Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 213
Văn bản gốc(Tây Tạng)
Trang 21 / 33 (50.000 ký tự/trang)
་མཆིས་པར་ འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་རྣམས་སྲུང་བར་ཤེས་པར་བྱའོ། །དེ་ཆོས་ཐམས་ཅད་ལ་ཐེ་ཚོམ་མེད་པར་ཤེས་པར་བྱའོ། །དེ་ཆོས་རབ་ཏུ་དབྱེ་བའི་ཤེས་པ་དང་ལྡན་པར་ཤེས་པར་བྱའོ་ཞེས་ དང༌། དཀོན་མཆོག་ཏ་ལ་ལར། ཀུན་དགའ་བོ་གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འདྲི་བ་དེ་ནི་མིག་ན་བར་མི་འགྱུར། ལྕེ་ན་བར་མི་འགྱུར། སྣ་ན་བར་མི་འགྱུར། སོ་ན་བར་མི་འགྱུར། ལག་པ་དང་རྐང་པ་ན་བར་མི་འགྱུར། ཀླད་པ་ན་བར་མི་འགྱུར། རྣ་བ་ན་བར་མི་འགྱུར། ལུས་དམན་པར་མི་འགྱུར། ལུས་དྲི་མི་ཞིམ་པར་མི་འགྱུར། ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །དེ་ལ་མི་དང་མི་མ་ཡིན་པ་ཐམས་ཅད་བསྲུང་བར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་དེ་སྤྲོས་པ་ཐམས་ཅད་ཡོངས་སུ་སྤངས་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་ རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་ཞེས་གསུངས་པ་ལྟར། སྡོམ་བརྩོན་མི་བདག་ཆེན་པོའི་ལྷག་པའི་སེམས་ཀྱི་རྒྱ་མཚོ་རབ་ཏུ་རྒྱས་པ་ལ། སླར་ཡང་དགེ་ཚོགས་རིན་པོ་ཆེའི་ལྷུན་པོ་འདི་ཉིད་བསྐྲུན་པ་ལ་སྤྲོ་བ་དམ་པའི་དབའ་རླབས་ཀྱི་ཕྲེང་བས་ནམ་མཁའི་ངོས་ལ་འགོད་པ་སྙམ་ བགྱིད་པ་འདི་དག་ལ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་དབྱིངས་ནས་དགྱེས་པའི་ཡེ་ཤེས་ཀྱི་སྤྱན་རས་ཤིན་ཏུ་གྲུངས་པར་གྱུར་པ་དག་གིས་ཡང་དག་པར་གཟིགས་སོ། །གཟིགས་ནས་ཀྱང་ཚད་མེད་པའི་བྱིན་གྱིས་བརླབས་པ་དང༌། ཐུགས་རྗེ་ཆེན་པོའི་ཕྱག་རིང་ལེགས་པར་བརྐྱང་བའི་རྭ་བ་ཡངས་པའི་ཁོངས་ལས་ནམ་ཡང་མི་འདའ་བར་ཡོངས་སུ་བསྲུངས་པ་དང༌། ཡོངས་སུ་བསྐྱབས་པ་དང༌། ཞི་བ་དང་བདེ་ལེགས་སུ་མཛད་པ་དང༌། རྟག་ཏུ་བརྟེན་ཅིང་བསྒྲུབས་པའི་ལྷ་སྲུང་གཉེན་པོའི་ཚོགས་ཐམས་ཅད་ཀྱང་ རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་ལུས་དང་གྲིབ་མ་ལྟར་འགྲོགས་ནས། དེང་གི་དགེ་བའི་རྩ་བ་འདི་ཉིད་སྒྲུབ་པའི་ཉེན་ཀོར་དང༌། ཁོ་ར་ཁོར་ཡུག་གི་འཛིན་མའི་དཀྱིལ་འཁོར་ཡངས་པའི་ཁྱོན་ཐམས་ཅད་དུ་བར་དུ་གཅོད་པ་རྩོམ་པ་ལ་མི་སྤྲོ་བ་མེད་པའི་བདུད་དང༌། བདུད་ཀྱི་རིགས་ ཅན་རྣམས་དང༌། གཞན་ཡང་ལོག་པར་འདྲེན་པ་གདུག་པ་ཅན་དང༌། གནོད་སྦྱིན་དང༌། སྲིན་པོ་དང༌། འབྱུང་པོ་དང༌། རོ་ལངས་དང༌། ཡི་དྭགས་དང༌། ཤ་ཟ་དང༌། སྨྱོ་བྱེད་དང༌། བརྗེད་བྱེད་དང༌། མ་མོ་དང༌། སྲུལ་པོ་དང༌། ལུས་སྲུལ་པོ་དང༌། ལྷ་མ་ཡིན་ལ་སོགས་པ་ ལེགས་པའི་ཕྱོགས་ལ་སྡང་བའི་སེམས་དང་ལྡན་པ། གདུག་པའི་སེམས་དང་ལྡན་པ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་ཕྲག་དོག་དང་བསླུ་བྲིད་ཀྱི་གོམ་པ་འདོར་ཞིང་བགྲོད་པའི་རྒྱུན་ཡོངས་སུ་བཅད་པ་དང༌། དེ་དག་གི་བསམ་སྦྱོར་ངན་པའི་ཁ་རླངས་ ཀྱི་འཚུབས་མར་གྱུར་པའི་ནད་ཐམས་ཅད་དང༌། གདོན་ཐམས་ཅད་དང༌། ཉེ་བར་འཚེ་བ་ཐམས་ཅད་དང༌། དུས་མ་ཡིན་པར་འཆི་བའི་འཇིགས་པ་ཐམས་ཅད་དང༌། འཐབ་མོ་དང་རྩོད་པ་འགྱེད་པ་ཐམས་ཅད་ཀྱི་གནོད་པ་དང་བར་དུ་གཅོད་པ་ཐམས་ཅད་མི་གནས་པ་དང༌། ཡང་འབྱུང་ བ་མེད་པ་ཉིད་དུ། དེ་དག་གི་མཐུ་ཆེན་པོ་དང༌། རྫུ་འཕྲུལ་ཆེན་པོ་དང༌། གཟི་བརྗིད་ཆེན་པོའི་སྲུང་བ་དག་གིས་ཡོངས་སུ་བསྲུངས་པ་དང༌། ཡོངས་སུ་བསྐྱབས་པ་དང༌། ཡོངས་སུ་སྦ་བ་བགྱིས་ཏེ། མདོར་ན་ཕྲིན་ལས་སུ་འོས་པ་གང་དང་གང་བསྒོས་པ་ཐམས་ཅད་ཐོགས་པ་མེད་པ་ཉིད་ དུ་ལེགས་པར་བསྒྲུབས་སོ། །གཞན་ཡང་རྣམ་པར་དཀར་བའི་ལེགས་བྱས་ཀྱི་ཕུང་པོ་འདི་དག་མངོན་པར་འདུ་བགྱིད་པ་ན། དེའི་ཚེ་རྒྱལ་བའི་བསྟན་པ་སྐྱོང་བ་ལ་གུས་པ་དང་མངོན་པར་དཔའ་ཞིང་རྩེ་གཅིག་ཏུ་འདུན་པའི་ཕྱོགས་བཅུའི་སྲུང་མ་ལ་སོགས་པ་འཇིག་རྟེན་སྐྱོང་བའི་ལྷ་ མཐུ་བོ་ཆེ་རྣམས་ཀྱང་དགའ་བའི་རུ་མཚོན་སྲིད་པའི་རྩེ་མོའི་བར་དུ་སྙེགས་པར་བསྒྲེངས་ཤིང༌། རང་རང་གི་མཐུ་དང་རྫུ་འཕྲུལ་གྱིས་མངོན་པར་འདུ་བགྱིས་པའི་འཁོར་དང་ཡང་འཁོར་དང༌། བྲན་དང་ཡང་བྲན་ལ་སོགས་པའི་སྡེ་དང་དཔུང་དུ་བཅས་པ་རྣམས་ཀྱང༌། དཔེར་ན་ཁ་དོག་ བཟང་པོ་དང་དྲི་བཟང་པོ་དང༌། རོ་བྲོ་བ་བཟང་པོ་དང་ལྡན་པའི་པདྨའི་སྐྱེད་ཚལ་ཆེན་པོ་རབ་ཏུ་རྒྱས་པ་ནི་གང་དུ་མཆིས་པ་དེར། སྦྲང་རྩིས་འཚོ་བའི་རྐང་པ་དྲུག་པ་རྣམས་ངང་གིས་འདུ་བ་དེ་བཞིན་དུ་ཡང་དང་ཡང་དུ་ལྷགས་ཤིང༌། ལྷགས་ནས་ཀྱང་རྒྱལ་བའི་བསྟན་པ་དང་བསྟན་པའི་རྩ་ལག་ཏུ་ གྱུར་པ་འཁོར་དང་སྡེ་དང་གཡོག་ཏུ་བཅས་པ་ཐམས་ཅད་ཀྱང་ཡོངས་སུ་བསྲུངས་པ་དང༌། ཡོངས་སུ་བསྐྱབས་པ་དང༌། ཞི་བ་དང་བདེ་ལེགས་སུ་འགྱུར་བའི་སྟོང་གྲོགས་དང་དཔུང་གཉེན་དམ་པ་ནི་ཅི་ཡང་བྱས་སོ། །དེས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པ་དང་མཐུ་སྟོབས་ཆེན་པོ་དང་ལྡན་པ་ དེ་དག་གིས་ལེགས་པར་བསྲུངས་ཤིང་དགེ་ལེགས་སུ་བསྒྲུབས་པའི་རྭ་བ་ན་ལེགས་པར་གནས་བཞིན་པས། ས་བཅུའི་དབང་ཕྱུག་མགོན་པོ་མ་ཕམ་པ་དང་ལག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་དང༌། དགྲ་བཅོམ་པ་དང༌། པཎྜི་ཏ་དང༌། གྲུབ་པའི་སློབ་དཔོན་ཆེན་པོ་ རྣམས་ཀྱིས་ལེགས་པར་གསུངས་པའི་བསྟན་བཅོས་རིན་པོ་ཆེ། གངས་ཅན་གྱི་ལྗོངས་སུ་ཇི་སྙེད་བཞུགས་པའི་གླེགས་བམ་བརྒྱ་ཕྲག་གཉིས་ལ་མཛེས་པར་བྱེད་པའི་རྒྱན་བཀྲ་ཤིས་པའི་གྲངས་ཀྱིས་བརྒྱན་པའི་ཆོས་ཀྱི་གཏོང་བ་ནམ་ཞིག་ཐུབ་པའི་དབང་པོའི་བསྟན་པ་ཇི་སྲིད་གནས་པར་ གྱུར་པ་དེ་སྲིད་དུ་གླེགས་བམ་གྱི་ཕྲེང་བར་རྒྱུན་མི་ཆད་པར་འབྱུང་བའི་ངོ་མཚར་སྒྱུ་མའི་རྒྱལ་པོ་དང་འདྲ་བའི་ཕྱི་མོ་འདི་དག་རྟག་སྦྱོར་དང་གུས་སྦྱོར་གྱི་བརྩོན་འགྲུས་མེ་འབར་བ་ལྟ་བུས་བསྒྲུབས་པའི་ལས་ཀྱི་རྗེས་མར་གྱུར་པ་པར་གྱི་ངོའི་ཞུས་དག་དང་བཅས་པ་མ་ཚང་བ་མེད་པ་ཡོངས་སུ་རྫོགས་ པར་གྲུབ་པའི་དུས་ནི། རབ་བྱུང་བཅུ་གཉིས་པའི་ནང་གསེས་ཀྱི་གནམ་ལོའི་མིང་ནི་འཕགས་པའི་ཡུལ་གྱི་བརྡ་སྤྲོད་པའི་གཞུང་གི་ཆོ་གས་མངོན་པར་བསྒྲུབས་པ་སཾ་སྐྲྀ་ཏའི་སྐད་དུ་རཀྟཱ་ཀྵི་ཞེས་པ། མངོན་བརྗོད་འབུམ་ཕྲག་གསུམ་པར་མིག་དམར་ ཞེས་འབྱུང་བ། ཤར་ཕྱོགས་སྟོང་ཀུན་གྱི་མི་བདག་ཆེན་པོས་ཡོངས་སུ་བསྲུངས་པའི་ཡུལ་ན་གྱ་ཙི་ཞེས་དང༌། ལྗོངས་འདིར་དབང་ཐང་དང་བསྟུན་ནས་རྗེས་སུ་བསྒྲུབ་པར་ཤིང་ཕོ་བྱི་བར་གྲགས་པ། ཕོ་བྲང་གླིང་དགུ་པའི་དབུས་སུ་ཀླུའི་མེ་ལོང་གིས་གནས་པ། འབྱུང་བ་སུམ་ ལྡན་སེ་ཞིག་གི་ལོ་བཀྲ་ཤིས་ཀྱི་ཀླུང་དང་ལྡན་པའོ། །དེ་ལའང་བཅུ་གཉིས་ཁྱིམ་གྱི་བདག་པོ་གནོད་སྦྱིན་གྱི་ཕྱོགས་སུ་བགྲོད་པའི་དུས་དང༌། མདོ་སྡེ་གསེར་འོད་དམ་པ་དང༌། དུས་ཀྱི་འཁོར་ལོ་བའི་ལུགས་ཀྱིས་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་པའི་དུས་ཆེན་ཡིན་པ་ ལ་སོགས་པའི་རྒྱུ་མཚན་མང་པོས་ལོ་འགོར་འགོད་པ། ནག་པས་ཉ་བའི་དྲི་ཞིམ་ལྡན་གྱི་ཟླ་བ། ཧོར་ལུགས་ཀྱི་ཞག་གི་ཕུང་པོ་གསུམ་པའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་སྟེ། གཉིས་སུ་མེད་པའི་རྒྱུད་ཆེན་དུས་ཀྱི་འཁོར་ལོ་གསུངས་པའི་དུས་བཟང་པོ། དུས་འཁོར་བའི་ ལུགས་ཀྱི་དབྱངས་ནི་ལའོ། །གསལ་བྱེད་ནི་ཙ་ལའོ། །འབྱུང་བ་ནི་སའི་ཁམས་སོ། །འདོད་པའི་ཡོན་ཏན་ནི་དྲི་ཉིད་དོ། །གཙུག་ན་ཟླ་བའི་ལུགས་ཀྱི་དབྱངས་དང་གསལ་བྱེད་ནི་ཨོ་དང་ཧའོ། །འབྱུང་བ་ནི་ནམ་མཁའི་ཁམས་སོ། །འདོད་པའི་ཡོན་ཏན་ནི་སྒྲ་ཉིད་དོ། །གཉིས་ཀ་མཐུན་ པའི་དར་གུད་ནི་སྨིན་པའོ། །ཉི་མ་ནི་ཤིང་འབྲུག་གོ། །སྤར་ཁ་དང་སྨེ་བ་ནི་ཟིན་དང་དགུ་དམར་དག་གོ། །རེས་གཟའ་ཉི་མ་སྟེ་རགས་པར་ཞུད་པ་ཞིབ་པར་གུད་པ་སྟེ། དེ་ཉིད་རྒྱུ་སྐར་གྱི་ལྷ་མོ་ནག་པ་དང་ལྷན་ཅིག་ཏུ་རྩེ་བའི་འཕྲོད་ནི་འདོད་པ་དང༌། སྦྱོར་ནི་སྟོབས་དང་ལྡན་པ་ལ་སོགས་པ་ དུས་ཚེས་ཕུན་སུམ་ཚོགས་པ་འཛོམ་པའི་ཉིན་མོར་མ་ཚང་བ་མེད་པ་མཐར་ཕྱིན་པར་ཡོངས་སུ་གྲུབ་བོ། །གཉིས་པ་ལས་མཐར་ཕྱིན་པའི་བྱ་བ་ལ། གང་དུ་བཞུགས་པའི་རྟེན་གཙུག་ལག་ཁང་འདུ་བྱས་པ་དང༌། ལས་བྱེད་པ་ཡོན་གྱིས་མཉེས་པར་བྱས་པ་དང༌། བཀྲ་ཤིས་པའི་ངོ་ མཚར་ཇི་ལྟར་བྱུང་བ་དང༌། རབ་ཏུ་གནས་པ་བྱས་པ་གླེང་བའོ། །དང་པོ་ལའང་སྔོན་དུ་ས་ཆོག་ཇི་ལྟར་བྱས་པ་དང༌། དངོས་ཇི་ལྟར་འདུ་བྱས་པའོ། །དང་པོ་ལའང་ས་ཆོག་གི་དགོས་པ་དང༌། ཆོ་ག་དངོས་དང༌། དེ་ལས་ཇི་ལྟར་བཀར་བ་གླེང་བའོ། །དང་པོ་ས་ཆོག་གི་དགོས་ པ་ནི། ས་ཕྱོགས་གང་དུ་གཙུག་ལག་ཁང་དང༌། ཁང་པ་བརྩེགས་པ་དང༌། མཆོད་རྟེན་དང༌། དཀྱིལ་འཁོར་བཞེང་པ་ལ་སོགས་པ་དོན་དུ་གཉེར་བ་དག་གིས་སྔོན་དུ་སའི་ཆོ་ག་ཚུལ་བཞིན་དུ་བགྱིས་པས་སྐྱོན་དང་བྲལ་བའི་ས་གཞི་རང་དབང་དུ་འགྱུར་བ་དང༌། འཕྲལ་དང་ཡུན་ དུ་དགེ་ཞིང་སྡེ་བཞིའི་དཔལ་ཐམས་ཅད་རབ་ཏུ་འཕེལ་བར་འགྱུར་བ་ལ་སོགས་པའོ། །གཉིས་པ་ཆོ་ག་དངོས་ལ། སྤྱིར་ཕྱི་དང་ནང་གི་རིག་པའི་རྒྱུད་གཞུང་རྣམས་ནས་ས་ཆོག་གི་རྣམ་གཞག་མང་དུ་འབྱུང་བ་ལས། འདིར་སྐབས་སུ་བབ་པ་ནི་དཔལ་ཀྱེ་རྡོ་རྗེའི་རྩ་བའི་རྒྱུད་དང༌། བཤད་པའི་རྒྱུད་རྣམས་ཀྱི་དགོངས་པ་རྒྱ་བོད་ཀྱི་མཁས་པ་ཆེན་པོ་རྣམས་ཀྱིས་གསལ་བར་ཕྱེ་བའི་བཀའ་སྲོལ། ལྷག་པའི་ལྷ་དེའི་རྣལ་འབྱོར་གྱི་སྒོ་ནས་སའི་ཆོ་ག་ཡང་དག་པར་བྱས་པ་སྟེ། ཆོ་ག་དེ་ཡང་དོན་རྣམ་པ་ལྔས་བསྡུས་པའི་བདག་ཉིད་ཅན་ནོ། །དེའང་ཇི་ལྟར་ཞེ་ན། ས་གཞི་ བརྟག་པ་དང༌། བསླང་བ་དང༌། སྦྱང་བ་དང༌། གཟུང་བ་དང༌། སྲུང་བའོ། །དང་པོ་ནི། གསང་བ་སྤྱི་རྒྱུད་ལས། དང་པོ་པུས་ནུབ་ཙམ་བརྐོས་ལ། །ས་དེ་ཉིད་ཀྱིས་དགང་བར་བྱ། །གལ་ཏེ་ལྷག་པར་གྱུར་ན་ནི། །དངོས་གྲུབ་དག་ནི་ཡོད་པར་འགྱུར། །ཞེས་བྱ་བས་ས་ཉིད་ ཀྱིས་བརྟག་པ་དང༌། ཁྲུ་ཕྱེད་བརྐོས་ནས་ཆུ་ཡིས་བཀང༌། །གོམ་པ་བརྒྱ་རུ་འགྲོ་བར་བྱ། །མྱུར་དུ་འོངས་ནས་བལྟ་བྱ་སྟེ། །དེ་བཞིན་འདུག་ན་ལྷག་པར་བསྔགས། །ཞེས་བྱ་བས་མཚན་མས་བརྟག་པ་དང༌། མཐོ་དམའ་ཅན་དང་ཚེར་མ་ཅན། །གྱོ་མོ་དུམ་བུ་ཅན་དག་དང༌། ། དབྱིབས་ཀྱི་དུས་པ་སྡོང་དུམ་ཁུང༌། །གྲོག་མཁར་ཐལ་བ་ཚ་སྒོ་ཅན། །གསེག་མ་རྡུལ་དང་རྡོ་དང་སྐྲ། །སྲིན་བུ་གྲོག་སྦུར་ལ་སོགས་མང༌། །དེ་ལྟ་བུ་ཡི་ས་གཞི་ནི། །མཁས་པས་ལས་རྣམས་ཀུན་ལ་སྤང༌། །ཞེས་ཟུག་རྔུ་ཡོད་མེད་ཀྱི་ས་བརྟག་པ་ལ་སོགས་པ་སྟེ། དེ་དག་ནི་དཀྱིལ་འཁོར་གྱི་ས་གཞི་དང་ཐུན་མོང་དུ་བརྟག་པའོ། །བྱེ་བྲག་ཏུ་གཙུག་ལག་ཁང་ལ་སོགས་པ་ལ་ཡུལ་གྱི་དགེ་བ་བཅུས་བརྟག་པ་དང༌། དབྱིབས་ཀྱི་གནས་ཚུལ་གྱིས་བརྟག་པ་དང༌། ཕྱི་དང་ནང་གི་རྟེན་འབྲེལ་གྱིས་བརྟག་པ་དང༌། ཁ་དོག་གིས་བརྟག་ པ་ལ་སོགས་པ་མང་ཏུ་འབྱུང་བ་སྟེ་དེ་དག་གིས་བརྟག་པའོ། །གཉིས་པ་ལ་གཉིས་ཀྱི། མངོན་པ་ལས་བསླང་བ་ནི། ལེགས་པར་བརྟགས་པའི་ས་གཞི་དེ་ཡུལ་གྱི་རྒྱལ་པོ་དང་བློན་པོ་ལ་སོགས་པས་བདག་གིར་བྱས་པ་ན། དེ་ལས་ཚིག་གམ་རིན་གྱིས་བསླུ་བ་སྟེ། སྤྱི་རྒྱུད་ལས། བདེན་པའི་ཚིག་གིས་བསླུ་བའམ། །ཡང་ན་རི་བའི་རིན་གྱིས་བླུ། །ཞེས་སོ། །མི་མངོན་པ་ལས་བསླང་བ་ནི། ལྷའི་རྣལ་འབྱོར་དང་ལྡན་པའི་གང་ཟག་གིས་ས་གཞི་དེར་མཆོད་གཏོར་ཚུལ་བཞིན་དུ་བཤམས་ནས། སའི་ལྷ་མོ་དང༌། ཕྱོགས་སྐྱོང་བ་རྣམས་ལ་མཆོད་གཏོར་བྱིན་ནས་ བསླང་བ་སྟེ། ཡང་དག་པར་སྦྱོར་བ་ལས། སའི་ལྷ་མོ་ཁ་དོག་གསེར་གྱི་མདོག་ཅན་བུམ་པ་ལག་ན་ཐོགས་པ་བཀུག་ཅིང་བཅུག་སྟེ་བཅིངས་ནས། དྲི་ཞིམ་པོ་ལ་སོགས་པའི་མཆོད་པ་ལྔ་པོ་རྣམས་ཀྱིས་མཆོད་ཅིང་ལྷག་པར་ཉེ་བར་གནས་པར་བྱའོ་ཞེས་དང༌། རྩ་བའི་རྒྱུད་ལས། གོང་གི་ ཨ་སོགས་སྔགས་ཀྱིས་ནི། །དེ་ལ་གཏོར་མ་རྣམ་པར་སྦྱིན། །ཞེས་དང༌། མ་མ་རིན་ཆེན་སྣ་ཚོགས་འཛིན། །ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །གཞན་ཡང་བགེགས་རིགས་ཕྲ་མོ་རྣམས་ཀྱང་ཐོག་མར་གཏོར་མས་ཚིམ་པར་བྱ་བའང༌།བདུད་རྩི་ལས་རྒྱ་མཚོའི་རྒྱུད་ལས། གེགས་སུ་འགྱུར་བའི་བགེགས་རིགས་ལ། །མཉམ་པའི་དོན་གྱིས་སུན་མི་དབྱུང༌། །དམིགས་ཀྱི་ཁ་ཟས་སྣ་ཚོགས་ཀྱིས། །བགེགས་རྣམས་མགུ་ནས་ལན་ཆགས་འཁོར། །ཞེས་སོ། །གསུམ་པ་ལའང་གཉིས་ཀྱི། ལས་དང་བྱ་བས་སྐྱོན་སྦྱང་བ་ནི། ས་བདག་ལྟོ་འཕྱེ་རྒྱུ་བའི་ཚུལ་ལ་ ལེགས་པར་བརྟགས་ནས། དེའི་ལུས་ཀྱི་ཆ་དགུ་ལས་འདས་པའི་ལྟོ་བའི་ཕྱོགས་ནས་དངོས་གྲུབ་ཀྱིས་བླངས་པས་སྦྱང་བ་སྟེ།བཟང་པོ་ཡོངས་བཟུང་ལས། དགུན་ཟླ་ར་བ་ལ་སོགས་ནས། །བརྩམས་ཏེ་ཟླ་བ་གསུམ་གསུམ་དུ། །ལྟོ་འཕྱེ་ལྷོ་དང་ནུབ་དང་བྱང༌། །ཤར་དུ་དེ་ཡི་མགོ་བོ་སྟེ། །གཡོན་ པའི་ཟུར་གྱིས་ཉལ་བ་ཡིན། །ཕྱི་ཡི་ལྟོ་བ་ཤེས་ནས་བརྐོ། །མགོ་དང་རྒྱབ་སོགས་ནས་བརྐོས་པའི། །སྐྱོན་ནི་རྒྱས་པ་ལས་ཤེས་བྱ། །ཞེས་དང༌། དེ་ཉིད་རྣམ་པར་བརྟག་པའི་ཚུལ་ཡང་ལེགས་པར་གྲུབ་པའི་རྒྱུད་ཆེན་པོའི་ལུང༌། རཏྣ་རཀྵི་ཏ་དང༌། ཞང་གྲུབ་པ་དཔལ་གྱི་འགྱུར་ལས། ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉིན་མོའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །དབང་ལྡན་ནས་ནི་མེ་ཡི་མཚམས་ཀྱི་བར། །ཤར་གྱི་ས་དེ་དགུ་བཅུར་རྣམ་པར་དབྱེ། །མེ་ནས་བདེན་བྲལ་མཚམས་ཀྱི་བར་དང་ནི། །བདེན་བྲལ་ནས་ནི་ རླུང་གི་མཚམས་བར་དང༌། །རླུང་ནས་འབྱུང་པོའི་བདག་པོའི་མཚམས་ཀྱི་བར། །དེ་བཞིན་ཁོ་ནར་དགུ་བཅུར་རྣམ་དབྱེ་བྱ། །སྟོན་ཟླ་རྭ་བ་འབྲིང་དང་ཐ་མའི་བར། །དབང་ལྡན་མཚམས་ལ་སོགས་པར་མགོ་བོར་གནས། །བདེན་བྲལ་མཚམས་སོགས་མཇུག་མའི་ཆ་རུ་གནས། །གསང་ བའི་གནས་ནི་ས་ཡི་དབུས་སུ་གཞག །ལྟེ་བ་མན་ཆད་ལྟོ་འཕྱེའི་ལུས་སུ་གནས། །སྟོད་ནི་གདེངས་ཀ་དང་ལྡན་མི་ཡི་ལུས། །ལྷོར་བལྟས་ལག་པ་གཡོན་པ་རྣ་བར་བཞག །གཡས་པ་རིན་ཆེན་དང་བཅས་དཀུ་རུ་བཞག །ས་ཡི་ཆ་དགུར་ཁྱབ་པར་ཉལ་ནས་གནས། །ཀླུ་རྒྱལ་དེ་ཡི་ ལུས་ཚད་མཐོ་བཅུའོ། །ཤར་དང་ནུབ་ལ་སོགས་པར་གནས་པ་ཡང༌། །ས་ཡི་དུམ་བུ་དེ་ནི་གཞལ་བ་ལྟར། །ཉི་མའི་བགྲོད་པ་ཚེས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་ཞིང་ནི་ཆ་རེ་རེར། །ཇི་ལྟར་རིགས་པར་ཤར་གྱི་ཆ་རུ་རྒྱུ། །ལྷོ་དང་ནུབ་དང་བྱང་དུའང་དེ་བཞིན་ནོ། །ཞེས་དང༌། དེ་ཡི་ལུས་ལ་ཀླུ་ཡི་བདག་པོ་བརྒྱད། །འོ་མ་ལ་སོགས་ཉེར་སྤྱད་རྣམས་ཀྱིས་མཆོད། །ཞེས་པ་སྟེ། དེའང་མཇུག་རྩེ་དང༌། གསང་བ་དང༌། ལྟེ་བ་དང༌། དཔུང་པ་དང༌། སྙིང་ག་དང༌། མགྲིན་པ་དང༌། རྣ་བ་དང༌། སྤྱི་བོ་རྣམས་སུ་རིམ་པ་ལྟར་རིགས་ལྡན་སྔོན་པོ་དང༌། སྟོབས་ཀྱི་རྒྱུ་དུ་བའི་མདོག་ དང༌། དུང་སྐྱོང་དཀར་པོ་དང༌། པདྨ་ཆེན་པོ་སེར་པོ་དང༌། ནོར་རྒྱས་ལྗང་གུ་དང༌། འཇོག་པོ་དམར་པོ་དང༌། པདྨ་དཀར་པོ་དང༌། མཐའ་ཡས་སྔོན་པོ་རྣམས་སོ། །ཇི་ལྟར་བརྐོ་བའང༌། དེ་སྤྱོད་མི་ནི་བགེགས་མཐར་བྱེད་དུ་བསྒོམ། །དཔའ་བོས་ལག་པ་ཏོག་རྩེ་རྡོ་རྗེས་མཚན། །ལག་པ་གཡོན་ པ་འོག་ཏུ་བྱས་ལ་གཟུང༌། །དེ་ཡིས་བདུད་ཀྱི་ཚོགས་རྣམས་སྐྲག་ཅིང་བཟློག །ཤར་དང་བྱང་གི་ཕྱོགས་སུ་ཁ་བལྟས་པས། །ཏོག་རྩེ་ཁམ་བཞི་བརྒྱབ་ནས་བླངས་པ་ཡིས། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་ཉིད་དུ། །བཞག་པའམ་ཕྱི་རོལ་མེ་ཡི་མཚམས་སོགས་ དོར། །འབད་པར་དེ་ཡིས་ཁམ་ལྔ་བླངས་པའི་ས། །ས་ཡི་དབུས་སུ་ལེགས་པར་ཡིད་ཀྱིས་དགྲམ། །ཁམ་ལྔ་འདས་ནས་དེ་ལ་དུ་མ་ཡིས། །ཕྱོགས་དང་མཚམས་རྣམས་ཀུན་ནས་བརྐོ་བར་བྱ། །ཞེས་དང༌། གང་དུ་བརྐོ་བའི་ས་དམིགས་ཀྱང༌། སྐར་མ་ཁྲུམས་ཀྱིས་ཉ་བ་དང་ཉི་མ་བུ་མོའི་ཁྱིམ་དུ་ སྤྱོད་པ་ལ་སྟོན་ཟླ་རྭ་བར་བརྩིས་པའི་སྟོན་འབྲིང་པོ་ལ་མགོ་བོ་ཤར་དང༌། མཇུག་མ་ནུབ་དྲང་པོར་འོང་བ་ལ་དཔེར་མཚོན་ནས། དེ་ཉིད་ལས། ཤར་ནས་ཆ་ནི་ཉི་ཤུ་རྩ་བདུན་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བར། །ཤར་ནུབ་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཆན་གྱི་མདུན་དུ་ཐོག་མར་བརྐོ། ། དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ཞིང་འགྲུབ། །ཅེས་པའི་ཚུལ་གྱིས་བརྐོ་བ་སྟེ། དེ་ལྟར་ལེགས་པར་བརྐོས་ནས་རུས་པ་དང༌། གྱོ་མོ་དང༌། རྡོ་བ་ལ་སོགས་པའི་ཟུང་རྔུ་རྣམས་ཕྱུང་ལ། གཏེར་གཞུག་པ་དང༌། ས་དེ་ཉིད་ས་གཉེན་བཟང་པོ་གཞན་དང་བསྲེས་ནས་དྲི་ཞིམ་པོའི་ཆུས་སྦྲུས་པས་དཀྱིལ་འཁོར་ ལ་སོགས་པར་སྟེགས་བུ་བྱ་བ་དང༌། གཙུག་ལག་ཁང་ལ་སོགས་པར་ས་དེ་དང་གཟུངས་སྔགས་བཟླས་པའི་ཆུ་དག་གིས་ས་གཞི་ཀུན་དུ་ཁྱབ་པར་དགེ་འདུན་བཞི་སྡེ་དག་གིས་གཏོར་ཞིང་བཅག་པ་དང༌། གལ་ཏེ་ཟུག་རྔུ་དེ་དག་བསལ་གྱིས་མ་ལྡང་བ་དང༌། སྔོན་ཆད་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་བྱས་པ་ ཡིན་ན་ས་ཕྱོགས་ནམ་མཁའི་རང་བཞིན་དུ་སྦྱོང་བར་བྱེད་པའི་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་རྣམས་ཁོ་ནས་སྦྱང་བ་ཉིད་དོ། །གཞན་ཡང་ཏིང་ངེ་འཛིན་གྱིས་བགེགས་སྦྱང་བ་ནི། ས་ཕྱོགས་དེར་སྲུང་བའི་འཁོར་ལོ་བསྒོམ་པས་བགེགས་སྦྱང་བ་སྟེ། ཀྱེ་རྡོ་རྗེ་ལས། དང་པོར་ལྷ་ཡི་བདག་ཉིད་ཀྱིས། །རྣལ་འབྱོར་ པས་ནི་ནོར་འཛིན་སྦྱང༌། །ཞེས་སོ། །བཞི་པ་ལའང་གཉིས་ལས། བློས་བཟུང་བ་ནི། ལེགས་པར་སྦྱངས་པའི་ས་དེར་དེང་བདག་གིས་འདོད་པའི་སྙིང་པོ་གང་ཡིན་པ་དེ་མངོན་དུ་བགྱིའོ་སྙམ་པ་དམ་ཚིག་ཏུ་བྱ་བ་ཙམ་མོ། །སྟང་སྟབས་ཀྱི་བཀོད་པས་བཟུང་བ་ནི། ས་དེར་སློབ་དཔོན་འཁོར་དང་བཅས་པས་རྩ་བའི་ རྐང་སྟབས་བརྒྱད་དང༌། གོམ་སྟབས་བཞི་དང༌། ཚུལ་བཅུ་དྲུག་དང༌། བ་དན་གཉིས་དང༌། མཆོད་པ་བཅུ་གཉིས་དང༌། འདུག་སྟངས་བཅུ་དང༌། གར་གྱི་ཉམས་དགུ་དང༌། གླུའི་བཀོད་པ་རྣམས་ཏེ། སྟང་སྟབས་དེ་དག་ཐམས་ཅད་རྫོགས་པར་བྱ་བའམ། དེ་ལྟར་མ་གྲུབ་ན་རྩ་བའི་རྐང་སྟབས་ ཙམ་བྱེད་པ་སྟེ། རྡོ་རྗེ་གུར་ལས། ས་གཞི་ཡོངས་གཟུང་དུས་སུ་ནི། །དམ་ཚིག་འདི་ནི་རབ་བསྐུལ་བས། །ཡེ་ཤེས་རྡོ་རྗེ་ཅན་གྱིས་བྱ། །འདི་ནི་དམ་ཚིག་རིམ་པའི་མཆོག །ཅེས་སོ། །ལྔ་པ་ནི། དེ་ལྟར་བཟུང་བའི་ས་ཕྱོགས་སུ་སླར་ཡང་བགེགས་ཀྱི་རིགས་ཀྱིས་འཇུག་པའི་སྐབས་མེད་པར་སྲུང་ བའི་འཁོར་ལོ་བསྒོམས་པས་སྲུང་བ་སྟེ། ཇི་སྐད་དུ། ཇི་ལྟར་བསམ་གཏན་དེ་བཞིན་འདིར། །སྲུང་བ་ཇི་ལྟར་གསུངས་པ་ཉིད། །ཅེས་སོ། །གསུམ་པ་དེ་ལས་ཇི་ལྟར་བཀར་བ་གླེང་བ་ནི། དེ་ལྟར་ཇི་སྐད་བཤད་པའི་ཆོ་ག་དེ་དག་ཐམས་ཅད་འདིར་ཡང་ཚང་བར་བྱ་དགོས་སོ་སྙམ་ན། མ་ཡིན་ཏེ་དེ་ དག་ནི་སྔོན་ཆད་སའི་ཆོ་ག་མ་བྱས་པའི་ཕྱོགས་སུ་ནི་ངེས་པར་དགོས་ཀྱི། གཙུག་ལག་ཁང་དང་དགོན་སྡེ་ཡིན་པ་ལ་སོགས་པ་སྔོན་ཆད་སའི་ཆོ་ག་གྲུབ་པ་ལ་ནི་ཐམས་ཅད་ཚང་བར་མི་དགོས་ཏེ། དེ་ལྟར་དུའང་གསང་བ་སྤྱིའི་རྒྱུད་ལས། དྲང་སྲོང་གནས་དང་བ་ལང་ལྷས། །ཕུག་དང་རི་ཡི་རྩེ་མོ་ དང༌། །ས་གཞི་གང་ན་འཐས་པ་དང༌། །ཁང་ཐོག་དང་ནི་རྡོ་ལེབ་དང༌། །མཆོད་རྟེན་དྲུང་དང་འབབ་ཆུའི་གླིང༌། །མཚོ་རྣམས་ཀྱི་ནི་འགྲམ་དག་ཏུ། །ས་གཞི་སྦྱང་དང་བརྟག་པ་དང༌། །ནན་ཏན་དུ་ནི་བྱ་མི་དགོས། །དེར་ནི་ཟུང་རྔུ་དབྱུང་མི་དགོས། །འཐས་པར་བཅག་ཀྱང་དེར་མི་དགོས། །མཐོ་ དམའ་ལ་སོགས་སྐྱོན་རྣམས་ནི། །དེར་ནི་དོགས་པ་བསྐྱེད་མི་དགོས། །ཞེས་དང༌། ལེགས་བཤད་བཻ་ཌཱུར་དཀར་པོའི་ས་དཔྱད་ཀྱི་སྔོན་བྱུང་ལ་བརྟེན་ནས་བརྟག་པའི་སྐབས་སུའང༌། དང་པོ་ཐུན་མོང་སངས་རྒྱས་ཀྱིས། །མཛད་པ་བཅུ་གཉིས་བསྟན་པའི་གནས། །ཤེར་ཕྱིན་གནས་བཤད་ས་ཕྱོགས་ ལྷའི། །རྟེན་ཡུལ་མཆོད་གནས་གྱུར་པ་དང༌། །གང་ཟག་ཁྱད་ཅན་བྱིན་རླབས་གནས། །ཆོས་ལྡན་བྱ་བ་ཁྱད་པར་ཅན། །འབྱུང་བཞིན་པའམ་སྔོན་བྱུང་ནས། །རེ་ཞིག་ཟམ་ཆད་པ་ཡང་རུང༌། །བྱ་བ་མི་ཤིས་བར་མ་ཆོད། །བཀྲ་ཤིས་གནས་སུ་གྲགས་ཤིང་གྲུབ། །ཐུན་མོང་མ་ཡིན་རྡོ་རྗེའི་ཐེག །བསྒྲུབ་ པའི་གནས་སུ་བྱེད་པ་ན། །འཛམ་གླིང་གནས་མཆོག་ཉི་ཤུ་བཞིའི། །ཡུལ་ནི་སོ་གཉིས་ནང་དུ་གཏོགས། །ཡིད་ཆེས་ལོ་རྒྱུས་ཚད་མ་རུ། །བཟུང་ལ་ལེགས་པར་གཏན་འབེབས་པའི། །གནས་རྙེད་ཕྱི་ཡི་ས་དཔྱད་སོགས། །མི་ཤེས་པའམ་མ་གྲུབ་ཀྱང༌། །དགེ་ལེགས་རང་ བཞིན་འབྱུང་བར་བཤད། །ཅེས་གསུངས་པའང་ཤིན་ཏུ་ཡིད་ཆེས་པའི་ལེགས་པར་བཤད་པ་རྨད་དུ་བྱུང་བར་སྣང་ངོ༌། །དེས་ན་ཆོས་གྲྭ་ཆེན་པོ་འདིར་ནི་གོང་དུ་ཇི་སྐད་བཤད་པའི་སྐྱེས་བུ་དམ་པ་མཁས་ཤིང་གྲུབ་པ་དེ་དག་གིས་ས་གཞི་ལེགས་པར་བརྟགས་ཤིང་སྦྱངས་ནས་བྱིན་གྱིས་བརླབས་པ་དང༌། དེ་ ནས་བརྩམས་ཏེ་སྲིད་པ་དང་ཞི་བའི་དཔལ་འབྱོར་གྱིས་ཕྱོགས་ཐམས་ཅད་ནས་ཤིན་ཏུ་བཀྲ་ཤིས་པའི་གནས་སུ་གྱུར་ཅིང༌། ལྷ་དང་བཅས་པའི་འཇིག་རྟེན་གྱི་མཆོད་རྟེན་ཆེན་པོ་ཉིད་དུ་གྱུར་པའི་ཕྱིར་སའི་ཆོ་ག་ལ་ནན་ཏན་དུ་མ་བྱས་ཀྱང་མི་བཏུབ་པ་མེད་པའི་ཕྱིར། བྱེ་བྲག་ཏུ་ས་གཞི་བརྟག་པའི་ཆོ་ག་རྣམས་དང༌། མངོན་པ་ལས་བསླང་བ་དང༌། ལས་དང་བྱ་བས་སྐྱོན་སྦྱང་བ་རྣམས་ནི་ལྷག་པར་དགོས་པ་མ་མཆིས་སོ། །དེ་ལས་གཞན་པའི་ཆོ་ག་རྣམས་ནི་སླར་ཡང་བགྱིས་ན་ཤིན་ཏུ་ཕུན་སུམ་ཚོགས་པའི་རྒྱུ་ཉིད་དུ་ཆེས་ཆེར་བསྔགས་ཤིང༌། མཁས་པ་ཀུན་གྱི་ལག་ལེན་ལའང་མཛད་པ་དང༌། བྱེ་བྲག་ཏུ་དཔེར་ན་གཟུགས་ དང་སྟོབས་དང་ཁོ་ལག་ཀུན་ནས་རྫོགས་པའི་གླང་པོའི་མཆོག་གངས་རིའི་དུམ་བུ་འགྲོ་ཤེས་པ་དང་འདྲ་བ་རྣམས་ཀྱང་འདུལ་མཁན་མཁས་པའི་ལྕགས་ཀྱོ་ཆུང་ངུས་བཏབ་པས་དེའི་དབང་དུ་མི་འགྱུར་བ་མེད་པ་དེ་བཞིན་དུ། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་སུ་མཐུ་ཆེ་བ་དང༌། རྫུ་འཕྲུལ་ཆེ་བ་དང༌། དཔུང་ ཆེ་བ་དང༌། དབང་ཆེ་བར་རློམ་པ་རྣམས་ཀྱང་གསང་སྔགས་དང་རིག་སྔགས་གྲུབ་པ་རྣམས་ཀྱི་བཀའ་ལུང་གི་འཕྲིན་ཡིག་གཉེན་པོ་ཐོས་པ་འཛིན་པའི་བཅུད་དུ་སིམ་པ་ཙམ་གྱིས་དེའི་དོན་ཚུལ་བཞིན་དུ་བསྒྲུབ་པ་ལ་གུས་པར་མི་འགྱུར་བ་སུ་ཞིག །དེས་ན་དེ་ལྟ་བུའི་བདག་ཉིད་ཆེན་པོ་རྣམས་ཀྱིས་ས་གཞི་བྱིན་གྱིས་རློབ་པའི་ ཆོ་ག་ཚུལ་བཞིན་དུ་བགྱིས་པ་ནི་ཆེས་མཆོག་ཏུ་ཡང་བདེ་ལེགས་ཕུན་སུམ་ཚོགས་པའི་གཞིར་གྱུར་པ་སྟེ། དེང་འདིར་སྐྱེ་བ་ནས་སྐྱེ་བར་དཀར་བ་མིན་པའི་ངག་གི་ལས་རྣམ་པར་སྤངས་པ། མཆོག་ཏུ་དེ་བཞིན་གཤེགས་པ་ཀུན་གྱི་གསང་བའི་སྙིང་པོ་ཟབ་མོ་སྔགས་ཀྱི་དངོས་གྲུབ་ཀྱིས་ཤིན་ཏུ་བརླིང་བར་བྱས་ པ། ངེས་པར་དཔལ་ལྡན་རྡོ་རྗེ་འཆང་དབང་ཉིད་ལས་ནམ་ཡང་དམིགས་སུ་མེད་པའི་བདག་ཉིད་ཆེན་པོ་དཔལ་ལྡན་ཆོས་སྐྱོང་ཉིད་ཀྱི་བཀའི་ས་གཞི་བྱིན་གྱིས་རློབ་པར་གཡར་འདྲེན་དུ་བགྱི་བ་ནི་ཆེས་མཆོག་ཏུ་གྱུར་པའི་བློ་གྲོས་སོ་སྙམ་དུ་སྡོམ་བརྩོན་སྐྱེ་དགུའི་བདག་པོ་ཉིད་ནས་མཁན་པོ་རིན་པོ་ཆེར་དེ་ སྐད་དུ་གསོལ་བ་དང༌། དེ་ཉིད་ནས་ཀྱང་དེ་ལྟར་དུ་བགྱིར་བཏུབ་པ་བཀས་གནང་ནས་སྤྱན་དྲངས་སོ། །གཞན་ཡང་མཁས་པ་དང་བཙུན་པ་དང་གྲུབ་པའི་ཡོན་ཏན་མི་ཟད་པའི་མཛོད་དུ་གྱུར་པ་རྗེ་བཙུན་ནམ་མཁའ་དཔལ་བཟང་པས་མཚོན་ཏེ། རྡོ་རྗེ་སློབ་དཔོན་གྱི་ལས་རབ་འབྱམས་ལ་དབང་བའི་ གསང་སྔགས་འཛིན་པ་བཅུ་གསུམ་དག་དང་ལྷན་ཅིག་ཏུ། ས་གཞི་མི་མངོན་པ་ལས་བསླང་བ་ལ་སོགས་པའི་ཆོ་ག་རྣམས་ཡང་དག་པར་མཛད་པ་དང༌། གཞན་ཡང་གཏེར་བུམ་གྱི་རིགས་མང་དུ་འཇོག་པ་ལ་སོགས་པས་ས་ཕྱོགས་ཞི་ཞིང་དུལ་བ་མཚོ་ལས་སྐྱེས་པ་གཞོན་ནུའི་འདབ་མ་ ལྟ་བུ་ལ། སླར་ཡང་འདོད་དགུའི་དཔལ་འབྱོར་ཟད་མི་ཤེས་པའི་གནས་སུ་བྱིན་གྱིས་བརླབས་སོ། །གཉིས་པ་དངོས་ཇི་ལྟར་འདུ་བྱས་པ་ནི། དེ་ལྟར་བྱིན་གྱིས་བརླབས་པའི་ས་གཞི་དེར་ཧོར་ལུགས་ཀྱི་ཟླ་བ་གཉིས་པའི་དམར་བའི་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་དང་གཟའ་སྐར་དགེ་བར་འཛོམ་པ་ལ་ གཙུག་ལག་ཁང་ཆེན་པོ་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་བྱ་བ་འདི་ཉིད་ཀྱི་རྨང་འདིང་བར་བརྩམ་སྟེ། དེའི་ཐོག་མར་ཡང་ཇི་སྐད་དུ། གཙུག་ལག་ཕོ་བྲང་མཁར་ཁང་སོགས། །འདེབས་པར་བྱ་བའི་ལས་བརྩམ་དུས། །ཀེག་དང་དགུ་དུར་རྩུབ་རིགས་བཅོས། །གནམ་སའི་སྒོ་བསྡམ་ཆོ་ག་ བྱ། །འཁྲུག་གཏོ་ཉེས་པ་ཀུན་སེལ་དང༌། །གཡོ་འཁྲུག་དོང་རྩེ་འཁོན་བསྡུམ་སོགས། །གང་འགྲུབ་སྣ་སེལ་ཆོ་ག་བཏང༌། །ཆུ་གཏོར་ཀླུ་བརྒྱད་ཀླུ་གསུམ་དང༌། །ཀླུ་གཏོར་བརྒྱགས་བརྔན་བཏང་བྱ་ཞིང༌། །སྣང་བརྒྱད་སྡོང་རྒྱན་མདོ་ཐིག་དང༌། །བཀྲ་ཤིས་བརྩེགས་པ་གཟུངས་བསྡུས་སྒྲོགས། །གནམ་གཏོ་ གནམ་ཁྱི་བཅོས་པ་དང༌། །བར་གཏོ་འབྲུག་ལྷ་བཅོས་པ་དང༌། །ས་གཏོ་དུར་ཕག་བཅོས་རྣམས་བྱ། །ཞེས་འབྱུང་བའི་བཅོས་ཐབས་རྣམས་ཀྱང༌། སྐར་ནག་རྩིས་ཀྱི་གཞུང་ལུགས་དུ་མ་ལ་བློ་གྲོས་ཀྱི་སྤྱན་དཀྱུས་རྣམ་པར་ཡངས་པའི་བླ་མཁྱེན་བསོད་ནམས་རྒྱལ་དཔོན་གཡོག་རྣམས་ཀྱིས་སྔོན་དུ་གྲུབ་ པར་བྱས་ནས། དེའི་ཉིན་མོར་ལས་ཀྱི་འགོ་བརྩམས་སོ། །དེ་ལའང་གཙུག་ལག་ཁང་འདིའི་ཚད་དང་བཟོའི་བཀོད་པ་ཕལ་ཆེ་བ་དག་ནི་གཙུག་ལག་ལུགས་བརྒྱའི་ཚུལ་ལ་རྣམ་པར་དཔྱོད་པའི་མཁྱེན་རབ་པདྨའི་གཉེན་གྱི་དཀྱིལ་འཁོར་ལྟར་རབ་ཏུ་གསལ་བའི་སྡོམ་བརྩོན་སྟོབས་ཀྱི་ འཁོར་ལོས་སྒྱུར་བ་ཉིད་ནས་བཀའི་བཀོད་པས་ཡང་དག་པར་ཁྱབ་པར་མཛད་པ་ལ། ཐོག་མར་ཚད་ཀྱི་ཐིག་འདེབས་པ་ནི་མངོན་པར་འདོད་པའི་འབྲས་བུ་ཅི་ཡང་ཡིད་ལ་བྱས་པ་ཙམ་གྱིས་མི་འགྲུབ་པ་འགའ་ཡང་མེད་པ་དེ་ལྟ་བུའི་བསོད་ནམས་ཀྱི་མཐུ་ཆེ་ཞིང་རྣམ་པ་གཅིག་ཏུ་འབྱོར་པ་ཕུན་སུམ་ ཚོགས་པ་དར་ནས་རྒུད་པའི་མཐའ་རུ་མ་ལྷུང་བའི་དགེ་སློང་ཚུལ་ཁྲིམས་རབ་བརྟན་ནམ་དོན་གྲུབ་ཅན་དང༌། ཨོོ་ཌྱཱན་ཚེ་རིང་དང༌། ལྷུན་གྲུབ་རྒྱལ་མཚན་ཏེ་གསུམ་གྱིས་བྱས་ཤིང༌། མཚམས་དང་ཕྱོགས་ཀྱི་རྩིག་རྨང་འདིང་བ་པོ་ནི། བློ་སྣ་བདེན་པའི་ཕྱོགས་སུ་གཏོད་པས་བྱ་བ་ཐམས་ཅད་བརླིང་ ཞིང་ཀུན་གྱིས་ཡིད་རྟོན་པའི་གནས་སུ་བྱས་པ། མཆོག་ཏུ་ཡི་དམ་གྱི་ལྷ་མང་པོའི་བསྙེན་པ་མཐར་ཕྱིན་པའི་དགེ་སློང་ནམ་མཁའ་རྡོ་རྗེ་དང༌། ཏིང་འཛིན་རྡོ་རྗེ་དང༌། ཀུན་དགའ་རྡོ་རྗེ་སྟེ་གསུམ་གྱིས་བགྱིས་ནས་རྩིག་འགྲམ་ལེགས་པར་བཏིང་ངོ༌། །དེ་ནས་བཟུང་སྟེ། ཤིང་གཞོག་པ་དང༌། ཤིང་ བརྐོས་པ་དང༌། གྱེང་བཟོ་བ་ལ་སོགས་པའི་ལས་བྱེད་པ་མི་གྲངས་བཞི་བརྒྱ་ཙམ་བསགས་ཏེ་མཐར་ཕྱིན་པ་ཉིད་དུ་ལེགས་པར་བསླངས་སོ། །དེའི་རྗེས་སུའང་ལྷ་རིས་པ་ལ་སོགས་པའི་བཟོ་རིག་པ་མཁན་རྣམས་བསགས་ཏེ་རྩི་ཚོན་དགྱེ་བ་དང༌། ལྡེབ་རིས་འདྲི་བ་དང༌། ནང་གི་ཁོར་ཡུག་ཀུན་དུ་བྲེ་ བའི་འཕེན་དང༌། བླ་རེ་དང༌། རྒྱལ་མཚན་དང༌། ཆོས་ཀྱི་བཞུགས་ཁྲི་དང༌། སྟེང་གི་ཁང་བཟངས་ཀྱི་རྩེ་མོ་ན་གསེར་ཟངས་ལས་གྲུབ་པའི་གན་འཇི་ར་དང༌། རྒྱལ་མཚན་ལ་སོགས་པ་ངོ་མཚར་ཆེ་བའི་རྒྱན་གྱི་བཀོད་པ་ཡིད་དུ་འོང་བ་དག་གིས་ཀུན་ནས་རབ་ཏུ་མཛེས་པར་བྱས་སོ། །དེ་ལྟ་བུའི་ཚུལ་གྱིས་ལེགས་ པར་གྲུབ་པའི་རྟེན་གཞལ་དུ་མེད་པའི་ཁང་བཟངས་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་བྱ་བ་གང་གི་ནང་ལོགས་ཐམས་ཅད་དུ་དེ་བཞིན་གཤེགས་པ་སྲས་དང་བཅས་པའི་སྣང་བརྙན་མཐོང་ན་མི་མཐུན་པ་མེད་པ་ཅི་ཡང་བཀྲ་བའི་ཁྱད་པར་ལ་བསམས་ན། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་བགྲང་ དུ་མེད་པའི་ཡོན་ཏན་གྱི་བཀོད་པ་ཡང་ཉེ་བར་མཚོན་པར་ནུས་སོ། །བློ་དང་ལྡན་པའི་གང་ཟག་རྣམས་ཀྱིས་ཡིད་ལ་ཇི་ལྟར་དམིགས་པའི་ལེགས་པར་བཤད་པའི་ཚོགས་ཀྱི་གཏོང་བ་ཅི་ཡང་འཇོ་བའི་གནས་སུ་གྱུར་པའི་ཁྱད་པར་ལ་བསམས་ན། ཐེག་པ་གསུམ་གྱི་བསྟན་པ་རིན་པོ་ཆེའི་ འབྱུང་གནས་སུ་གྱུར་པ་འཕགས་ཡུལ་རྡོ་རྗེ་གདན་གྱི་དྷརྨ་གྷཉྫ་གང་ཡིན་པའམ། གསང་སྔགས་བསྟན་པའི་འབྱུང་གནས་སུ་གྱུར་པ་ལྕང་ལོ་ཅན་ནམ། ཨོོ་ཌྱཱན་རྡོ་རྗེ་ཆེན་པོ་རྣམས་ཀྱི་དྷརྨ་གྷཉྫ་གང་ཡིན་པའི་དཔལ་ལ་ཅོ་འདྲི་བར་འོས་པ། ཕྱི་རོལ་གྱི་རྣམ་པ་ལ་བསམས་ན་འཆི་ བ་མེད་པའི་ཡུལ་གྱི་འཕྲུལ་བཟོ་བི་ཤྭ་ཀརྨའི་ལག་རྩེ་ལས་འཁྲུངས་པ་ལྟ་བུའི་འགྲམ་ལོགས་དང༌། ཀ་བ་དང༌། གདུང་དང༌། ཐོག་ཕུབས་རིམ་པ་དང༌། མདའ་ཡབ་དང༌། པུ་ཤུ་དང༌། ལན་ཀན་དང༌། སྒོ་དང༌། རྟ་བབས་ལ་སོགས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། རྩེ་ མོར་ཉི་མ་འཆར་ཀའི་གཟི་བརྗིད་ཀྱི་ཕུང་པོ་ལས་འཕོས་པ་ལྟ་བུའི་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་ཏོག་དང༌། རྒྱལ་མཚན་དང༌། མེ་ལོང་དང་དྲིལ་བུ་སིལ་སིལ་རྣམས་ཀྱིས་ཀུན་ནས་མཛེས་པར་བྱས་པ། ནང་གི་བླ་ཁབ་ལས་རྣམ་པར་དབྱངས་པའི་བླ་རེ་དང༌། གདུགས་དང༌། རྒྱལ་མཚན་ དང༌། འཕན་ཚར་ལ་སོགས་པས་ཡིད་དུ་འོང་བར་བྱས་པའི་གཞལ་མེད་ཁང་རྒྱན་དང་བཅས་པ་གསར་དུ་བསྐྲུན་པའང་ལེགས་པར་མཐར་ཕྱིན་ཏོ། །དེར་ཇི་ལྟར་བཤམས་པའི་ཆོས་ཀྱི་ཁྲི་ཤིང་གི་དྲྭ་བ་མིག་མངས་རིས་སུ་བྲེས་པ་ག་ལ་བར་འཇིག་རྟེན་གསུམ་ན་མཆོད་འོས་བླ་ན་མེད་པའི་དགོངས་ འགྲེལ་གྱི་ཕྱི་མོ་གང་དག་བཞུགས་པ་རྣམས་མཆོད་པའི་ཡོ་བྱད་ཀྱི་རྣམ་གྲངས་མང་པོས་བཀུར་སྟི་དང་བཅས་ཏེ་མངའ་གསོལ་བར་བགྱིས་སོ། །མདོར་ན་དེ་ལྟ་བུའི་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་ལེགས་པར་མཐར་སོན་པ་ཉིད་དུ་ཡོངས་སུ་གྲུབ་བོ། །གཉིས་པ་ལས་བྱེད་པ་ཡོན་གྱིས་མཉེས་པར་བྱས་པ་ལ། སྤྱིར་ལས་བྱེད་པའི་བཟོ་བོ་རྣམས་མཉེས་དགོས་པའང༌། རབ་ཏུ་གནས་པའི་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནས་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་དང༌། སྨན་ལྷ་དོན་གྲུབ་པའི་ཆ་ཚད་ཀྱི་རབ་ཏུ་བྱེད་པ་ཡིད་བཞིན་ནོར་ བུ་ལས། ཀུན་ནས་ལྷག་བསམ་རབ་དཀར་ལུས། །ཁྲེལ་ཡོད་ངོ་ཚའི་གོས་རྒྱན་ལྡན། །དད་དང་གཏོང་ཕོད་མཆོད་ཚོགས་ཀྱིས། །ལྷ་དང་བཟོ་བོ་དབྱེར་མེད་མཆོད། །ཅེས་པ་ལྟར་བཟོ་གནས་རིག་པ་མཁན་ནི་འགྲོ་བ་ཀུན་གྱིས་བཀུར་ཞིང་ མདུན་འཇོག་གྱ་ནོམ་པ་དག་གིས་མཉེས་པར་བྱ་བའི་ཡུལ་དུ་གསུངས་པ་ལྟར་འདིར་ཡང་ལས་འདི་སྒྲུབ་པའི་རིང་ལ། བཟོ་གནས་རིག་པ་འཆང་བ་རྣམས་ལ་དུས་རྒྱུན་པར་བཟའ་བ་དང་བཏུང་བར་སྦྱར་བ་དང༌། བར་སྐབས་རྣམས་སུའང་སྟོན་མོ་དང་སྟོན་ཚབ་གང་རུང་རེ་སྟོབ་པ་དང༌། མཐར་ལས་བྱས་པ་དྲིན་དུ་གཟོ་བའི་ཕྱིར་ཡོན་གྱིས་མགུ་བར་བྱས་པའི་རྣམ་གྲངས་ཞིབ་ཏུ་བརྗོད་ན་འདྲི་བར་བྱ་བ་མང་དུ་ཡོད་ནའང་དགོས་པ་ཆུང་བས་རྒྱས་པར་མི་འདྲིའོ། །འོན་ཏེ་དེང་འདིར་མདོར་བསྡུས་ཤིག་མ་བརྗོད་ན། སྤྱིར་རྒྱལ་པོ་དང་མི་དཔོན་རྣམས་ཀྱི་བྱ་བ་ཕལ་ཆེ་བ་ནི་གཞན་ ལ་ཁྲལ་བཞག་པ་དང་འུ་ལག་བསྐུལ་ནས་སྒྲུབ་པའི་སྲོལ་ཞིག་མཆིས་པ་ལྟར། འདིར་ཡང་དེ་ལྟར་དུ་བྱས་པ་ཡིན་ནམ་སྙམ་དུ་གོ་བར་འགྱུར་བའི་ཕྱིར་རོ། །དེས་ན་དོགས་པ་དེ་བསལ་བའི་ཕྱིར་རགས་བསྡུས་ཙམ་ཞིག་བསྙད་པ་ལ། འདི་ལྟར་དགོངས་འགྲེལ་ཡོངས་སུ་རྫོགས་པར་ བསྡོམས་པའི་གླེགས་བམ་རིན་པོ་ཆེ་བརྒྱ་ཕྲག་གཉིས་ལ་མཛེས་པར་བྱེད་པ་བཀྲ་ཤིས་པའི་རྒྱན་དང་བཅས་པ་བཞུགས་པ། ཡི་གེའི་ལྡེབ་གྲངས་ཀྱིས་རྣམ་པར་དབྱེ་ན། ཡིག་ལྡེབ་དྲུག་ཁྲི་ཉིས་སྟོང་དང་ཉིས་བརྒྱ་ལྔ་བཅུ་རྩ་བདུན་མཆིས་པ་པར་དུ་བསྒྲུབས་པ་ལ། སྡོམ་ བརྩོན་སྐྱེ་དགུའི་བདག་པོ་འདིའི་གཏོང་ཕོད་ཆེན་པོའི་ཕྱག་རིང་ལེགས་པར་བརྐྱངས་ནས། རྒྱལ་པོ་ཆེན་པོ་རྣམ་མང་ཐོས་ཀྱི་བུའི་གཏེར་མཛོད་ཁ་ཡོངས་སུ་བྱེ་བ་ལྟ་བུའི་འདོད་དགུ་མ་ཚང་བ་མེད་པའི་དཀོར་མཛོད་དང༌། འབྲུའི་བང་བ་དང༌། ཕྱུགས་ཀྱི་རྭ་བ་རྣམས་སེར་སྣའི་རྒྱས་བཅིངས་པ་ མེད་པར་ལྷུག་པར་ཕྱེ་སྟེ། དེའི་མོད་ལ་རིན་པོ་ཆེ་གསེར་དང༌། དངུལ་དང༌། བྱི་རུ་དང༌། མུ་ཏིག་དང༌། དུང་དང༌། གཡུ་དང༌། གོས་བཟང་པོ་དང༌། དར་གྱི་བྲེ་བྲག་མང་པོ་དང༌། རས་ཟུང་དང༌། རས་ཡབ་དང༌། སྣམ་ཕྲུག་གི་རིགས་སུ་གཏོགས་པ་མང་པོ་དང༌། བགོ་བ་དང་རྒྱན་གྱི་བྱེ་ བྲག་རྣམ་པ་སྣ་ཚོགས་པ་དང༌། ཉེ་བར་མཁོ་བའི་ཡོ་བྱད་རྣམ་པ་དུ་མ་དང༌། ཨརྡྷོ་ཀའི་ཕུར་མ་ཁག་ཏུ་བྱས་པ་མང་པོ་དང༌། ཐ་མི་ཀ་དང༌། རྟ་དང༌། གནག་ཕྱུགས་ཀྱི་རིགས་ལ་སོགས་པ་མདོར་ན་རང་རང་གི་མོས་པར་ཅི་དང་ཅི་འཚམ་པའི་དབྱིག་གི་རྣམ་པ་གྱ་ནོམ་པ་དག་སྩལ་ཏོ། ། དེ་དག་ཀྱང་འདི་ལྟ་སྟེ། ཇི་ལྟར་བྱིན་པ་ཐམས་ཅད་འདིར་འབྲུའི་རིན་ཐང་གི་ཚད་ཀྱིས་བཅལ་ཏེ་བརྗོད་ན། ཐོག་མར་ཞུས་དག་པ་རྣམས་ཀྱི་ཞུས་དཔོན་མི་རེ་ལ་ཉིན་རེར་བྲིས་པ་རབ་ཅིག་གི་ཡོན་དུ་བརྩིས་པ་ནས་འདོང་ཉི་ཤུ་རྩ་གཉིས། དེ་འོག་ལ་ནས་འདོང་བཅུ་བཞི། ཞུས་དག་པ་གཞན་ རྣམས་ལ་ཉིན་རེར་ནས་འདོང་བཅུ་གསུམ་རེ་སྟེ་བསྡོམས་པས་ནས་ཁལ་དྲུག་སྟོང་དགུ་བརྒྱ་དང་དྲུག་ཅུ། ལྷ་རིས་པ་དབུ་ལྷ་གཉིས་རེའི་བྲི་ཡོན་ལ་ནས་འདོང་ཉི་ཤུ་རྩ་ལྔ་རེ་བརྩིས་པ་བསྡོམས་པ་ནས་ཁལ་བརྒྱ་དང་སོ་ལྔ། ལྷ་བརྐོས་པ་སྐུ་བརྙན་གཉིས་རེའི་ཡོན་དུ་ནས་ཁལ་གསུམ་རེ་ བསྡོམས་པས་ནས་ཁལ་དྲུག་བརྒྱ་བཞི་བཅུ། ཡི་གེ་པ་ཡང་རབ་དང༌། རབ་དང༌། འབྲིང་གསུམ་ལས་བར་མའི་དབང་དུ་བཏང་བའི་གྲངས་ཀྱིས་བརྩི་ན། ཡིག་ལྡེབ་རེ་ལ་ནས་འདོང་ཉི་ཤུ་རྩ་གཉིས་རེ་བརྩིས་པ་བསྡོམས་པས་ནས་ཁལ་སུམ་ཁྲི་བཞི་སྟོང་དང་ཉིས་བརྒྱ་ཞེ་གཅིག །པར་ བརྐོས་པ་རབ་དང་འབྲིང་སྟོད་དང་འབྲིང་གསུམ་ལས་བར་མ་ཞིག་གི་དབང་ཏུ་བཏང་བའི་གྲངས་ཀྱིས་བརྩི་ན། པར་ལྡེབ་རེ་ལ་ནས་ཁལ་གསུམ་དང་ཞོ་རེ་བྱིན་པ་བསྡོམས་པས་ནས་ཁལ་འབུམ་ཕྲག་གཉིས་དང་ཉིས་སྟོང་སུམ་བརྒྱ་སོ་ལྔ། པར་ཞུས་པ་མི་རེ་ལ་ཉིན་རེར་ནས་འདོང་བཅུ་གསུམ་ རེ་བརྩིས་པ་བསྡོམས་པས་ནས་ཁལ་ཉིས་སྟོང་དྲུག་བརྒྱ། ཐིག་འདེབས་པ་ཉིན་རེར་ནས་འདོང་བཅུ་རེ་བསྡོམས་པས་ནས་ཁལ་ལྔ་བརྒྱ། ཤོག་བུའི་འདུ་བྱེད་པ་མི་རེ་ལ་ཉིན་རེར་ནས་འདོང་བཅུ་རེ་བརྩིས་པ་བསྡོམས་པས་ནས་ཁལ་ཉིས་སྟོང་བདུན་བརྒྱ་ཉི་ཤུ། ཤིང་གཞོག་པ་ཤིང་ལྡེབ་བརྒྱ་ དང་བཞི་བཅུ་ལ་ནས་ཁལ་ལྔ་རེ་བརྩིས་པ་ནས་ཁལ་ཉིས་སྟོང་ཉིས་བརྒྱ་ཉེར་གསུམ། ཤོག་བུ་ཁ་བཞི་བཅུའི་རིན་ལ་ཇ་བར་ཁག་བྱིན་པ་འབྲུར་བསྡོམས་པས་ནས་ཁལ་སུམ་སྟོང་དང་བརྒྱ་ཉེར་གསུམ། ཤིང་ལྡེབ་བཅུ་དྲུག་རེའི་རིན་ལ་ཇ་བར་ཁག་བྱིན་པ་འབྲུར་བསྡོམས་པས་ནས་ཁལ་ ཁྲི་ཕྲག་གཅིག་དང་དགུ་སྟོང་བཞི་བརྒྱ་ང་ལྔ་སོང་ངོ༌། །བཟའ་བཏུང་སྦྱར་བ་རགས་བསྡུས་སུ་བསྡོམས་ན་ནས་ཁལ་འབུམ་ཕྲག་གཅིག་དང་དྲུག་ཁྲི་བརྒྱད་སྟོང་བཞི་བརྒྱའོ། །མདོར་ན་རྟེན་བཞེང་གི་རིམ་གྲོར་སོང་བ་དང་བཟའ་བཏུང་སྦྱར་བ་ལ་སོང་བ་རྣམས་མི་ འགྲང་བར་ལས་བྱེད་པ་རྣམས་ཀྱི་ཡོན་འབུལ་དང༌། ཤིང་དང་ཤོག་བུའི་རིན་དུ་སོང་བ་ཁོ་ན་བསྡོམས་པས་ནས་ཁལ་འབུམ་ཕྲག་གཉིས་དང་བདུན་ཁྲི་བཞི་སྟོང་དགུ་བརྒྱ་དང་སོ་གཉིས་སོང་ཞིང༌། དེ་དག་ཇའི་ཚད་ཀྱིས་གྲངས་སུ་བཅལ་ན་ཇ་འཁོར་དྲུག་ཅན་ཁྲི་ཕྲག་གཅིག་དང་སུམ་སྟོང་ བདུན་བརྒྱ་ཞེ་དྲུག་ལ། བར་ཁག་གཉིས་དང་སྡུམ་གཅིག་གི་ལྷག་མ་བཅས་སོང་ངོ༌། །གཞན་ཡང་པར་ཁང་ཆེན་མོ་འདི་ཉིད་གསར་དུ་བསྐྲུན་པ་ལྡེབ་རིས་དང་བཅས་པ་ལའང་ཉེར་སྤྱད་དང་བཟོ་ཡོན་ལ་སོགས་པར་གཏོང་བའི་དངོས་པོ་རགས་རྩིས་ཀྱིས་ཇ་འཁོར་དྲུག་ཅན་སུམ་སྟོང་དྲུག་བརྒྱ་ ཙམ་སོང་བ་སོགས། མདོར་ན་རྟེན་བཞེངས་འདིའི་ཆ་རྐྱེན་དུ་སུམ་རྩེན་པའི་མཛོད་སྒོ་ཆེན་པོ་ཡོངས་སུ་ཕྱེ་བ་ལྟ་བུས་སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་དུ་གནས་པ་དང༌། སེམས་ཅན་གྱི་ཁམས་སུ་བདེ་ལེགས་ཀྱི་མཛའ་ན་མོ་གསར་དུ་འགུགས་པའི་ལྷག་བསམ་ དང་མཛད་པ་རྨད་དུ་བྱུང་བ་ལ་ནི་སྡོམ་བརྩོན་ས་བདག་དམ་པ་འདི་དང་མཚུངས་པ་འགའ་ཡང་མ་བྱུང་བར་སེམས་སོ། །གསུམ་པ་བཀྲ་ཤིས་པའི་ངོ་མཚར་ཇི་ལྟར་བྱུང་བ་ལ། དེ་ལྟར་བསྒྲུབས་པ་ལ་ངོ་མཚར་གྱི་རྣམ་པ་ཇི་ལྟར་བྱུང་བའི་གླེང་བ་མང་དུ་ཡོད་ནའང༌། འདིར་མངས་ཀྱིས་དོགས་པས་རྫོགས་ པར་མི་འདྲི་ཞིང་རགས་པ་ཙམ་ཞིག་བརྗོད་ན། སྤྱིར་མི་བདག་ཆེན་པོ་འདིའི་མཛད་པ་ཐམས་ཅད་ནི་ནམ་ཕུགས་སུ་བསྟན་པ་རྒྱས་པའི་གྲོགས་སུ་འགྲོ་བ་ཁོ་ན་ལྷུར་བྱེད་ཅིང༌། བྱེ་བྲག་ཏུ་སྡོམ་པ་གསུམ་གྱི་བཀའ་དྲིན་དཔག་ཏུ་མེད་པས་བསྐྱངས་པའི་མཁན་པོ་རིན་པོ་ཆེ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་ གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་འདི་ཉིད། ཡོངས་རྫོགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་མངའ་བདག་ཏུ་ཞབས་ཀྱི་པདྨ་མི་འགྱུར་རྡོ་རྗེ་བརྩེགས་པའི་ཁྲི་འཕང་མཐོན་པོ་བརྟན་པའི་བགྱི་བ་ཉིད་གཙོ་བོར་ལྷུར་མཛད་པ་བཞིན། དེང་གི་རྟེན་བཞེངས་ཆེན་པོ་འདི་ཡང་འདྲེན་མཆོག་དམ་ པ་དེ་ཉིད་ཀྱི་ཞབས་བརྟེན་དུ་གཙོ་ཆེར་དམིགས་པ་ཡིན་ཏེ། དེའང་ཇི་ལྟར་དམིགས་པ་ཉིད་ཀྱང༌། མདོ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་ཞི་བ་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡིས་བསམ་པ་རྣམས་ཀྱང་འགྲུབ། །བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་ རེག་པར་འགྱུར། །མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོ་ཐོབ། །ཅེས་དང༌། དོན་ཀུན་གྲུབ་པའི་རྟོགས་བརྗོད་ལས། རང་དོན་ལ་འཇུག་དམིགས་པ་དང་བྲལ་ཞིང༌། །གཞན་ལ་ཕན་པ་རྟག་ཏུ་བརྩོན་རྣམས་ཀྱིས། །གྲུབ་པ་ཉོན་མོངས་རྣམས་ལ་མི་འཇིགས་ཤིང༌། །གདུང་དང་ གྲེགས་བྲལ་གཟིར་བྱེད་མིན་པར་གྱུར། །ཞེས་གསུངས་པ་ལྟར་ལྷག་པའི་བསམ་པ་སྟོབས་དང་ལྡན་པ་དང་བསོད་ནམས་ཀྱི་མཐུ་ཆེ་བ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་བྱ་བ་གང་དང་གང་ཡིན་པ་དེ་དམིགས་པ་ཙམ་གྱིས་མི་འགྲུབ་པ་མེད་པ་ནི་རང་དོན་བྲལ་བའི་སྐྱེས་བུ་དམ་པ་རྣམས་ཀྱི་ཁྱད་པར་གྱི་ ཆོས་ཏེ། དེའང་ཇི་ལྟར་ན། དེང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་མཁན་པོ་རིན་པོ་ཆེ་བསྟན་པའི་སྒྲོན་མེ་ཉིད་ནི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་བཅུད་ལེན་དམ་པ་བཞེས་ནས་འཚོ་གཞེས་སུ་བཞུགས་པ་དང༌། དེའི་བྱ་བ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྲིན་ལས་ཀྱིས་ནམ་མཁའི་ཁམས་ ཀྱི་མཐས་གཏུགས་པར་འགྲོ་བར་གྱུར་པ་འདི་ལྟར་དང༌། སྡོམ་བརྩོན་བླ་མ་བསྟན་པའི་རྩ་ལག་ཆེན་པོ་སྐུ་མཆེད་དུ་བཅས་པ་རྣམས་ཀྱང༌། སྡེ་བཞིའི་འབྲས་བུ་ཕུན་སུམ་ཚོགས་ཤིང་དགེ་བའི་ཕྲིན་ལས་དཀར་པོ་རྒྱ་མཚོའི་མཐར་ཐུག་ཏུ་ཁྱབ་པར་རྒྱུ་བའི་རྒྱལ་སྲིད་ཆེན་པོའི་མཛེས་པར་བྱེད་པའི་ རྒྱན་དུ། ལྷ་དང་མིའི་ཡུལ་གྱི་རིན་ཐང་ཆེ་བའི་ནོར་བུ་རིན་པོ་ཆེ་རབ་ཏུ་བརྩེགས་པའི་ཁྲི་འཕང་མཐོན་པོ་ལ་སྐུ་ཚེ་མི་ཤིགས་རྡོ་རྗེ་རིན་པོ་ཆེའི་ཁམས་སུ་བརྟས་ཤིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་ནས། དེའི་ཕྲིན་ལས་ཀྱི་འཁོར་ལོ་རིན་པོ་ཆེ་གཙུག་ལག་ལུགས་བརྒྱའི་རྩིབས་དང་ལྡན་ པས། འཛམ་གླིང་བྱང་ཕྱོགས་ཀྱི་འཛིན་མའི་དཀྱིལ་འཁོར་ཡངས་པར་རྒྱུ་བ་ལ་ཐོགས་པ་མེད་པའི་རབ་འབྱམས་དབང་གི་ཕྲིན་ལས་གྲུབ་པ་རྣམས་ལྷན་ཅིག་ཏུ་བྱུང་ཞིང༌། ཤར་ཕྱོགས་གོང་མའི་ལུང་གིས་ཟླ་ཆུའི་རྒྱུད་ཀྱི་མི་སྡེ་ཉིས་སྟོང་ཙམ་ལ་སོགས་པའང་གསར་དུ་ལེགས་པར་སྩལ་ཏོ། །མཁྱེན་ པའི་སྤྱན་དང་ལྡན་པའི་ཕྱི་དང་ནང་གི་འཕྲུལ་བློན་ཆེན་པོ་ཐམས་ཅད་ཀྱང༌། སྐུ་ཚེ་དང་བསོད་ནམས་དབྱར་གྱི་རྒྱ་མཚོའི་རྗེས་སུ་སོང་བ་ལ་ལོངས་སུ་སྤྱོད་ཅིང༌། མི་བདག་ཆེན་པོའི་བསྟན་སྲིད་ཀྱི་གདུགས་དཀར་པོ་ཐུར་མ་བརྒྱ་པ་སྐྱེ་དགུ་རྒྱ་མཚོའི་བླ་མ་ནས་བླ་མར་འདེགས་ པ་ལ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ལང་ཚོ་དར་བར་གྱུར་པའི་ངོ་མཚར་རྨད་དུ་བྱུང་བ་འདི་དག་གོ །གཞན་ཡང་སྐྱེ་དགུའི་བདག་པོའི་ཐུགས་རྗེའི་དཔག་བསམ་ཆེན་པོ་ཀུན་གྱི་མཉེས་གཤིན་དམ་པར་གྱུར་པའི་བདེ་སྐྱིད་ཀྱི་འབྲས་བུའི་འཚོ་བའི་བཟོ་དང་རིག་པའི་གནས་ཀྱི་ལས་བྱེད་པ་རྣམས་ ཏེ། དེ་དག་གི་འགོ་འཛིན་དུ་མིའི་དབང་པོའི་བཀའ་ལུང་གིས་བསྐོས་ཤིང་ལས་དེའི་མི་མཐུན་པའི་ཕྱོགས་སེལ་བ་དང༌། མཐུན་པའི་ཕྱོགས་བསྒྲུབ་པ་ལ་གཞན་དྲིང་མི་འཇོག་པའི་བློ་ལྡན་རྣམས་ཀྱིས་མཚོན་ཏེ། བཟོའི་ལས་བྱེད་དམན་པ་ཡན་ཆད་ཀྱི་ཁྲོད་ནས་དུས་ཀྱིས་ཉེན་ཏེ་ལྔ་པའི་ལམ་དུ་སོང་ བ་དང༌། བྱ་བས་ཉེས་ཏེ་ཆད་ཀྱི་ལས་ཀྱིས་ཕོག་པའི་མིའི་འགྲོ་བ་གཅིག་ཀྱང་མ་བྱུང་བ་འདི་དག་ཀྱང༌། ཐུགས་རྗེར་ལྡན་པ་རྣམས་ཀྱིས་ལེགས་པར་བསྲུངས་ཤིང་ཡེ་ཤེས་གཟིགས་པའི་འབབ་སྟེགས་སུ་མཛད་པ་དང༌། མི་བདག་ཆེན་པོའི་བསོད་ནམས་ཀྱི་ཤུགས་ལས་བྱུང་བ་གདོན་མི་ཟ་བའི་ ངོ་མཚར་ཤིན་ཏུ་ཆེ་བ་ཉིད་དོ། །གཞན་ཡང་གནས་སྐབས་དེ་དང་དེ་དག་ཏུ་སྡོམ་བརྩོན་ཆེན་པོའི་སྟོབས་ཀྱི་འཁོར་ལོས་ལེགས་པར་བསྲུངས་པའི་མངའ་འོག་ཏུ་གཏོགས་པ་ལྗོངས་དང༌། ཡུལ་འཁོར་དང༌། གྲོང་དང་གྲོང་རྡལ་ལ་སོགས་པ་རྣམས་སུ་ཡང་ནད་ཀྱི་འཇིགས་པ་དང༌། མུ་གེའི་འཇིགས་ པ་དང༌། ཕན་ཚུན་འཐབ་པ་དང་རྩོད་པ་དང༌། གཡུལ་འགྱེད་པ་ལ་སོགས་པ་སྙིགས་མའི་དུས་ཀྱི་བརླང་སྤྱོད་ཐམས་ཅད་ཀྱང་མིང་གི་ལྷག་མ་ཙམ་དུ་གྱུར་ཏོ། །དེའི་དབང་གིས་འགྲོ་བ་རྣམས་ཀྱང་གནས་སྐབས་སུ་འཇིགས་པ་མ་མཆིས་པ་དང༌། ཉམ་ང་བ་མ་མཆིས་པ་དང༌། བག་ཚ་བ་མ་མཆིས་པར་ གྱུར་ཏེ། ལྟར་སྣང་གི་བདེ་བ་ཁ་ཟས་བཟང་པོའི་རོ་ལྟ་བུ་ལ་ཅི་བདེ་བར་ལོངས་སྤྱོད་པར་བྱེད། མྱོང་བར་བྱེད། དགའ་བར་བྱེད། རྩེ་བར་བྱེད་དོ། །ཡང་དེའི་ཚེ་དེའི་དུས་ན་དཀར་པོའི་ཕྱོགས་སུ་མངོན་པར་འདུན་པའི་ལྷ་རྣམས་ཀྱང་ཀུན་ནས་རངས་པར་གྱུར་པའི་སྐྱེས་ཀྱི་ཕྲེང་བ་གྱ་ནོམ་པ་བསྟར་བ་ནི་འདི་ལྟ་སྟེ། ནམ་མཁའི་དཀྱིལ་འཁོར་ཀུན་དུ་དུས་དུས་སུ་སྔོ་བསངས་སྤྲིན་གྱི་ཕྲེང་བ་ལང་ལིང་དུ་འཁྲིགས་པ་དག་ཀྱང་འགྲོ་བ་དང་འོང་བ་དང་ཕན་ཚུན་འཐབ་པའི་ཡ་མཚན་ཆེ་བ་ཅི་ཡང་སྟོན་པར་བྱེད་དེ། དཔེར་ན་སྒྱུ་མ་མཁན་མཁས་པས་རྫས་དང་སྔགས་ཀྱི་ནུས་པའི་འཕྲུལ་ལས། རྟ་མཆོག་གི་རྣམ་པ་དང༌། ཤིང་རྟའི་རྣམ་པ་དང༌། གླང་པོ་ཆེའི་རྣམ་པ་དང༌། ནམ་མཁའ་ལྡིང་གི་རྣམ་པ་དང༌། གཞན་ཡང་ཡུལ་གླིང་དང༌། གྲོང་དང་གྲོང་ཁྱེར་དང༌། གྲོང་རྡལ་དང་སྐྱེད་མོས་ཚལ་གྱི་རྣམ་པ་ལ་སོགས་པ་དུ་མ་མངོན་པར་སྤྲུལ་ཏེ། སྤྲུལ་པ་དེ་དག་ཀྱང་ཕ་རོལ་དང་ཚུ་རོལ་དུ་འགྲོ་བ་དང༌། དགའ་བ་དང༌། རྩེ་བ་ དང༌། དགའ་མགུར་སྤྱོད་པའི་རྣམ་པ་ཅན་ཅི་ཡང་སྤྲུལ་ཏེ་སྐྱེ་བོ་ཕལ་གྱི་མིག་ལ་ཚིམ་པ་མེད་པའི་ལྟད་མོ་ཅི་ཡང་འབྱུང་བར་བྱེད་པ་དེ་བཞིན་དུ་ཆར་ལྡན་དུས་ཀྱི་དགའ་སྟོན་ཚར་དུ་དངར་བ་མང་པོ་དག་ཀྱང་འགྲོ་བ་ཀུན་གྱི་མིག་གི་དཔྱིད་དུ་ངོམ་པར་བྱེད་དོ། །ཇི་ཙམ་ན་དེ་དག་ལས་ཀྱང་ལྷའི་མེ་ཏོག་ནཱི་ལོཏྤ་ ལའི་འདབ་མ་གཞོན་ནུ་ལྟ་བུའི་སྦྲང་ཆར་ཟིམ་བུ་དག་ཀྱང་དུས་དང་དུས་སུ་ནི་འབེབས་པར་བྱེད་ཅིང༌། དུས་མིན་དུ་ནི་དེངས་པར་ཡང་བྱེད་དེ། དེས་ནི་འདོད་ལྡན་སྐྱེ་བོ་རྣམས་ཀྱི་ཡིད་ལ་གཅགས་པའི་རེ་བ་ཅི་བདེ་བས་འགེངས་པར་བྱེད། ཚིམ་པར་བྱེད་དོ། །དེའི་དུས་ན་ས་གཞིའི་ཁྱོན་ཐམས་ ཅད་ཀྱང་མི་སྲུན་པའི་སྐལ་བ་ངན་པ་ཐམས་ཅད་མེད་པར་བྱས་ཏེ་སྣུམ་ཞིང་མཉེན་པའི་རེག་བྱ་ཕུན་སུམ་ཚོགས་པའི་བདེ་བ་སྙིང་ལ་སིམ་པ་དག་ཅི་ཡང་སྟེར་བའི་མཐུ་དང་ལྡན་པར་བྱེད་དོ། །རེས་འགའ་ནི་སྤྲིན་རུམ་སྟུག་པོ་འགའ་ཞིག་གི་ཁྲོད་ནས་རྣམ་གསལ་གློག་གི་འགྱུ་བ་སྐད་ཅིག་མ་ ཡུན་དུ་གཡོ་བ་སྟོན་ཅིང༌། གང་གི་ཚེ་བྱིས་པ་རྣམས་ནི་ཡ་མཚན་མིག་གི་སྨན་དུ་ཡང་བྱེད་ལ། མི་རྟག་པ་སྒོམ་པའི་དམ་པ་རྣམས་ལ་ནི་མངོན་པར་འདུས་བྱས་པའི་ཆོས་ཐམས་ཅད་དེའི་རང་བཞིན་ཅན་དུ་རྗེས་སུ་དྲན་པ་གསལ་འདེབས་པའི་དགེ་བའི་བཤེས་སུ་བགྱིད་པ་དག་ཀྱང་བྱུང་ངོ༌། ། རེས་འགའ་ནི་ཧ་ཅང་རྩུབ་མོའི་གདངས་ཀྱང་མིན་ལ་ཤིན་ཏུ་དམན་པ་ཡང་མ་ཡིན་པའི་འབྲུག་སྒྲ་ལྷང་ལྷང་བ་དལ་བུ་དལ་བུས་ལྡིར་བས་སྟོན་གྱི་འབྲས་བུ་འདོད་པ་རྣམས་ཀྱི་སྙིང་གི་རྨ་བྱ་གཞོན་ནུ་དག་ནི་དགའ་བ་རྒྱ་ཕྲག་མང་པོས་མྱོས་པར་གྱུར་པའི་གར་སྟབས་སྟོང་གིས་ལན་ཅིག་མ་ཡིན་ པར་བྲེལ་བའི་ངོ་མཚར་གྱི་ཕྲེང་བ་དག་ནི་ཅི་ཡང་སྟོན་པར་བྱེད་དོ། །སྐབས་འགའ་ཞིག་ཏུ་ནི་ལྷའི་བུ་ཉི་མས་ཀྱང་རང་གི་འོད་ཟེར་དྲོད་ཀྱི་རང་བཞིན་ཅན་རྣམ་པར་སྤྲོས་ཏེ། ས་བོན་ཕུན་སུམ་ཚོགས་པ་དང༌། རླན་གཤེར་ཕུན་སུམ་ཚོགས་པ་དང་ལྡན་པའི་ འཛིན་མའི་ཁྱོན་ཐམས་ཅད་ཁྱབ་པར་བསྲོ་ཞིང༌། དེའི་རུམ་ནས་འཐོན་པའི་སྔོ་ལྗང་དབྱར་སྐྱེས་ཀྱི་ཕྲེང་བ་ཚང་ཚིང་དུ་འཁྲིགས་པའི་ནགས་ཚལ་དང༌། མྱུ་གུ་དང༌། སྡོང་བུ་དང༌། ཡལ་ག་དང༌། ལོ་འདབ་ཀྱི་རྣམ་པ་མང་པོའང་དུས་དང་དུས་སུ་ཁ་འབུས་པ་དང༌། དུས་དང་དུས་སུ་འབྲས་བུ་སྨིན་པའི་ རྐྱེན་ཡིད་དུ་འོང་བ་དག་ཅི་ཡང་སྩོལ་བར་བྱེད་དོ། །གཞན་ཡང་དཔལ་གྱི་འབྱུང་གནས་སའི་ལྷ་མོ་བརྟན་ལྡན་མས་ནི་རང་གི་ལུས་ཐམས་ཅད་བདེ་བའི་ཐང་དང༌། རི་ཀླུང་ཡངས་པ་དང༌། སྐྱེད་མོས་ཚལ་དང༌། ཞིང་ས་གཤིན་པ་ལ་སོགས་པ་སྣོད་ཀྱི་དགེ་མཚན་མཐའ་དག་རྫོགས་པར་བྱས་པ་གང་དག་ གི་རུམ་ནས་ཁ་དོག་དང༌། དྲི་དང༌། རོ་བཅུད་དང༌། ནུས་པ་དཔག་ཏུ་མེད་པ་ཡོན་ཏན་དུ་འཛིན་པའི་རྩི་ཐོག་དང་ལོ་ཐོག་དང་རྩ་བ་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པའི་དགའ་སྟོན་ཟད་པ་མེད་པ་ཉིད་དུ་བཀྱེའོ། །དེ་དག་གི་ཁ་དོག་དང་དྲི་དང་རོ་བཅུད་དང་ནུས་པ་དཔག་ཏུ་མེད་པའི་ ཡོན་ཏན་གྱི་ཚོགས་མང་པོས་འགྲོ་བ་ཀུན་གྱི་སྲོག་གི་དབང་པོ་དང་ལུས་ཀྱི་ཟུངས་རྣམ་པར་བསྐྱེད་ཅིང་རིང་པོར་འཚོ་བའི་བཅུད་ལེན་དུ་བྱེད་དོ། །ཇི་ལྟར་ཡིད་ལ་རེ་བའི་སྣོད་ཀྱི་བྲེ་བྲག་གང་དང་གང་ཡིན་པ་ཐམས་ཅད་ཀྱང་དངོས་པོ་དེ་དང་དེ་དག་གིས་བདེ་བར་འགེངས་ནུས་པ་ཁོ་ན་བྱུང་ངོ༌། །རྒྱུ་དེ་དང་དེ་དག་ གིས་ཡུལ་ཕྱོགས་ཐམས་ཅད་ཀྱང་བདེ་བ་དང༌། ནད་མེད་པ་དང༌། བཀྲེས་ངབ་མེད་པ་དང༌། འབྱོར་པ་དང༌། རང་བཞིན་གྱིས་དགེ་བའི་ལས་ལ་ཞུགས་པ་ལ་སོགས་པ་བསྐལ་པ་རྫོགས་ལྡན་དུས་ཀྱི་དཔལ་ལ་འགྲན་པ་སྙམ་བྱེད་པ་ཁོ་ནར་གྱུར་ཏོ། །མདོར་ན་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ ཅན་ཐམས་ཅད་ནས་བཀྲ་ཤིས་པ་དང་དགེ་ལེགས་ཀྱི་དཔལ་ཐམས་ཅད་རབ་ཏུ་འཕེལ་བར་གྱུར་ཏེ། དེ་རྣམས་ཀྱིས་ནི་དགེ་ཞིང་ངོ་མཚར་བྱུང་བའི་གཏམ་ཅུང་ཟད་ཙམ་གླེང་ཟིན་ཏོ། །བཞི་པ་རབ་ཏུ་གནས་པ་ཇི་ལྟར་བྱས་པ་ལ། རྣམ་གཞག་སྤྱིར་བསྟན་པ་དང༌། དབྱེ་བ་སོ་སོར་བཤད་པ་དང༌། སྐབས་སུ་བབ་པའི་རབ་གནས་ངོས་བཟུང་བའོ། །དང་པོ་རྣམ་གཞག་སྤྱིར་བསྟན་པ་ལའང༌། མཚན་ཉིད་དང༌། སྒྲ་དོན་དང༌། དགོས་པ་སྟེ་རྣམ་པ་གསུམ་ལས། དང་པོ་ནི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དམ་ཚིག་པ་ལ། སངས་རྒྱས་ཀྱི་ཆེ་བའི་བྱིན་རླབས་ཐམས་ཅད་ཡེ་ཤེས་སེམས་ དཔའི་རྣམ་པར་བཅུག་ནས། སེམས་ཅན་གྱི་དོན་དུ་ཇི་སྲིད་འཁོར་བ་གནས་ཀྱི་བར་དུ་བཞུགས་སུ་གསོལ་བས་དགེ་ཞིང་བཀྲ་ཤིས་པ་ཐམས་ཅད་འབྱུང་བའི་གཞིར་སྒྲུབ་པར་བྱེད་པ་གང་ཡིན་པའོ། །གཉིས་པ་ནི་ལེགས་པར་སྦྱར་བའི་སྐད་དུ་རབ་ཏུ་གནས་པ་ལ་པྲ་ཏིཥྛ་བི་དྷིཿཞེས་འབྱུང་སྟེ། དེའང་པྲ་ནི་ཉེ་ བར་སྒྱུར་བའི་ཚིག་ལས་བྱུང་བ་རབ་ཅེས་པ་དང༌། ཏིཥྛ་ནི་བྱིངས་ཀྱི་ལུས་འགྱུར་ལས་བྱུང་བ་སྟེ། ཡུན་དུ་གནས་པའམ་བརྟན་པའི་དོན་ཏོ། །བི་དྷིཿནི་ཆོ་ག་སྟེ། དེ་ཉིད་ཇི་ལྟར་སྒྲུབ་པའི་ཐབས་སུ་གྱུར་པ་གང་ཡིན་པའོ། །ཡང་ན་སུ་པྲ་ཏིཥྛ་སྟེ། ལེགས་པར་རབ་ཏུ་གནས་པའམ། ཉེ་བར་སྒྱུར་བའི་ པྲ་ཏིའི་སྒྲ་ལས་དྲངས་ན། ལེགས་པར་སོ་སོར་གནས་པ་ཞེས་ཀྱང་བསྒྱུར་དུ་རུང་སྟེ། མདོར་ན་རྟེན་གང་དང་དེ་ལ་བསྟིམ་པའི་ཡེ་ཤེས་སེམས་དཔའ་གཉིས་དབྱེར་མེད་དུ་ལེགས་པར་རབ་ཏུ་གནས་པའམ། རྟེན་དང་བརྟེན་པའི་ཚུལ་གྱིས་སོ་སོར་ཏིལ་གྱི་གང་བུ་ཏིལ་གྱིས་གང་བ་ལྟར་གནས་པའམ། སེམས་ ཅན་ཀུན་གྱི་ཉེར་འཚོའི་གཞིར་ཡུན་རིང་དུ་གནས་པར་བྱེད་པའི་ཐབས་སུ་གྱུར་པའོ། །གསུམ་པ་ནི་དོན་དམ་པར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་རྟག་ཏུ་ནམ་མཁའ་ལྟར་རབ་ཏུ་བཞུགས་པ་ལས་ནམ་ཡང་མི་གཡོ་བས་ན་རབ་ཏུ་གནས་པར་བགྱིར་མེད་ནའང༌། ཀུན་རྫོབ་ཐ་སྙད་ཙམ་དུ་སྐྱེ་བོ་དད་པ་ ཅན་རྣམས་ཀྱིས་མཆོད་པའི་འོས་སུ་འགྱུར་བ་དང༌། དེ་ལ་བརྟེན་ནས་སེམས་ཅན་གྱི་ཁམས་སུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བའི་ཕྱིར་རབ་ཏུ་གནས་པར་བགྱིར་ཡོད་པར་བསྟན་ཏེ། རབ་ཏུ་གནས་པའི་གཞུང་རྣམས་ལས། སྐྱེ་བོ་རབ་ཏུ་དད་པ་ཡིས། །བྱེད་པ་དགེ་བ་སྤེལ་བའི་ཕྱིར། །རབ་གནས་བསྟན་ བཅོས་ལས་གསུངས་པ། །ཐ་སྙད་ཙམ་དུ་བྱས་པ་ཡིན། །ཞེས་དང༌། རབ་ཏུ་གནས་པའི་རྒྱུད་མདོར་བསྡུས་པ་ཁ་ཆེའི་པཎྜི་ཏ་ཛྙཱ་ན་བཛྲ་དང་འབྲོ་ཤེས་རབ་གྲགས་ཀྱི་འགྱུར་ལས། །སངས་རྒྱས་ཀུན་ནི་རབ་ཏུ་བཞུགས། །རབ་ཏུ་གནས་པ་གང་ནའང་མེད། །ཀུན་ཏུ་མཁའ་ལྟར་གནས་པ་ལ། །ཅིག་ཤོས་ ཀྱིས་ནི་རབ་ཏུ་བརྟག །འཇིག་རྟེན་ཀུན་རྫོབ་ལ་བརྟེན་ནས། །རབ་ཏུ་གནས་པ་རབ་ཏུ་བརྟགས། །ཞེས་དང༌། འཇམ་དབྱངས་ས་སྐྱ་པཎྜི་ཏས། དེ་ཕྱིར་དམ་པའི་དོན་དུ་ནི། །ཆོས་རྣམས་ཐམས་ཅད་སྤྲོས་བྲལ་ཡིན། །དེ་ལ་ཆོ་ག་གང་ཡང་མེད། །སངས་རྒྱས་ཉིད་ཀྱང་ཡོད་མིན་ནོ། ། ཆོ་ག་གཞན་ལྟ་སྨོས་ཅི་དགོས། །རྒྱུ་དང་ལམ་དང་འབྲས་བུ་ཡི། །དབྱེ་བ་ཐམས་ཅད་ཀུན་རྫོབ་ཡིན། །སོ་སོར་ཐར་དང་བྱང་ཆུབ་སེམས། །དབང་བསྐུར་ལ་སོགས་ཆོ་ག་དང༌། །བསྒོམ་པའི་རིམ་པ་ཇི་སྙེད་དང༌། །རྟེན་འབྲེལ་ཟབ་མོ་ཐམས་ཅད་དང༌། །ས་དང་ལམ་གྱི་དབྱེ་བ་དང༌། །རྫོགས་པའི་སངས་ རྒྱས་ཐོབ་པ་ཡང༌། །ཀུན་རྫོབ་ཡིན་གྱི་དོན་དམ་མིན། །ཞེས་དང༌། དེ་འདྲའི་དབྱེ་བ་ཤེས་ནས་ནི། །ཆོ་ག་བྱེད་ན་ཐམས་ཅད་ཀྱིས། །མིན་ན་ཐམས་ཅད་དོར་བར་བྱོས། །ཆོ་ག་ལ་ལ་དགོས་བཞིན་དུ། །ལ་ལའི་ཆོ་ག་མི་དགོས་ཞེས། །སྨྲ་བ་མཁས་པའི་བཞད་གད་གནས། །ཞེས་གསུངས་པའི་དོན་ལ་ལེགས་ པར་བརྟགས་པས་དགོས་པ་ཡང་དག་གྲུབ་བོ། །ཁྱད་པར་རྟེན་ལ་རབ་ཏུ་གནས་པར་མ་བྱས་པར་ཡུན་རིང་དུ་གནས་ན་འཇིག་རྟེན་དུ་བཀྲ་མི་ཤིས་པར་འབྱུང་བ་དང༌། མཆོད་པའི་འོས་སུ་མི་འགྱུར་བ་སྟེ། དཔེར་ན་སྐྱེས་བུ་བླུན་པོ་ནི་ཇི་ལྟར་གཟུགས་མཛེས་ཀྱང་འཇིག་རྟེན་ཀུན་གྱིས་མཆོད་པའི་གནས་ མིན་པའམ། དམ་ཚིག་དང་མི་ལྡན་པའི་སྔགས་པ་དམན་པས་སྲེག་བླུགས་ཀྱི་ཐལ་བ་བཞིན་དུ་ཕན་གནོད་གང་ཡང་མེད་པར་གསུངས་ཏེ། རབ་ཏུ་གནས་པའི་རྒྱུད་ལས། གང་དུ་སྐུ་གཟུགས་རྫོགས་པ་ལ། །བྱིན་མ་བརླབས་པར་རིང་གནས་ན། །དེ་ལ་བཀྲ་མི་ཤིས་འབྱུང་ཞིང༌། །ཇི་སྲིད་མཆོད་པ་དེར་ མི་འོས། །དཔེར་ན་སྐྱེས་བུ་ལ་ལ་ཞིག །རིག་པའི་མཚན་ཉིད་སྤངས་པ་ན། །འཇིག་རྟེན་ཀུན་གྱིས་མཆོད་མི་བྱེད། །དེ་དེ་བཞིན་དུ་གཟུགས་བརྙན་དེ། །རབ་གནས་མ་བྱས་གཟུགས་བརྙན་ལ། །གང་གིས་མཆོད་ཅིང་ཕྱག་བྱེད་པ། །དམ་ཚིག་བྲལ་ཞིང་སྔགས་དམན་པས། །སྦྱིན་སྲེག་ཐལ་བ་ འབྲས་མེད་མཚུངས། །ཞེས་སོ། །དེས་ན་རབ་ཏུ་གནས་པའི་ཆོ་ག་ཡང་དག་པར་རྩོམ་པ་ལ་དགོས་པ་ཤིན་ཏུ་ཆེ་སྟེ། ཡང་དེ་ཉིད་ལས། ཆོ་ག་དག་ཉིད་ནུས་པ་ཡིས། །བརྟག་པ་ལས་གསུངས་ཚུལ་ལེགས་པ། །དེས་བྱས་བསོད་ནམས་ཆེ་བ་ཡིན། །ཞེས་སོགས་མང་དུ་འབྱུང་ངོ༌། །གཉིས་པ་ དབྱེ་བ་སོ་སོར་བསྟན་པ་ལ། སྤྱིར་མདོ་ལས་རབ་ཏུ་གནས་པའི་ཆོ་ག་མཚན་ཉིད་པ་བསྟན་པ་མེད་ལ། འགའ་ཞིག་འདུལ་བ་ལས། གཎྜིའི་རབ་གནས་བཤད་པ་དང༌། །དེ་ཡི་རབ་གནས་བྱ་བ་ནི། །ཤིན་ཏུ་བརྟན་པའི་ཆོས་ཀྱི་སྐུ། །བསྐྱེད་པ་མ་ཡིན་འཇིགས་བྱེད་མིན། །གདོད་ནས་མ་སྐྱེས་ པ་དགེ་བ། །དེ་ལྟར་རབ་གནས་བྱས་ནས་ནི། །དེ་ཡིས་སྤྱན་དབྱེར་འགྱུར་བ་ཡིན། །ཞེས་པ་ཙམ་ལ་བརྟེན་ནས་སྐུ་གཟུགས་ལ་སོགས་པའི་རྟེན་བཞེངས་གྲུབ་ནས་དུས་སྟོན་བྱ་བ་ལ་སོགས་པའི་ཚེ་རྟེན་གང་ཡིན་པ་དེ་ཉིད་མཆོད་པ་མང་པོའི་བཀུར་སྟི་དང་བཅས་ཏེ་ཁྲི་ལ་བཞུགས་སུ་གསོལ་ ནས། མཆོད་པ་འབུལ་བ་དང་གསོ་སྦྱོང་བླངས་ཏེ་སོ་སོར་ཐར་པའི་མདོ་བཀླག་པ་དང༌། འདུལ་བ་ལུང་གི་བཀྲ་ཤིས་ཀྱི་ཚིག་བརྗོད་པ་དང་བཅས་ཏེ་མེ་ཏོག་འཐོར་བ་ལ་རབ་ཏུ་གནས་པའི་ཐ་སྙད་ཙམ་གདགས་སུ་རུང་བ་སྟེ། ས་སྐྱ་པཎྜི་ཏས། མདོ་ལས་རབ་གནས་བཤད་པ་མེད། །འོན་ ཀྱང་མཆོད་བསྟོད་བཀྲ་ཤིས་སོགས། །རྒྱལ་པོའི་མངའ་དབུལ་ལྟ་བུ་ལ། །རབ་གནས་ཡིན་ཞེས་སྨྲ་ན་སྨྲོས། །ཞེས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་འཕགས་པའི་ཡུལ་དུ་མཁས་ཤིང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲངས་ནས་བཀྲལ་ བའི་རབ་ཏུ་གནས་པའི་ཆོ་ག་བསམ་གྱིས་མི་ཁྱབ་པ་ཅིག་བཞུགས་པ་ལས། གངས་ཅན་གྱི་ལྗོངས་འདིར་འགྱུར་བ་ལ། བྱ་བའི་རྒྱུད་དང་མཐུན་པར་བཀྲལ་བའི་རབ་ཏུ་གནས་པའི་ཆོ་ག་ལ། པཎྜི་ཏ་སུ་མ་ཏི་ཀཱིརྟི་དང༌། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་དང༌། དཔལ་ལྡན་མར་མེ་མཛད་བཟང་ པོ་རྣམས་ཀྱིས་མཛད་པའི་རབ་གནས་ཀྱི་གཞུང་རྣམས་བཞུགས་སོ། །རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་བསྡེབས་པའི་རབ་ཏུ་གནས་པའི་ཆོ་ག་ལ། རྒྱུད་དེ་ཉིད་ཀྱི་ནང་གསེས་སུ་གྱུར་པ་རབ་ཏུ་གནས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་ནི། རབ་འབྱོར་བསྐྱངས་དང༌། ཀུན་དགའ་སྙིང་པོ་དང༌། པྲཛྙཱ་པཱ་ལི་ ཏ་དང༌། ཞི་བའི་སྙིང་པོ་དང༌། སློབ་དཔོན་དད་པའི་འབྱུང་གནས་གོ་ཆ་བཟང་པོ་རྣམས་ཀྱིས་མཛད་པའི་གཞུང་རྣམས་བཞུགས་སོ། །རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་མཐུན་པར་བཀྲལ་བའི་རབ་ཏུ་གནས་པའི་ཆོ་ག་ལ། གྲུབ་པའི་དབང་ཕྱུག་ནག་པོ་དམ་ཚིག་རྡོ་རྗེ་དང༌། སློབ་དཔོན་སྦྱང་དཀའ་ ཟླ་བ་དང༌། སློབ་དཔོན་ཟླ་བའི་འོད་དང༌། སྣང་བྱེད་ཟླ་བ་དང༌། མི་འཇིགས་ཕྱག་དང༌། མཻ་ཏྲི་པ་དང༌། དཔལ་འཛིན་བཟང་པོ་དང༌། པཎྜི་ཏ་སཱ་དྷུ་པུ་ཏྲ་དང༌། སློབ་དཔོན་འཇིགས་པ་མེད་པའི་འབྱུང་གནས་དང༌། དཱརྤན་ཨཱ་ཙཱརྻ་ལ་སོགས་པ་རྣམས་ཀྱིས་ཀྱེ་རྡོ་རྗེ་དང༌། གསང་བ་འདུས་པ་དང༌། གཤིན་རྗེའི་གཤེད་དང༌། དུས་ཀྱི་འཁོར་ལོའི་རྒྱུད་རྣམས་ལ་བརྟེན་ནས་མཛད་པའི་རབ་ཏུ་གནས་པའི་ཆོ་ག་ཇི་སྙེད་ཅིག་བཞུགས་པ་རྣམས་ད་ལྟའི་དགོངས་འགྲེལ་ཆེན་པོ་འདི་ཉིད་དུ་བཞུགས་ཤིང༌། དེ་དག་ལ་བརྟེན་པའི་ཆོ་གའི་ཕྱག་ལེན་གྱི་སྲོལ་ཡང་བསྟན་པ་སྔ་དར་གྱི་ དུས་སུ་འཇམ་པའི་དབྱངས་ཁྲི་སྲོང་ལྡེ་བཙན་གྱིས། བྱང་ཆུབ་སེམས་དཔའ་ཞི་བ་འཚོ་བོད་ཀྱི་ཡུལ་དུ་བསྟན་པའི་སྒྲོན་མེ་སྦོར་བའི་ཆེད་དུ་སྤྱན་དྲངས་ནས། དབུས་ཀྱི་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཞེངས་པ་ལ་རབ་ཏུ་གནས་པར་གསོལ་བ་བཏབ་བོ། །དེ་ ཉིད་ནས་ཀྱང་ཇི་ལྟར་གསོལ་བ་བཏབ་པ་བཞིན་དུ་རབ་ཏུ་གནས་པ་ལེགས་པར་མཛད་པས། དེ་ནས་བརྩམས་ཏེ་བསྟན་པ་དང་སེམས་ཅན་གྱི་དགེ་ལེགས་བྱེ་བའི་ཉི་མ་དང་པོར་ཤར་བ་འབྱུང་ངོ༌། །བསྟན་པ་ཕྱི་དར་གྱི་དུས་སུ་མ་ཧཱ་པཎྜི་ཏ་དད་པའི་འབྱུང་གནས་གོ་ཆ་དང༌། སྤྲུལ་པའི་ལོ་ཙཱ་བ་ཆེན་ པོ་རིན་ཆེན་བཟང་པོ་དཔོན་སློབ་རྣམས་ཀྱིས་མངའ་རིས་སུ་ཐོ་ལིང་གསེར་གྱི་གཙུག་ལག་ཁང་ཆེན་པོ་ལ། རྣལ་འབྱོར་རྒྱུད་ཀྱི་གཞུང་རྣམས་ལ་བརྟེན་ནས་རབ་ཏུ་གནས་པའི་ཆོ་ག་རྣམ་པར་དག་པར་མཛད་དོ། །གཞུང་དེ་དག་གི་གོ་རིམ་དང་ལག་ལེན་རྣམས་ངེས་པར་བྱེད་པའི་སྡོམ་ཚིག་ ལོ་ཙཱ་བ་ཆེན་པོ་དེ་ཉིད་ཀྱིས་མཛད་དོ། །དེ་ནས་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་མི་ཐུབ་ཟླ་བའི་རབ་གནས་བཟང་པོ་དྲུག་གི་རྣམ་པར་བཤད་པ་མཛད་པ་དང༌། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་སྔར་སྨོས་པའི་གཞུང་དེ་རྣམས་དང༌། ལོ་ཆེན་གྱི་སྡོམ་ཚིག་རྣམས་ལ་བརྟེན་ནས་རབ་ཏུ་ གནས་པའི་ཆོ་ག་དོན་གསལ་འདི་ཉིད་མཛད་དོ། །དེའི་རྗེས་སུ་འཕགས་པ་རིན་པོ་ཆེས་ཆེན་པོ་ཧོར་གྱི་རྒྱལ་ཁབ་ཏུ། ཡུ་གུར་གྱི་བནྡེ་སཾ་གྷ་མི་ཏྲའི་ངོར་རབ་གནས་སཾ་གྷ་མི་ཏྲ་ཞེས་གྲགས་པ་ཡང་མཛད་དོ། །ཀུན་མཁྱེན་བུ་སྟོན་རིན་པོ་ཆེས་ཡོ་ག་ལ་བརྟེན་པའི་རབ་གནས་བཀྲ་ཤིས་རབ་རྒྱས་དང༌། དུས་ཀྱི་ འཁོར་ལོ་ལ་བརྟེན་པའི་རབ་གནས་བཀྲ་ཤིས་དཔལ་འབར་གཉིས་མཛད་དོ། །རྗེ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡབ་སྲས་རྣམས་ཀྱིས་བཀྲ་ཤིས་རྒྱ་མཚོ་དང༌། དགེ་ལེགས་རྒྱ་མཚོ་ལ་སོགས་པ་མཛད་ཅིང༌། རབ་ཏུ་གནས་པའི་སྲོལ་ཆེན་པོ་མི་ཉམས་ཤིང་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་ངོ༌། ། གསུམ་པ་སྐབས་སུ་བབ་པའི་རབ་གནས་ངོས་བཟུང་བ་ནི། དེང་འདིར་བསྒྲུབ་པར་བྱ་བའི་ཆོ་ག་ནི་དཔལ་ཀྱེ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་རབ་ཏུ་གནས་པའི་ཆོ་ག་དོན་གསལ་དང༌། བཀྲ་ཤིས་རྒྱ་མཚོ་དང༌། དགེ་ལེགས་རྒྱ་མཚོ་དང༌། དཔལ་འབྱོར་རྒྱ་མཚོ་རྣམས་ཀྱི་ཆོ་གའི་གཞུང་གི་དགོངས་པ་མ་ ནོར་བ་ལྷུར་ལེན་པ་ལ་ཆོ་ག་ཡོངས་སུ་རྫོགས་པ་ནི་བཟང་པོ་དྲུག་གིས་བསྡུས་ཏེ། དེའང་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། རབ་གནས་རྟེན་དང་སློབ་དཔོན་དུས་དང་གནས། །ཡོ་བྱད་ཆོ་ག་བཟང་པོ་རྣམ་དྲུག་ལས། །ཞེས་གསུངས་པ་ལྟར་ལས། དང་པོ་གང་ཞིག་རབ་ཏུ་གནས་ པར་བྱ་བའི་རྟེན་ནི། དེ་བཞིན་གཤེགས་པའི་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་ཚད་དང་མཚན་ཉིད་ཐམས་ཅད་རྫོགས་པ་སྟེ། རབ་ཏུ་གནས་པའི་རྒྱུད་མདོར་བསྡུས་པ་ལས། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ། །ཞི་བ་ལ་སོགས་རོ་ཡི་ལྡན། །ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང༌། །དེ་འདྲ་རབ་ཏུ་གནས་པར་ འགྱུར། །ཞེས་པས་སྐུ་གཟུགས་དངོས་སུ་བསྟན་ནས། དེའི་ཤུགས་ལས་གསུང་གི་རྟེན་དང་ཐུགས་ཀྱི་རྟེན་ཏུ་གཏོགས་པ་ཐམས་ཅད་ཀྱང་ཤེས་དགོས་ཏེ། ཇི་སྐད་དུ། སྐུ་གཟུགས་དང་ནི་གླེགས་བམ་དག །ཡོད་ན་ཁྱོད་ཀྱིས་རབ་གནས་གྱིས། །ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་ལས། འདིར་རབ་ཏུ་གནས་པར་ བྱ་བའི་རྟེན་གྱི་གཙོ་བོ་ནི་ཐམས་ཅད་མཁྱེན་པ་ཆེན་པོ་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་དགོངས་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་གངས་ཅན་པའི་སྐད་དུ་འགྱུར་རོ་འཚལ་གྱི་ཆོས་སྦྱིན་རྒྱུན་མི་ཆད་པའི་ངོ་མཚར་འཕྲུལ་གྱི་ཕྱི་མོ་རྫོགས་ལྡན་བསྐལ་པའི་བསོད་ནམས་ཀྱི་སྤྲིན་ཕུང་རྒྱས་པར་དཀྲིགས་པ་ཞེས་བྱ་བ་བཟོའི་ བྱ་བ་མ་ལུས་པ་མཐར་ཕྱིན་པ་འདི་ཉིད་དོ། །གཉིས་པ་གང་གིས་རབ་ཏུ་གནས་པར་བྱེད་པའི་སློབ་དཔོན་ནི། སྤྱིའི་མཚན་ཉིད་དུ་རྡོ་རྗེ་སློབ་དཔོན་དུ་དབང་ཐོབ་ཅིང་སྔགས་ཀྱི་གཞུང་ལུགས་མང་པོ་སྦྱངས་པའི་ཕ་རོལ་ཏུ་སོན་པ་སྟེ། ཀྱེ་རྡོ་རྗེ་ལས། རབ་མཐོང་སྔགས་ཀྱི་ཕ་རོལ་སོན། །ཞེས་དང༌། བྱེ་བྲག་ཏུ་ རྡོ་རྗེ་གུར་ལས། དལ་ཞིང་ཟབ་མོའི་ཆོས་དང་ལྡན། །རིག་པ་ཐམས་ཅད་མཁས་པར་བཅས། །སྦྱིན་སྲེག་དཀྱིལ་འཁོར་སྔགས་ཤེས་ཤིང༌། །རབ་གནས་གཏོར་མའི་ཕ་རོལ་སོན། །དེ་ཉིད་བཅུ་ནི་རྣམ་པར་རིག །ཉན་ཐོས་སྤྱོད་པ་སྲུང་བ་པོ། །སྔགས་སྤྱོད་རིམ་པར་གུས་ པ་དང༌། །གཟུགས་ལྡན་མཐོང་ན་དགའ་བ་དང༌། །དཀྱིལ་འཁོར་བྲི་ཞིང་བཟླས་པར་ལྡན། །རྩ་བའི་ལྟུང་བ་འཇོམས་པ་པོ། །སྔགས་དང་ལུས་སྐྱོབ་སྦྱོར་བ་ཡི། །འཇིག་རྟེན་རྣམས་ནི་བདེ་བར་བྱེད། །ཅེས་དང༌། རབ་ཏུ་གནས་པའི་རྒྱུད་ལས། སློབ་དཔོན་དེ་ཉིད་བཅུ་ཤེས་ཤིང༌། །མཚན་ཉིད་ཀུན་ དང་ཡང་དག་ལྡན། །ཕྱག་རྒྱ་སྔགས་དང་ཆོ་ག་ཤེས། །ལས་རྣམས་ཀུན་ལ་མཁས་པས་སོ། །ཞེས་དང༌། ཀྲྀ་ཡ་ས་མུཙྪ་ལས། རབ་ཏུ་དྭང་བའི་མཚན་གྱིས་ཕྱུག །དེ་ཉིད་བཅུ་ལ་རྣམ་པར་མཁས། །བཟོ་ཡི་ཆ་ནི་ཐམས་ཅད་དང༌། །སྔགས་ཀྱི་བསྟན་བཅོས་རབ་འབྱམས་ཤེས། །གཟའ་ དང་སྐར་མ་དུས་སྦྱོར་ཤེས། །འཇིག་རྟེན་སྨོད་ལས་གཞན་དུ་གྱུར། །རབ་ཏུ་གནས་པར་རབ་ཏུ་མཛད། །གྲོང་ཁྱིམ་གང་དེར་ངེས་པར་ནི། །འདི་ཡིས་སངས་རྒྱས་བཞུགས་གསོལ་བས། །གང་དུ་ཞི་དང་བཟླས་འཕེལ་ཞིང༌། །ནད་མེད་ཆོས་ཀྱང་འཕེལ་བར་འགྱུར། །ནོར་དང་ཚེ་དང་བདེ་བ་ སྟེར། །ཞེས་གསུངས་པའི་མཚན་ཉིད་གཞན་ནི་རྟོགས་པར་སླ་ཤིང༌། དེ་ཁོ་ན་ཉིད་བཅུ་རིག་པ་ནི། དཀྱིལ་འཁོར་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་དང༌། བྱེད་པ་དང༌། གདན་དང༌། བཟླས་པ་དང༌། སྦྱིན་སྲེག་དང༌། གཏོར་མ་དང༌། མཆོད་པའི་ལས་སྤྲོ་ཞིང་བསྡུ་བ་རྣམས་ལ་མཁས་པ་སྟེ། སློབ་དཔོན་ཟླ་བའི་འོད་ཀྱིས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང༌། །སྟང་སྟབས་འདུག་སྟངས་སྦྱིན་སྲེག་དང༌། །སྔགས་དང་བཟླས་བརྗོད་མཆོད་པའི་ལས། །སྤྲོ་བ་དང་ནི་བསྡུ་བ་སྟེ། །དེ་ཉིད་བཅུ་པོ་ཤེས་པ་ཡིན། །ཞེས་རྒྱུད་སྡེ་འོག་མ་རྣམས་དང་ཐུན་མོང་བ་ཕྱིའི་དེ་ཉིད་བཅུའམ། རྡོ་རྗེ་སློབ་ དཔོན་ལ་ཉེ་བར་མཁོ་བའི་དེ་ཉིད་བཅུ་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང༌། །གསང་དང་ཤེས་རབ་ཡེ་ཤེས་དང༌། །ཁ་སྦྱོར་འབྱེད་པའི་ཆོ་ག་དང༌། །གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། ། གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་བྱེ་བྲག་བླ་མེད་ཀྱི་དགོངས་པ་ནང་ངམ། །གསང་བའི་དེ་ཉིད་བཅུ་དང༌། གུར་གྱི་དགོངས་པ་སློབ་དཔོན་ཌོམྦི་བས། །བསྲུང་བ་དབང་བསྐུར་གཏོར་མ་བཟླས་དགར་དང༌། །ཕྱིར་བཟློག་གཉིས་དང་དཀྱིལ་འཁོར་སྒྲུབ་པ་དང༌། །སྡིག་སྦྱོང་བ་དང་གཤེགས་ སུ་གསོལ་བ་སྟེ། །དེ་ཉིད་བཅུ་ཞེས་རྒྱལ་བ་རྣམས་ཀྱིས་གསུངས། །ཞེས་ཀྱེ་རྡོ་རྗེའི་རྣལ་འབྱོར་པ་ལ་དགོས་པ་ཆོ་གའི་དེ་ཉིད་བཅུ་དང༌། འབུམ་ལྔའི་དགོངས་པ་རིན་ཆེན་འབར་བ་ལས་འབྱུང་བ། རྡོ་རྗེ་དྲིལ་བུ་ཡེ་ཤེས་དང༌། །ལྷ་དང་དཀྱིལ་འཁོར་སྦྱིན་སྲེག་དང༌། །སྔགས་དང་རྡུལ་ ཚོན་གཏོར་མ་དང༌། །དབང་བསྐུར་དེ་ཉིད་བཅུ་རིག་པས། །ཞེས་ཐམས་ཅད་ལ་དགོས་པ་དེ་ཁོ་ན་ཉིད་ཀྱི་དེ་ཉིད་བཅུ་སྟེ། དེ་རྣམས་ཅི་རིགས་པར་ཤེས་པ་དགོས་ཤིང༌། ཉན་ཐོས་སྤྱོད་པ་སྲུང་བ་པོ་ནི་དུས་འཁོར་རྩ་རྒྱུད་ལས། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། ། འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མ་ཡིན། །ཞེས་གསུངས་ཤིང༌། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོའི་བླ་མར་མི་བྱ་སྟེ། །དེ་ལས་ཐོས་པ་ཡོངས་ཤེས་པ། །གང་ཞིག་རྟགས་ཅན་བྱ་བ་ཉིད། །ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་གང་ཚེ་མཆོད་ བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་རྣམས་ལ་གུས་མེད་འགྱུར། །ལྷ་ཁང་སོགས་ཀྱི་རབ་གནས་ཀྱང༌། །རྟགས་ཅན་གྱིས་ནི་རྟག་ཏུ་བྱ། །གནས་གཅིག་ན་ནི་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ཅན་གྱིས་མིན། །ཞེས་གསུངས་པས་སོ་སོ་སྐྱེ་བོའི་རྡོ་རྗེ་སློབ་དཔོན་ལ་རབ་ ཏུ་བྱུང་བ་དང༌། བྱེ་བྲག་ཏུ་དགེ་སློང་རྡོ་རྗེ་འཛིན་པ་ཉིད་མཆོག་ཏུ་བསྔགས་པ་ལྟར། འདིར་རབ་ཏུ་གནས་པར་བྱེད་པའི་རྡོ་རྗེ་སློབ་དཔོན་ནི་སྤྱི་དང་བྱེ་བྲག་གི་མཚན་ཉིད་མ་ལུས་པ་ཡོངས་སུ་ཚང་བ། ཕྱི་ཀུན་སྤྱོད་ཐམས་ཅད་སྟོན་པའི་འཁོར་གྱི་དགྲ་བཅོམ་པ་ཆེན་པོ་ལྟ་བུ་ལ་ནང་དུ་ སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་རང་གདངས་གདན་གསུམ་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་ཡོངས་སུ་རྫོགས་པའི་རང་བཞིན་དུ་བཞུགས་ནས། སྐལ་བར་ལྡན་པའི་གདུལ་བྱ་རྒྱ་མཚོའི་རྒྱུད་ལ་སྐུ་བཞིའི་ས་བོན་ཡང་དག་པར་འཇོག་པ་ལ་མཁས་ཤིང༌། གསང་བར་སྲིད་ པ་གསུམ་པོ་རོ་གཅིག་ཏུ་གྱུར་པ། མི་ཕྱེད་རྡོ་རྗེ་ཆེན་པོའི་གོ་འཕང་ལས་ནམ་ཡང་མི་གཡོ་བའི་ཐམས་ཅད་མཁྱེན་པ་ཆེན་པོ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཉིད་གཙོ་བོར་བཞུགས་པ་དང༌། རྡོ་རྗེ་སློབ་དཔོན་ཆེན་པོ་གཞན་རྣམས་ ཀྱང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ལྡན་པ། བྱེ་བྲག་ཏུ་གཞིའི་བསྙེན་པ་ལ་སོགས་པས་དག་པར་བྱས་པ། རབ་ཏུ་གནས་པའི་ཆོ་ག་ལ་མཁས་པ་ལྔ་བཅུ་རྩ་ལྔ་ཙམ་གྱིས་ཐོག་མར་རབ་ཏུ་གནས་པའི་ཆོ་ག་རྩོམ་པ་པོར་བཞུགས་པ་རྣམས་དང༌། གཞན་ཡང་ལོ་རེ་བཞིན་དུ་རབ་ཏུ་ གནས་པ་བརྒྱ་ཕྲག་མང་པོ་བསྐྱར་བ་ན་དེ་དག་གི་སྐབས་སུ་རྡོ་རྗེ་སློབ་དཔོན་དུ་འོས་པ་གང་དག་བཞུགས་པ་རྣམས་སོ། །གསུམ་པ་ནམ་ཞིག་རབ་ཏུ་གནས་པར་བྱ་བའི་དུས་ནི། བཀྲ་ཤིས་པར་བྱེད་པའི་ཚེས་དང་གཟའ་དང་སྐར་མ་དང་བྱེད་པ་དང་སྦྱོར་བ་ལ་སོགས་པ་དུས་བཟང་པོ་ཕུན་ སུམ་ཚོགས་པ་འཛོམ་པ་ངེས་པར་དགོས་ཏེ། རབ་ཏུ་གནས་པའི་རྒྱུད་ལས། དབྱར་ཟླ་རྭ་འམ་དཔྱིད་ཟླ་འབྲིང༌། །དགུན་ཟླ་དཔྱིད་ཀྱི་ཐ་ཆུངས་སམ། །དབྱར་རྭ་དེ་བཞིན་དབྱར་འབྲིང་པོ། །ཉི་མ་བྱང་དུ་བལྟས་པ་ཡི། །དཀར་པོའི་ཕྱོགས་ནི་ཤིས་པའོ། །ཞེས་དང༌། ཀྲྀ་ཡ་ས་ མུཙྪ་ལས། མཆུ་དང་དབོ་ཡི་ཟླ་བ་དེ་བཞིན་ངེས་པར་ས་ག་སྣྲོན་དང་ཆུ་སྟོད་ཟླ་བ་དང༌། །མགོ་སྟེ་དེ་སྲིད་འདི་རྣམས་དགེ་བ་གཅིག་པུས་འབྲས་བུ་སྟེར་བའི་ཟླ་བ་དྲུག་ཏུ་གསུངས། །ཞེས་དང༌། དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་སུ་བཟུང་བ་ལས། ཟླ་བ་དྲུག་དང་གཟའ་བཞི་དང་ཞེས་ གསུངས་པའི་ཟླ་བ་དྲུག་ལས། དཔྱིད་ཟླ་འབྲིང་པོ་ནི་སངས་རྒྱས་དབང་བསྐུར་བའི་དུས་དང༌། དགུན་ཟླ་འབྲིང་པོ་ནི་འཁོར་ལོས་སྒྱུར་རྒྱལ་གྱི་དུས་ཏེ་དེ་གཉིས་ནི་གཞན་ལས་ཁྱད་པར་དུ་འཕགས་པར་བཤད་པ་ལས། འདིར་ཆེས་མཆོག་ཏུ་གྱུར་པའི་དུས་ནི་སྔ་མ་དེ་ཉིད་ཀྱི་དུས་སུའོ། །དེའང་ བགྲོད་པ་རྣམ་པ་གཉིས་སུ་ཡོད་པ་ལས། ཉི་མ་ལྷོ་བགྲོད་ཀྱི་དུས་ལ་ནི། ཚེ་དང་བསོད་ནམས་ལ་སོགས་པ་རྒྱས་པར་བྱེད་པའི་ལས་བརྩམ་པ་ལ་ཤིས་པར་མི་འགྱུར་བར་གསུངས་ཏེ། དེའང་ལྷོའི་ཕྱོགས་ན་གཤིན་རྗེ་མི་བཟད་པ་རྣམས་ཀྱིས་ཡོངས་སུ་བསྲུངས་པའི་ཕྱོགས་ཡིན་པའི་ཕྱིར་རོ། ། ཉི་མ་བྱང་བགྲོད་ཀྱི་དུས་ལ་ནི། རྒྱས་པར་བྱེད་པའི་ལས་ལ་མཆོག་ཏུ་ཤིས་པར་གསུངས་ཏེ། དེའང་བྱང་གི་ཕྱོགས་ན་གནོད་སྦྱིན་གྱི་བདག་པོ་རྣམ་མང་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་ནོར་བདག་ཆེན་པོ་རྣམས་ཀྱིས་ཡོངས་སུ་བསྲུངས་པའི་ཕྱོགས་ཡིན་པའི་ཕྱིར་རོ། །དེས་ན་འདིར་ཡང་ཉིན་ མོར་བྱེད་པ་བྱང་བགྲོད་ཀྱི་དུས་ལ་བབ་པའི་ཚེ་བརྩམས་པ་ཡིན་ནོ། །ཟླ་བ་ལའང་འཕེལ་བ་དང་འགྲིབ་པའི་ཕྱོགས་གཉིས་ལས། ཡར་གྱི་ངོ་ལ་འཛོམ་ན་རབ་ཏུ་གྱུར་པ་དང༌། གལ་ཏེ་གཟའ་དང་སྐར་མའི་སྦྱོར་འཕྲོད་ལེགས་པར་འཛོམ་ན་མར་གྱི་ངོ་ལའང་དབང་བསྐུར་བ་དང་རབ་ཏུ་གནས་པའི་ ལས་བརྩམ་པར་བཤད་པ་ལས། འདིར་ཡར་གྱི་ངོ་ལ་བབ་པ་ནའོ། །དུས་དེ་ཉིད་དུ་ཤར་བའི་གཟའ་དང་སྐར་མ་དགེ་བ་ནི། རབ་ཏུ་གནས་པའི་རྒྱུད་ལས། ཕུར་བུ་ལྷག་པ་པ་ཝ་སངས། །ཟླ་བའི་གཟའ་སོགས་ཤེས་བྱ་སྟེ། །གཟའ་སྐར་འདི་རྣམས་ལས་བྱས་ན། །རབ་ཏུ་གནས་ པ་མཆོག་ཏུ་དགེ །ཞེས་དང༌། ཐམས་ཅད་དུ་ནི་ཆུ་སྨད་དང༌། །སྣར་མ་གྲོ་བཞིན་དེ་བཞིན་ཏེ། །ལག་པ་སྣུབས་དང་སྣྲོན་དང་ནི། །རྒྱལ་དང་ཆུ་སྨད་དེ་བཞིན་ནོ། །ཁྲུམས་སྨད་ཀྱང་ནི་དེ་བཞིན་ཏེ། །རྒྱུ་སྐར་འདི་རྣམས་ཐམས་ཅད་དུ། །སྐྱེ་དགུ་འཕེལ་ཞིང་དེ་ཡིས་ནི། །རབ་ཏུ་ གནས་པའི་མཆོག་ཏུ་བྱེད། །ཅེས་གསུངས་པ་ལྟར་ལས་འདིར་མཆོག་ཏུ་གྱུར་པའི་གཟའ་ནི་ཕུར་བུ་དང༌། རྒྱུ་སྐར་གྱི་ལྷ་མོ་སྣར་མ་ལྷན་ཅིག་ཏུ་འཛོམ་པའི་སྦྱོར་འཕྲོད་བཟང་པོ་དང་ལྡན་པའི་གྲལ་ཚེས་ཤིན་ཏུ་དགེ་བའི་ཉིན་མོ་ལའོ། །དུས་ཚོད་ཀྱང་སྔ་དྲོའི་དུས་སུ་ཤིས་པ་ནི། རྒྱུད་ལས། སྔ་བར་སྐུ་གཟུགས་སྦྱང་བ་དང༌། །ཞེས་སོགས་རྒྱུད་དང་བསྟན་བཅོས་མང་པོ་ནས་སྔ་དྲོའི་དུས་སུ་བྱ་བར་ངེས་པར་བཤད་པ་ལྟར། འདིར་ཡང་ཛམྦུའི་གླིང་དུ་ཉི་མ་ཤར་དྲོས་ཀྱིས་དུས་ཕུན་སུམ་ཚོགས་པ་དེ་ཉིད་དུ་སྤྱན་དབྱེ་བའི་བྱ་བ་ཡང་དག་པར་གྲུབ་པར་བགྱིས་པ་ཡིན་ནོ། །བཞི་པ་གང་དུ་ རབ་ཏུ་གནས་པར་བགྱི་བའི་གནས་ནི། སྤྱིའི་མཚན་ཉིད་དུ་ཆོས་ལྡན་གྱི་རྒྱལ་པོས་བསྐྱངས་པས་ཉེ་བར་འཚེ་བ་མེད་པ་ཞིག་ཏུ་སྟེ། དབང་མདོར་བསྟན་ལས། གང་ན་ས་ཕྱོགས་ཆོས་ལྡན་ཞིང༌། །གང་ཞིག་ཁོ་ནར་སྐྱེ་དགུ་རྣམས། །བདེར་གནས་ས་འཛིན་རྩོད་མེད་པའི། །གནས་ དེར་རྣལ་འབྱོར་བརྩམ་པར་བྱ། །ཞེས་དང༌། བྱེ་བྲག་ཏུ་རབ་ཏུ་གནས་པར་བྱ་བའི་གནས་ནི་བཀྲ་ཤིས་ཤིང་ཉམས་དགའ་བ་དང༌། གཙུག་ལག་ཁང་ལ་སོགས་པ་བླ་ཁབ་ཅན་དུ་ངེས་པར་དགོས་པའང༌། རིན་ཆེན་འབར་བ་ལས། གནས་ནི་ཡིད་འོང་འདུ་འཛི་སོགས། ། སྐྱོན་མེད་རྣམ་མཛེས་བླ་ཁབ་ཅན། །ཞེས་དང༌། རབ་ཏུ་གནས་པའི་རྒྱུད་ལས་ཀྱང༌། །ཡང་ཐོག་མཆོད་རྟེན་སོགས་གནས་དང༌། །ཁྱིམ་དང་ལྷ་ཡི་གནས་རྣམས་སུ། །ཞེས་གསུངས་པ་ལས། འདིར་ཆོས་དང་ལྡན་པའི་རྒྱལ་པོའི་སྟོབས་ཀྱིས་ལེགས་པར་བསྐྱངས་ཤིང༌། བྱེ་བྲག་ ཏུ་ཁོ་ར་ཁོར་ཡུག་ཀུན་དུ་མཛེས་ཤིང་བཀྲ་ཤིས་པའི་ཕྲེང་བས་མངོན་པར་བརྒྱན་པའི་གཙུག་ལག་ཁང་ཆེན་པོ་དམ་པའི་ཆོས་ཀྱི་འབྱུང་ཁུངས་སུ་གྱུར་པ་ཆོས་འབྱུང་བཀྲ་ཤིས་སྒོ་མང་ཞེས་བྱ་བ་གང་ཡིན་པ་དེ་ཉིད་དུའོ། །ལྔ་པ་རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་ནི། དཀྱིལ་འཁོར་ དང་འབྲེལ་བའི་ཡོ་བྱད་དང༌། སྦྱིན་སྲེག་དང་འབྲེལ་བའི་ཡོ་བྱད་དང༌། རབ་ཏུ་གནས་པ་ལ་ཉེ་བར་མཁོ་བའི་ཡོ་བྱད་དུ་ཁྲུས་ཀྱི་ཡོ་བྱད་དང༌། འཐོར་ནས་དང༌། མངའ་དབུལ་དང༌། དགའ་སྟོན་ལ་སོགས་པའི་ཡོ་བྱད་དང༌། དབང་བསྐུར་བ་དང་འབྲེལ་ན་སློབ་མ་ལ་ཉེ་བར་མཁོ་བའི་ཡོ་བྱད་དང་ བཅས་པ་སྟེ། དེ་དག་ཏུ་དགོས་པའི་ཡོ་བྱད་ཀྱི་དངོས་པོ་བཟང་ཞིང་གྱ་ནོམ་པའི་འབྱོར་པ་མ་ཚང་བ་མེད་པ་ཉེར་བསྡོམས་སུ་བཤམས་པ་རྣམས་སོ། །དྲུག་པ་ཇི་ལྟར་རབ་ཏུ་གནས་པར་བྱེད་པའི་ཆོ་ག་ནི། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཏེ་རྣམ་པ་གསུམ་གྱི་ཆོ་ག་སྟེ། དེའང་ལག་ ལེན་ཕྲ་མོ་ཚུན་ཆད་ལ་མ་ནོར་བ་དང་དག་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་བྱིན་གྱི་རླབས་པ་འཇུག་པར་གསུངས་ཀྱི། མ་དག་པས་ནི་དེ་ལྟ་མ་ཡིན་ཏེ། རབ་ཏུ་གནས་པའི་རྒྱུད་མདོར་བསྡུས་པ་ལས། ཆོ་ག་དག་དང་ལྡན་བྱས་ལ། །ཆོ་ག་དམན་པས་མི་བྱ་སྟེ། །རབ་གནས་རྟག་པར་བཀྲ་ མི་ཤིས། །འཇིག་རྟེན་འདིར་ཡང་སྡུག་བསྔལ་ལ། །འཇིག་རྟེན་ཕ་རོལ་འཇིགས་པ་ཆེ། །དེ་བས་འབད་པ་ཐམས་ཅད་ཀྱིས། །དངོས་གྲུབ་འདོད་པས་ནན་ཏན་བྱ། །ཞེས་གསུངས་པ་ལྟར་ཆོ་ག་རྣམ་པར་དག་པ་འཕགས་པའི་ཡུལ་དང་བོད་ཡུལ་གྱི་མཁས་པ་དང་གྲུབ་པའི་དབང་ཕྱུག་ ཆེན་པོ་རྣམས་ཀྱི་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲངས་ནས་བཀྲལ་བའི་ཆོ་ག་མང་དུ་མཆིས་པ་ལས། འདིར་མཁྱེན་རབ་ཀྱི་དབང་ཕྱུག་ཆེན་པོ་དཔལ་ས་སྐྱ་པའི་རྗེ་བཙུན་གོང་མར་གྱུར་པ་རྣམས་དང༌། མཁྱེན་རབ་ཀྱི་དབང་ཕྱུག་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་རྣམས་ཀྱི་གསུང་རབ་རྣམ་པར་དག་པ་ལ་ བརྟེན་པའི་ཆོ་ག་ལ། སྦྱོར་བ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་གསུམ་སྟེ། དེ་དག་ཞིབ་ཏུ་ནི་གོང་མ་རྣམས་ཀྱི་ཆོ་གའི་སྟེང་དུ་རྟོགས་པར་བྱའོ། །འདིར་མདོར་བསྡུས་སྡོམས་སུ་སྨོས་ན། དཀྱིལ་འཁོར་དང་འབྲེལ་བའི་རྒྱས་པར་བྱེད་པ་ན། བསྙེན་པ་དང༌། ས་ཆོག་དང༌། སྟ་གོན་ གྱི་ཆོ་ག་དང༌། དཀྱིལ་འཁོར་ཆེན་པོ་བྲི་བའམ་རས་བྲིས་བཀོད་པ་དང༌། རྒྱན་དགྲམ་པ་དང༌། སྒྲུབ་ཅིང་མཆོད་པ་དང༌། འཇུག་ཅིང་དབང་བླང་བ་རྣམས་སྔོན་དུ་སོང་ནས་རབ་ཏུ་གནས་པའི་སྟ་གོན་ལ་འཇུག་གོ། །གཞན་དུ་ན། ལེགས་བཤམས་བདག་བསྐྱེད་བུམ་པ་བཟླས། །རྟེན་སྦྱོང་ བཀྲུ་ཞིང་ཕྱི་བ་དང༌། །རྟེན་བསྐྱེད་ཡེ་ཤེས་སྤྱན་དྲངས་ལ། །བགེགས་བསྐྲད་མཆོད་དེ་དགུག་གཞུག་བྱ། །རྒྱས་བཏབ་མཆོད་བསྟོད་གཏོར་མ་བཏང༌། །སྙན་གསན་དབབ་ཅིང་མཆོད་བསྟོད་བྱ། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། །རྟེན་དགབ་བདག་སྲུང་སྟ་གོན་ནོ། །ཞེས་ པ་ལྟར་དོན་ཚན་བཅུ་གསུམ་དང༌། དངོས་གཞི་ལ། ཐོ་རངས་བདག་བསྐྱེད་མདུན་བསྐྱེད་མཆོད། །རྟེན་སྦྱོང་བཀྲུ་ཞིང་ཕྱི་བ་དང༌། །རིང་བསྲེལ་གཞུག་ཅིང་གསོལ་བ་གདབ། །རྟེན་བསྐྱེད་སྤྱན་དྲངས་དགུག་རྒྱས་གདབ། །དབང་བསྐུར་མཆོད་བསྟོད་སྤྱན་དབྱེ་བྱ། །གསོལ་གདབ་མངའ་ དབུལ་རྒྱས་པར་བྱ། །དེ་ཡང་མཆོད་བསྟོད་བྱེ་བྲག་དང༌། །སྦྱིན་སྲེག་སྔགས་ཏེ་དངོས་གཞིའོ། །ཞེས་པ་ལྟར་དོན་ཚན་བཅུ་གསུམ་དང༌། མཇུག་གི་བྱ་བ་ལ། གཏོར་མ་སྦྱིན་དང་ཆོས་སྐྱོང་བསྒོ། །དཀྱིལ་འཁོར་མཆོད་དེ་དངོས་གྲུབ་བླང༌། །བཟོད་པར་གསོལ་ཞིང་གཤེགས་སུ་གསོལ། ། ཡོན་བདག་བསྒོ་ཞིང་ཤིས་པ་བརྗོད། །རྟེན་མཆོད་བསོད་ནམས་ཡོངས་སུ་བསྔོ། །སློབ་དཔོན་མཆོད་དེ་དགའ་སྟོན་བྱ། །སླར་ཡང་ཤིས་པ་རྒྱས་པར་བརྗོད། །རྗེས་བསྡུ་སྦྱིན་སྲེག་མཇུག་དོན་ནོ། །ཞེས་པ་ལྟར་བཅུ་གསུམ་སྟེ་དོན་ཚན་སུམ་ཅུ་རྩ་གསུམ་གྱི་བདག་ཉིད་ཅན་གྱི་ཆོ་ག་རྣམ་པར་ དག་པའི་སྒོ་ནས་རབ་ཏུ་གནས་པར་བགྱིས་པ་ཡིན་ནོ། །དེ་ལྟ་བུའི་ཆོ་ག་ལ་བརྟེན་ནས་རབ་ཏུ་གནས་པ་ལེགས་པར་བགྱིས་པའི་རྟེན་གྱི་ཕྱི་མོ་འད