Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 213
Văn bản gốc(Tây Tạng)
Trang 19 / 33 (50.000 ký tự/trang)
་ངུར་ལྷག་མ་ཙམ་དུ་བྱས་སོ་ཞེས་དང༌། ཡང་བཅོམ་ལྡན་འདས་ཀྱི་བསྟན་པ་ཡུན་ཇི་སྲིད་ཅིག་གནས་པར་འགྱུར། གནས་བརྟན་གྱིས་སྨྲས་པ། ལོ་སྟོང་ངོ་ཞེས་པའི་འགྲེལ་པ་སློབ་དཔོན་ཚུལ་ཁྲིམས་ བསྐྱངས་ཀྱིས་མཛད་པ་ལས་ལོ་སྟོང་ཞེས་བྱ་བ་ནི་གནས་བརྟན་གྱི་ལོ་སྟོང་གི་བར་དུ་བསྟན་པ་ཉམས་པ་མེད་ཅིང་རལ་བ་མེད་པར་གནས་པར་འགྱུར་རོ་ཞེས་དང༌། སློབ་དཔོན་དབྱིག་གཉེན་གྱིས་མངོན་པ་མཛོད་ཀྱི་རང་འགྲེལ་ལས། ལུང་འཛིན་པར་བྱེད་པ་ནི་སྨྲ་བར་བྱེད་པའོ། །རྟོགས་ པ་འཛིན་པར་བྱེད་པ་ནི་སྒྲུབ་པར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་གཉིས་ཇི་སྲིད་དུ་གནས་པ་དེ་སྲིད་དུ་དམ་པའི་ཆོས་གནས་པར་རིག་པར་བྱའོ། །དེ་དག་ཀྱང་ལོ་སྟོང་དུ་གནས་སོ་ཞེས་བཤད་དོ། །གཞན་དག་ན་རེ། རྟོགས་པ་ནི་དེ་ལྟ་བུ་ཡིན་གྱི། ལུང་ནི་ཡུན་རིང་དུ་གནས་སོ་ཞེས་ཟེར་རོ་ ཞེས་རང་ཉིད་ཀྱི་བཞེད་པ་ལ་ལོ་སྟོང་དུ་གནས་པར་བཤད་པ་དང༌། ཆོས་མངོན་པ་མཛོད་ཀྱིས་མདོའི་འགྲེལ་པ་བལ་པོ་ཞི་གནས་ལྷས་མཛད་པར་གསེར་ཕྲེང་ཅན་གྱི་རྟོགས་བརྗོད་དུ་དྲངས་པ་ལས་ཀྱང༌། བཙུན་པ་མདང་བདག་མཚན་མོའི་རྨི་ལམ་ན་རྨི་ལམ་ཐུན་བཅུ་མཐོང་སྟེ། བཙུན་པ་གླང་པོ་ ཆེ་ཆེན་པོ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་དང༌། སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་དང༌། ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་དང༌། ཙནྡན་ཤིང་ཐ་མལ་བ་ལ་འཚོང་བ་དང༌། ཀུན་དགའ་རྭ་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་ལ། མེ་ཏོག་དང་ འབྲས་བུ་ཕུན་སུམ་ཚོགས་པ་དེ་ནི་ཐམས་ཅད་མ་བྱིན་པར་ལེན་པས་ཕྲོགས་པ་དང༌། གླང་པོ་ཆེ་ཆུང་ངུས་སྤོས་ཀྱིས་གླང་པོ་ཆེ་བསྡིགས་པ་དང༌། སྤྲེའུ་མི་གཙང་བས་འབགས་པས་གཞན་ལ་སྐུད་པ་དང༌། སྤྲེའུ་རྒྱལ་པོར་དབང་བསྐུར་བ་དང༌། སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་པ་ལ་ སྣམ་བུ་ཡང་དེ་བཞིན་དུ་གནས་པ་དང༌། སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཏེ་ཚིག་ངན་བརྗོད་ཅིང་ཆད་པ་དང་གནོད་པ་བྱེད་པ་བདག་གིས་མཐོང་ངོ༌། །མཐོང་ནས་བདག་རྒྱལ་སྲིད་ལས་ཉམས་པའམ། སྲོག་གི་བར་ཆད་དུ་འགྱུར་དུ་འོང་ཞེས་བདག་རེངས་ཤིང་ འཇིགས་པ་དང་སྐྲག་པར་གྱུར་ཏོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་མ་འཇིགས་ཤིག །རྒྱུ་འདི་ལས་ཁྱོད་རྒྱལ་སྲིད་ལས་ཉམས་པ་དང༌། སྲོག་གི་བར་ཆད་དུ་མི་འགྱུར་གྱི་མ་འཇིགས་ཤིག །དེ་ཅིའི་ཕྱིར་ན། རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆེ་སྐར་ཁུང་ནས་བྱུང་བ་ལ་མཇུག་མ་ཐོགས་པ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། མ་འོངས་པ་ན་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པའི་དུས་ན། ཤཱཀྱ་ཐུབ་པ་ཞེས་བྱ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་ འགྱུར་ཏེ། དེའི་ཉན་ཐོས་དག་རང་གི་སྐྱེ་བོ་གཉེན་བཤེས་རྒྱ་ཆེན་པོ་སྤངས་ནས་རབ་ཏུ་བྱུང་སྟེ། དེ་ལྟར་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཁྱིམ་གྱི་འདུ་ཤེས་སྐྱེ་བར་འགྱུར་ཞིང༌། དེ་ནས་སེར་སྣ་ཀུན་དུ་བརྟེན་ཅིང་ལན་མང་དུ་བྱས་པས་ལུས་ཞིག་སྟེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ རྣམས་སུ་ལྟུང་ཞིང་སྐྱེ་བར་འགྱུར་བ་དེའི་སྔ་ལྟས་ཡིན་ནོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྐོམ་པ་མ་ཡིན་པ་རྣམས་ཀྱི་ཕྱི་བཞིན་དུ་ཁྲོན་པ་གདའ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པ་དེ་དག་ཉན་པར་མི་འདོད་ཅིང་གནས་པར་ འགྱུར་བ་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཕྱེ་བྲེ་གང་དང་མུ་ཏིག་བྲེ་གང་བརྗེ་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཕྱེ་ཚོལ་བའི་ཕྱིར་དབང་པོ་དང་སྟོབས་དང་བྱང་ཆུབ་ཀྱི་ཡན་ལག་ལ་སོགས་པའི་རིན་པོ་ཆེ་ཡང་དག་པར་གསལ་བར་བྱེད་དེ། དེའི་སྔ་ལྟས་ སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཙནྡན་ཤིང་ཐ་མལ་པར་འཚོང་བ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་དག་ལུས་མ་བསྒོམས་པ་འབྱུང་བར་འགྱུར་ཞིང༌། ཚུལ་ཁྲིམས་མ་བསྒོམས་པ་དང༌། སེམས་མ་བསྒོམས་པ་དང༌། ཤེས་རབ་མ་བསྒོམས་པ་དག་འབྱུང་བར་ འགྱུར་ལ། ལུས་མ་བསྒོམས་པ་དང༌། ཚུལ་ཁྲིམས་མ་བསྒོམས་པ་དང༌། སེམས་མ་བསྒོམས་པ་དང༌། ཤེས་རབ་མ་བསྒོམས་པས་མུ་སྟེགས་ཀྱི་བསྟན་པ་འཛིན་ཅིང་སངས་རྒྱས་ཀྱི་གསུང་རབ་དང་མཉམ་པར་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་ཀུན་ དགའ་རྭ་བ་མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པ་དག་མ་བྱིན་པར་ལེན་པས་ཕྲོགས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཁྱིམ་ལ་བརྟེན་ཏེ་དགེ་འདུན་གྱི་མེ་ཏོག་དང་འབྲས་བུ་བཙོངས་ཤིང་བཙོངས་ཏེ་བཟུང་ནས་འཚོ་བའི་ཕྱིར་སེམས་པ་དག་འབྱུང་བར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་གང་ཁྱོད་ཀྱིས་གླང་པོ་ཆུང་ངུས་སྤོས་ཀྱི་གླང་པོ་ཆེན་པོ་སྐྲག་པར་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་ཚུལ་ཁྲིམས་འཆལ་བ་སྡིག་པའི་ཆོས་ཅན་དག་འབྱུང་བར་འགྱུར་ཏེ། དེས་གང་དག་དགེ་སློང་ཚུལ་ཁྲིམས་དང་ ལྡན་པ་ཡོན་ཏན་དང་ལྡན་པ། དེས་ཤིང་དགེ་བ་དེ་དག་བསྐྲད་ནས་གནས་གཞན་ན་གནས་པར་འགྱུར་ཏེ། དེ་ནི་དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་མི་གཙང་བས་འབགས་པ་གཞན་ལ་སྐུད་པ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་ཉན་ཐོས་སྡིག་པའི་ཆོས་ཅན་ཚུལ་ཁྲིམས་ འཆལ་པ་དེ་དག་གིས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དེས་ཤིང་དགེ་བའི་ཆོས་ཅན་དག་ལ་མི་བདེན་པའི་སྐྱོན་འགེལ་བར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྤྲེའུ་རྒྱལ་པོར་དབང་བསྐུར་བ་རྨིས་པ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་དུས་ན་མ་ནིང་ཡང་ རྒྱལ་པོ་བྱེད་པར་འགྱུར་ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་སྣམ་བུ་གཅིག་མི་བཅོ་བརྒྱད་ཀྱིས་བགོས་ལ་སྣམ་བུ་ཡང་དེ་བཞིན་དུ་གནས་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ཁ་བཅོ་བརྒྱད་དུ་གྱེས་པར་གྱུར་ལ་རྣམ་པར་གྲོལ་བའི་སྣམ་བུ་ནི་རལ་བར་མི་འགྱུར་ ཏེ། དེའི་སྔ་ལྟས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་གང་སྐྱེ་བོ་ཕལ་པོ་ཆེའི་ཚོགས་འདུས་ཤིང་ཚིག་ངན་བརྗོད་དེ། ཆད་པ་དང་གནོད་པ་བྱེད་པ་རྨི་ལམ་དུ་མཐོང་བ་དེ་ཅིའི་སྔ་ལྟས་ཤེ་ན། དེའི་བསྟན་པ་ལོ་སྟོང་དུ་གནས་ཤིང་ངན་པར་སྨྲ་བ་དང་ཆད་པ་བྱེད་པས་ནུབ་པར་འགྱུར་ཏེ་ཞེས་དང༌། དེ་ བཞིན་དུ་མདོ་སྡེ་བསྐལ་པ་བཟང་པོ་ལས་ཀྱང༌། མཆོག་ཏུ་དགའ་བའི་རྒྱལ་པོ་ང་སྐྱེས་པའི་ཡུལ་ནི་གྲོང་ཁྱེར་སེར་སྐྱ་ཞེས་བྱའོ། །རིགས་ནི་རྒྱལ་རིགས་སོ། །གདུང་ནི་གཽ་ཏ་མའོ། །འོད་ནི་འདོམ་གང་ངོ༌། །ཡབ་ནི་ཟས་གཙང་ཞེས་བྱའོ། །ཡུམ་ནི་སྒྱུ་ འཕྲུལ་མ་ཞེས་བྱའོ། །སྲས་ནི་སྒྲ་གཅན་འཛིན་ཞེས་བྱའོ། །རིམ་གྲོ་པ་ནི་ཀུན་དགའ་བོའོ། །ཤེས་རབ་ཅན་གྱི་མཆོག་ནི་ཉེ་རྒྱལ་ཞེས་བྱའོ། །རྫུ་འཕྲུལ་ཅན་གྱི་མཆོག་ནི་པང་ན་སྐྱེས་ཞེས་བྱའོ། །འདུས་པ་དང་པོ་ལ་ནི་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའོ། །སྐུ་ཚེའི་ཚད་ནི་ལོ་བརྒྱའོ། ། དམ་པའི་ཆོས་ནི་ལོ་ལྔ་བརྒྱའི་བར་དུ་གནས་སོ། །ལོ་ལྔ་བརྒྱའི་བར་དུ་ནི་དམ་པའི་ཆོས་ལྟར་སྣང་ངོ༌། །སྐུ་གདུང་ནི་རྒྱས་པར་འགྱུར་རོ་ཞེས་པས་དམ་པའི་ཆོས་ལོ་ལྔ་བརྒྱ་དང་དམ་པའི་ཆོས་ཀྱི་གཟུགས་བརྙན་ལོ་ལྔ་བརྒྱ་སྟེ་སྟོང་ཕྲག་གཅིག་ཏུ་གནས་པར་གསུངས་པ་དང༌། གཞན་ཡང་ མདོ་སྡེ་ལས་བརྒྱ་པར། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་དང༌། རྒྱལ་པོ་ཆེན་པོ་བཞི་ལ་བཀའ་སྩལ་པ། དབང་པོ་དག་དེ་བཞིན་གཤེགས་པ་ནི་རིང་པོར་མི་ཐོགས་པར་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་གྱི། ང་ཡོངས་ སུ་མྱ་ངན་ལས་འདས་པའི་འོག་ཏུ་ཁྱེད་ཀྱིས་བསྟན་པ་སྲུང་བར་གྱིས་ཤིག །དབང་པོ་དག་ལོ་སྟོང་འདས་པའི་འོག་ཏུ་བསྟན་པ་ནུབ་ཏུ་ཆ་བའི་ཚེ། འཇིག་རྟེན་ཆོས་མ་ཡིན་པ་ཤས་ཆེ་ཞིང་དགེ་བ་བཅུའི་ལས་ཀྱི་ལམ་ཡོངས་སུ་ཉམས་པར་འགྱུར་རོ་ཞེས་དང༌། བློ་གྲོས་མི་ཟད་པས་བསྟན་པའི་ མདོའི་འགྲེལ་པ་དབྱིག་གཉེན་གྱིས་མཛད་པ་ལས་ཀྱང༌། སླད་མའི་དུས་ལྔ་བརྒྱ་ཐ་མ་ལ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཆོས་འཕེལ་བ་དང་འགྲིབ་པའི་ཚུལ་བསྟན་པའི་ཕྱིར་གྱི་ཁྱད་པར་བརྗོད་པའོ། །དེ་ཡང་དཔེར་ན་མིའི་ཚེ་ལོ་བརྒྱ་ཐུབ་པ་ལ་ལོ་ལྔ་བཅུའི་བར་དུ་ནི་འཕེལ་བའི་དུས་ ཏེ། ལུས་དང༌། ཤེས་རབ་དང༌། རྩལ་ལ་སོགས་པ་འཕེལ་ཞིང་སྐྱེ་བའོ། །དེ་ལྟར་ལོ་ལྔ་བཅུ་འདས་ནས་དེའི་ཕྱི་མའི་ལྔ་བཅུ་ནི་འགྲིབ་པའི་དུས་ཏེ། ལུས་དང༌། ཤེས་རབ་དང༌། རྩལ་ལ་སོགས་པ་ཤིན་ཏུ་ཉམས་ཤིང་བྲི་ནས་ཐ་མར་རྒ་ཤི་ལ་ཐུག་སྟེ་ཟད་པར་འགྱུར་རོ། །དེ་བཞིན་ དུ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ལ་འབྲས་བུ་ཐོབ་པ་དང༌། ཤིན་ཏུ་རྒྱས་པའི་དུས་ནི་ལོ་སྟོང་ཞིག་ཛམྦུའི་གླིང་ན་གནས་སོ། །དེའི་ཕྱེད་དུ་བགོས་ཏེ་ལྔ་བརྒྱ་སྔ་མ་ནི་འཕེལ་བའི་དུས་སུ་བཞག་ལ། ལྔ་བརྒྱ་ཕྱི་མ་ནི་འགྲིབ་པའི་དུས་སུ་བཞག་གོ །འཕེལ་བ་ནི་ལོ་བརྒྱད་ཅུའི་བར་དུ་ ཤཱཀྱ་ཐུབ་པ་མྱ་ངན་ལས་མ་འདས་ཏེ། དེའི་དུས་སུ་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ལ་སོགས་པ་འཕགས་པ་ཕྱོགས་བཅུ་ནས་དགེ་བའི་རྩ་བ་སྨིན་ཏེ་ལྷག་མ་རྣམས་ཀྱང་ཤིན་ཏུ་ལྷག་པར་རྣམ་པར་གྲོལ། གཞན་ལྷ་དང་མི་ལ་སོགས་པ་ཡང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཀས་ བསྟན་ཅིང་མངོན་སུམ་དུ་ཡོངས་སུ་སྨིན་ཏེ། ཡོངས་སུ་བཀྲོལ་བས་ལྷག་པར་འབྲས་བུ་འཐོབ་བོ། །དེ་ནས་སངས་རྒྱས་མྱ་ངན་ལས་འདས་ནས་ཀྱང་ལོ་ལྔ་བརྒྱ་སྔ་མ་འདས་ཀྱི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ཆེན་པོ་དག་སངས་རྒྱས་ཀྱི་བསྟན་པ་རྣམས་ཤིན་ཏུ་ འཛིན་ཅིང་ཛམྦུའི་གླིང་ན་ཁྱབ་པར་གྲངས་མང་དུ་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་སུ་སྨིན་པ་དང༌། ཡོངས་སུ་གྲོལ་བར་བྱས་ཏེ་འབྲས་བུ་ཐོབ་པར་གྱུར་ཏོ་ཞེས་དང༌། དེ་བས་ན་ལྔ་བརྒྱ་སྔ་མ་ནི་དུས་བཟང་པོ་སྟེ། དུས་དེ་ལ་ལྟོས་ནས་ ཁྱད་པར་སྨྲས་པ་ནི་ལྔ་བརྒྱ་ཕྱི་མ་ཞེས་བྱའོ། །དེ་ལྟ་མོད་ཀྱི་ལྔ་བརྒྱ་ཕྱི་མའི་དུས་དེ་ན་ཡང་ལོ་ལྔ་བརྒྱའི་བར་དུ་ནི་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་ལ་སོགས་པ་འཕགས་པ་གྲངས་མང་དུ་ཛམྦུའི་གླིང་ན་གནས་ཏེ། དེ་དག་གིས་ཀྱང་ལྷ་དང་མི་ལ་སོགས་པ་ཤིན་ཏུ་ཚད་མེད་པ་ཡོངས་ སུ་སྨིན་པ་དང༌། ཡོངས་སུ་བཀྲོལ་ཏེ་འབྲས་བུ་ཐོབ་པར་བྱས་སོ། །དེ་ལྟར་འབྲས་བུ་ཐོབ་པ་ལ་སོགས་པར་གྱུར་ཀྱང༌། ལྔ་བརྒྱ་སྔ་མ་དང་སྦྱར་ན་དེའི་དུས་ངན་པའི་ཕྱིར་ལྔ་བརྒྱ་ཕྱི་མ་ཞེས་སྨོས་ཏེ། ལྔ་བརྒྱ་ཕྱི་མའི་འགོ་ནས་སངས་རྒྱས་ཀྱི་ཆོས་ནམ་ཛམྦུའི་གླིང་ན་མེད་པར་མ་གྱུར་གྱི་ བར་དུ་ལྔ་བརྒྱ་ཕྱི་མ་ཞེས་བྱ་བའི་དུས་སུ་བསྡུའོ། །ལྔ་བརྒྱ་ཕྱི་མའི་དང་པོ་ཚུན་ཆད་དུས་ངན་པར་བཞག་མོད་ཀྱི། འོན་ཀྱང་ལོ་ལྔ་བརྒྱའི་བར་དུ་ནི་དུས་ངན་པའི་ནང་ནས་ཀྱང་འབྲས་བུ་ཐོབ་པ་ནི་ཤིན་ཏུ་མི་དཀའ་བའི་ཕྱིར། དུས་ངན་པའི་ཡང་ངན་པ་ཁྱད་པར་དུ་སྨོས་པའོ། །ལྔ་བརྒྱ་ཕྱི་མའི་ལོ་ འདས་ཕྱིན་ཆད་ནས་ཆོས་མེད་ཀྱི་བར་དུ་དུས་ངན་པའི་ཡང་ངན་པར་བཞག་མོད་ཀྱི། དེའི་ཚེ་ན་ཡང་བརྩོན་འགྲུས་དང་ནན་ཏན་བྱས་ནས་འབྲས་བུ་མི་ཐོབ་པ་ཡང་མ་ཡིན། བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས་འགའ་ཙམ་ཞིག་འཇིག་རྟེན་དུ་མི་འབྱུང་བ་ཡང་མ་ ཡིན་ནོ་ཞེས་པ་སྟེ་དེ་ལྟར་བཤད་པ་དེ་རྣམས་ཀྱིས་ནི་བདག་ཅག་གི་སྟོན་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ལོ་སྟོང་ཕྲག་གཅིག་ཏུ་གནས་པར་བསྟན་པ་ཡིན་ནོ། །ཡང་བསྟན་པ་ལོ་ཆིག་སྟོང་དང་ཆིག་བརྒྱར་གནས་པར་བཤད་པ་ནི། མདོ་མྱ་ངན་ལས་འདས་པ་ལོ་ཆེན་གྱི་འགྱུར་ལས། ཀུན་ དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས་བླ་མར་བྱེད་པར་འགྱུར་རོ། །ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་རྭ་བ་ལ་དགའ་བ་དང་ལྡན་པར་གནས་པར་འགྱུར་ཞིང་ཤེས་པ་ལ་མཁས་པ་དང༌། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་དུ་ འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ནས། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཆིག་བརྒྱ་ན། དགེ་སློང་ཚུལ་ཁྲིམས་འཆལ་བ་རྣམས་འབྱུང་བར་འགྱུར་བ་ནི་འཁོར་དང་གཡོག་མང་བར་འགྱུར་རོ། །ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིག་གཡོག་ཉུང་ བར་འགྱུར་རོ་ཞེས་པའི་བར་གྱི་རྒྱ་ཆེར་བསྟན་པས། བསྟན་པ་ནམ་ཞིག་ནུབ་པའི་མཐའ་གསལ་བར་མ་བསྟན་ན་ཡང༌། གནས་པའི་ཡུན་ནི་ལོ་སྟོང་ཕྲག་གཅིག་དང་ཆིག་བརྒྱར་གསལ་བར་བསྟན་ནོ། །ཡང་བསྟན་པ་ལོ་གྲངས་སྟོང་ཕྲག་གཅིག་དང་སུམ་བརྒྱར་གནས་པར་བཤད་པ་ནི། ཏིང་ངེ་འཛིན་མཆོག་དམ་པའི་མདོ་ལས། ལོ་སྟོང་ཕན་ཆད་སུམ་བརྒྱ་ཚུན་ཆད་ནི་ཆེ་ཐང་དུ་འཁྲུགས་ཏེ་ངའི་ཉེ་གནས་རྣམས་ལུས་ལ་ཆོས་གོས་གྱོན་ཀྱང་ཤིང་ཁ་ལ་འཕན་རྙིང་བཏགས་པ་དང་འདྲ་སྟེ་གཟི་བྱིན་མེད་ཅེས་སོགས་ཀྱིས་ནི་བསྟན་པ་ལོ་སྟོང་དང་སུམ་བརྒྱར་གནས་པའི་ཚད་དུ་བསྟན་པ་ ཤུགས་ལས་འབྱུང་ངོ༌། །དེ་བཞིན་དུ་བསྟན་པ་ལོ་གྲངས་ཆིག་སྟོང་དང་ལྔ་བརྒྱར་གནས་པར་བཤད་པའང་ཡོད་དེ། སྙིང་རྗེ་པདྨ་དཀར་པོའི་བམ་པོ་བཅུ་པ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱིས་སྨོན་ལམ་ཆེན་པོ་ལྔ་བརྒྱ་ལས། བདག་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ། རང་གི་སྐུ་ གདུང་བདག་ཉིད་ཀྱིས་ཡུངས་འབྲུའི་ཚད་ཙམ་དུ་གཅོག་པར་འགྱུར་ཞིང༌། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་སླད་དུ་བདག་ནི་སླད་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ཅིག །བདག་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་ལོ་སྟོང་དུ་དམ་པའི་ཆོས་གནས་པར་གྱུར་ཅིག ། ཡང་ལོ་ལྔ་བརྒྱར་ནི་དམ་པའི་ཆོས་ཀྱི་གཟུགས་བརྙན་གནས་པར་གྱུར་ཅིག་ཅེས་དང༌། མདོ་དེའི་བམ་པོ་བཅུ་གཅིག་པ་ལས། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་བསྐལ་པ་ཆེན་པོ་བཟང་པོ་ལ་འཇིག་རྟེན་གྱི་ཁམས་མི་མཇེད་དེར། སྐྱེ་དགུ་ཚེ་ལོ་བརྒྱ་ཉི་ཤུ་ཐུབ་པ་ན། དེ་བཞིན་གཤེགས་པ་ ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཏེ། ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་མཐའ་དག་བྱེད་པར་འགྱུར་རོ། །སྐྱེས་བུ་དམ་པ་ཁྱོད་བླ་ན་མེད་པའི་ཡོངས་སུ་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་ལྷག་པར་གནས་པར་འགྱུར་རོ་ཞེས་པས་བསྟན་པ་དམ་པའི་ ཆོས་དང་དམ་པའི་ཆོས་ཀྱི་གཟུགས་བརྙན་དང་བཅས་པར་ལོ་ཕྱེད་ཉིས་སྟོང་གི་ཡུན་དུ་གནས་པར་གསུངས་པའི་ཕྱིར་རོ། །གཞན་ཡང་ལོ་ཉིས་སྟོང་དུ་གནས་པར་བཤད་པ་ནི། ཟླ་བའི་སྙིང་པོས་ཞུས་པའི་མདོ་ལས། ང་མྱ་ངན་ལས་འདས་ནས་དམ་པའི་ཆོས་ཀྱི་གཟུགས་བརྙན་ལ་ ཉིས་སྟོང་དུ་གནས་པར་འགྱུར་རོ་ཞེས་དང༌། ང་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་བརྒྱའི་བར་དུ་ངའི་བསྟན་པར་སྤྱོད་པའི་སེམས་ཅན་རྣམ་པར་གྲོལ་བ་མང་དུ་འགྱུར། དེ་ནས་ལོ་ལྔ་བརྒྱའི་བར་དུ་ཏིང་ངེ་འཛིན་སྤྱོད་པ་མང་དུ་འགྱུར། རྒྱལ་པོ་དང་སེམས་ཅན་ཕལ་པ་དམ་པའི་ཆོས་ལ་དད་ཅིང༌། སྤྱོད་པ་ཡང་ཕྱིར་ཞིང་ཉུང་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་བར་དུ་དམ་པའི་ཆོས་སྟོན་ཅིང་སེམས་ཅན་འདྲེན་པ་དང་ཐར་བར་བྱེད་པའི་སློབ་དཔོན་མང་དུ་འབྱུང༌། ཉན་ཐོས་ཀྱི་དགྲ་བཅོམ་པ་ནི་ཉུང་བར་འགྱུར་རོ། །རྒྱལ་པོ་དང་སེམས་ཅན་ཕལ་གྱིས་ཉན་པ་ཙམ་དུ་ཟད་ཀྱིས་ཉམས་ སུ་ལེན་ཅིང་མི་སྤྱོད་པའོ། །བརྩོན་འགྲུས་ནི་མི་བྱེད། འབྲི་བར་འགྱུར་རོ། །དེ་ནས་ལོ་ལྔ་བརྒྱའི་སུམ་བརྒྱ་ནི་དམ་པའི་ཆོས་སྤྱོད་པའི་ལྷ་ཀླུ་ལ་སོགས་པ་སེམས་ཅན་སྲུང་མ་རྣམས་མི་གནས་ཤིང༌། སེམས་ཅན་ཆོས་ལ་མ་དད་པར་འགྱུར། སེམས་ཅན་ཆོས་སྤྱོད་པ་རྣམས་ཀྱང་ཆོས་ཀྱི་ གཞུང་བཞིན་མི་སྤྱོད། བརྩོན་འགྲུས་ཆུང་བས་གྲུབ་པ་ཡང་ཉུང་བར་འགྱུར། ཁ་དོག་བཞི་དང་བཞི་ལས་གྱུར་པ་ཡང་དྲི་དང་རོ་ལ་སོགས་པ་ཆུང་བར་འགྱུར། མི་ནད་ཕྱུགས་ནད་དང་མུ་གེ་ཡང་འབྱུང་བར་འགྱུར་རོ། །ལོ་ཉིས་བརྒྱ་ལ་དགེ་སློང་ཡང་ཆོས་བཞིན་མི་སྤྱོད། འཇིག་རྟེན་གྱི་ཁེ་དང་གྲགས་པ་ཚོལ་ཞེས་བྱ་བས་ནི་བསྟན་པ་ལོ་ཉིས་སྟོང་དུ་གནས་པར་བཤད་པ་ཡིན་ནོ། །དེ་ལས་གཞན་དག་ཏུ་ནི་ལོ་ཕྱེད་དང་སུམ་སྟོང་དུ་གནས་པའང་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་འཕགས་པ་རྡོ་རྗེ་གཅོད་པ་དབུ་མའི་ཚུལ་དུ་རྒྱ་ཆེར་འགྲེལ་པ་ལས། ལྔ་བརྒྱ་ཐ་ མ་ཞེས་བྱ་བ་ལ། །བརྒྱ་ཕྲག་ལྔའི་ཚོགས་ནི་ལྔ་བརྒྱ་སྟེ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལྔ་བརྒྱ་ཕྲག་ལྔའི་བར་དུ་གནས་ཞེས་གྲགས་པས་དེའི་ཕྱིར་ཐ་མ་ཞེས་བྱེ་བྲག་ཏུ་མཛད་དེ། དེའི་ཚེ་སྙིགས་མ་ལྔ་པོ་དག་ཤེས་ཆེ་བའི་ཕྱིར་རོ། །དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པ་ནི་མོས་པ་དང༌། ཀློག་པ་དང༌། ཁ་ཏོན་བྱེད་པ་དང༌། ལུང་ནོད་པ་དང༌། འཆད་པ་དང༌། ཉན་པ་དང༌། སེམས་པ་ལ་སོགས་པ་ཉམས་པའོ་ཞེས་དང༌། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་ཐུབ་པ་དགོངས་པའི་རྒྱན་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ཡུན་ཇི་སྲིད་དུ་གནས་ པར་འགྱུར་ཞེ་ན། ལྔ་བརྒྱ་པ་ཐ་མ་ཇི་སྲིད་བར་རོ། །བརྒྱ་ཕྲག་ལྔ་རྣམས་འདུས་པ་ནི་ལྔ་བརྒྱ་པའོ། །ཐ་མ་ནི་ལྔ་བརྒྱ་པ་ལྔ་པ་སྟེ། ལྔ་བརྒྱ་པ་ལྔར་དམ་པའི་ཆོས་གནས་པར་འགྱུར་རོ་ཞེས་པའི་གསུང་ལས་ཏེ། དམ་པའི་ཆོས་ནུབ་པ་ནི་སྒྲུབ་པ་ཡོངས་སུ་ཉམས་པའོ་ཞེས་ཁ་ཅིག་གོ། ། གཞན་རྣམས་ནི་དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ནི་ལོ་སྟོང་ཕྲག་ལྔ་རྣམས་ཏེ། དེ་རྣམས་བརྒྱ་ཕྲག་ལྔ་ལྔ་རྣམས་ཀྱིས་ཕྱེ་བར་བྱས་པ་ནི་ལྔ་བརྒྱ་པ་བཅུ་རྣམས་སུ་འགྱུར་རོ། །དུས་བཅུ་རྣམས་ཏེ། སྔོན་ལ་རེ་ཞིག་རྟོགས་པའི་དུས་དང་སྒྲུབ་པའི་དུས་དང་ལུང་གི་དུས་ ཞེས་པ་གསུམ་མོ། །སླར་ཡང་སོ་སོར་རྣམ་པ་གསུམ་སྟེ་དགྲ་བཅོམ་པ་དང༌། ཕྱིར་མི་འོང་བ་དང༌། རྒྱུན་དུ་ཞུགས་པ་དང༌། ལྷག་མཐོང་དང༌། ཏིང་ངེ་འཛིན་དང༌། ཚུལ་ཁྲིམས་དང༌། ཆོས་མངོན་པ་དང༌། མདོ་སྡེ་དང༌། འདུལ་བའི་སྡེ་སྣོད་ཀྱི་དུས་ཏེ་དགུ་པོ་རྣམས་གྲངས་ཇི་ལྟ་བར་ལྔ་བརྒྱ་པ་ དགུ་རྣམས་ལའོ། །བཅུ་པའི་དུས་ནི་རྟགས་ཙམ་སྟེ་འདི་ཉིད་ལྔ་བརྒྱ་པ་ཐ་མའོ་ཞེས་སྨྲའོ་ཞེས་གསུངས་པས་བསྟན་པ་ལོ་ཕྱེད་དང་སུམ་སྟོང་དུ་གནས་པ་དང་ལྔ་སྟོང་དུ་གནས་པ་གཉིས་ཀ་སྨོས་སོ། །འབུམ་ཊཱིཀ་དང༌། ཡུམ་གསུམ་གནོད་འཇོམས་དང༌། འཕགས་པ་ཏིང་ངེ་འཛིན་གྱི་ རྒྱལ་པོའི་མདོའི་འགྲེལ་པ་རྣམས་ལས་བསྟན་པ་ལོ་ལྔ་སྟོང་དུ་གནས་པར་བཤད་དེ། དེ་དག་གི་ལུང་ནི་འོག་ཏུ་འཆད་པར་འགྱུར་རོ། །འཕགས་པ་དགའ་བའི་བཤེས་གཉེན་གྱི་རྟོགས་བརྗོད་ལས། གནས་བརྟན་ཡུན་ཇི་སྲིད་ཅིག་གི་བར་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་དམ་པའི་ཆོས་ གནས་པར་འགྱུར། དེས་སྨྲས་པ། བཞིན་བཟངས་དག་དོགས་པ་མེད་ཀྱིས་མྱ་ངན་དང་སྨྲེ་སྔགས་མ་འདོན་ཅིག །དེ་ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ཀྱི་ཚེ་གནས་བརྟན་ཆེན་པོ་བཅུ་དྲུག་གི་ལག་ཏུ་དམ་པའི་ཆོས་གཏད་པར་འགྱུར་ཏེ། སྦྱིན་བདག་དང་སྦྱིན་ པ་པོའི་སྦྱིན་པ་ཡོངས་སུ་དག་པར་བྱ་བའི་ཕྱིར་རོ་ཞེས་དང༌། མ་འོངས་པ་ན་མཚོན་གྱི་བསྐལ་པ་བྱུང་བ་འདས་ནས་མི་རྣམས་དགེ་བ་བཅུ་དང་ལྡན་པས་ཚེ་སླར་འཕེལ་ཏེ། ལོ་བརྒྱད་ཅུ་ཐུབ་པ་ན་སྟོན་པའི་ཉན་ཐོས་དེ་དག་ཡང་ཕྱིར་ལ་ཛམྦུའི་གླིང་དུ་བྱོན་ནས་དམ་པའི་ཆོས་ཡང་དག་པར་སྟོན་ པར་བྱེད་ཅིང་རབ་ཏུ་འབྱིན་པར་བྱེད་དོ། །ཇི་སྲིད་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་དྲུག་བརྒྱ་པར་གྱུར་པ་དེ་སྲིད་དུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་གནས་པར་འགྱུར་ཏེ། མི་རྣམས་ཀྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་ན་ཉན་ཐོས་དེ་དག་གིས་གང་སའི་སྟེང་འདི་ན་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པའི་བསྟན་པའི་ཚོགས་ཇི་སྙེད་པ་དེ་དག་གཅིག་ཏུ་བསྡུས་ནས་རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་གཅིག་བྱས་ཏེ་ཀུན་ནས་བསྐོར་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་འདི་སྐད་ཅེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ ཐུབ་པ་དེ་ལ་འདུད་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ། ཕྱག་བྱས་ནས་ཕུང་པོ་ལྷག་མ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་དེ་ཡང་ནུབ་ནས་འོག་གི་གསེར་གྱི་ས་གཞི་གང་ཡིན་པ་དེ་ལ་གནས་སོ། ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་དམ་པའི་ཆོས་ནུབ་པར་གྱུར་ཏོ། །དེ་ནས་དེའི་རྗེས་ལ་རང་སངས་རྒྱས་བྱེ་བ་ཕྲག་བདུན་འཇིག་རྟེན་དུ་འབྱུང་ངོ༌། །དེ་ནས་མི་རྣམས་ཚེ་ལོ་བརྒྱད་ཁྲི་པར་གྱུར་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་བྱམས་པ་འཇིག་རྟེན་དུ་འབྱུང་ངོ་ཞེས་བྱ་བས་ནི་ཡར་འཕེལ་གྱི་ཚེ་ལོ་བདུན་བརྒྱ་པར་གྱུར་པ་དེ་སྲིད་དུ་སྟོན་པའི་བསྟན་པ་འདི་ཉིད་གནས་པར་བཤད་དོ། །གཉིས་པ་དེ་ལྟར་བཤད་པའི་ཚུལ་དེ་དག་ལས་བསྟན་པ་དམ་པའི་ཆོས་ལོ་སྟོང་དུ་གནས་པ་དང༌། སྟོང་དང་ཆིག་ བརྒྱར་གནས་པ་དང༌། སྟོང་དང་སུམ་བརྒྱར་གནས་པ་དང༌། སྟོང་དང་ལྔ་བརྒྱར་གནས་པ་དང༌། ཉིས་སྟོང་དུ་གནས་པ་དང༌། ཉིས་སྟོང་ལྔ་བརྒྱའི་བར་དུ་གནས་པ་སྟེ་དེ་ལས་རིང་དུ་མི་གནས་པར་གསུངས་པ་རྣམས་ནི་དྲང་དོན་དགོངས་པ་ཅན་དུ་གསལ་ཏེ། དགོངས་གཞི་ནི་འབྲས་བུའི་ དུས་ཀྱི་བསྟན་པ་དང་སྒྲུབ་པའི་དུས་ཀྱི་བསྟན་པ་ཙམ་ལ་དགོངས་སོ། །ཚེ་ལོ་བདུན་བརྒྱ་པའི་བར་དུ་གནས་པར་གསུངས་པ་ནི། དེ་བཞིན་གཤེགས་པའི་སྐུ་གདུང་དང་གླེགས་བམ་ལ་སོགས་པ་ནི་རིང་དུ་གནས་པ་ཙམ་ལ་དགོངས་སོ། །དགོས་པ་ནི་ཉིས་སྟོང་ལྔ་བརྒྱའི་བར་ཙམ་ལས་ མི་གནས་པར་བཤད་པ་ནི། གདུལ་བྱ་རྣམས་སྐྱོ་བ་བསྐྱེད་དེ་ཆོས་ལ་བསྐུལ་བའི་ཕྱིར་རོ། །ཧ་ཅང་རིང་བར་གནས་པར་བཤད་པ་ཡང༌། ཞུམ་པ་གཟེངས་སྟོད་དེ་བཤད་པ་དང༌། སྒྲུབ་པ་ལ་སོགས་པ་ལ་རྩོམ་པ་ཆེན་པོས་འཇུག་པའི་ཕྱིར་ཏེ། དངོས་ལ་གནོད་བྱེད་ནི། ལྷ་མོ་དྲི་མ་མེད་པའི་ འོད་ལུང་བསྟན་པའི་མདོ་ལས། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་འགྱུར་རོ་ཞེས་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཕྱེད་དང་སུམ་སྟོང་ནས་གདོང་དམར་ཅན་གྱི་ཡུལ་དུ་དམ་པའི་ཆོས་དར་བར་ལུང་བསྟན་པ་ལ་སོགས་ པ་དང་འགལ་བའི་ཕྱིར་རོ། །དེ་བས་ན་བསྟན་པ་དམ་པའི་ཆོས་ལོ་ལྔ་སྟོང་དུ་གནས་པ་གསུངས་པ་ནི་ངེས་པའི་དོན་གྱི་ཚིག་ཡིན་ནོ། །དེ་ཡང་ཇི་ལྟར་ཞེ་ན། འདི་ལྟར་སློབ་དཔོན་དཾཥྚྲ་སེ་ནཱས་མཛད་པའི་འབུམ་ཊཱིཀ་ལེའུ་ལས། དེ་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱ་བ་ནི། དེ་བཞིན་ གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ལོ་ལྔ་སྟོང་གི་བར་དུ་དམ་པའི་ཆོས་གནས་པར་འགྱུར་ཏེ། ལོ་ལྔ་སྟོང་ལ་ལོ་ལྔ་བརྒྱ་ཕྲག་བཅུ་ཡོད་དེ། དེ་ལ་ལྔ་བརྒྱ་དང་པོ་ལ་དམ་པའི་ཆོས་སྤྱོད་པ་རྣམས་ཕལ་ཆེར་དགྲ་བཅོམ་པའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གཉིས་པ་ལ་ཕལ་ཆེར་ ཕྱིར་མི་འོང་བའི་འབྲས་བུ་ཐོབ་པར་འགྱུར། ལྔ་བརྒྱ་གསུམ་པ་ལ་ལན་ཅིག་ཕྱིར་འོང་བ་དང༌། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་བ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཆོས་རྟོགས་ཤིང་འབྲས་བུ་ཐོབ་པ་མང་བའི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཞི་པ་ལ་ནི་ལྷག་མཐོང་གི་ ཤས་ཆེ་ཞིང་ཤེས་རབ་རྣོ་བ་མང་ངོ༌། །ལྔ་བརྒྱ་ལྔ་པ་ལ་ཞི་གནས་ཀྱི་ཤས་ཆེ་སྟེ། ཏིང་ངེ་འཛིན་བསྒོམ་པ་མང་ངོ༌། །ལྔ་བརྒྱ་དྲུག་པ་ལ་ནི་ཚུལ་ཁྲིམས་དང་ལྡན་པ་མང་སྟེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་གི་ཚེ་ནི་ཞི་གནས་དང་ལྷག་མཐོང་བསྒོམ་ཞིང་ཚུལ་ཁྲིམས་དང་ལྡན་པ་མང་བས་སྒྲུབ་པ་དང་ ལྡན་པའི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བདུན་པ་ལ་ཆོས་མངོན་པ་དར་བར་འགྱུར། ལྔ་བརྒྱ་བརྒྱད་པ་ལ་མདོ་སྡེ་དར་བར་འགྱུར། ལྔ་བརྒྱ་དགུ་པ་ལ་འདུལ་བ་དར་བར་འགྱུར་ཏེ། ལྔ་བརྒྱ་ཕྲག་གསུམ་པོ་དེ་དག་ལ་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་སྡེ་སྣོད་གསུམ་ལ་བརྟེན་ཅིང་ ལུང་ལ་སྤྱོད་པ་མང་བས་ལུང་གི་ཚིགས་ཞེས་བྱའོ། །ལྔ་བརྒྱ་བཅུ་པ་ལ་སྡེ་སྣོད་གསུམ་ཡང་བཙན་པར་མི་བྱེད། ཆོས་སྤྱོད་པ་རྣམས་ཀྱང་གཞུང་ལས་འབྱུང་བ་བཞིན་དུ་ལེགས་པར་ཉམས་འོག་ཏུ་མི་ཆུད་དེ། མཚན་མ་ཙམ་ཞིག་སྤྱོད་པ་མང་བས་མཚན་མ་ཙམ་གྱི་ཚིགས་ཞེས་བྱ་སྟེ། དེ་ལ་ལྔ་བརྒྱ་ཕྲག་བཅུའི་ཐ་མ་འདི་ལ་ཕྱི་མའི་དུས་ལྔ་བརྒྱ་ཐ་མ་ཞེས་བྱའོ་ཞེས་ཏེ། དེ་ལའང་འབྲས་བུ་ཐོབ་པ་མང་བའི་ཚིགས་གསུམ་དང༌། སྒྲུབ་པ་དང་ལྡན་པའི་ཚིགས་གསུམ་དང༌། ལུང་གི་ཚིགས་གསུམ་དང༌། མཚན་མ་ཙམ་གྱི་ཚིགས་ཞེས་ཐ་སྙད་དུ་མཛད་པས་ལོ་ལྔ་སྟོང་དུ་ གནས་པར་གསུངས་པ་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ཏིང་ངེ་འཛིན་རྒྱལ་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་ཀྱང༌། བརྒྱ་ཕྲག་ལྔ་བསྡུས་པ་ནི་ལྔ་བརྒྱ་སྟེ། དེ་བཞིན་གཤེགས་པའི་དམ་པའི་ཆོས་གནས་པའི་དུས་ལོ་ལྔ་སྟོང་གནས་སོ་ཞེས་ཟེར་རོ། །ལོ་ལྔ་ སྟོང་ལ་ལྔ་བརྒྱ་ལྔ་བརྒྱ་ཐ་དད་དུ་བྱས་པའི་དབང་དུ་བྱས་ནས་ལྔ་བརྒྱ་ཕྲག་བཅུར་འགྱུར་བས་དུས་བཅུར་འགྱུར་ཏེ། རེ་ཞིག་དང་པོར་ནི་མངོན་པར་རྟོགས་པའི་དུས་ཡིན་ནོ། །དེ་ནས་བསྒྲུབ་པའི་དུས་སོ། །དེ་ནས་ལུང་གི་དུས་ཞེས་བྱ་བས་དུས་གསུམ་མོ། །དེ་ལ་ མངོན་པར་རྟོགས་པའི་དུས་ཀྱང་གསུམ་དུ་འགྱུར་ཏེ། དགྲ་བཅོམ་པའི་དུས་དང༌། ཕྱིར་མི་འོང་བའི་དུས་དང༌། རྒྱུན་དུ་ཞུགས་པའི་དུས་སོ། །བསྒྲུབ་པའི་དུས་ཀྱང་རྣམ་པ་གསུམ་དུ་འགྱུར་ཏེ། ལྷག་མཐོང་གི་དུས་དང༌། ཏིང་ངེ་འཛིན་གྱི་དུས་དང༌། ཚུལ་ཁྲིམས་ཀྱི་དུས་སོ། །ལུང་ གི་དུས་ཀྱང་གསུམ་དུ་འགྱུར་ཏེ། ཆོས་མངོན་པའི་སྡེ་སྣོད་ཀྱི་དུས་དང༌། མདོ་སྡེའི་སྡེ་སྣོད་ཀྱི་དུས་དང༌། འདུལ་བའི་སྡེ་སྣོད་ཀྱི་དུས་སོ། །དེ་ལྟར་དུས་དགུ་དང༌། རྟགས་ཙམ་འཛིན་པའི་དུས་དང་བཅུར་འགྱུར་རོ། །དེ་ལ་དུས་རེ་རེ་ལ་ཡང་ལོ་ལྔ་བརྒྱ་ལྔ་བརྒྱར་འགྱུར་ཏེ། དེ་ལྟར་དུས་བཅུ་ལ་ལྔ་བརྒྱ་ཕྲག་བཅུ་ཡིན་ པས་ལོ་ལྔ་སྟོང་དུ་འགྱུར་རོ། །དེ་ལ་ལྔ་བརྒྱ་ཕྲག་དང་པོ་ལ་ནི་དགྲ་བཅོམ་པའོ། །གཉིས་པ་ལ་ནི་ཕྱིར་མི་འོང་བའོ། །གསུམ་པ་ལ་ནི་རྒྱུན་དུ་ཞུགས་པའོ། །བཞི་པ་ལ་ནི་ལྷག་མཐོང་ངོ༌། །ལྔ་པ་ལ་ནི་ཏིང་ངེ་འཛིན་ནོ། །དྲུག་པ་ལ་ནི་ཚུལ་ཁྲིམས་སོ། །བདུན་པ་ལ་ནི་ཆོས་མངོན་ པའོ། །བརྒྱད་པ་ལ་ནི་མདོ་སྡེའོ། །དགུ་པ་ལ་ནི་འདུལ་བའོ། །ལྔ་བརྒྱ་ཕྲག་བཅུ་པ་ལ་ནི་རྟགས་ཙམ་མོ། །དེ་ལྟ་བུ་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ། །ལྔ་བརྒྱ་ཞེས་བྱ་བ་ཁ་ཅིག་གཞན་དུ་འདོན་ཏེ། ལྔ་བརྒྱ་ཞེས་བྱ་བ་ནི་རིང་པོ་བོར་བའོ་ཞེས་ཟེར་རོ། །གཞན་དག་ནི་འདི་སྐད་སྨྲ་སྟེ། མི་རྣམས་ནི་ཚེ་ཚད་ལོ་བརྒྱ་ཡིན་ནོ། །དེ་ལ་དང་པོའི་ལོ་ལྔ་བཅུ་ལ་ནི་ཁ་དོག་དང༌། གཟུགས་དང༌། སྟོབས་དང༌། ཤེས་རབ་ལ་སོགས་པ་འཕེལ་བར་འགྱུར་བ་ཡིན་ནོ། །ཕྱེད་ཕྱི་མའི་ལྔ་བཅུ་ལ་ནི་དེ་དག་རིམ་གྱིས་འགྲིབ་པར་འགྱུར་བ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་ཐམས་ ཅད་ཀྱི་དུས་ཀྱི་ཐ་མ་ལ་བབ་པའི་ཚེ་ཕྱེད་ཕྱི་མའི་ལྔ་བཅུའི་ཐ་མ་ལ་བབ་པ་འདྲ་བར་ཐ་མར་གྱུར་པ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ཀྱི་ཚེ་མངོན་པར་རྟོགས་པ་ནུབ་པར་འགྱུར་བའི་དུས་ན་མངོན་པར་རྟོགས་པ་ཡོད་པར་མི་འགྱུར་རོ། །ལུང་གི་ཆོས་ཀྱང་འདྲི་བ་དང༌། འདྲིར་འཇུག་པ་ དང༌། ཀློག་པ་དང༌། འདོན་པ་ལ་སོགས་པ་ལ་ཉོན་མོངས་པ་དང༌། གྲོགས་ངན་པ་ལ་སོགས་པས་ཀུན་ནས་དཀྲུགས་པས་འཇིག་རྟེན་རྣམས་འཇུག་པར་མི་འགྱུར་རོ། །དེ་ལྟ་བུར་གྱུར་པ་ནི་ནུབ་པའོ་ཞེས་མངོན་པར་རྟོགས་པའི་དུས་གསུམ་དང༌། སྒྲུབ་པའི་དུས་གསུམ་དང༌། ལུང་གི་དུས་གསུམ་དང༌། རྟགས་ཙམ་འཛིན་པའི་དུས་ཞེས་ལྔ་བརྒྱ་ཕྲག་བཅུར་གསུངས་པ་དང༌། ཡུམ་གསུམ་གྱི་རྒྱ་ཆེར་བཤད་པ་ལས་ཀྱང་དེ་དང་མཐུན་པར་བཤད་དོ། །དེས་ན་དེ་བཞིན་གཤེགས་པའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ལས་ལོ་སྟོང་ཕྲག་རེ་ལ་ལྔ་བརྒྱ་ལྔ་བརྒྱའི་ དབང་དུ་བྱས་ན་ལྔ་བརྒྱ་ཕྲག་བཅུར་འགྱུར་རོ། །དེ་ལ་ལྔ་བརྒྱ་དང་པོ་དང་གཉིས་པ་དང་གསུམ་པ་རྣམས་ལ་རིམ་པ་ལྟར་དགྲ་བཅོམ་པ་དང༌། ཕྱིར་མི་འོང་བ་དང༌། རྒྱུན་དུ་ཞུགས་པ་མང་དུ་འབྱུང་བས། དུས་དེ་དག་ལ་དགྲ་བཅོམ་པའི་དུས་དང༌། ཕྱིར་མི་འོང་བའི་དུས་དང༌། རྒྱུན་དུ་ཞུགས་པའི་ དུས་ཞེས་བྱ་སྟེ་ཁོང་དུ་ཆུད་པའི་དུས་གསུམ་མོ། །དེ་ནས་ལྔ་བརྒྱ་བཞི་པ་དང༌། ལྔ་པ་དང་དྲུག་པ་རྣམས་ལའང་རིམ་པ་བཞིན་དུ་ལྷག་མཐོང་དང༌། ཏིང་ངེ་འཛིན་དང༌། ཚུལ་ཁྲིམས་དང་ལྡན་པ་མང་དུ་འབྱུང་བས། ལྷག་མཐོང་གི་དུས་དང༌། ཏིང་ངེ་འཛིན་གྱི་དུས་དང༌། ཚུལ་ཁྲིམས་ ཀྱི་དུས་ཞེས་བྱ་སྟེ་སྒྲུབ་པའི་དུས་གསུམ་མོ། །དེ་ནས་ལྔ་བརྒྱ་བདུན་པ་དང་བརྒྱད་པ་དང་དགུ་པ་རྣམས་ལའང་རིམ་པ་བཞིན་དུ་ཆོས་མངོན་པ་དང༌། མདོ་སྡེ་དང་འདུལ་བ་སྟོན་པ་མང་དུ་འབྱུང་བས། མངོན་པའི་དུས་དང༌། མདོ་སྡེའི་དུས་དང༌། འདུལ་བའི་དུས་ཞེས་བྱ་སྟེ་ལུང་གི་དུས་ གསུམ་མོ། །དེ་ནས་ལྔ་བརྒྱ་བཅུ་པ་ལ་ནི་རབ་ཏུ་བྱུང་བའི་རྟགས་ཙམ་ལས་ལྟ་སྤྱོད་རྣལ་མ་དང་མི་ལྡན་པ་མང་དུ་འབྱུང་བས། རྟགས་ཙམ་འཛིན་པའི་དུས་ཏེ་འདི་ལ་ལྔ་བརྒྱ་པ་ཞེས་འདོད་དེ། དེ་ལྟར་ན་བསྐལ་པ་བཟང་པོའི་རྣམ་པར་འདྲེན་པ་བཞི་པ་འདིའི་བསྟན་པ་ལོ་ལྔ་སྟོང་དུ་གནས་པ་ སྒྲ་ཇི་བཞིན་པའི་དོན་དུ་གནས་པ་ནི་མཁས་པ་ཕལ་ཆེར་མི་བཞེད་པ་མེད་པའི་ཕྱིར་རོ།། །།གཉིས་པ་དེ་ལས་ཆོས་སྦྱིན་འདིའི་ཕྱི་མོ་བསྒྲུབ་པའི་དུས་བཀར་བ་ལ། མཁས་པ་གཞན་གྱི་བཞེད་པ་ལྟར་བཀར་བ་དང༌། རང་ཉིད་འདོད་པའི་རྗེས་སུ་འབྲངས་ནས་བཀར་ཏེ་བཤད་པའོ། །དང་ པོ་ནི། དེ་ལྟར་བསྟན་པའི་གནས་ཚད་ལོ་ལྔ་སྟོང་དུ་བཤད་པ་དེ་ལས་སྔོན་དུ་ཇི་ཙམ་ཞིག་འདས་པར་གྱུར་པའི་དུས་ན། དེང་གི་བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་སྦྱིན་གྱི་མ་མོ་འདི་བསྒྲུབས་པ་ཡིན་ཞེ་ན། བཤད་པར་བྱ་སྟེ། དེ་ལ་ཐོག་མར་གྲངས་སུ་རྩི་བར་བྱེད་པས་ ལོར་འཇོག་པའི་རྒྱུ་མཚན་ཅུང་ཟད་བཤད་ན་འདི་ལྟ་སྟེ། དམ་པའི་ཆོས་འདུལ་བའི་ལུགས་ལྟར་ན། མངོན་པ་མཛོད་ལས། སྐད་ཅིག་མ་བརྒྱ་ཉི་ཤུ་ལ། །དེ་ཡི་སྐད་ཅིག་དེ་དག་ཀྱང༌། །དྲུག་ཅུ་ལ་ནི་ཐང་གཅིག་གོ །ཡུད་ཙམ་ཉིན་ཞག་ཟླ་གསུམ་ནི། །གོང་ནས་གོང་དུ་སུམ་ཅུར་ འགྱུར། །ཞག་གི་ཐུབ་དང་བཅས་པ་ཡི། །ཟླ་བ་བཅུ་གཉིས་ལ་ལོ་གཅིག །ཅེས་དང༌། འཇིག་རྟེན་གཞག་པ་ལས། འདི་ལྟ་སྟེ་བུད་མེད་བལ་འཁལ་པ་འབྲིང་གིས་ཧ་ཅང་ཡང་མི་རིང་ཧ་ཅང་ཡང་མི་ཐུང་བར་སྙོད་པ་དེ་ཙམ་གྱི་ཡུན་ནི་སྐད་ཅིག་གི་ཚད་ཡིན་ནོ། །དེ་ལྟ་བུའི་སྐད་ཅིག་ བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ །དེའི་སྐད་ཅིག་དེ་ལྟ་བུ་དྲུག་ཅུ་ལ་ཐང་གཅིག་གོ། །ཐང་གཅིག་དེ་ལྟ་བུ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ། །ཡུད་ཙམ་དེ་ལྟ་བུ་སུམ་ཅུ་ལ་ཉིན་ཞག་གཅིག་གོ། །དེ་སུམ་ཅུ་ལ་ཟླ་བ་གཅིག་གོ །ཟླ་བ་སུམ་ཅུ་ལ་ལོ་གཅིག་གོ་ཞེས་དང༌། གསོ་བ་རིག་ པའི་རྒྱུད་བཞི་ལས། སྐད་ཅིག་ལ་སོགས་ཐང་གཅིག་ཡུད་ཙམ་ལ། །ཉིན་ཞག་ཟླ་བ་དུས་དང་ལོར་འགྱུར་ཏེ། །ཞེས་དང༌། ཟླ་ཟེར་ལས། པུས་མོ་གཡས་པའི་ལྷ་ང་ནི། །ལག་རྩེའི་བསྐོར་བའི་བར་དང་ནི། །མིག་འབྱེད་འཛུམ་དང་མཉམ་པ་ཡི། །ཡུན་ནི་གྲངས་ཀྱི་ཚད་དུ་བཤད། ། ཅེས་པ་ལྟར་སྐྱེས་བུ་དར་ལ་བབ་པ་ཞིག་གིས་སེ་གོལ་གཏོགས་པའི་ཡུན་ལ་བཞེད་པ་དང༌། དོན་ལ་སེམས་ཀྱི་རྣམ་པར་རྟོག་པ་སྐད་ཅིག་མ་གཅིག་ཡིན་ལ། དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་དང༌། དེའི་སྐད་ཅིག་མ་སུམ་ཅུ་ལ་ཐང་གཅིག་གོ། །དེ་སུམ་ཅུ་ལ་ཡུད་ཙམ་མོ། །དེ་ སུམ་ཅུ་ལ་ཉིན་ཞག་གཅིག་གོ། །དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། །དེ་གཉིས་ལ་དུས་གཅིག་གོ། །དུས་དྲུག་ལ་ལོར་བརྩི་བ་དང༌། ཡང་དེ་དབུགས་ཀྱི་སྒོ་ནས་བརྩི་བ་ནི། ཤིག་ལ་སོགས་པ་ཕྲ་མོ་དང༌། མི་དང༌། ཡི་དྭགས་ཆེན་པོ་དང༌། ལྷ་དང༌། ལྷ་མ་ཡིན་དང༌། ནུས་ པའི་མིང་ཅན་འོག་མིན་པ་དང༌། གཙོ་བོའི་མིང་ཅན་སྲིད་རྩེ་བ་རྣམས་ཏེ། འགྲོ་བ་བདུན་གྱི་དབུགས་སུམ་བརྒྱ་དྲུག་ཅུར་ཆུ་ཚོད་གཅིག་གོ། །དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་ཞག་གཅིག་གོ། །དེ་སུམ་བརྒྱ་དྲུག་ཅུ་ནི་རང་རང་གི་ལོ་ཡིན་པས་མིའི་ཆུ་ཚོད་གཅིག་ལ་སྲོག་ཆགས་ཕྲ་མོའི་ལོ་གཅིག་སྟེ། ཉིན་ཞག་གཅིག་ལ་ལོ་དྲུག་ཅུར་ཕྱིན་པར་འགྱུར་བ་དང༌། ཡི་དྭགས་ཆེན་པོ་ནི། འཇིག་རྟེན་གདགས་པ་ལས། མི་རྣམས་ཀྱི་ཉིན་ཞག་གསུམ་ཅུ་གང་ཡིན་པ་དེ་ནི་ཡི་དྭགས་རྣམས་ཀྱི་ཉིན་ཞག་གཅིག་སྟེ་ཞེས་དང༌། མངོན་པ་མཛོད་ལས། མཆོག་རིང་བསྐལ་པའོ་ཡི་དྭགས་རྣམས། །ཟླ་བ་ཉིན་ཞག་གི་ལྔ་བརྒྱ། ། ཞེས་དང༌། བཤེས་པའི་སྤྲིང་ཡིག་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་ཡི་དྭགས་ཆེན་པོ་རྣམས་ཀྱི་ཞག་གཅིག་ལ་ཉིན་ཞག་སུམ་ཅུར་འགྱུར་བ་ལ་སོགས་པས་འགྲོ་བ་བདུན་པོ་རང་རང་གི་ལོ་གྲངས་བགྲང་ལུགས་མི་འདྲ་བར་འགྱུར་ཞིང༌། དེ་དག་གི་ལོས་གཞལ་ན། མི་ལོ་གཅིག་ ལ་ཕྲ་མོའི་ལོ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཡི་དྭགས་ཆེན་པོའི་ཞག་བཅུ་གཉིས་སོ། །ལྷའི་ཉིན་ཞག་གཅིག་གོ། །ལྷ་མ་ཡིན་གྱི་ཆུ་ཚོད་གཅིག་གོ། །ནུས་པའི་མིང་ཅན་ནམ། འོག་མིན་པའི་དབུགས་གཅིག་གོ། །གཙོ་བོའི་མིང་ཅན་ནམ་སྲིད་པའི་རྩེ་མོ་བའི་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའི་ ཆ་གཅིག་རྣམས་དང༌། གཟའ་བརྒྱད་པོ་རང་རང་གི་རྒྱུ་སྐར་གྱི་འཁོར་ལོ་འཁོར་བའི་ཡུན་ཚད་རང་རང་གི་ཞག་ཏུ་བྱས་པའི་ཞག་ཕྱེད་གཉིས་ལ་མི་ལོ་བརྒྱ་འབྱུང་ངོ༌། །དེ་ཡན་མི་ལོ་ས་ཡ་གཉིས་དང་བཞི་འབུམ་ལ་སོགས་པ་གཙོ་བོའི་འཕོ་ཆེན་གཅིག་གི་ཡུན་དུ་གསུངས་པ་སོགས་མང་དུ་སྣང་ བ་ལས། འདིར་མདོར་བསྡུས་སྙིང་པོ་ནི། དུས་ཀྱི་འཁོར་ལོ་ལས། རྒྱལ་པོ་ལོ་ནི་མཐའ་དག་རྗེས་སུ་ཉིན་ཞག་དུས་སྦྱོར་ཆུ་ཚོད་དག་དང་ཆུ་ཡི་སྲང་རྣམས་ཏེ། །ཞེས་དང༌། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཐོག་མར་འབྱུང་དང་རྔུབས་པའི་གྲངས། །ཉིས་ཁྲི་དང་ནི་ཆིག་སྟོང་དང༌། །དེ་བཞིན་གྲངས་ནི་བརྒྱ་ཕྲག་དྲུག ། ཉིན་དང་མཚན་མོར་ངེས་པར་རྒྱུ། །ཞེས་དང༌། རྗེ་ངོར་ཆེན་ཐམས་ཅད་མཁྱེན་པས། དེ་ལྟར་སྣ་སྒོ་གཉིས་ནས་འབྱུང་བའི་རླུང༌། །ལྡང་འཇུག་གནས་གསུམ་བསྡོམས་པ་ཞག་རེ་ལ། །ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྟག་པར་རྒྱུ། །དེ་ལྟར་འོང་བའང་སྔ་མའི་བག་ཆགས་ནི། །སེམས་ལ་གནས་པ་ལུས་ལ་སྨིན་པ་ སྟེ། །དེ་ཡི་དབང་གིས་ཕྱི་རོལ་དུས་སོགས་སྣང༌། །ཞེས་སྐྱེས་བུ་ནད་མེད་ཅིག་གི་དབང་དུ་བྱས་ནས། ཉིན་ཞག་ཕྲུགས་གཅིག་ལ་སྣ་སྒོ་གཉིས་ནས་རླུང་ལྡང་འཇུག་གནས་གསུམ་བསྡོམས་པ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་སྟེ། དེ་ལྟར་འོང་བའི་འཐད་པའང་ཚེ་རབས་སྔ་མའི་ཕྱི་རོལ་ གྱི་བག་ཆགས་སེམས་ལ་གནས་པ་ནང་དུ་ལུས་ལ་སྨིན་ཅིང༌། དེའི་དབང་གིས་ཕྱི་རོལ་གྱི་ཡུལ་རྣམས་སྣང་བར་གསུངས་སོ། །དེས་ན་ནང་རླུང་གི་དབང་ལས་ཕྱི་རོལ་གྱི་ཆུ་སྲང་དང་ཆུ་ཚོད་ལ་སོགས་པའི་དུས་རྣམས་འབྱུང་བ་ཡིན་ཞིང༌། དེ་དག་རྟོགས་བྱེད་དུས་ཀྱི་འཁོར་ལོ་པའི་རི་མོ་བ་རྣམས་ཀྱང་རགས་པར་མི་ནད་ མེད་ཀྱི་དབུགས་འབྱུང་འཇུག་གནས་གསུམ་གཅིག་ཏུ་བྱས་པ་དྲུག་ལ་སྲང་དང༌། དེ་དྲུག་ཅུ་ལ་ཆུ་ཚོད་དང༌། དེ་དྲུག་ཅུ་ལ་ཉིན་ཞག་དང༌། ཉིན་ཞག་བཅོ་ལྔ་ལ་ཕྱོགས་དང༌། ཕྱོགས་གཉིས་ལ་ཟླ་བ་དང༌། ཟླ་བ་གཉིས་ལ་དུས་དྲུག་གི་གཅིག་དང༌། ཟླ་བ་གསུམ་ལ་དུས་བཞིའི་དུས་གཅིག་དང༌། ཟླ་བ་བཞི་ལ་ དུས་གསུམ་གྱི་དུས་གཅིག་དང༌། ཟླ་བ་དྲུག་ལ་བགྲོད་པར་འཇོག་ཅིང༌། བགྲོད་པ་གཉིས་ལ་ནི་ལོ་གཅིག་ཅེས་བཤད་དོ། །དེ་ལྟ་བུའི་ལོའི་སྐད་དོད་ལ་ལེགས་པར་སྦྱར་བའི་སྐད་དུ་ཝརྵ་ཞེས་འབྱུང་ཞིང༌། དེ་ལའང་ཡང་བགྲང་དང༌། བགྲང་བྱ་དང༌། བགྲང་གཞི་དང༌། རང་སྐྱོབ་དང༌། འདོར་བྱེད་ཅེས་བྱ་བ་ རྣམས་ནི་མིང་གི་རྣམ་གྲངས་ཏེ། འཆི་བ་མེད་པའི་སེང་གེས། ཡང་བགྲང་བགྲང་གཞི་རང་སྐྱོབ་དང༌། །འདོར་བྱེད་ཅེས་བྱ་ལོ་ཡི་མིང༌། །ཞེས་སོ། །དེ་ལྟ་བུ་འཇལ་བྱེད་ལོའི་གྲངས་ཀྱི་ངེས་པས་གཏན་ལ་དབབ་པ་ལ། འཕགས་པའི་ཡུལ་གྱི་མཁས་པ་ཆེན་པོ་དཔལ་ལྡན་ཨ་ཏི་ཤའི་བཞེད་པས། བདག་ཅག་གི་སྟོན་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད་ཞིང་འདིའི་གདུལ་བྱར་གྱུར་པ་རྣམས་དམ་པའི་ཆོས་ཀྱིས་འདུལ་བ་དུས་ལ་བབ་པར་མཁྱེན་ནས་མཆོག་གི་སྤྲུལ་པའི་སྐུར་བྱོན་པ་ན། ཤིང་མོ་གླང་གི་ལོ་ལ་སྐུ་བལྟམས་ནས། ས་མོ་ཕག་ལ་མངོན་པར་རྫོགས་པར་སངས་རྒྱས་པ་དང༌། ཤིང་ཕོ་སྤྲེའུའི་གནམ་ ལོའི་སྟོན་ཟླ་ཐ་ཆུངས་ཀྱི་ཡར་ངོའི་ཚེས་བརྒྱད་ལ་མྱ་ངན་ལས་འདས་པར་འདོད་དེ། དེ་ལྟར་ན་སྟོན་པ་མྱ་ངན་ལས་འདས་ནས་དེང་གི་དུས་ཀྱི་ཆོས་ཀྱི་སྦྱིན་པའི་མ་མོ་འདིའི་དབུ་དང་པོར་ཚུགས་པའི་བར་ལ་ལོ་གྲངས་སུམ་སྟོང་དང་བརྒྱད་བརྒྱ་སྔོན་དུ་འདས་པར་གྲུབ་བོ། །འདི་ལ་འགོས་ལོ་གཞོན་ནུ་དཔལ་གྱིས་ལུགས་ འདི་ནི་སྟོད་ལུངས་པ་ཇོ་བོ་ཚུལ་ཁྲིམས་བྱ་བའི་འདོད་པ་ཡིན་གྱི། ཇོ་བོའི་བཞེད་པ་མ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཀསྨི་རའི་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱིའི་ལུགས་ལ་ནི། སྟོན་པ་འདི་ཉིད་མེ་མོ་སྦྲུལ་གྱི་ལོ་ལ་སྐུ་བལྟམས་ཤིང༌། མེ་ཕོ་བྱི་བའི་ལོར་མྱ་ངན་ལས་འདས་པར་འདོད་པ་ཡིན་ཏེ། དེ་ལྟར་ན་སྟོན་པ་མྱ་ངན་ལས་ འདས་ནས་འདིའི་བར་ལ་བགྲང་གཞི་ཉིས་སྟོང་དང་ཉིས་བརྒྱ་བདུན་ཅུ་རྩ་དགུ་སྔོན་དུ་བརྒལ་བར་ཤར་རོ། །འདི་ལ་ཆོས་རྗེ་ས་སྐྱ་པའི་ཞལ་ནས། ལུགས་དེ་ནི་རྒྱ་གར་ན་ཉན་ཐོས་སེནྡྷ་བ་རྣམས་དུས་བརྗོད་པའི་ཚེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་ནུབ་རེ་ཞིང་བརྩི་བ་ཞིག་ཡོད་པ་ལ། དེའི་ལུགས་མ་ག་དྷཱའི་བྱང་ཆུབ་ ཆེན་པོའི་སྐུ་གཟུགས་དེ། སློབ་དཔོན་མཐོ་བཙུན་གྲུབ་རྗེ་དང་བདེ་བྱེད་བདག་པོས་མཛད་པར་བཞེད་ནས། ཙནྡན་གྱི་ལྡེ་གུ་སྤུངས་པ་ན་རང་བྱུང་དུ་འཁྲུངས་པའི་དུས་དེ་ནས་བཟུང་བའི་དུས་ཚིགས་འཁྲུལ་ཏེ། སྟོན་པ་འདས་ནས་ལོ་འདི་སོང་ཞེས་བརྩིས་པ་དེའི་རྗེས་སུ་འབྲངས་ནས། རྒྱ་བལ་ཁ་ཆེའི་པཎྜི་ཏ་ཕལ་ ཆེར་བཞེད་ཀྱང་ཡིད་བརྟན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེང་སང་ཡོངས་སུ་གྲགས་ཆེ་བ་པདྨ་དཀར་པོའི་ཞལ་ལུང་གི་རྗེས་སུ་འབྲངས་ནས་ལེགས་པར་བཤད་པའི་བསྟན་བཅོས་ཆེན་པོ་བཻ་ཌཱུརྻ་དཀར་པོ་སྟེ། དེ་ལས་བྱུང་བའི་ལུགས་ལྟར་ན་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་བཅོ་ལྔ་ལ་ བདག་ཅག་གི་སྟོན་པ་འདི་ཉིད་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་དེང་གི་ཆོས་ཀྱི་སྦྱིན་པ་འདི་བརྩམས་པའི་བར་ལ་ལོ་ཉིས་སྟོང་དང་དྲུག་བརྒྱ་དགུ་བཅུ་རྩ་བརྒྱད་འདས་ཤིང༌། དྲག་པོ་ལྕགས་སྤྲེལ་གྱི་གནམ་ལོའི་ས་ག་ཟླ་བའི་བཟང་པོ་གཉིས་པའི་ཚེས་ལ་ཟླ་སྐར་རྒྱལ་ལ་བབ་པའི་དུས་སུ་སྐུ་བལྟམས་ནས་ཟླ་བའི་ཕུང་པོ་ ཉིས་སྟོང་དྲུག་བརྒྱ་དང་དགུ་བཅུ་རྩ་བདུན་སྔོན་དུ་བརྒལ་བ་དང༌། ཤིང་རྟ་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མངོན་པར་རྫོགས་པར་སངས་རྒྱས་ནས། ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་ལྔ་སྡེར་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ལོ་ཉིས་སྟོང་དང་དྲུག་བརྒྱ་དྲུག་ཅུ་རྩ་གསུམ་འདས་པ་དང༌། དཔའ་བོ་ལྕགས་ འབྲུག་གི་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་ལྷོ་ཕྱོགས་ཤྲཱི་དྷ་ནྱ་ཀ་ཊ་ཀར། སངས་རྒྱས་ཀུན་གྱི་གསུང་གི་གསང་བ་འཛིན་པ་པོ་ལག་ན་རྡོ་རྗེ་ཉིད་མིའི་དབང་པོའི་ཚུལ་བཟུང་བའི་ཆོས་རྒྱལ་ཟླ་བ་བཟང་པོ་ལ་སོགས་པའི་སྐལ་བར་ལྡན་པའི་གདུལ་བྱ་རྣམས་ལ། བདེན་དོན་ཡན་ལག་བཅུ་གཉིས་པ་དམ་པ་དང་པོའི་ སངས་རྒྱས་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་གསུངས་ནས། ལོ་དེ་ཉིད་ཀྱི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་བགྲང་བྱ་ཉིས་སྟོང་དྲུག་བརྒྱ་དང་བཅུ་བདུན་འདས་པ་དང༌། ཤིང་སྤྲེལ་གྱི་ལོ་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་གསང་བ་གསུམ་པོ་གཅིག་ཏུ་བསྡུས་ པའི་རང་གཟུགས། སྙིགས་མའི་དུས་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ལས། གསང་སྔགས་རྙིང་མའི་ཐེག་པ་ཟབ་མོས་འདུལ་བར་གྱུར་པའི་སྐལ་ལྡན་གྱི་གདུལ་བྱ་རྣམས་ཡང་དག་པའི་ལམ་ལ་འཁྲིད་པར་མཛད་པའི་སློབ་དཔོན་ཆེན་པོ་མཚོ་ལས་སྐྱེས་པའི་རྡོ་རྗེ་དེ་ཉིད་དྷ་ན་ཀོ་ཤའི་རྒྱ་མཚོའི་གླིང་ག་ལ་ བ་ན་ངོ་མཚར་པདྨའི་གཞལ་མེད་ཁང་དམ་པའི་ནང་ན་བརྫུས་ཏེ་འཁྲུངས་ནས་ལོ་གྲངས་སྟོང་ཕྲག་གཉིས་དང་དྲུག་བརྒྱ་བཅུ་གསུམ་མོ། །ཤིང་བྱི་ལ་མ་ཧཱ་ཙི་ནའི་ཡུལ་གྱི་སྐྱེ་འགྲོ་ཐམས་ཅད་གཙུག་ལག་རྩིས་ཀྱི་བདེན་པས་འདུལ་བར་འགྱུར་བའི་དགོངས་པ་ཉེ་བར་བཞག་སྟེ། རྒྱལ་བ་ཐམས་ཅད་སྐྱེད་པའི་ཡབ་ གཅིག་ལྷག་པའི་ལྷ་མཆོག་འཇམ་དཔལ་གཞོན་ནུར་གྱུར་པ་ཉིད་གནས་རི་བོ་རྩེ་ལྔར་ཏྲྀཀྵའི་ཤིང་གི་ལྦ་བ་ལས་མཚན་དང་དཔེ་བྱད་ཀྱི་འོད་ཕུང་སྟོང་གིས་དཀྲིགས་པའི་བུས་པ་མཚར་སྡུག་གི་ཚུལ་དུ་བརྫུས་ཏེ་སྐྱེ་བའི་ཆོ་འཕྲུལ་བསྟན་ནས་ལོ་ཉིས་སྟོང་དང་ལྔ་བརྒྱ་བདུན་ཅུ་རྩ་གསུམ་སྔོན་དུ་འདས་པར་གྲུབ་བོ། །གཞན་ ཡང་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ལས་འབྱུང་བའི་རྩིས་ཀྱི་ལོ་དག་དང་བསྟུན་པའི་སངས་རྒྱས་བསྟན་པའི་རྩིས་ས་སྐྱ་ལོ་ཙཱ་བ་ལ་སོགས་པའི་མཁས་པ་ཆེན་པོ་རྣམས་ཀྱིས་མཛད་པ་ལས་ནི། ཐུབ་པའི་དབང་པོ་དོན་ཐམས་ཅད་གྲུབ་པ་འདི་ཉིད་ཤིང་ཕོ་བྱི་བའི་ལོ་ལ་སྐུ་བལྟམས་ནས་ཉི་ཤུ་རྩ་དགུར་ཁབ་ཏུ་བཞུགས་ པ་དང༌། དཀའ་བ་སྤྱད་པ་ལ་ལོ་དྲུག་དང༌། སུམ་ཅུ་རྩ་དྲུག་པ་ས་མོ་ཕག་ལ་རྡོ་རྗེའི་གདན་དུ་མངོན་པར་བྱང་ཆུབ་པ་དང༌། བརྒྱད་ཅུ་བཞེས་པ་ཆུ་མོ་ལུག་གི་ནག་པ་ཟླ་བའི་ཉ་ལ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་ཞེས་བྱ་བའི་རྩ་བའི་རྒྱུད་ཀྱི་བདུད་རྩི་ ལེགས་པར་སྩལ་ནས། ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ལ་མྱ་ངན་ལས་འདས་པར་བཞེད་དེ། དེ་ལྟར་ན་སྟོན་པས་མཛད་པའི་ཐ་མ་བསྟན་ནས་འདིའི་བར་ལ་ལོ་ཉིས་སྟོང་དང་དྲུག་བརྒྱ་བཅུ་གསུམ་སྔོན་དུ་འདས་པར་གྲུབ་བོ། །གཉིས་པ་ནི། དཔལ་ལྡན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་ པས་ཕྱི་དང་ནང་གི་ཤེས་བྱའི་གནས་ཐམས་ཅད་ལ་མི་འཇིགས་པའི་བློ་གྲོས་བརྙེས་ནས་སྨྲ་བའི་རྒྱལ་པོར་གྱུར་པ་ཆོས་ཀྱི་རྗེ་དཔལ་ལྡན་ས་སྐྱ་པས། དྲི་མ་མེད་པའི་མདོ་སྡེ་ལ་སོགས་པའི་ལུང་དོན་དང་ལེགས་པར་སྦྱར་ཏེ་ཡང་དག་པར་བཤད་པའི་ལུགས་ལ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱའི་རྒྱལ་པོ་ འདི་ཉིད་རབ་བྱུང་མེ་ཡོས་ཀྱི་ལོ་ལ། དགའ་ལྡན་འཆི་བ་མེད་པའི་གཞལ་མེད་ཁང་ཆེན་པོ་ནས། ཛམྦུ་རྐང་འཐུང་གི་རྒྱལ་མཚན་དམ་པས་ཉེ་བར་མཚན་པའི་ཞིང་འདིའི་གདུལ་བར་བྱ་བ་རྒྱ་མཚོ་ཆེན་པོའི་རྡུལ་གྱི་གྲངས་སྙེད་རྣམས་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དམ་པས་འདུལ་བའི་དུས་ལ་བབ་པར་མཁྱེན་པ་ན། གཟིགས་པ་རྣམ་པ་ལྔས་གཟིགས་ཏེ། དཔལ་འབྱོར་ཕུན་སུམ་ཚོགས་པས་མངོན་པར་གཏམས་པའི་གྲོང་ཁྱེར་ཆེན་པོ་སེར་སྐྱ་ཞེས་བྱ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ངོ་བོ་སྒྱུ་འཕྲུལ་ལྷ་མོའི་ཁོངས་སུ་ལྷ་རྣམས་ཀྱིས་མངོན་པར་སྤྲུལ་པའི་གཞལ་མེད་ཁང་དམ་པ་ག་ལ་བ་དེ་ན། གླང་པོ་ཆེའི་མཆོག་ཐལ་ཀར་མཆེ་ བ་དྲུག་དང་ལྡན་པའི་རྣམ་པ་ཅན་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་རྫོགས་པ་སྟོད་འགྲེལ་གྱི་སྐད་དུ་རྣམ་བྱུང་སྟེ་དབང་ཐང་དང་བསྟུན་པའི་མིང་ས་འབྲུག་ཅེས་བྱ་བའི་ལོ་ལ་འཇིག་རྟེན་གྱི་ཁམས་ཐམས་ཅད་བཀྲ་ཤིས་པའི་ལྟས་ཀྱིས་ཡོངས་སུ་དཀྲིགས་པ་དང་བཅས་ཏེ། ལུམྦིའི་ཚལ་དུ་ཡུམ་གྱི་དཀུ་གཡོན་པ་ནས་ སྒྱུ་མའི་ཚུལ་གྱིས་བལྟམས་ནས། དེང་གི་དུས་ཀྱི་ལེགས་བྱས་པར་གྱི་སྒོ་ཆེན་རྣམ་པར་འབྱེད་པའི་འགོ་དང་པོར་ཚུགས་པའི་བར་ལ་ལོ་གྲངས་སུམ་སྟོང་དང་དགུ་བརྒྱ་བཞི་བཅུ་རྩ་དགུ་ཡོངས་སུ་འདས་པ་དང༌། དགུང་ལོ་སུམ་ཅུ་རྩ་ལྔར་སོན་པ་ཆུ་སྟག་གི་ལོའི་ས་ག་ཟླ་བའི་ཉ་གང་བ་ལ། སངས་རྒྱས་སྟོང་གིས་བྱང་ ཆུབ་ཀྱི་སྙིང་པོ་མངོན་དུ་མཛད་པའི་གནས་མ་ག་དྷཱར་བྱང་ཆུབ་ལྗོན་པའི་དྲུང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་མཛད་པའི་ཚུལ་བསྟན་ཏོ། །དེ་ནས་ཀྱང་ཞག་བདུན་ཕྲག་བདུན་བརྒལ་བའི་ཆུ་སྟོད་ཟླ་བའི་ཚེས་བཞི་ལ་གཟུགས་ཁམས་ཀྱི་ཚངས་པ་ཆེན་པོ་དང༌། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ གྱིས་འོངས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་ནས། ཝཱ་རཱ་ཎ་སཱིར་ལྔ་སྡེ་ལ་བདེན་པ་རྣམ་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས་བརྩམས་ཏེ། འཇིག་རྟེན་གྱི་ཁམས་ན་སྔ་ན་མེད་པའི་ཆོས་ཀྱི་སྣང་བ་མཚུངས་པ་མེད་པར་བཀྱེ་བ་ལ་སོགས་པ་བགྲང་གཞི་བརྒྱད་ཅུར་སོན་པ་མེ་མོ་ཕག་གི་བར་དུ་བཞུགས་ ཏེ། ལོ་དེ་ལ་གྲོང་ཁྱེར་རྩྭ་ཅན་དུ་མཛད་པའི་ཐ་མ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ནས་ལོ་སུམ་སྟོང་དང་བརྒྱད་བརྒྱ་བདུན་ཅུ་ཐམ་པ་སྔོན་དུ་བརྒལ་ཏོ། །གཞན་ཡང་འཇམ་དཔལ་རྩ་བའི་རྒྱུད་ལས། ལོ་ནི་དྲུག་བརྒྱ་དག་ཏུ་འཚོ། །ཞེས་ལུང་བསྟན་པ་ལྟར། ས་འབྲུག་ལ་རབ་ཏུ་དགའ་བའི་ས་ ལ་གནས་པའི་ཡོན་ཏན་རྒྱུད་ལ་འཁྲུངས་ནས་བཀའ་དོན་མཐའ་དག་རང་དབང་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་སློབ་དཔོན་འཕགས་པ་ཀླུ་སྒྲུབ་བལྟམས་ནས་བགྲང་གཞི་སྟོང་ཕྲག་གསུམ་དང་བཞི་བརྒྱ་བདུན་ཅུ་འདས་ཤིང༌། དེ་བཞིན་དུ་སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་ཐོགས་མེད་བྱོན་པར་ རྒྱའི་མཁན་པོ་ཝན་བརྩེགས་ཀྱིས་མདོ་སྡེ་དགོངས་པ་ངེས་པར་འགྲེལ་བའི་འགྲེལ་པར་བསྟན་པ་བཞིན་དུ། ས་ཕོ་བྱི་བའི་ལོ་ལ་སྟོན་པའི་བསྟན་པ་གསལ་བར་བྱེད་པའི་སློབ་དཔོན་ཆེན་པོ་ཐོགས་མེད་ཞབས་འཁྲུངས་ནས་བགྲང་བྱ་སྟོང་ཕྲག་གཉིས་དང་དགུ་བརྒྱ་བདུན་བཅུའོ། །དམར་སེར་ཞེས་པ་མེ་མོ་སྦྲུལ་གྱི་ ལོ་ལ་འཕགས་པའི་ཡུལ་གྱི་མཁས་པ་དང་གྲུབ་པའི་དབང་ཕྱུག་ཆེན་པོ་མཐའ་དག་གི་གཙུག་གི་ནོར་བུ་ལྟ་བུར་གྱུར་པའི་ཤིང་རྟ་ཆེན་པོ་དཔལ་མཐུ་སྟོབས་ཀྱི་མགོན་པོ་བི་རཱུ་པ་དེ་ཉིད་སོ་མ་པཱུ་རིར་སྐུ་འཁྲུངས་ཡན་ཟླ་བའི་ཕུང་པོ་ཉིས་སྟོང་དང་བརྒྱད་བརྒྱ་རེ་གཅིག་གོ། །མདོ་ལས་དེ་བཞིན་གཤེགས་པ་མྱ་ངན་ལས་ འདས་ནས་ལོ་ཉིས་སྟོང་ལྔ་བརྒྱ་ན་བོད་ཀྱི་ཡུལ་དུ་དམ་པའི་ཆོས་དར་བར་ཐམས་ཅད་མཁྱེན་པའི་ཞལ་གྱི་པདྨ་ཁ་ཡོངས་སུ་བྱེ་བ་ལས་ལུང་བསྟན་རྐང་པ་དྲུག་པའི་གླུར་བླངས་པ་ལྟར་མེ་མོ་ཡོས་ཀྱི་ལོ་ལ་བསིལ་ལྡན་ཁ་བ་ཅན་གྱི་ཡུལ་འདིར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུའི་བསོད་ནམས་གཞལ་དུ་མེད་པའི་དཔྱངས་ ཐག་ལ་བརྟེན་ནས། ཕོ་བྲང་ཡུམ་བུ་གླ་སྒང་དུ་དཔང་སྐོང་ཕྱག་བརྒྱ་པ་དང་ཚིནྡྷ་མ་ཎིའི་བསྐོལ་ཕོར་ལ་སོགས་པ་བབ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་དབུ་བརྙེས་ནས་བགྲང་བར་བྱ་བ་ཆིག་སྟོང་དང་སུམ་བརྒྱ་བདུན་ཅུའོ། །ལྕགས་མོ་གླང་ལ་འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་ མ་མཆིས་པ་འཕྲུལ་སྣང་གི་གནྡྷོ་ལ་ཆེན་པོའི་ཇོ་བོ་ཤཱཀྱ་མུ་ནི་བོད་དུ་ཕེབས་ནས་ལོ་ཆིག་སྟོང་དང་ཆིག་བརྒྱ་ལྔ་བཅུ་རྩ་དྲུག་གོ །ས་གླང་ལ་སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ལ་རྒྱལ་བ་གཉིས་པ་ལྟ་བུའི་ཐུགས་རྗེ་རྨད་དུ་བྱུང་བ་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ཉིད། ཁ་བ་ཅན་གྱི་ལྗོངས་འདིར་སྔ་ན་མེད་པའི་ལེགས་ བྱས་ཀྱི་མཛའ་བོ་འགུགས་པ་ལ་རྣམ་པར་སྡང་བའི་ལྷ་འདྲེ་གདུག་པ་ཅན་རྣམས་ཀྱི་གཉེན་པོར་སྤྱན་དྲངས་ནས་བགྲང་བའི་གཞི་བརྒྱ་ཕྲག་དགུ་དང་བརྒྱད་ཅུ་རྩ་བརྒྱད་དོ། །ལྕགས་སྟག་གི་ལོ་ལ་རྟེན་དང་བརྟེན་པའི་ངོ་མཚར་གཞལ་དུ་མེད་པའི་སྣང་ཞེན་བཅོམ་པའི་ལེགས་བྱས་ཀྱི་ཞིང་བླ་ན་མེད་པ། ཟན་གཡང་ མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་བཏབ་ནས་དགུ་བརྒྱ་དང་བརྒྱད་ཅུ་རྩ་བདུན་ནོ། །ཆུ་རྟ་ལ་བདེ་ལྡན་ཞིང་གི་མགོན་པོ་སངས་རྒྱས་བཅོམ་ལྡན་འདས་འོད་མཐའ་ཡས་པའི་གསང་བ་གསུམ་གྱི་རྣམ་པར་འཕྲུལ་པའི་ཟློས་གར་ཆེན་པོས་བྱང་ཆུབ་ལམ་གྱི་རིམ་པ་མཐའ་དག་གསལ་བར་བྱེད་པའི་ འཕགས་པའི་ཡུལ་གྱི་པཎྜི་ཏ་ཆེན་པོ་དཔལ་ལྡན་མར་མེ་མཛད་བཟང་པོ་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་ལོ་བདུན་བརྒྱ་དང་ལྔ་བཅུ་རྩ་ལྔ་སྔོན་དུ་འདས་སོ། །ཆུ་མོ་གླང་ལ་ཟབ་ཡངས་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྙན་དགུ་རྫོགས་པའི་གདངས་སུ་རྟག་པར་རྒྱུན་མི་ཆད་པར་འབྱུང་བའི་གནས་སུ་གྱུར་པ་ འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་གཉིས་པ་དཔལ་ལྡན་ས་སྐྱ་ཞེས་ཡོངས་སུ་གྲགས་པའི་དྲི་བསུང་རིང་དུ་འཐུལ་བའི་དགོན་པ་ཆེན་པོ་གང་དེ་བསིལ་ལྡན་ལྗོངས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཏབ་ནས་བགྲང་བྱ་དྲུག་བརྒྱ་དང་དྲུག་ཅུ་རྩ་བཞི་འདས་སོ། །ཆུ་ཕོ་སྤྲེའུའི་ལོ་ལ་དབང་པོའི་ཕྱོགས་ཀྱི་གྲུ་འཛིན་ཞིང་ གི་མགོན་པོ་པུཎྜ་རཱི་ཀ་འཆང་བ་ཆེན་པོ། དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་ན། རང་གི་སྨོན་ལམ་གྱི་ས་བོན་ལེགས་པར་བཏབ་པ་རྗེས་སུ་དགོངས་བཞིན་དུ་སྲིད་པར་སྐྱེ་བའི་ཕྲེང་བ་བཟུང་ནས། སེམས་ཅན་གྱི་དོན་ལ་རྩེ་གཅིག་ཏུ་གཞོལ་བས་འགྲོ་བ་རྒྱ་མཚོ་བཅུ་གསུམ་རྡོ་རྗེ་འཛིན་པའི་གྲོང་དུ་འཁྲིད་ པར་བྱེད་པ། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་གསལ་བ་དེ་ཉིད་ཀྱི་གཙང་ལ་སྟོད་གྲོམ་པ་ཁའུ་ཞེས་བྱ་བར་འཁྲུངས་ནས་ལོ་དྲུག་བརྒྱ་དང་བཞི་བཅུ་རྩ་བརྒྱད་བརྒལ་བའི་དུས་སོ། །ཤིང་བྱར་བསྐལ་པ་བཟང་པོ་འདི་ལ་འབྱོན་འགྱུར་གྱི་ རྒྱལ་བ་བདུན་པ་རབ་གསལ་ཉིད་ཤཱཀྱ་སེང་གེའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེའི་དཔལ་དུ་འབྱོན་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བོད་དུ་ཕེབས་པའི་དུས་དང༌། རིག་པ་སྔགས་ཀྱི་མཐུ་གྲུབ་པའི་ངོ་མཚར་དཔག་ཏུ་མེད་པས་འགྲོ་བ་རྒྱ་མཚོ་དད་པའི་གནས་ལ་བཀོད་ནས་ཧོར་གྱི་རྒྱལ་ཁམས་སུ་ཡང་ གྲགས་པའི་ཟླ་འོད་རྣམ་པར་གསལ་བ་ཀརྨ་པཀྴི་འཁྲུངས་པ། གཉིས་ཀ་ནས་ལོ་ལྔ་བརྒྱ་དང་སོ་གསུམ་འདས་སོ། །ཆུ་སྟག་ལ་མི་ནས་མིའི་སྐྱེ་བ་ཉི་ཤུ་རྩ་ལྔ་ལ་བར་མ་ཆད་དུ་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་ནས། ཕྱི་དང་ནང་གི་རིག་པའི་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན་ ཅིང༌། ཡང་དག་པར་སྨྲ་བའི་དབང་ཕྱུག་ཆེན་པོ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་དེ་ཉིད་འཛམ་གླིང་དམ་པའི་ཆོས་ཀྱི་སྣང་བྱེད་དུ་འཁྲུངས་ནས་དགུང་ལོ་ལྔ་བཅུ་རྩ་གཅིག་ལོན་པ་ན། འཕགས་ཡུལ་རྡོ་རྗེ་གདན་ནས་དཔག་ཚད་བཅུ་དྲུག་བགྲོད་པ་མང་ཡུལ་སྐྱིད་གྲོང་གི་འཕགས་པ་ཝ་ཏིའི་གཙུག་ལག་ཁང་དང་ འདབ་འབྱོར་བའི་གནས་སུ། རྒྱ་གར་ལྷོ་ཕྱོགས་ཀྱི་ཆ་ནས་འོངས་པ་དབང་ཕྱུག་ཚངས་པའི་རྗེས་སུ་འབྲང་བའི་མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བ་ལ་སོགས་པ་རིག་པའི་གཙུག་ལག་མང་པོའི་མཐར་སོན་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱི་གྲུབ་པའི་མཐའ་ཐམས་ཅད་ལ་རྣམ་པར་སྡང་ ཡང༌།མཁས་པ་གཞན་གྱིས་ཕམ་པར་བྱ་བར་མ་ནུས་པའི་རྒོལ་བ་ངན་པ་དྲུག་ཡང་དག་པའི་ལུང་དང་རིགས་པས་སུན་ཕྱུང་སྟེ་རང་གི་བསྟན་པ་ལ་བཅུག་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ངན་སྨྲས་ཀྱི་རྨ་མེད་པར་མཛད་ནས་བགྲང་བྱ་ལྔ་བརྒྱ་དང་ལྔ་སྔོན་དུ་འདས་སོ། །ཤིང་མོ་ལུག་གི་ལོ་ལ་ འཕགས་པ་མཆོག་གི་ཡོན་ཏན་གྱི་རྩལ་ཡོངས་སུ་རྫོགས་ཤིང་ཁམས་གསུམ་འགྲོ་བའི་མགོན་པོར་གྱུར་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ཞེས་པ་གང་གི་ཐུགས་རྗེ་རྣམ་པར་ཡངས་པའི་ཕྲིན་ལས་ཀྱི་གདུགས་དཀར་པོ་ཐུར་མ་བརྒྱ་པ་གཅིག་གིས་ཤར་ཕྱོགས་ཀྱི་རྒྱ་མཚོའི་ མཐར་ཐུག་པ་ཡོངས་སུ་ཁྱབ་པའི་བདག་ཉིད་ཆེན་པོ་དེ། སྟག་སྡེ་རླུང་ཁུང་དུ་འཁྲུངས་ནས་དགུང་ལོ་བཅུ་དགུ་པ་ཆུ་མོ་གླང་གི་ལོ་ལ་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཤར་ཕྱོགས་གོང་མ་ཆེན་པོའི་རིགས་ཀྱི་ཅོད་པཎ་གཅིག་པུར་མངའ་གསོལ་ཏེ་གསང་ཆེན་རྡོ་རྗེ་ཐེག་པའི་ལམ་ གྱི་རྩ་བ་དབང་བསྐུར་བ་ལེགས་པར་མནོས་ཤིང༌། དབང་ཡོན་དུ་བོད་ཀྱི་ཆོལ་ཁ་གསུམ་ལ་སོགས་པ་ཕུལ་ནས་བོད་ཁམས་ཡོངས་ཀྱི་བདག་པོ་དཔལ་ས་སྐྱ་པར་གྱུར་ནས་བགྲང་བྱ་བཞི་བརྒྱ་དང་གྱ་བཞི་བརྒལ་ལོ། །ཆུ་ཕོ་སྟག་གི་ལོ་ལ་གསུང་རབ་ཀུན་གྱི་བཞེད་དོན་འདབ་མ་བརྒྱ་ པའི་དགའ་ཚལ་མ་ལུས་པའི་ཁ་རྣམ་པར་འབྱེད་པའི་ལེགས་བཤད་ཉིན་མོར་བྱེད་པའི་སྣང་བ་ཆེན་པོ་འདེགས་པ་ལ་འཇིགས་མེད་སྨྲ་བའི་དབང་ཕྱུག་གྲུབ་པའི་མཁས་པ་ཆེན་པོ་བུ་སྟོན་རིན་ཆེན་གྲུབ་བལྟམས་ནས་ལོ་བཞི་བརྒྱ་དང་བཞི་བཅུ་རྩ་བདུན་སྔོན་དུ་འདས་སོ། །མེ་མོ་ བྱ་ལོར་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་གཏན་ལ་འབེབས་པ་དང་ལེགས་པར་གསུངས་པ་དམ་པའི་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་འཕེལ་བའི་ཕྱིར། རྗེ་བཙུན་འཇམ་དཔལ་གཞོན་ནུར་གྱུར་པ་ངུར་སྨྲིག་འཆང་བ་ཆེན་པོའི་གར་གྱིས་མངོན་པར་རྩེན་པ་རྗེ་བཙུན་བློ་བཟང་གྲགས་པ་ དེ་ཉིད་མདོ་སྨད་བཙོང་ཁའི་ཡུལ་དུ་སྐུ་བལྟམས་ནས་ལོ་སུམ་བརྒྱ་དང་བརྒྱད་ཅུའོ། །ཤིང་མོ་གླང་ལོར་ཛམྦུའི་གླིང་གི་ཡུལ་དང༌། ཡུལ་གྲུ་དང༌། ལྗོངས་དང༌། གྲོང་ཁྱེར་ལ་སོགས་པ་འཛིན་མའི་དཀྱིལ་འཁོར་ཕལ་མོ་ཆེ་དག་རྫུ་འཕྲུལ་མཆོག་གི་རྐང་པའི་བགྲོད་པས་རྣམ་པར་ བཅགས་ཤིང་བྱིན་གྱིས་རློབ་པ་དང༌། ཁྱད་པར་ཡུལ་ལྗོངས་འདི་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་བཤད་པ་དང་སྒྲུབ་པའི་ཕྲིན་ལས་ཀྱི་རྒྱུན་བཟང་པོ་རྟག་པར་གནས་པའི་ཆོས་ཀྱི་གྲྭ་ཆེན་པོ་ལྷུན་གྲུབ་སྟེང་འདི་དང་པོར་འདེབས་པའི་ཐུགས་རྗེ་མཚུངས་ པ་མེད་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཐང་སྟོང་རྒྱལ་པོ་འཁྲུངས་ནས་བགྲང་བའི་གཞི་སུམ་བརྒྱ་དང་ལྔ་བཅུ་རྩ་དགུ་སྔོན་དུ་བརྒལ་ལོ། །ས་གླང་ལོར་རྗེ་བཙུན་བློ་བཟང་གྲགས་པས་སྟོབས་བཅུ་མངའ་བའི་བསྟན་པ་དར་བ་དང༌། འགྲོ་བའི་ལེགས་བྱས་ཀྱི་ཕུང་པོ་སྤེལ་བའི་ཆེད་དུ་སྟོན་པས་ཆོ་འཕྲུལ་ བསྟན་པའི་དུས་ཆེན་ལ་ལྷ་སར་སྨོན་ལམ་གྱི་འདུ་བ་ཆེན་པོ་ཚུགས་པ་དང༌། ཆོས་འདུལ་བསླབ་པའི་གཞི་རྙོག་པ་མེད་པ་ལ་འབད་པ་ལྷུར་བྱེད་པ་འཕགས་པའི་དགེ་འདུན་གྱིས་བསྟེན་པའི་གནས་མཆོག་ཆོས་གྲྭ་ཆེན་པོ་རི་བོ་དགའ་ལྡན་གྱི་དགོན་པ་བཏབ་ནས་ལོ་སུམ་བརྒྱ་དང་ཉེར་བརྒྱད་འདས་སོ། །རྔ་ཆེན་ཆུ་ ཁྱིའི་ལོ་ལ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀུན་དུ་དགྱེས་པར་སྐྱེད་པའི་འཆད་རྩོད་རྩོམ་པའི་ཕྲིན་ལས་རྣམ་པར་དག་པས། སྙིགས་མའི་དུས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་རྒྱལ་བ་གཉིས་པའི་བྱ་བ་ཡང་དག་པར་བྱས་པའི་རྒྱལ་ཚབ་ཀྱི་སྐྱེས་བུ་ ས་གསུམ་གྱི་ཁོངས་ན་མཚུངས་པ་མེད་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་དཔལ་ལྡན་ས་སྐྱར་ངོ་མཚར་བྱེ་བའི་ལྟས་ཀྱི་ཕུང་པོ་དང་ཆབ་ཅིག་ཏུ་བལྟམས་ནས། སྐུ་ལས་སྐྱེས་པའི་འོད་དང་འོད་ཟེར་གྱི་ཕྲེང་བ་མང་པོས་མུར་ཐུག་པ་མེད་ པའི་འཇིག་རྟེན་གྱི་ཁམས་རྒྱས་པར་དཀྲིགས་ཏེ། འཕྲོ་འདུ་འོད་ཟེར་གྱི་ཕོ་ཉ་མང་པོས་གཞན་དོན་དང་པོར་མཛད་པ་ནས་བརྩམས་ཏེ་ལོ་གྲངས་སུམ་བརྒྱ་དང་ལྔ་བཅུ་རྩ་བཞི་ཡོངས་སུ་བརྒལ་བའི་དུས་སོ། །ས་མོ་བྱ་ལོར་སྐྱེ་དགུ་རྒྱ་མཚོའི་ལས་ཉོན་གྱི་སྒྲིབ་པ་མ་ལུས་པ་སྦྱོང་བའི་གཉེན་ པོར་གྱུར་པ། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་བཤད་པ་དང་སྒྲུབ་པའི་བྱ་བ་གངྒཱའི་ལྷ་མོའི་རྒྱུན་དང་འདྲ་བའི་འབྱུང་གནས་སུ་གྱུར་པ། བོད་ཡུལ་དབུས་ཀྱི་རྡོ་རྗེའི་གདན་དམ་པ་ཤྲཱི་ཨེ་ཝཾ་ཆོས་ལྡན་གྱི་གནྡྷོ་ལ་ཆེན་པོ་ཁང་ཚན་གྱི་གཙུག་ལག་ཁང་དང་བཅས་པ་ལེགས་པར་བཏབ་ནས་ བགྲང་བྱ་བརྒྱ་ཕྲག་གསུམ་དང་ཉག་མ་བརྒྱད་འདས་སོ། །མེ་མོ་སྦྲུལ་གྱི་ལོར་མཁྱེན་རབ་རྫོགས་པའི་སངས་རྒྱས་ཉིད་དང་དབྱེར་མི་ཕྱེད་ཅིང༌། དེའི་བཀའ་དོན་རབ་འབྱམས་ཀྱི་བརྗོད་པར་བྱ་བ་མ་ལུས་པ་སྡེབ་ལེགས་ཚིག་གི་རྒྱུད་མངས་སྙན་དགུ་རྫོགས་པར་སྒྱུར་བའི་ལམ་ནས་འདྲེན་པ་ ལ་འཇིགས་པ་མེད་པར་སྨྲ་བའི་རྒྱལ་པོ་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་པ་དཔལ་ལྡན་ས་སྐྱར་འཁྲུངས་ནས་ལོ་ཉིས་བརྒྱ་དང་བཞི་བཅུ་སྔོན་དུ་བརྒལ་ལོ། །ཆུ་ཁྱིར་སྙན་བརྒྱུད་བསྟན་པའི་བདུད་རྩིའི་ཆུ་ཀླུང་མཐའ་དག་མཁྱེན་རབ་རྣམ་པར་ཡངས་པའི་གསུས་བར་བཟུང་ནས། ལེགས་པར་གདམས་པའི་ཆུ་ཀླུང་གི་རྒྱུན་ཆེན་པོ་བྱེ་བ་བརྒྱ་སྟོང་འབེབས་ཤིང་གསང་ཆེན་བསྟན་པའི་སྲོག་ཟུང་འཚོ་བར་བྱེད་པ་ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོ་འཁྲུངས་ནས་ལོ་ཉིས་བརྒྱ་དང་སུམ་ཅུ་རྩ་ལྔའོ། །མེ་འབྲུག་གི་ལོ་ལ་ཡོངས་སུ་གྲགས་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་ པོ་རིམ་པར་བྱོན་པ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང༌། སུམ་ལྡན་རྡོ་རྗེ་འཛིན་པའི་དགེ་སློང་གི་དགེ་འདུན་རྒྱ་མཚོའི་རྡུལ་དང་མཉམ་པས་བསྟན་པའི་བྱ་བ་དྲི་མ་མེད་པས། མི་ནུབ་ཆོས་ཀྱི་རྒྱལ་མཚན་དམ་པ་མགོན་པོ་བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་བརྟན་པར་འཛུགས་པའི་ཆོས་ གྲྭ་ཆེན་པོ་སྡེ་དགེ་ལྷུན་གྲུབ་སྟེང་གི་གནྡྷོ་ལ་བསམ་འགྲུབ་མཐོང་གྲོལ་ཆེན་པོ་བཞེངས་ནས་བགྲང་བྱ་བརྒྱ་ཕྲག་གཅིག་དང་ཉེར་གཅིག་གོ །ས་ཁྱིའི་ལོ་ལ་འཁོར་འདས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་དུ་ཤར་བ་སྡེ་དགེ་གྲུབ་ཐོབ་ཀུན་དགའ་རྒྱ་མཚོ་ དགེ་བའི་ཞིང་དུ་གཤེགས་ནས་བདུན་ཅུ་རྩ་དགུ། མེ་མོ་ལུག་ལ་བསོད་ནམས་ཀྱི་གོམ་རླབས་ཆེན་པོས་འཛིན་མའི་དཀྱིལ་འཁོར་ཡངས་པ་ལ་མངའ་མཛད་པ་ས་སྐྱོང་བྱམས་པ་ཕུན་ཚོགས་བདེ་བར་གཤེགས་ནས་ལོ་བདུན་བཅུ་ཐམ་པ་འདས་སོ། །ཤིང་ཡོས་ཀྱི་གནམ་ལོ་ཚེས་བར་ཕྱི་ནང་ རིག་པའི་གཙུག་ལག་རྒྱ་མཚོ་འཛིན་ཅིང༌། མཚུངས་པ་མེད་པའི་སྟོབས་ཀྱི་འཁོར་ལོས་སྒྱུར་བ་ཁྲི་ཆེན་སངས་རྒྱས་བསྟན་པས་སྡེ་དགེའི་གདན་སའི་ཁྲི་བསྐྱངས་ནས་ཟླ་བའི་ཕུང་པོ་དྲུག་ཅུ་རྩ་གཉིས་སོ། །ས་ཡོས་ཀྱི་ལོ་ལ་དེ་ཉིད་སྐུ་མཆེད་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་ཤིང་རྟས། ཨེ་ཝཾ་ཆོས་ལྡན་གྱི་དགོན་པ་ནས། ཕྱི་ཐ་སྙད་རིག་པའི་གཞུང་ལུགས་ཐམས་ཅད་དང་ནང་མདོ་སྔགས་བསྟན་པའི་བདག་པོ་ཆེན་པོ་འཇམ་པའི་དབྱངས་སངས་རྒྱས་ཕུན་ཚོགས་པ་བོད་ཆེན་པོའི་ཡུལ་ལྗོངས་འདིར་སྤྱན་དྲངས་ཏེ་བསྟན་པ་དམ་པའི་སྒྲོན་མ་མངོན་པར་བཏེག་ནས་ལོ་སུམ་ཅུ་རྩ་ བརྒྱད་བརྒལ་ལོ། །རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོ་ལ་བསྐལ་པ་དཔག་ཏུ་མེད་པའི་ལེགས་བྱས་ཀྱི་འབྲས་བུ་མཐའ་དག་སྨིན་པས། སྟོབས་བཅུ་མངའ་བའི་བསྟན་པ་རིན་པོ་ཆེ་ལ་སྨན་པའི་བྱ་བ་ལྷག་པར་བྱས་པའི་སྡེ་དགེ་རྒྱལ་པོ་བསྟན་པ་ཚེ་རིང་དེ་ཉིད་སྡེ་བཞིས་མངོན་པར་མཐོ་བའི་ གདན་སའི་ཁྲི་ལ་ཕེབས་ནས་སའི་སྟེང་ཐམས་ཅད་ཆོས་དང་མཐུན་པའི་ཕྲིན་ལས་ཀྱིས་བསྐྱངས་པའི་ཐོག་མ་ནས་ལོ་ཉི་ཤུ་རྩ་ལྔའོ། །ས་སྐྱོང་བསོད་ནམས་ལྡན་པ་དེའི་བླའི་མཆོད་གནས་སུ་རྗེ་བཙུན་ཨེ་ཝཾ་པ་ཆེན་པོའི་བསྟན་པའི་རྒྱལ་སྲིད་མཐོན་པོ་ལ་མཁས་པའི་ཕྲིན་ལས་ཀྱི་འཁོར་ ལོས་སྒྱུར་བའི་གདན་རབས་སུམ་ཅུ་པ་རྡོ་རྗེ་འཆང་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པ་མདོ་སྨད་ཀྱི་ཕྱོགས་འདིར་ས་ཕོ་སྤྲེའུའི་ལོ་ལ་སྤྱན་དྲངས་ནས་ཟླ་བའི་ཕུང་པོ་དགུ་སྔོན་དུ་སོང་ངོ༌། །ས་མོ་བྱ་ལོར་དཔལ་ལྡན་འཇམ་པའི་རྡོ་རྗེ་གང་དེ་འོད་གསལ་འཆི་བ་མེད་པའི་ རིགས་ཀྱི་སྐྱེ་བར་བཟུང་ནས་ལུས་མེད་ཐུལ་བ་མཆོག་གི་ལུང་རྟོགས་པདྨའི་དགའ་ཚལ་མཐའ་དག་ཅིག་ཅར་དུ་བཞད་པ་མིའི་ཉི་མ་ཆེན་པོ་དཔལ་ས་སྐྱ་པ་ངག་དབང་ཀུན་དགའ་བློ་གྲོས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་སའི་སྟེང་ན་གྲགས་ པའི་ཟླ་རིས་རྣམ་པར་གསལ་བ་འདི་ཉིད། དེང་གི་ལྷ་དང་བཅས་པའི་སྐྱེ་དགུ་མ་ལུས་པའི་མགོན་དུ་རྒྱལ་བུ་དོན་ཐམས་ཅད་གྲུབ་པ་བཞིན་དུ་དགེ་ལེགས་ཀྱི་མཚན་མ་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ་བལྟམས་ནས་བགྲང་གཞི་བཀྲ་ཤིས་པའི་གྲངས་དང་མཉམ་པ་བརྒལ་ལོ། ། ཆུ་གླང་གི་ལོ་ལ་མི་བདག་ཆེན་པོ་ཡབ་སྲས་རྣམས་ཀྱི་ཐུགས་བསྐྱེད་ཕུལ་དུ་བྱུང་བས། བཅོམ་ལྡན་འདས་ཐུབ་པའི་དབང་པོའི་བཀའ་གངས་ཅན་གྱི་བརྡས་དྲངས་པ་མཐའ་དག་གི་ངོ་མཚར་བར་གྱི་ལེགས་བྱས་རྒྱ་ཆེན་པོ་གང་དེ་རྒྱལ་ཁབ་འདི་ཉིད་དུ་མངོན་པར་བསྒྲུབས་ནས། འཇིག་ རྟེན་གྱི་ཁམས་སུ་ཆོས་ཀྱི་གཏོང་བ་མི་ཟད་པའི་སྒོ་ཐོག་མར་ཕྱེ་བ་ནས་བགྲང་གཞི་ཆུ་བོའི་གྲངས་ཀྱིས་སྔོན་དུ་འདས་སོ། །ཤིང་སྟག་ལ་དུས་གསུམ་གཤེགས་པའི་རྒྱལ་བ་རབ་འབྱམས་ཀྱི་གསང་བ་རྣམ་གསུམ་གཅིག་ཏུ་བསྡུས་པའི་སྒྱུ་འཕྲུལ་གྱི་རྣམ་པར་རོལ་པ་ཆེན་པོས་སེམས་ ཅན་གྱི་ཁམས་སུ་བླ་ན་མེད་པའི་བྱང་ཆུབ་ཀྱི་ས་བོན་རྨ་མེད་པར་འཇོག་པ་ལ་འགྲན་ཟླས་དབེན་པའི་མཁྱེན་རབ་དང་ཐུགས་རྗེ་ཆེན་པོ་དང་ནུས་པ་བསམ་གྱིས་མི་ཁྱབ་པའི་བདག་ཉིད་མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་ལྡན་ཆོས་སྐྱོང་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་ འདི་ཉིད། རྒྱལ་བ་ཀུན་དགའ་བཟང་པོའི་ཞབས་སྟེགས་མི་འཇིགས་བཞི་ལྡན་གྱི་རྟགས་སུ་སེང་གེའི་ཁྲི་མཐོ་བ་གང་ལ་ཕེབས་ནས་ཟླ་བའི་ཕུང་པོ་རྩེ་མོའི་གྲངས་དང་མཉམ་པ་སྔོན་དུ་བརྒལ་ཞིང༌། མེ་མོ་སྦྲུལ་ལོར་བོད་ཆེན་པོར་གྲགས་པའི་སའི་སྟེང་གི་དཀྱིལ་འཁོར་ཕལ་ཆེ་བ་ དག །དམ་པའི་ཆོས་ཚུལ་དགེ་བ་བཅུ་དང་མཐུན་པའི་ཕྲིན་ལས་དང༌། སྟོབས་ཀྱི་འཁོར་ལོས་མངའ་བསྒྱུར་བ་ལ་མི་འཇིགས་ཤིང༌། ཁྱད་པར་ཤར་ཕྱོགས་གོང་མ་ཆེན་པོའི་ལས་ལུང་གི་བཀོད་པ་བཙན་པོས་བོད་ཆེན་ལྗོངས་ཀྱི་སྐྱེ་འགྲོ་སྤྱིའི་རྗེ་བོར་མངའ་གསོལ་བའི་སྡེ་དགེ་ས་ སྐྱོང་ཆེན་པོ་བསྟན་པ་ཚེ་རིང་ཞེས་གྲགས་པའི་རྔ་ཆེན་ཕྱོགས་བརྒྱར་ལྡིར་བ་དེ་ཉིད་ཀྱིས། ཡ་རབས་ཀྱི་ངང་ཚུལ་བཟང་པོ་ནམ་ཡང་མི་གཏོང་ཞིང་བྱེ་བྲག་ཏུ་གསང་ཆེན་རྡོ་རྗེ་ཐེག་པའི་དབང་བསྐུར་གྱི་དམ་ཚིག་རྡོ་རྗེའི་རྭ་བ་གཉེན་པོ་ལས་མི་འདའ་བ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ནི། བླ་མའི་བཀའ་ལུང་གུས་པས་མཉན་པ་དང༌། མཉེན་པའི་དོན་ཚུལ་བཞིན་དུ་བསྒྲུབས་པའི་དམ་བཅའ་ལས་མི་འདའ་བ་ནི་བསྔགས་འོས་ཐམས་ཅད་ཀྱི་ནང་ནས་ཀྱང་ཆེས་མཆོག་ཏུ་གྱུར་པ་ཉིད་དུ་ལུང་དང་རིགས་པ་དང་མན་ངག་གི་གཏན་ཚིགས་མང་པོ་ཐུགས་ལ་སིམ་པར་བརྟེན། སྐབས་ དེར་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་བཀྲ་ཤིས་ལྷུན་གྲུབ་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་པའི་བཀའ་ལུང་གིས་ཇི་ལྟར་བསྐུལ་བ་ཞལ་གྱིས་འཆེས་ཏེ། ཀུན་མཁྱེན་ཉི་མའི་གཉེན་གྱི་བཀའ་ལུང་སྤྱི་དང་བྱེ་བྲག་གི་ཚིག་དོན་རྣམ་པར་འགྲེལ་བའི་བསྟན་བཅོས་འགྱུར་རོ་འཚལ་གྱི་ཆོས་ སྦྱིན་ཆེན་པོ་འདི་ཉིད་པར་དུ་བསྒྲུབས་པའི་འགོ་ཚུགས་ཙམ་ཞིག་མཛད་དོ། །དེ་ནས་བརྩམས་ཏེ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་ལེགས་པར་གསུངས་པའི་ཆོས་ཀྱི་ཚུལ་མཐའ་དག་འཇིག་རྟེན་གྱི་ཁམས་སུ་རིང་པོར་བརྟན་པར་བྱེད་པའི་བཀའ་ཁྲིམས་དང་ཕྲིན་ལས་ཀྱི་འཁོར་ལོ་ནོར་ འཛིན་མའི་དཀྱིལ་འཁོར་ཡངས་པར་འགྲོ་བ་ལ་བརྫི་བ་མེད་པའི་སྡོམ་བརྩོན་རྒྱལ་པོའི་ཚུལ་བཟུང་བའི་སྡེ་དགེ་བླ་མ་ཀུན་དགའ་ཕྲིན་ལས་རྒྱ་མཚོའི་སྡེ་ཞེས་ཡོངས་སུ་གྲགས་པ་འདི་ཉིད། དུས་དེར་གདན་སའི་ཁྲི་ལ་དངོས་སུ་ཕེབས་ཟིན་པ་མེད་ནའང་སྡོམ་བརྩོན་བླ་མ་རང་གི་བླ་ན་མེད་ པའི་བྱང་ཆུབ་ཀྱི་སྤྱོད་པ་མཐར་ཕྱིན་པར་བགྱི་བ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོའི་བསྟན་པ་ཡོངས་སུ་རྫོགས་པ། ཕྱོགས་དང་ཕྱོགས་བྲལ་གྱི་ཁོ་ར་ཁོར་ཡུག་ཏུ་མ་ཁྱབ་པ་མེད་པར་བརྡལ་ བར་བགྱིའོ་སྙམ་པ་རྩེ་གཅིག་པའི་སྙིང་སྟོབས་ཀྱི་རྒྱ་མཚོ་ཆེན་པོ་རྣམ་པར་རྒྱས་ཤིང༌། སྤྲོ་བ་མཆོག་གི་དབའ་རླབས་སྲིད་པའི་རྩེ་མོའི་བར་དུ་ལུད་པ་སྙམ་བགྱིད་པས་འཇིག་རྟེན་གསུམ་གྱི་མཆོད་སྡོང་བླ་ན་མེད་པར་གྱུར་པའི་རྟེན་བཞེངས་འདིའི་ཐོག་མཐའ་བར་གསུམ་དུ་འགྲུབ་པར་ བྱེད་པའི་བདག་པོའི་རྐྱེན་སྦྱར་བ་འདིས་མཚོན་ཏེ། དཔལ་སའི་དབང་ཕྱུག་སྡེ་དགེ་ས་སྐྱོང་ཞེས་མཚན་གྱི་རོལ་མོ་ཕྱོགས་མཐའ་ནས་ཕྱོགས་མཐར་ཁྱབ་ཅིང༌། རྣམ་འདྲེན་བཞི་པའི་བསྟན་པ་བླ་མ་ནས་བླ་མར་འདེགས་པའི་བྱ་བ་ཡང་དག་པར་བྱས་པའི་ ཡབ་མེས་གོང་མ་རྣམས་ཀྱི་བསྟན་ཇུས་ཆེན་པོ་གང་ཞིག་དགུང་དུ་བཏེག་པ་ན། ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་ཕན་བདེའི་གྲིབ་མ་ཙནྡ་ནའི་རེག་པ་ལྟར་བསིལ་བར་འབབ་པ་འདི་ཉིད་ཀྱི་བྱ་བའི་ཁུར་ཆེན་པོ་བཞེས་པའི་ཐོག་མར་གྱུར་པའི་གསར་ཚེས་ཀྱི་གནམ་ལོ། །སྟོན་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐུབ་པའི་དབང་པོའི་ཞལ་གྱི་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་བསྟན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ། འཇིག་རྟེན་གསུམ་གྱི་ཕན་པ་དང་བདེ་ལེགས་མ་ལུས་པ་འབྱུང་བའི་སྒོ་གཅིག་པུར་གྱུར་པ་གང་ཞིག འཛམ་བུའི་གླིང་ འདིར་ལོ་ལྔ་སྟོང་དུ་གནས་པར་མཁས་པ་རྣམས་ལ་རབ་ཏུ་གྲགས་ཤིང་ལུང་དོན་རྣམ་པར་དག་པས་གསུངས་པ་དེ་ལས། སྟོན་པ་ཐུབ་པའི་དབང་པོ་མེ་ཕག་གི་ལོ་ལ་མྱ་ངན་ལས་འདས་པའི་ལུགས་ཀྱི་དུས་དེ་ནས་བརྩམས། དེང་མི་བདག་ཆེན་པོ་འདིས་ཐུགས་བསྐྱེད་དང་སྙིང་སྟོབས་རྨད་དུ་ བྱུང་བའི་མཐུ་ཆེན་པོས་མངོན་པར་བསྒྲུབས་པའི་ལེགས་བྱས་ཀྱི་ཕུང་པོ། རྟག་ཏུ་ཆོས་ཀྱི་སྦྱིན་པ་རྒྱུན་མི་ཆད་པར་བྱེད་པའི་འཕྲུལ་གྱི་མ་མོ་འདིའི་འགོ་བརྩམས་པ་ཡན་ཆད་དུ་འབྲས་བུའི་དུས་གསུམ་དང༌། སྒྲུབ་པའི་དུས་གསུམ་སྟེ་སུམ་སྟོང་དང༌། ལུང་གི་དུས་གསུམ་ ལས་མངོན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་འདས་ནས། མདོ་སྡེའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་ལས་ཀྱང་སུམ་བརྒྱ་བདུན་བཅུ་ཐམ་པ་སྟེ། ཐམས་ཅད་བསྡོམས་པ་ལ་ནི་སུམ་སྟོང་དང་བརྒྱད་བརྒྱ་བདུན་ཅུ་ཐམ་པ་སྔོན་དུ་འདས་སོ། །དེའི་ལྷག་མར་གྱུར་པ་ནི་བརྒྱ་ཕྲག་གཅིག་དང་ སུམ་ཅུ་ཐམ་པ་དང༌། འདུལ་བའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་དང༌། རྟགས་ཙམ་འཛིན་པའི་དུས་ཀྱི་ལྔ་བརྒྱ་ཕྲག་གཅིག་སྟེ། མ་འོངས་པ་ན་བསྟན་པ་རྣལ་མའི་ལྷག་མ་དྲུག་བརྒྱ་དང་སུམ་ཅུ་ཡོད་པ་དང༌། རྟགས་ཙམ་འཛིན་པ་ལྔ་བརྒྱ་ཕྲག་གཅིག་དང་བཅས་ན་སྟོང་ཕྲག་ གཅིག་དང་ཆིག་བརྒྱ་སུམ་ཅུ་ཐམ་པ་མཆིས་སོ། །དེ་ལྟར་སྔོན་དུ་འདས་པའི་ཕྱི་མ་གསར་ཚེས་ཀྱི་གནམ་ལོ་དེ་ལ། དུས་འཁོར་བའི་རབ་བྱུང་བཅུ་གཉིས་པའི་ནང་གསེས་ཀྱི་འབོད་ཕྱོགས། འཕགས་པའི་ཡུལ་གྱི་སྐད་རིགས་རྣམ་པ་བཞི་ལས་སཾ་སྐྲྀ་ཏའི་སྐད་དུ་སིངྒ་ལ་སྟེ། སྟོད་ འགྲེལ་ལས་འབྱུང་བའི་བོད་སྐད་དུ་བསྒྱུར་བ་དམར་སེར་ཅན་དུ་གྲགས་པ། གཙུག་ལག་སྤོར་ཐང་གི་ལུགས་དང་མཐུན་པར་ཤར་ཕྱོགས་མ་ཧཱ་ཙི་ནའི་ཡུལ་དུ་ཏིང་ཟིར་འབོད་པ་གང་ཡིན་པ་སྟེ། དེའི་སྲོག་ནི་འོད་ཀྱི་ནོར་ཅན་རབ་ཏུ་འབར་བའི་དྲོད་ཀྱིས་འཚོ་བར་བྱེད་ཅིང༌། ལུས་ཀྱི་ ཁམས་ནི་འོད་སྲུངས་བྱིན་གྱི་རང་བཞིན་དུ་བརྟན་པར་བྱས་པ། དབང་ཐང་ནི་པདྨ་རཱ་གའི་ཚོན་གྱིས་བཙོས་པའི་བགོ་བ་སྟུག་པོས་ལེགས་པར་བཀླུབས་པ། ཀླུང་ནི་ཨིནྡྲ་ནཱི་ལའི་ཁ་དོག་ཅན་གྱི་ཆུ་དར་དྲི་མ་མེད་པའི་སྐ་རགས་ཀྱིས་མཛེས་པར་བྱས་པ། ཕོ་བྲང་གླིང་དགུ་པའི་དབུས་སུ་ཀླུང་ གི་ཁ་དོག་དང་མཐུན་པའི་མེ་ལོང་གནས་པས་འབྱུང་བ་ཆེན་པོ་སུམ་ལྡན་དུ་གྱུར་པ། སྲོག་དང་དབང་ཐང་ཐ་དད་པར་མ་གྱུར་པའི་ཁ་ཡན་གྱི་ལོ་དང༌། ལྷའི་བླ་མའི་ཀླུང་དང་ལྡན་པ་སྟེ། གང་ལ་དབང་ཐང་དང་བསྟུན་པའི་མིང་གི་བྱེ་བྲག་ལ་ནི་མེ་མོ་སྦྲུལ་ཞེས་འབོད་པའི་གནམ་ལོ་གང་ ཡིན་པ་དེ་ཉིད་དོ། །དེ་ལའང་ཉིན་མོར་བྱེད་པ་ལྷོ་དང་བྱང་དུ་བགྲོད་པ་གཉིས་ལས་ནི་གནོད་སྦྱིན་གྱི་བདག་པོས་ལེགས་པར་བསྲུངས་པའི་ཕྱོགས་ག་ལ་བ་དེ་ན་མངོན་པར་རྒྱུ་བས་དཀར་པོའི་ཕྱོགས་ཀྱི་བྱ་བ་ཐམས་ཅད་ལ་དགེ་བར་སྟེར་བ། ཞག་གི་ཕུང་པོ་བཅུ་གཉིས་ལས་ནི་ཛྱེ་ཏྭཱ་སྟེ་ སྣྲོན་གྱིས་ཡོངས་སུ་ཉ་བའི་ཟླ་བའོ། །དུས་བཞི་ལས་ནི་གཉིས་སུ་མེད་པའི་དུས་ཀྱི་འཁོར་ལོའི་ལུགས་ལ་དབྱར་འབྲིང་པོ་ཉིན་མོར་བྱེད་པ་རགས་པར་ཡར་ངོ་སྔོན་དུ་འགྲོ་བ་འཁྲིག་པའི་ཁྱིམ། ཞིབ་པར་ཁྱུ་མཆོག་གི་ཁྱིམ་དུ་སྤྱོད་པའི་དུས་སོ། །གསོ་བ་རིག་པ་དང་ཧོར་ལུགས་རྗེས་སུ་ མཐུན་པའི་ཞག་གི་ཕུང་པོ་ལྔ་པར་འདོད་ཅིང༌། གཙུག་ལག་སྤོར་ཐང་གི་ལུགས་ཀྱི་སྟོན་རྭ་བ། ཕུག་ཁྱུང་མཁས་པ་དེའི་རྗེས་སུ་འབྲང་བ་དང་བཅས་པའི་ནག་རྩིས་རྣམ་པར་དག་པའི་ལུགས་ལ་ཤིང་སྤྲེལ་ཆེ་བ། ཧོར་ལུགས་ལ་སོགས་པའི་ནག་རྩིས་པ་ཕལ་ཆེ་བས་ཆུ་རྟར་ བཞེད་པའི་ཟླ་བ་སྟེ། དེ་ལ་ཡང་ཕྱོགས་ནི་རྣམ་པ་གཉིས་སུ་མཆིས་པ་ལས་དཀར་པོའི་ཕྱོགས་ཀྱི་རྫོགས་པ་གསུམ་པ་ལ་བབ་པ། དུས་འཁོར་བའི་ལུགས་ཀྱི་ཚེས་ལ་འཆར་བའི་དབྱངས་ཀྱི་ཡི་གེ་ནི་ལའོ། །གསལ་བྱེད་ཀྱི་ཡི་གེ་རགས་པ་ནི་ཊ་ལའོ། །འབྱུང་བ་ནི་ སའི་ཁམས་སོ། །འདོད་པའི་ཡོན་ཏན་ནི་དྲི་ཉིད་དོ། །བཅོམ་ལྡན་འདས་ཐལ་བའི་དབང་པོའི་ལུགས་ཀྱི་དབྱངས་ཀྱི་ཡི་གེ་ནི་ཨོའོ། །གསལ་བྱེད་ཀྱི་ཡི་གེ་ནི་ཧའོ། །འབྱུང་བ་ནི་ཀུན་ལ་ཁྱབ་པ་ནམ་མཁའི་རང་བཞིན་ནོ། །འདོད་པའི་ཡོན་ཏན་གྱི་ཡུལ་ནི་སྒྲ་ཉིད་དོ། །གཉིས་ཀ་ མཐུན་པའི་དར་གུད་ནི་སྨིན་པའོ། །ཉི་མ་ནི་ཤིང་གི་ཁམས་དང་ལྡན་པའི་སྒྲ་བརྒྱ་པ་ཉིད་དོ། །སྤར་ཁ་དང་སྨེ་བ་དག་ནི་དྭ་དང་ཡབ་ལྷ་གདལ་དྲུག་གོ། །རེས་གཟའ་ནི་མཛའ་ལྷའི་གྲོགས་པོ་སྟེ། དེའང་རགས་པར་གུད་པ་དང་ཞིབ་པར་སྤྱི་ལུགས་ཀྱི་གྱོད་པ་སྟེ། དེ་ཉིད་རྣམ་ པར་དག་པ་གྲུབ་པའི་རྩིས་ཀྱི་ལུགས་ལ་རྒྱུ་སྐར་གྱི་ལྷ་མོ་ཨ་ནུ་རཱ་དྷའི་དགའ་སྟོན་ལ་བསུ་ཞིང༌། ཆུ་ཚོད་ཕྱོགས་ཀྱི་གྲངས་དང་མཉམ་པའི་ཡུན་ལ་འཆི་བ་མེད་པར་འགྲུབ་པའི་སྦྱོར་བས་རྣམ་པར་རྩེ་བའོ། །དགེ་ལེགས་སྒྲུབ་པ་ལ་དགེ་བ་ཤས་ཆེ་བ་འཕེལ་བའི་ཉི་མ་ཡོད་པ། གཟའ་ དང་སྐར་མའི་སྦྱོར་འཕྲོད་ཉི་ཤུ་རྩ་བརྒྱད་མཆིས་པ་ལས་གཞོན་གྱི་འཕྲོད་དང༌། ཁམས་ཀྱི་སྦྱོར་བ་རྣམ་པ་བཅུ་ལས་ལང་ཚོའི་སྦྱོར་བ་དང་ལྡན་པའོ། །ཟླ་སྐར་གྱི་ལོངས་སྤྱོད་དེ་ལས་ཡོངས་སུ་བརྒལ་བ་ན། བསྡུས་པའི་རྒྱུད་ཀྱི་རྗེས་སུ་འབྲང་བ་བྱེད་རྩིས་དང་གཉིས་ཀ་མཐུན་ པར་སྣྲོན་གྱི་དགའ་མ་དང་རེས་གཟའ་ལྷག་པ་ལྷན་ཅིག་ཏུ་ཚོགས་ནས་བཀྲ་ཤིས་ཉི་མའི་དགའ་སྟོན་བཟང་པོ་ལ་ཅི་དགར་ལོངས་སུ་སྤྱོད་པའོ། །རྣམ་པ་གཅིག་ཏུ་ན་བྱ་རོག་གི་འཕྲོད་དང་ཁམས་ཀྱི་སྦྱོར་བ་ནི་ལང་ཚོ་དང༌། བྱེད་པ་བཅུ་གཅིག་ལས་ནི་སྔ་ཆར་བིཥྚི་དང༌། ཕྱི་ཆར་ས་བོན་ གདབ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་བཅུ་གཉིས་ལས་ནི་སྐྱེ་མཆེད་ཉིད་དོ། །གཞན་ཡང་དུས་ཚོད་སའི་ཁམས་ལས་གྲུབ་པའི་འབྲུག་གིས་རྣམ་པར་རྩེ་བ་ལ་སོགས་པ་དགེ་ལེགས་འཛོམ་པའི་དུས་ཕུན་སུམ་ཚོགས་པ་སྟེ། འདི་དག་ནི་ཀུན་མཁྱེན་ཉི་མའི་གཉེན་གྱི་ བཀའ་ལུང་རྣམ་པར་འགྲེལ་བའི་བསྟན་བཅོས་ཇི་སྙེད་པ་རྣམས་ཆོས་ཀྱི་སྦྱིན་པར་སྤེལ་བའི་མ་མོ་འདི་དག་ནམ་ཞིག་འགོ་བརྩམ་པའི་དུས་ཕུན་སུམ་ཚོགས་པ་ཉིད་དོ། །གསུམ་པ་པར་དུ་ཇི་ལྟར་སྒྲུབ་པའི་ཚུལ་ལ། འགོ་འཛིན་བཀོད་པའི་ཉེར་བསྡོགས་དང༌། བྱ་བ་ལས་ཀྱི་འཁོར་ ལོ་གཉིས་ལས། དང་པོ་ནི། བྱང་ཆུབ་སེམས་དཔའི་སྤྱོད་པར་འཇུག་པ་ལས། གཞན་ལ་གཞན་བསྐུལ་འདེབས་མཁས་ཤིང༌། །མ་བཅོལ་ཕན་པར་བྱེད་པའི་ངག །གུས་པས་སྤྱི་བོར་བླང་བགྱིས་ཏེ། །རྟག་ཏུ་ཀུན་གྱི་སྒྲོན་མེར་གྱུར། །ཞེས་པ་ལྟར་བརྩམ་པར་བྱ་བ་ གང་ཡིན་པ་དེ་ལས་ཉོག་ཏུ་མི་འགྲོ་བ་དང༌། བྱས་པའི་རྗེས་སུ་སྒྲོས་གཙང་བ་ལ་