ་ལ་ཚེ་འདི་ལ་ཡོན་ཏན་ཇི་སྙེད་ཅིག