Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
ཞེས་དགོངས་པའོ། །ཡང་བློ་དོན་མེད་པ་ཉིད་དུ་སྟོན་པ་ནི་བདག་ཅེས་བྱ་བའོ། །ཕ་རོལ་པོ་དགོས་པ་ཉིད་ཡོད་དོ་ཞེས་
སྟོན་པ་ནི། དེ་དག་གིས་ཞེས་བྱ་བ་སྟེ་བྱེད་པ་རྣམས་ཀྱིས་སོ། །འདི་ལ་བརྗོད་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །བདག་ནི་མངོན་པར་གསལ་བ་འཛིན་པར་བྱེད་པ་མ་ཡིན་ཞིང་བདག་གིར་བྱེད་པ་མ་ཡིན་ཏེ། མངོན་པར་གསལ་བར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བྱེད་པ་མེད་པ་ཉིད་ཅེས་བྱ་བ་ནི་ཇི་
ལྟར་དོན་མི་འཛིན་པའི་དུས་ན་མངོན་པར་གསལ་བ་མ་ཡིན་པ་དེ་བཞིན་དུ་འཛིན་པའི་དུས་སུ་ཡང་མ་ཡིན་ཏེ། དེ་ནི་རང་བཞིན་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱའི་དོན་ཏོ། །མེ་ལོང་བཞིན་དུ་ཞེས་བྱ་བ་ནི་ཕ་རོལ་པོའོ། །བདག་ཀྱང་དོན་གྱི་རྣམ་པ་ཅན་ཡིན་མོད་ཀྱི་འོན་ཀྱང་ཇི་ལྟར་མེ་ལོང་ལ་དེའི་

རྣམ་པ་འབྱུང་ཡང་རྣམ་པར་འགྱུར་བ་ཅུང་ཟད་ཀྱང་བྱེད་པ་མེད་པ་དེ་བཞིན་དུ་སྐྱེས་བུ་ཡང་ཡིན་ནོ་ཞེ་ན་འདི་འགོག་པ་མ་ཡིན་ཏེ་ཞེས་བྱ་བའོ། །བདག་ལ་བརྟེན་ནས་དེའི་རྣམ་པ་ཅན་གྱི་བློ་སྐྱེ་བ་ཞེས་བྱ་བ་ནི་མེད་པ་ཁོ་ནའོ། །དེ་ལྟ་མ་ཡིན་ཏེ་གལ་ཏེ་མེ་ལོང་ལ་བརྟེན་ནས་དེའི་རྣམ་པ་
ཅན་གྱི་བློ་སྐྱེ་བ་མ་ཡིན་ན། དེའི་ཚེ་འཕོས་པའི་དོན་ཅི་ཡིན་དེའི་རྣམ་པ་ཅན་གྱི་བློ་སྐྱེ་བའི་སྒོ་ནས་རྣམ་པར་འགྱུར་བ་ཉིད་འཕོས་པའི་དོན་ཡིན་གྱི་གཞན་ནི་མེད་དོ་ཞེས་དགོངས་པའོ། །བདག་ལ་བརྟེན་ནས་དེའི་རྣམ་པ་ཅན་གྱི་བློ་སྐྱེ་བ་ནི་མེད་པ་ཁོ་ན་སྟེ་དེས་ན་རྣམ་པར་འགྱུར་བ་ཉིད་དེར་འཕོས་
པའི་དོན་དུ་བརྗོད་པར་བྱ་བ་ཡིན་ན། འདིར་ཡང་ཞེས་བྱ་བ་ནི་ཕ་རོལ་པོའིའོ། །དེ་ལ་ཡང་རྣམ་པར་འགྱུར་བ་ཅི་ཡང་མེད་ལ། དེ་བཞིན་དུ་སྐྱེས་བུ་ལ་རྣམ་པར་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །གལ་ཏེ་སྣམ་བུ་ལ་སོགས་པའི་བདག་ཉིད་འཁྲུལ་
པ་ཡིན་ན། ཇི་ལྟར་གཙོ་བོ་དང་སྐྱེས་བུའི་བདག་ཉིད་ཀྱང་འཁྲུལ་པར་འགྱུར་ཞེ་ན། འདི་ཡང་ཞེས་བྱ་བའོ། །རྣམ་གཞན་དུ་ཞེས་བྱ་བ་ནི། གནས་སྐབས་གཞན་གྱི་གྲངས་ཅན་གྱི་སྐབས་ཀྱིས་སོ། །འདི་བསྟན་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣ་བ་ལ་སོགས་པ་ཞེས་བྱ་བ་ནི།
དེས་ན་དེ་ཐ་དད་པ་ལས་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པར་གནས་པར་འགྱུར་ཞེས་བྱ་བ་ནི་ཕ་རོལ་གྱི་བསམ་པའོ། །དབང་པོ་ལ་སོགས་པ་ཐ་དད་པ་ཞེས་བྱ་བ་ནི་རྣ་བ་ལ་སོགས་པ་འཇུག་པའི་མཚན་ཉིད་དོ། །དེ་ནི་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའི་ཐ་དད་པ་ནིའོ། །དེ་ཞེས་བྱ་བ་དག་གོ། །
རྣམ་པ་དང་བཅས་པར་ཞེས་བྱ་བ་ནི་གལ་ཏེ་དབང་པོ་ལ་སོགས་པས་བདག་སྐྱེས་པ་ཡིན་ན། དེའི་ཚེ་འབྲས་བུ་རྒྱུ་དང་རྗེས་སུ་མཐུན་པར་བྱེད་པ་སྐྱེ་བར་འདོད་པའི་ཕྱིར་བདག་ཀྱང་རྣམ་པ་དང་བཅས་པར་ཐལ་ལོ། །འོན་ཏེ་རྣམ་པ་འགའ་ཞིག་ལྟར་དབང་ལ་སོགས་སྐྱེ་ཡང་བདག་རྣམ་པ་ཉིད་དུ་འདོད་ན།
དེ་ལྟ་ན་ཡང་རྣམ་པ་མེད་ན། དོན་སོ་སོར་ངེས་པ་རྣམ་པར་འཇོག་པར་བྱེད་པ་མ་ཡིན་པའི་མཚན་ཉིད་ཀྱི་སྐྱོན་དེ་ཉིད་དུ་འགྱུར་རོ། །དེ་ལྟ་ན་ཡང་གཞན་རིག་པ་མེད་པས་ན། རང་གི་བདག་ཉིད་ཁོ་ན་རིག་པར་ཐལ་ཏེ། རིག་པར་བྱེད་པ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །རྣམ་པར་རྟོག་པ་གཉིས་པའི་དབང་

དུ་བྱས་ནས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དབང་པོ་ལ་སོགས་པའི་མཚན་ཉིད་ཀྱི་དོན་མ་ཤེས་པ་ན་དབང་པོ་ལ་སོགས་པ་ངེས་པའི་ཤེས་པའི་བྱེད་པ་ཡིན་པར་ཇི་ལྟར་འགྱུར། ངེས་པ་ཉིད་ལས་དབང་པོ་ལ་སོགས་པ་ཡང་ཤེས་སོ་ཞེ་ན། དབང་པོ་ལ་སོགས་པ་ཤེས་པར་བྱེད་པ་ལས། བདག་གི་
སྔོན་པོ་དང་སེར་པོ་ལ་སོགས་པ་ལ་ངེས་པ་ཉིད་ཤེས་པར་བྱ་བ་ཡིན་ལ། སྔོན་པོ་དང་སེར་པོ་ལ་སོགས་པ་ལ་ངེས་པ་ཤེས་ན། ཡང་ཤེས་པར་བྱེད་པ་དབང་པོ་དབང་པོ་སོགས་པ་ཤེས་པར་བྱ་བ་ཡིན་པའི་ཕྱིར་ཕན་ཚུན་བརྟེན་པ་ཉིད་དོ། །ཇི་ལྟར་དབང་པོ་སོགས་པ་ཤེས་པར་བྱེད་པས་དོན་ཤེས་པར་བྱ་
བ་དེ་བཞིན་དུ་དབང་པོ་ལ་སོགས་པ་དེ་ཤེས་པར་བྱ་བ་ལ་སོགས་པར་སྦྱར་རོ། །སྣང་བ་ཡང་སྒྲ་ལ་སོགས་པ་རྟོགས་པའི་དུས་ན། ཇི་ལྟར་ཤེས་པར་བྱེད་པ་ཡིན་ཏེ། དེའི་ཚེ་མེད་པའི་ཕྱིར་རོ། །ཡང་ན་གང་དུ་སྣང་བ་ལ་སོགས་པ་ཡོད་པ་དེར་མིག་ལ་སོགས་པ་དོན་མེད་པར་འགྱུར་རོ། །ཐམས་ཅད་དུ་
སྣང་བ་ཤེས་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་འདི་ལན་འདེབས་པ་ནི། དེ་དག་ཉིད་ཅེས་བྱ་བ་སྟེ། རྣ་བ་ལ་སོགས་པ་དག་ཉིད་དོ། །འདི་ཞེས་བྱ་བ་ནི་བདག་གོ། །འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ངེས་པའི་རྣམ་པ་ཡིན་ནོ། །རྣམ་པ་ལས་སྒྲུབ་པར་བྱེད་པ་གཞན་ཡིན་ན། སྔོན་པོ་དང་སེར་པོ་ལ་
སོགས་པའི་ལས་དང་འབྲེལ་པ་མི་འགྲུབ་པོ། །དེ་ཉིད་སྒྲུབ་པའི་དོན་དུ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །ཅི་སྟེ་གཞན་འགའ་ཞིག་ཅེས་བྱ་བའི་དོན་དང་ཤེས་པ་ལས་ཐ་དད་པའི་རང་བཞིན་ཉིད་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་རྣམ་པར་རྟོག་པ་གསུམ་ལས་དང་པོ་ལ་བརྗོད་
པ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པར་ཤེས་པ་ཉིད་མངོན་དུ་བྱེད་པར་གྲངས་པར་ཡིན་ཏེ། དེས་ན་མངོན་དུ་བྱེད་པ་དེ་དོན་གྱི་ཡིན་པ་ཇི་ལྟར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །གཉིས་པ་ཉེ་བར་བཀོད་ནས་སུན་འབྱིན་པ་ནི་འོན་ཏེ་ཞེས་བྱའོ། །དོན་དེ་ཞེས་བྱ་བ་ནི་ཤེས་པ་མངོན་དུ་བྱས་པ་ན་གཞན་
མངོན་དུ་བྱས་པར་ནི་མི་འགྱུར་རོ། །གསུམ་པ་ལ་བརྗོད་པ་ནི་གཞན་ལ་ཞེས་བྱ་བའོ། །དེ་ཉིད་རིམ་གྱིས་བཤད་པའི་ཕྱིར། རྣམ་པར་རྟོག་པ་དང་པོ་ལ་རེ་ཞིག་སུན་འབྱིན་པ་གཞན་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །རྣམ་པར་རྟོག་པ་གཉིས་པའི་སུན་འབྱིན་པ་ཁ་སྐོང་དང་བཅས་ཏེ། བརྗོད་པ་

ནི་འོན་ཏེ་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་མངོན་དུ་བྱེད་པའོ། །དོན་ལྟ་བའི་སྐྱེས་བུ་མཐོང་བའི་རྒྱུ་དེས་ན། དོན་མཐོང་ངོ་ཞེས་བརྗོད་དོ་ཞེ་ན། འདི་ལ་བརྗོད་ན་ཅིས་མཐོང་ཞེས་བྱ་བའོ། །འདིར་གཞན་གྱི་ལན་ནི་རང་གི་ངོ་བོས་སོ་ཞེས་བྱ་བ་སྟེ། དོན་གྱི་རང་གི་ངོ་བོ་གང་ཡིན་པ་དེས་
དོན་མཐོང་ངོ་ཞེ་ན། འདི་ལ་བརྗོད་པ་ནི་འོ་ན་ནི་ཞེས་བྱ་བའོ། །རང་གི་ངོ་བོ་ནི་གདོན་མི་ཟ་བར་རིག་པའི་རང་བཞིན་དུ་མཐོང་ངོ་ཞེས་རེ་ཞིག་ཁས་བླང་བར་བྱ་སྟེ། དེ་ལྟར་མ་ཡིན་ཏེ་རང་གི་ངོ་བོ་མྱོང་བ་མེད་ན་ཐམས་ཅད་མི་རིག་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་དོན་ཀྱང་དོན་གྱི་རང་བཞིན་དུ་མཐོང་བ་
ཡིན་ནོ། །ཐ་དད་པ་མེད་པ་ཉིད་བསྟན་པའི་ཕྱིར་བརྗོད་པ་ནི། །དོན་གྱི་རྣམ་པ་ཞེས་བྱ་བའོ། །གལ་ཏེ་དོན་གྱི་རྣམ་པ་ཉམས་སུ་མྱོང་བ་ན་དོན་རྟོགས་པ་མ་ཡིན་གྱི། འོན་ཀྱང་བདེ་བའི་རྣམ་པ་ལ་སོགས་པའི་རྣམ་པ་ཉམས་སུ་མྱོང་བ་ཡིན་ནོ་སྙམ་ན། བདེ་བ་ལ་སོགས་པའི་ཞེས་གསུངས་སོ། །
དེའི་ཁྱད་པར་ལས་ཞེས་བྱ་བ་ནི་བདེ་བ་ལ་སོགས་པའི་རྣམ་པའི་ཁྱད་པར་ལས་སོ། །བདེ་བ་ཉིད་འབའ་ཞིག་ཅེས་བྱ་བ་ནི། དོན་ནི་བདེ་བའི་རྒྱུར་ཉམས་སུ་མྱོང་བར་ནུས་པ་མ་ཡིན་ནོ། །གང་གི་ཕྱིར་དོན་ལ་བདེ་བ་མྱོང་བ་དེས་ན་བདེ་བའི་རྒྱུ་ཉིད་དུ་ཉམས་སུ་མྱོང་བ་ཡིན་ནོ་སྙམ་ན། སྔོན་པོ་ལ་
ཞེས་གསུངས་སོ། །མཚུངས་པར་ཞེས་བྱ་བ་ནི་མི་མཐུན་པ་ཉིད་དུའོ། །གལ་ཏེ་ཚད་མའི་འབྲས་བུ་དེ་རང་གི་ངོ་བོ་ཉིད་ཡིན་ནོ། །དེའི་ཚེ་དེ་ལ་རིག་བྱར་མེད་པ་ཡིན་ཏེ། བདག་ཉིད་ལ་ནི་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕ་རོལ་པོའོ། །གྲུབ་པའི་མཐའ་ནི་འདི་ལ་ཞེས་བྱ་བའོ། །གལ་
ཏེ་ཤེས་པ་ལ་བྱེད་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ། །དེའི་ཚེ་སྐྱེས་བུ་ཇི་ལྟར་འཇུག་པ་ཡིན་ཞེ་ན། སྐྱེས་བུའི་ཞེས་གསུངས་སོ། །དོན་གྱི་རིག་པ་ནི་དོན་རིག་པ་ཡིན་ན་དོན་ལ་བྱེད་པ་ཡང་མེད་པའི་ཕྱིར་ཇི་ལྟར་དོན་རིག་པ་འབྲས་བུ་ཡིན་ཞེས་བརྗོད་སྙམ་ན། འདི་ལ་བརྗོད་པ་ནི་འབྲས་བུ་ཞེས་
བྱའོ། །གལ་ཏེ་སྔོན་པོ་མྱོང་བ་ནི་སྔོན་པོའི་རང་བཞིན་ཡིན་པ་དེའི་ཚེ་སྔོན་པོའི་ཤེས་པ་སེར་བ་ལ་མ་འཕོ་བར་འགྱུར་རོ། །ཅིའི་ཕྱིར་གཞན་གྱིས་ཞེས་སྨོས་སོ། །རྒྱུ་དེས་ན་ཤེས་པ་དེ་སྔོན་པོ་ལས་ཐ་དད་པར་གཞག་པ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་ཐ་དད་པ་དང་བྱེད་པ་དང་བཅས་པར་རྣམ་པར་

འཇུག་པའི་རིགས་པ་ཡང་ངོ་། །དེང་དེ་མ་ཡིན་པ་སྔོན་པོ་མ་ཡིན་པའི་རྣམ་པ་ཅན་ནོ། །རྗེས་སུ་འགྲོ་བ་དང་ལྡོག་པ་ཉིད་ཇི་ལྟར་འགྲུབ་སྙམ་ན། ཐོག་མེད་ཅེས་གསུངས་སོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དེ་དག་མངོན་སུམ་སྔོན་དུ་འགྲོ་བ་ཅན་ནི་མ་ཡིན་ནོ། །རིགས་མི་མཐུན་པའི་ཤེས་པ་སྔ་མ་
གང་ཡིན་པ་དེའི་ཉམས་སུ་མྱོང་བ་གང་ཡིན་པ་དེས་གཞག་པའི་བག་ཆགས་གང་ཡིན་པ་དེ་ནི་ལྡོག་པ་སྟེ། ཐ་དད་པ་དང་བྱེད་པའི་རྟོགས་པའི་ས་བོན་ཡིན་ནོ། །བག་ཆགས་དེ་ཡང་འབའ་ཞིག་པ་སྟེ། མངོན་སུམ་དང་བྲལ་བ་ཡིན་ན། དེས་ན་ལོང་བ་བརྒྱུད་པ་ཡིན་ནོ། །དེས་ནི་དོན་གྱིས་སོ། །
དེ་ལ་ནི་ཤེས་པ་ལའོ། །དེ་ཞེས་བྱ་བ་ནི་བུ་ལའོ། །དེའི་རྣམ་པ་ནི་ཕའི་རྣམ་པའོ། །འདི་ལ་ནི་ཤེས་པ་ལའོ། །རེ་ཞིག་དེའི་རྣམ་པ་ཅན་གྱི་དངོས་པོ་ལས་དེའི་རྣམ་པ་ཅན་དུ་གྱུར་པ་ནི་དམིགས་པ་ཉིད་དོ། །དེ་ལ་ཡང་གལ་ཏེ་མཐོང་བ་ལ་ཞེས་བྱ་བ་འདོད་ཆགས་ལ་སོགས་པ་མཐོང་བ་ལ། རྒྱུ་བག་
ཆགས་ནུས་པ་ཡོད་ན་དེའི་ཚེ་ཉམས་སུ་མྱོང་བ་སྔ་མ་སྔ་མ་ལས་དེའི་རྣམ་པ་ཉིད་ཡིན་ནོ། །གཅིག་ཉིད་ལ་ཡོད་པ་ཡིན་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཁོ་ནའོ། །དོན་ནི་གནས་པར་གྱུར་ན་སྟེ་ཕྱི་རོལ་ཡོད་ན་ནི་ཐམས་ཅད་ལ་ཐུན་མོང་དུ་སྐྱེ་བར་འགྱུར་ཏེ། ཀུན་གྱིས་དམིགས་པར་འགྱུར་རོ་ཞེས་བྱ་
བའི་ཐ་ཚིག་གོ། །སྐྱོན་བརྒལ་བའི་ཕྱིར་རེ་ཞིག་དམ་འཆའ་བར་བྱེད་པ་ནི་དོན་སོ་སོར་ཞེས་བྱ་བའོ། །འདི་ལྟ་བུ་ཁོ་ནར་ཞེས་བྱ་བ་ནི་རྣམ་པའི་སྟོབས་ཉིད་ཀྱིས་སོ། །དེ་ཉིད་ཀྱི་ཞེས་བྱ་བ་ནི་འདི་ནི་འདིའི་ངེས་པའི་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་དོ། །དེ་ལ་ནི་ཞེས་བྱ་བ་སོ་སོར་ངེས་པའི་དོན་རྣམ་པར་
གནས་པ་ལའོ། །བྱ་བ་སྒྲུབ་པར་བྱེད་པ་ཙམ་ནི་ཁྱད་པར་དུ་འཕགས་པ་ཡིན་ནོ། །དེ་ནི་རྒྱུ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ། །ངེས་པ་ན་བྱ་བ་སྒྲུབ་པར་བྱེད་པ་དེ་ནི་ཡོད་ཀྱང་དེ་ལ་ཞེས་བྱེད་པ་པོ་དེ་རྣམས་ཀྱི་ནང་ནས་གང་ཞིག་བྱ་བ་ལ་ཆོད་པ་མེད་པ་དེ་ཉིད་སྒྲུབ་པར་བྱེད་པ་དམ་པ་སྟེ་བྱེད་པ་ཡིན་ནོ། །
མ་ཐོབ་ན་ཞེས་བྱ་བ་ནི་མི་ལྡན་ན་དེའི་ཚེ་དེའི་རྣམ་པ་ཅན་གྱི་ཞེས་བྱ་བ་ཡུལ་ཐག་རིང་བ་ལ་སོགས་པར་གནས་པའི་དོན་རྣམ་པར་མི་གནས་སོ། །དེ་དང་བར་མ་ཆོད་པ་ཞེས་བྱ་བ་ནི་རྣམ་པ་དང་བར་མ་ཆོད་པར་འགྱུར་བའོ་ཞེས་བྱ་བ་དོན་ཡོངས་སུ་གཅོད་པར་བྱ་བ་ཡིན་ནོ། །ཤེས་པ་དེའི་རྣམ་པའི་ཁྱད་

པར་གང་ཡིན་པ་དེ་ལས་མྱོང་བའི་ཡུལ་ཡིན་ནོ་ཞེས་ཤེས་པར་བྱ་བ་ཡིན་ནོ། །རྒྱུ་དེའི་ཕྱིར་ན་མ་ཉམས་པ་དེ་ནི་རྣམ་པས་ཆོད་པ་ཡིན་ནོ། །གལ་ཏེ་རྣམ་པ་ངེས་པས་གྲུབ་ན་ནི་དེའི་ཚེ་དོན་དེ་ཉིད་དོན་རྣམ་པར་འཇོག་པ་ཡིན་ཏེ། རྣམ་པ་ངེས་པ་གྲུབ་པ་ལས་དོན་གནས་པ་གཞན་
མེད་པའི་ཕྱིར་རོ། །དེ་ལས་གཞན་ཉམས་པ་མེད་པ་ནི་དོན་རྣམ་པར་གནས་པ་ལས་རྒྱུ་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཉམས་པ་མེད་པ་ཚད་མར་འགྱུར་རོ་སྙམ་ན། དོན་གནས་པ་གྲུབ་ཟིན་པ་ལ་ཉམས་པ་མེད་པས་ཅི་ཞིག་རྒྱས་པར་བྱེད། གྲུབ་པ་ཉེ་བར་འཇོག་པ་ནི། རྣམ་པར་གནས་པ་
ལ་མཁོ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་གྲུབ་ན་ཞེས་བྱ་བ་ནི་རྣམ་པར་ངེས་པ་གྲུབ་ནའོ། །ད་ནི་སློབ་དཔོན་ཆོས་མཆོག་གི་ལུགས་སུན་ཕྱུང་བའི་དོན་དུ་ཉེ་བར་འགོད་པ་ནི། དེའི་རྣམ་པ་ཡང་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་གོམས་པའི་དུས་ནའོ། །དེས་ན་ཡོད་པ་མ་ཡིན་པའི་ཕྱིར་ཚད་
མར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །དེ་ཡང་ནི་རྗེས་སུ་དཔག་པ་ཡང་ངོ་། །དེ་བཞིན་དུ་ཐུན་མོང་མ་ཡིན་པ་ཡང་གཞན་ནི་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཡང་ཇི་ལྟར་ན་རྣམ་པ་ལས་གཞན་ཐུན་མོང་མ་ཡིན་པར་མི་འགྱུར་སྙམ་དུ་དོགས་པ་བསུ་ནས་ཀུན་གྱི་ཞེས་གསུངས་སོ། །ཤེས་པ་ཀུན་གྱིའོ། །
གལ་ཏེ་སྔོན་པོ་དེ་སེར་པོ་དང་དེ་གཉིས་མ་ཡིན་པའི་ཡུལ་ལ་ཡང་དབང་པོ་དེ་ཉིད་མ་ཡིན་ནམ་དེ་དབང་པོ་རྣམས་ཐ་དད་པ་ནི་འགའ་ཡང་ཉེ་བར་མཚོན་པ་མེད་དོ། །དེས་ན་དབང་པོ་གཞན་དང་གཞན་འབྱུང་བ་མ་ཡིན་ནམ་ཞེས་བརྗོད་ཅེས་དོགས་པ་བསུ་ནས་ཕ་རོལ་པོ་ཉིད་བརྗོད་པ་ནི་དེ་ལ་ཞེས་བྱ་
བ་སྟེ། སྔོན་པོ་དང་སེར་པོ་དང་དེ་གཉི་ག་ཡང་མ་ཡིན་པ་ལ་མངོན་པར་ཕྱོགས་པའོ། །ཁྱད་པར་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་སོགས་པའི་ཡུལ་མངོན་པར་ཕྱོགས་པ་ཞེས་བྱ་བ་འདི་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་དེ་དག་གི་རྣམ་པ་གང་ཡིན་པ་དེ་ཐ་དད་པ་མེད་པར་རོ། །དེ་ཐ་དད་པ་
ཡིན་ཡང་ཞེས་བྱ་བ་ནི་མངོན་སུམ་དུ་ཕྱོགས་པ་ཐ་དད་པ་ཡིན་ཡང་ངོ་། །རྣམ་པ་དང་བྲལ་བ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་དང་བྲལ་བ་འདི་དབང་པོའོ། །གལ་ཏེ་སྔོན་པོ་དང་སེར་པོ་ལ་སོགས་པའི་ཁྱད་པར་རྟོགས་པ་ཡོད་པ་ཉིད། དེས་ན་མངོན་དུ་ཕྱོགས་པའི་ཁྱད་པར་རྟོགས་པར་འགྱུར་རོ་ཞེས་

གལ་ཏེ་ཡོད་ན་ཞེས་བྱ་བ་སྟེ། སྔོན་པོ་དང་སེར་པོ་ལ་སོགས་པའི་ཁྱད་པར་ཡོད་ནའོ། །དེ་ལས་བཟློག་པར་ཞེས་བྱ་བ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ལས་བཟློག་པར་རོ། །སྣང་བཞིན་པའི་སྔོན་པོ་དང་སེར་པོ་ལ་སོགས་པ་ཉིད་ཤེས་པའི་རང་བཞིན་ཡིན་པ་མི་བཟོད་པས་ཕ་རོལ་པོ་
འདྲི་བ་ནི། འོ་ན་ཞེས་བྱ་བའོ། །གལ་ཏེ་བདེ་བ་དང་སྔོན་པོ་ལ་སོགས་པ་ལས་མ་གཏོགས་པ་ཤེས་པ་མ་དམིགས་ན། ལྐོག་ཏུ་གྱུར་པ་ཉིད་དུ་འགྱུར་ལ་དེ་སྟེ་བལྟར་རུང་བ་ཡིན་ན་ནི་མེད་པ་ཁོ་ནར་འགྱུར་རོ་ཞེས་བྱ་བའོ། །ལྐོག་གྱུར་མིན་ཞེས་བྱ་བ་ནི་གསལ་བཞིན་ཉིད་དོ། །གལ་ཏེ་དེ་ལ་
ཤེས་པ་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་ལྐོག་ཏུ་གྱུར་པ་ཉིད་ཅེས་བྱ་བའི་མིང་ཅན་གསལ་བཞིན་པ་ཉིད་ཤེས་པ་ཡིན་ནོ། །ཤེས་པ་གཞན་གྱིས་ཅི་བྱ། ཡང་ཇི་ལྟར་ན་ལྐོག་ཏུ་གྱུར་པ་ཤེས་པ་ཡིན་ཞེ་ན། དོན་གནས་ན་ནི་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་གསལ་བཞིན་པའོ། །མེད་པ་ཡང་
ཞེས་བྱ་བ་ནི་ཤེས་པ་མེད་པ་ཡང་ངོ་། །གལ་ཏེ་དེ་ལྟ་ན་སྔོན་པོ་ལ་སོགས་པ་ལས་གསལ་བཞིན་པའི་ཤེས་པ་ནི་གཞན་ཡིན་ནོ་ཞེ་ན། ཉམས་སུ་མྱོང་བ་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བ་ལྐོག་ཏུ་མ་གྱུར་པའོ། །འོ་ན་གསལ་བཞིན་པ་ནི་ཤེས་པ་ཡིན་པའི་ཕྱིར་དོན་ཞེས་བྱ་བ་མེད་པར་འགྱུར་
རོ། །དེའི་ཞེས་གསུངས་ཏེ། ལྐོག་ཏུ་མ་གྱུར་པའིའོ། །མེ་ལོང་གི་བཞིན་གྱི་གཟུགས་བརྙན་གང་ཡིན་པ་དེ་ལ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་ལྐོག་ཏུ་གྱུར་པ་ལས་སྔོན་པོ་ཡང་དེ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་གསལ་བཞིན་པའི་སྔོན་པོ་ལ་སོགས་པའོ། །གལ་ཏེ་རྣམ་པ་དེ་ནི་བེམས་པོའི་རང་
བཞིན་དུ་རྟོགས་སོ་ཞེས་བརྗོད་པ་མ་ཡིན་ནམ་སྙམ་ན་འདི་ལ་བརྗོད་པ་ནི་རང་ཉིད་ཅེས་བྱ་བའོ། །གལ་ཏེ་ལྐོག་ཏུ་མ་གྱུར་པ་ཉིད་དོན་ལས་ཡིན་མོད། དེ་ལྟ་ན་ཡང་དོན་གྱིས་བསྐྱེད་པ་ལྐོག་ཏུ་གྱུར་པ་ནི་དོན་གྱི་རང་བཞིན་ཉིད་དུ་འཐད་ཀྱི། ཤེས་པའི་རང་བཞིན་ནི་མ་ཡིན་ནོ་སྙམ་ན། གལ་ཏེ་ཞེས་
གསུངས་སོ། །གལ་ཏེ་རྣམ་པ་འདི་བག་ཆགས་ཀྱི་སྟོབས་ལས་སྐྱེས་སུ་ཆུག་མོད། དེ་ལྟ་ན་ཡང་འདི་ནི་དོན་ཁོ་ན་ཡིན་ནོ་ཞེ་ན། དོན་ནི་ཞེས་གསུངས་སོ། །དེ་ཞེས་བྱ་བ་དོན་མེད་པར་ཐལ་བའི་ཕྱིར་རོ། །བག་ཆགས་ཀྱི་ཁྱད་པར་གང་གིས་སད་པར་མཐོང་བའི་རྣམ་པ་དོན་གྱིས་སྟོང་པར་མི་འགྱུར་

བ་དེ་ལ་ཡོད་པ་ཡིན་ནོ། །འདི་ལས་ནི་རྣམ་པའོ། །བག་ཆགས་དེ་ཉིད་ལས་སོ། །རྣམ་པ་ཉིད་ཅེས་བྱ་བ་ནི། སད་པར་མཐོང་བའི་རྣམ་པའོ། །གཞན་དུ་ཞེས་བྱ་བ་ནི། རྨི་ལམ་དུ་སྣང་བའི་རྣམ་པ་ནི་དོན་མེད་པ་ཉིད་དུ་རྟོགས་པའོ། །ལན་ནི་འདིར་ཡང་ཞེས་
བྱ་བ་སྟེ། སད་པ་མཐོང་བ་ལ་ཡང་ངོ་། །འོ་ན་དེའི་རིགས་ཅན་ཡིན་པའི་ཕྱིར་སད་པས་མཐོང་བའི་རྣམ་པ་ཡང་དོན་དང་བྲལ་བ་ཉིད་དོ་ཞེ་ན། བག་ཆགས་ཀྱི་ཞེས་གསུངས་སོ། །ལྐོག་ཏུ་མ་གྱུར་པའི་ཞེས་བྱ་བ་ནི་བློའི་མ་ཡིན་པའོ། །དེ་ནི་ཞེས་བྱ་བ་ནི་བློའོ། །དེ་ལྟར་ཞེས་བྱ་བ་དོན་གྱི་རྣམ་
པ་ལྟ་བུར་རོ། །དཔེ་ཉིད་འཆད་པ་ནི་མེ་ལོང་ལ་ཞེས་བྱ་བའོ། །འདི་ལྟར་སྣང་ངོ་ཞེས་བྱ་བ་ནི་དོན་གྱི་རྣམ་པ་ཉིད་དུའོ། །ཁྱེད་ལ་ཡང་ནི་སངས་རྒྱས་པ་ལ་ཡང་ངོ་། །ཚད་མ་ཅི་ཡོད་ཅེས་བྱ་བ་ནི་བློ་དོན་གྱི་རྣམ་པ་ཅན་དུ་སྒྲུབ་པར་བྱེད་པ་ཅི་ཡོད་ཅེ་ན། འདི་ལ་བརྗོད་པ་ནི་ཐ་མི་དད་པར་ཞེས་བྱ་
བའོ། །དེ་ནི་ཞེས་བྱ་བ་ཐ་མི་དད་པར་དམིགས་པའོ། །དོན་ཐོབ་པའི་ཕྱིར་ཤེས་པ་དོན་གྱི་རྣམ་པ་ཅན་ཡིན་པའི་གནོད་བྱེད་ཡིན་ནོ་ཞེས་འདི་འགོག་པ་ནི་མ་ཡིན་ནོ་ཞེ་ན། ལྷག་མ་ཞེས་བྱ་བ་ནི་དབང་པོ་རྣམས་ལས་ལྷག་མར་གྱུར་པའོ། །རྣམ་པ་ལས་འདས་ཏེ་ཞེས་བྱ་བ་ནི་རྣམ་པ་ལ་མི་
ལྟོས་པར་ཞེས་བྱ་བའི་དོན་ཏོ། །དེ་དག་ཀྱང་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་རྣམས་ཀྱང་ངོ་། །དེ་བཞིན་ཏེ་ཞེས་བྱ་བ་ནི་ཁྱད་པར་གྱི་བློ་བཞིན་ནོ། །དེ་དག་ཀྱང་ཞེས་བྱ་བ་ནི་ཁྱད་པར་ལ་སོགས་པའི་ཤེས་པ་ཡང་ངོ་། །ཁྱད་པར་ཅན་ལ་བརྟེན་པའི་རང་བཞིན་ཉིད་ཁྱད་པར་ཡིན་མོད། དེ་ལྟ་
ན་ཡང་ཁྱད་པར་ཅན་མ་རྟོགས་པར་ཇི་ལྟར་མི་འཛིན་སྙམ་ན། དེའི་རང་བཞིན་ལ་ཞེས་གསུངས་སོ། །ཁྱད་པར་ཅན་ལ་བརྟེན་པའི་རང་བཞིན་གང་ཡིན་པ་དེ་མ་བཟུང་བར་ཁྱད་པར་འཛིན་པར་ཅིར་འགྱུར། ཁྱད་པར་མ་བཟུང་བར་ནི་དེ་ལ་བརྟེན་པ་ཉིད་འཛིན་པ་མི་སྲིད་ལ་ཁྱད་པར་ཅན་གྱི་བློས་མི་
འཛིན་ནོ་ཞེས་དགས་པའོ། །དེའི་རྣམ་པ་ཞེས་བྱ་བ་ཁྱད་པར་ཅན་ལ་བརྟེན་པའི་རང་བཞིན་འཛིན་ན་ཡང་ངོ་། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ཁྱད་པར་གྱི་བློའི་དུས་ཉིད་དུའོ། །དེ་འཛིན་པར་བྱེད་པ་ཞེས་བྱ་བ་ནི། ཁྱད་པར་འཛིན་པར་བྱེད་པའི་བློ་གང་ཡིན་པ་དེས་བསྐྱེད་པའི་འཛིན་པར་བྱེད་པ་གང་ཡིན་

པ་དེའི་གཟུང་བར་བྱ་བ་མ་ཡིན་ནོ། །དེའི་དུས་སུ་ཡང་ཞེས་བྱ་བ་ནི་ཁྱད་པར་འཛིན་པའི་དུས་སུ་ཡང་ངོ་། །དེ་འཛིན་པ་ཞེས་བྱ་བ་ནི་ཁྱད་པར་འཛིན་པ་དོན་མེད་དོ། །སྔ་མ་བཞིན་དུ་ཞེས་བྱ་བ་ནི། སྒྲུབ་པར་བྱེད་ཉིད་མེད་པར་ཐལ། །ཞེས་བྱ་བའོ། །དོན་གཅིག་ལ་ཟློས་པ་སྟེ་རྗེས་སུ་འཇུག་པ་
གང་ཡིན་པ་དེའི་བྱེ་བྲག་གི་ཤེས་པ་རྣམས་ཀྱི་རིམ་པར་འགྱུར་བ་ཡིན་ནོ་ཞེ་ན། དེའི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཁས་བླངས་ཀྱང་བརྗོད་པ་ནི། རིམ་གྱིས་འགྱུར་བ་ཡིན་མོད། དེ་ལྟ་ན་ཡང་ཤེས་པ་སྔ་ནས་ཕྱི་མའི་སྐྱེ་བ་ཉིད་བྱེད་ཀྱི་རྟོགས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན།
ཤེས་པ་སྔ་མ་དང་ཕྱི་མ་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་དཀར་པོ་ལ་སོགས་པ་དང་ལྡན་པར་འགྱུར་བའི་བུམ་པ་དང་འབྲེལ་པ་ཡིན་ན། དེ་ལྟ་ན་ཡང་དཀར་པོ་དེ་འཛིན་པ་ཞེས་བྱ་བ་ག་ལས་དེ་ལྟ་མ་ཡིན་ཞེས་བྱ་བ་ནི་ག་ལས་ཏེ་དབང་པོ་དང་ལྡན་པར་གྱུར་པའི་དོན་དང་འབྲེལ་པ་ཡོད་
པ་ཙམ་གྱིས་གཞན་འཛིན་པར་བརྗོད་ན། དེའི་ཚེ་དུ་བ་དབང་པོ་དང་སྦྱོར་བ་ན་དུ་བ་དང་འབྲེལ་པར་བྱུང་བའི་མེ་ཡང་རྟོགས་པར་འགྱུར་རོ། །འདུ་བའི་འབྲེལ་པ་ལས་ཞེས་བྱ་བ་ནི། འབྱོར་པའི་འདུ་བ་ལས་ཡིན་གྱི། འབྱོར་པའི་སྦྱོར་བ་ལས་ནི་མ་ཡིན་ནོ་ཞེས་བྱ་བའོ། །དོན་གཅིག་ལ་འདུ་བ་
ཞེས་བྱ་བ་ནི་རྣམ་པ་གཅིག་ལ་རེག་པ་ཡང་འདུས་ཏེ། དེས་ན་ཇི་ལྟར་འབྱོར་པའི་འདུ་བའི་འབྲེལ་པ་ལས་གཟུགས་རྟོགས་པར་འགྱུར་རོ། །གསལ་བ་ཉིད་བརྗོད་པར་ནི་ཇི་ལྟར་ཞེས་བྱ་བའོ། །འདི་ལ་ཡང་ཡུལ་གཅིག་པ་ཡོད་དེ་ཞེས་དགོངས་པའོ། །མིག་གི་གཟུང་བ་མ་ཡིན་
པའི་ཕྱིར་རོ། །རེག་པ་ལ་སོགས་པ་མི་རྟོགས་སོ་ཞེས་བྱ་བ་ནི་གཞན་གྱིའོ། །ལན་ནི་དོན་ཞེས་བྱ་བའོ། །དེ་ཉིད་ནི་མིག་གི་གཟུང་བ་ཉིད་དོ། །དེ་དང་སྦྱོར་བ་ན་ཞེས་བྱ་བ་ནི་ཕྱིའི་དང་ངོ་། །ཆོས་ཀྱང་ཞེས་བྱ་བ་ནི་ཡུལ་ཐག་རིང་པོ་ན་གནས་པའི་ཆོས་ཅན་གྱིའོ། །ཁ་དོག་ཀྱང་གསལ་
བར་སྣང་བར་འགྱུར་རོ་ཞེས་འབྲེལ་ཏོ། །དབྱིབས་ཙམ་ནི་སྣང་བར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བར་བལྟའོ། །བྱེད་པའི་ཞེས་བྱ་བ་ནི་དབང་པོའོ། །མི་འཛིན་པ་ཉིད་དོ་ཞེས་བྱ་བ་ནི་དབྱིབས་ཙམ་ཡང་འཛིན་པར་མི་འགྱུར་རོ། །དེ་ལྟ་བུར་གྱུར་པར་ཞེས་བྱ་བ་ནི་ལ་ལར་ནི་འགྱུར་ལ་ལར་ནི་མ་ཡིན་

པའོ་ཞེས་བྱ་བར་རོ། །ལན་མ་ཡིན་ཏེ་ཞེས་བྱ་བ་སྟེ། མདོག་དབྱིབས་དག་ལས་ཐ་དད་པ་མེད་པའི་ཕྱིར་ན། དབྱིབས་རྟོགས་པ་ན་ཁ་དོག་ཀྱང་རྟོགས་པར་འགྱུར་རོ་ཞེས་བྱ་བ་དགོངས་པའོ། །ཁ་དོག་མི་དམིགས་སོ་ཞེས་བྱ་བ་ནི་མུན་པའི་མདོག་ནི་ནག་པོ་འདི་ཡིན་ན་མུན་པ་འདི་ནི་
དངོས་པོར་འགྱུར་བ་མ་ཡིན་ནོ་ཞེས་བསམས་པའོ། །རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་མུན་པར་རོ། །དེས་ན་མུན་པ་ནི་དངོས་པོ་མ་ཡིན་པ་ཉིད་དེ་སྣང་བ་ལ་དེ་མེད་པའི་ཕྱིར་རོ། །དེས་ན་ཇི་ལྟར་དེ་སྣང་བ་ལ་མེད་ཀྱང་དམིགས་པ་དེ་བཞིན་དུ་གཞན་དུ་ཡང་ཡིན་ནོ་ཞེ་ན། འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །
དེ་ནི་ཞེས་བྱ་བ་ནི་སྣང་བ་ལ་མུན་པར་རྟོགས་པ་ནིའོ། །ཧ་ཅང་ཐལ་བ་ཉིད་བརྗོད་པ་ནི་ཕྱིའི་དོན་མེད་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་བྱེད་པ་པོའི་བདག་ཉིད་ཅན་ནི་བྱ་བ་ཉིད་མི་འགྱུར་བའི་མ་ཡིན་ནམ། དེས་ན་ཇི་ལྟར་བྱེད་པ་པོའི་བདག་ཉིད་དུ་འགལ་བ་མ་ཡིན་སྙམ་ན། བྱེད་པ་ནི་ཞེས་གསུངས་
སོ། །ཐ་མི་དད་པ་ཉིད་བརྗོད་པ་ནི་ཕྱར་བ་དང་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་དེ་ལྟ་ཉིད་དོ། །དེ་ཞེས་བྱ་བ་ནི་སྐྱེས་པ་ཉིད་དོ། །གཅིག་དང་དུ་མར་རྟོགས་པ་ཉིད་བརྗོད་པ་ནི་རེ་ཞིག་ཅེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་དེ་ལྟར་རྣམ་པར་གནས་པ་ནའོ། །དེ་ལས་ཞེས་བྱ་བ་ནི་ལྷས་བྱིན་ལས་སོ། །སྐབས་
སུ་བབ་པ་ལ་བྱ་བ་དང་བྱེད་པའི་རྟོག་པ་བཤད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །དེ་ལས་ཀྱང་ཞེས་བྱ་བ་ནི་འབྲས་བུ་ལས་ཀྱང་ཚད་མར་ཐ་དད་པ་ཡིན་ནོ། །འབྲས་བུ་ཉིད་ནི་ཚད་མར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། བྱེད་པ་དང་བཅས་པ་ལྟ་བུར་རྟོགས་ཏེ་ལྷག་པར་ཞེན་པའི་ཕྱིར་རོ། །རྣམ་པར་ཤེས་པ་སྨྲ་བ་ལ་
འཇུག་པའི་དོན་དུ་སློབ་དཔོན་ཕྱོགས་ཀྱི་གླང་པོའི་མདོ་ཉེ་བར་དགོད་པ་ནི། ཡང་ན་ཞེས་བྱ་བའོ། །གཉིས་སུ་སྣང་བའི་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པ་བཞིན་དུ་སྣང་བ་ཡིན་ནོ། །གང་གི་ཕྱིར་འཇིག་རྟེན་པ་དོན་དུ་གཉེར་བ་དེའི་ཕྱིར། དོན་རིག་པ་འབྲས་བུ་ཡིན་ནོ་ཞེ་ན། འདི་ལ་རེ་ཞིག་རང་ཉིད་
ལན་འདེབས་པ་ནི་འདིར་ཞེས་བྱ་བའོ། །གལ་ཏེ་མཐོང་བ་ཁོ་ན་ལ་ནི་དོན་དུ་གཉེར་བ་ཡིན་ཏེ། ཐོས་པ་ལ་ཡང་དོན་དུ་གཉེར་བ་མཐོང་བའི་ཕྱིར་རོ་ཞེ་ན་ཐོས་པ་ཡང་ཞེས་བྱ་བའོ། །སོ་སོར་རིག་ཅེས་བྱ་བ་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་སོ་སོར་ཞེས་བྱ་བའོ། །རྐང་པ་དང་པོ་ཉིད་འཆད་པ་ནི་གལ་ཏེ་

ཞེས་བྱ་བའོ། །རྐང་པ་དང་པོ་འཆད་པར་བཞེད་པས་གྲུབ་པའི་མཐའ་པས་གསུངས་པ་ནི། རབ་རིབ་ཅན་ཞེས་བྱ་བའོ། །དེར་ནི་ཉམས་སུ་མྱོང་བར་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་ལ་ཇི་ལྟར་ཉམས་སུ་མྱོང་བཞིན་པ་མེད་ཀྱང་འདི་ནི་ཉམས་སུ་མྱོང་བར་བྱའོ་ཞེས་བྱ་བར་འགྱུར་བ་དེ་བཞིན་དུའོ། །བདེན་
པའི་བུམ་པ་ལ་སོགས་པར་འདོད་པ་ལ་ཡང་ཉམས་སུ་མྱོང་བར་བྱ་བ་མེད་བཞིན་དུ་དེ་ལྟར་འགྱུར་བ་ཡིན་ནོ་ཞེས་དགོངས་པའོ། །གལ་ཏེ་ཉམས་སུ་མྱོང་བ་ཁ་ཅིག་ནི་དོན་ལ་བརྟེན་པ་ཉིད་དུ་མཐོང་ངོ་ཞེ་ན། འདི་ལ་ལན་ནི་དེ་ཉིད་ཅེས་པའོ། །ཉམས་སུ་མྱོང་བ་ནི་མཐོང་བ་ཡིན་ནོ། །འོན་ཀྱང་ཉམས་
སུ་མྱོང་བ་འདི་ཕྱི་རོལ་གྱི་དོན་གྱི་ཡིན་ནོ་ཞེས་དོན་དང་ལྷན་ཅིག་འབྲེལ་པར་ནི་མཐོང་བ་མེད་དོ། །འོན་ཏེ་ཞེས་བྱ་བའོ། །དེའི་མྱོང་བ་ཡིན་ནོ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དེ་ལས་ནི་མིག་ལས་སོ། །གལ་ཏེ་ངེད་ཀྱི་འདོད་པ་ལ་ནི་དོན་རིག་པ་མེད་ཀྱི་འོན་ཀྱང་དེའི་རྣམ་པ་ཅན་གྱི་ཤེས་པ་མཐོང་བ་ལས་དེའི་
རྣམ་པ་ཅན་གྱི་དོན་རྗེས་སུ་དཔག་པ་ཡིན་ནོ་སྙམ་ན། ཇི་ལྟར་ཞེས་གསུངས་སོ། །དེ་ཡང་ནི་མིག་གོ། །དེ་ཉིད་ནི་མིག་ཉིད་དོ། །དེའི་ཡུལ་དུ་ནི་མེ་ལོང་གི་ཡུལ་དུའོ། །དེས་ན་ཁ་དོག་གི་བདག་ཉིད་ཀྱི་དབྱིབས་གང་ཡིན་པ་དེ་དང་གལ་ཏེ་རྡུལ་ཕྲ་རབ་ལ་ལྡན་པ་ཡིན་ན། དེའི་རིགས་པ་ཉིད་དུ་ཐལ་བར་
འགྱུར་ཏེ། ཁ་དོག་གི་རིགས་པ་ཉིད་དུ་སྣང་བའི་ཕྱིར་རོ། །འདིར་སློབ་དཔོན་ཆོས་མཆོག་གི་ལུགས་དགོད་པར་བྱེད་པ་ནི། ཅི་སྟེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་རགས་པ་ཉིད་ཀྱི་ཆོས་སོ། །འདི་ལ་ལན་ནི་གལ་ཏེ་ཞེས་བྱ་བའོ། །འདི་གཞན་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བར་ནི་ཡུལ་མ་ཡིན་ཏེ་
དེས་ན་དེ་མི་འཛིན་པ་ཙམ་གྱིས་ནི་འཁྲུལ་པ་ཉིད་ཀྱང་མ་ཡིན་ཏེ། བུམ་པ་གཟུང་བ་ན་སྣམ་བུ་ལ་སོགས་པ་མ་བཟུང་བས་ཀྱང་འཁྲུལ་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདི་གྲུབ་པའི་མཐའ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་བར་ཡུལ་ཉིད་མ་ཡིན་ན། དེའི་ཚེ་
ཤེས་པ་ཙམ་ལ་ཡང་ནུས་པ་མེད་པའི་ཕྱིར་དེ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི། བར་དངོས་པོ་མེད་པའི་ཕྱིར་རོ། །ཕ་རོལ་པོ་འདི་འགོག་པ་ནི་བར་མེད་པ་ཞེས་བྱ་བའོ། །མི་འཐད་པ་ཉིད་སྟོན་པ་ནི། དངོས་པོ་ཆ་ཤས་དང་ཞེས་བྱ་བའོ། །མངོན་སུམ་གྱིས་གསལ་བའི་ཕྱིར་ཞེས་བྱ་བ་ནི། རགས་པ་

ཉིད་མངོན་སུམ་གྱིས་དམིགས་པའི་ཕྱིར་རོ། །གཞན་ཡང་མངོན་སུམ་གྱིས་ནི་རེ་ཞིག་རྡུལ་ཕྲ་རབ་གང་དུ་དམིགས་པ་མེད་ལ། རྗེས་སུ་དཔག་པ་ཡང་དེ་སྔོན་དུ་འགྲོ་བ་ཅན་དུ་འགྱུར་བ་ཡིན་ན། དེས་ན་ཇི་ལྟར་མངོན་སུམ་མེད་པར་རྗེས་སུ་དཔག་པ་རྡུལ་ཕྲ་རབ་ཀྱི་སྒྲུབ་བྱེད་དུ་
འགྱུར། ཇི་ལྟར་རགས་པ་བུམ་པ་ལ་སོགས་པ་ཕྲ་མོ་ཚོགས་པའི་ཕྱིར་རོ། །གཞན་ཡང་མངོན་དུ་སྐར་ཁུང་གི་ལམ་ནས་ཞུགས་པའི་རྡུལ་ཡང་རགས་པ་ཉིད་ཀྱི་ཕྲ་མོ་བསགས་པའི་རང་བཞིན་ཡིན་ལ། དེའི་མཐའ་ཐུག་པ་གང་ཡིན་པ་དེ་ཡང་རྡུལ་ཕྲ་རབ་ཡིན་ནོ་ཞེས་བྱ་བ་ནི་གཞན་
གྱིས་བསམས་པའོ། །འདི་ལ་ལན་ནི་འདི་ཞེས་བྱ་བའོ། །ཡོངས་སུ་མཐོང་བའི་ཕྲ་མོ་ཅི་ཙམ་དེ་སྲིད་ཙམ་ཞིག་བརྟག་པར་བྱ་བ་ཡིན་པ། དེ་ལྟ་ན་རྡུལ་ཕྲ་རབ་མི་འགྲུབ་པོ་ཞེས་དགོངས་པའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ཀྱང་འཁྲུལ་པ་ཉིད་བརྗོད་པ་ཡིན་ནོ། །འོན་ཀྱང་
འདི་ལ་ཉེས་པ་ལྷག་པར་བརྗོད་པར་བྱ་བ་ཡིན་ནོ་ཞེས་སྡུད་པས་གཞན་ཡང་ཞེས་སྨོས་པར་ཟད་དོ། །དོན་དང་མྱོང་བ་རྣམས་ཀྱང་ཞེས་བྱ་བ་ལ། བུམ་པ་ལ་སོགས་པ་རིགས་མཐུན་པའི་དོན་ཡང་ཕན་ཚུན་རིགས་པར་འགྱུར་ལ་དེ་བཞིན་དུ་རྒྱུད་ཐ་དད་པ་ལ་ཡོད་པའི་སྔོན་པོའི་ཡུལ་ཅན་གྱི་
མྱོང་བ་རྣམས་ཀྱང་ངོ་། །དེ་ཉིད་གསལ་བར་བྱེད་པ་ནི་རྒྱུད་གཞན་གྱི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གལ་ཏེ་རྣམ་པ་དེ་དེ་མ་ཐག་ཉིད་ལས་སྐྱེས་པ་ཡིན་ལ་དེའི་ཚེའོ། །དེ་ཞེས་བྱ་བ་ནི་དེ་མ་ཐག་པའོ། །རྩོད་པ་འདི་ལ་གཞན་དག་གི་ལན་སུན་དབྱུང་བའི་ཕྱིར་འགེད་པ་ནི་གཞན་
དག་ཅེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཤེས་པ་ཡང་ཡིན་ནོ་ཞེས་བྱ་བ་ནི། འཇིག་རྟེན་ན་ཡང་དེ་ལྟར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །ཇི་ལྟར་ཕྱིའི་དོན་དུ་སྨྲ་བའི་ལྟར་ན་སྔོན་པོའི་རྣམ་པ་མྱོང་བ་ཉིད་སྔོན་པོ་མྱོང་བ་ཡིན་པ་བཞིན་དུ་སྔོན་པོའི་རྣམ་
པ་དྲན་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དྲན་པ་འདི་ལས་དངོས་སུ་དོན་མཐོང་བ་ནི་མེད་དོ། །དེ་ལྟར་གཞན་གྱི་ལན་སུན་དབྱུང་ནས་རང་ཉིད་ཀྱི་བརྗོད་པ་ཞེས་བྱ་བའོ། །འདི་ལྟར་དང་པོ་ནི་སྔོན་ཉམས་སུ་མྱོང་བར་འགྱུར་ལ་ཕྱིས་སྔོན་པོ་གོམས་པའི་མཐའ་ཐུག་པ་ན། སྔོན་པོ་

དངོས་སུ་སྣང་བར་འགྱུར་བའོ། །སྔོན་པོར་སྣང་བའི་ཤེས་པ་དེའི་ཡུལ་ནི་དང་པོར་སྐྱེས་པའི་སྔོན་པོ་ཉམས་སུ་མྱོང་བ་ཡིན་པར་འགྱུར་རོ། །དེ་འདྲ་བའི་ཞེས་བྱ་བ་ནི་སྔོན་པོ་རྣམ་པ་གསལ་བ་ཅན་ནོ། །བར་དུ་བྱུང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དེའི་དེ་མ་ཐག་པ་ཉིད་ནི་དེ་ཙམ་ཡིན་ཏེ། འཇིག་
རྟེན་ན་རིགས་མཐུན་བར་མ་ཆོད་པ་ཉིད་ལ་བར་མེད་པ་ཞེས་རྟོགས་པ་ཡིན་ནོ། །དཔེར་ན་ཆེ་གེ་མོའི་ཁྱིམ་དང་བར་མ་ཆོད་པ་ནི་བདེ་བྱེད་ཀྱི་ཁྱིམ་ཡིན་ནོ། །དེ་འདྲ་བའི་ཞེས་བྱ་བ་ནི། དེར་ནི་ཁྱིམ་གཞན་གྱིས་བར་མ་ཆོད་པས་ན་བར་མེད་པ་ཞེས་བརྗོད་ཀྱི། སྐྱེ་ཤི་ལ་སོགས་པས་བར་མ་ཆོད་པ་ནི་མ་
ཡིན་ནོ། །གལ་ཏེ་དེ་ལྟར་བར་མེད་པར་འགྱུར་མོད། ཆོད་མགོ་སྐྱེད་བྱེད་ཇི་ལྟར་མིན་སྙམ་ན། འདི་ལ་ལན་ཞེས་བྱ་བའོ། །ཡང་ཇི་ལྟར་འདི་ལ་ལན་བཏབ་པ་སྙམ་ན་བར་དུ་ཞེས་གསུངས་སོ། །རྣམ་པར་རྟོག་པ་རྣམས་གང་ཞིག་གོམས་པ་ལས་དེ་མ་ཐག་ཏུ་གསལ་བའི་རྣམ་པ་ཅན་སྐྱེད་པར་བྱེད་པ་དེ་
ཡུལ་དུ་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པར་འཁྲུལ་པའི་རྒྱུ་དེས་ནའོ། །གལ་ཏེ་དོན་མེད་ན་འོ་ན་རྣམ་པ་འདི་ཇི་ལྟར་སྐྱེ་ཞེ་ན་རིགས་གང་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་དོན་གནས་པ་ནི་ངེས་པ་ལས་ཡིན་ན། དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་འདི་ལ་བརྗོད་པ་ནི། ཞེས་འཆད་པར་འགྱུར་བ་དང་འབྲེལ་ཏོ། །
ཇི་ལྟར་ངེས་པ་ལས་དོན་རྣམ་པར་གནས་ཤེ་ན། ངེས་པ་ནི་ཞེས་བྱ་བའོ། །དེ་མ་ཐག་པའི་རྐྱེན་ལས་ཞེས་བྱ་བ་ནི་འདི་ནི་ཡུལ་དེ་མ་ཐག་པའི་རྐྱེན་ལས་བྱུང་བ་ཡིན་ནོ་ཞེས་ངེས་པ་ནི་མེད་དོ། །གལ་ཏེ་དོན་ངེས་པ་ཡིན་མོད། དེ་ལྟ་ན་ཡང་ཇི་ལྟར་ངེས་པ་ལས་དོན་རྣམ་པར་གནས་ཤེ་ན། དོན་ཉམས་སུ་མྱོང་བ་
ཞེས་གསུངས་སོ། །མངོན་སུམ་དེ་ལས་གཞན་པའི་རྣམ་པར་རྟོག་པ་དེ་བས་ཞན་པའི་དོན་དེ་མཐོང་ངོ་ཞེས་བྱ་བ་འདི་ནི་གཟུ་ལུམས་ཡིན་ནོ། །དེ་དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དོན་ཉམས་སུ་མྱོང་བ་ནི་མ་ཡིན་གྱི། འོན་ཀྱང་རང་གི་ངོ་བོ་མྱོང་བ་ཁོ་ན་ཡིན་ན། དེའི་ཚེ་ངེས་པ་དེ་ལྟ་བུ་ཉིད་དེ་རང་གི་
ངོ་བོ་མྱོང་བར་ངེས་པར་འགྱུར་རོ་ཞེ་ན། འདི་འགོག་པ་ནི་དེ་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་གོམས་པ་དེ་ཡང་མྱོང་བ་ཉིད་ལས་འགྱུར་བ་ཡིན་ཏེ། དེས་ན་འགའ་ཞིག་གི་ཚེ་གདོན་མི་ཟ་བར་དོན་ཉམས་སུ་མྱོང་བར་འགྱུར་དགོས་སོ། །དེས་ན་འདི་ཕྱིན་ཅི་ལོག་ཏུ་ཇི་ལྟར་ངེས་ཤེ་ན། འདི་ལ་བརྗོད་

པ་ནི་འདི་ཡང་ཞེས་བྱ་བའོ། །ཕྱིན་ཅི་ལོག་ཏུ་ངེས་པ་ནི་མཐོང་བ་ཡང་ཡིན་ཏེ། བདག་ལ་སོགས་པར་ངེས་པ་བཞིན་ནོ། །གལ་ཏེ་བལྟ་བའི་ཤེས་པ་རྣམ་པར་འབྱེད་པར་མི་བྱེད་ན། དེའི་ཚེ་ངེས་པ་ཡང་རང་ཉིད་ནུས་པ་མེད་པར་ཇི་ལྟར་བྱེད། ཇི་ལྟར་ཟླ་བ་གཉིས་ཀྱི་ཤེས་པ་ཡོད་ན་
སྐྱེ་བའི་ངེས་པ་མ་ཡིན་པ་དེ་རྣམ་པར་འབྱད་པར་མི་བྱེད་པ་བཞིན་ནོ། །རྒྱུ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་རྒྱུ་མེད་ཅན་ཡིན་པའི་ཕྱིར་རོ། །གང་གི་ཚེ་སོ་སོར་ངེས་པར་ཉམས་སུ་མྱོང་བ་ཉིད་མ་གྲུབ་པ་དེའི་གོམས་པ་ཡང་ཇི་ལྟར་འགྲུབ་ཅེས་བྱ་བའི་དོན་ཏོ། །འདྲི་བའི་དོན་གང་ཞིག་ཡིན་ཞེས་བྱ་བ་ནི་འདྲི་
བ་འདི་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །མི་འཐད་པ་དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །སླར་བཟློག་པ་རྣམ་པར་བརྗོད་པ་ནི་དོན་ལ་ཞེས་བྱ་བའོ། །གཞན་གྱིས་རྣམ་པ་འདི་ལྟ་བུའི་འདྲི་བ་ནི་ཞེས་སྨྲས་སོ། །ཅིའི་ཕྱིར་འདྲི་བ་ནི་རྩེད་མོ་ཡིན་ཞེས་དྲིས་པ་ལ་གཞན་གྱིས་མཐར་ཐུག་པ་ཞེས་སྨྲས་སོ། །
གལ་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའིའོ། །དེའི་མྱོང་བ་དེ་བདག་ཉིད་དེ་ཞེས་བྱ་བ་བཤད་པ་ཡིན་ནོ། །ད་རྐང་པ་གཉིས་པ་འཆད་པར་ནི་འདིས་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་བྱ་བ་ནི་དྲི་བའོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འོ་ན་ཇི་ལྟར་མངོན་སུམ་གྱིས་རིག་པར་བྱ་བ་ཉིད་
ཡིན་སྙམ་དུ་དོགས་པ་བསུ་ནས་ཕྱེད་ཕྱི་མ་འཆད་པ་ནི། མངོན་སུམ་རིག་བྱར་དེ་ཡི་ནི། །ཞེས་བྱ་བའོ། །དྲུག་པའི་དོན་ཡོད་ན་ཐ་མི་དད་པ་ཇི་ལྟར་འགྱུར་སྙམ་ན། དྲུག་པའི་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་དྲུག་པའི་དོན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པ་གཞན་འགྲེལ་པ་རྣམས་གཞན་
དུ་འཆད་དོ་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པའི་རྣམ་པའོ། །ཉམས་སུ་མྱོང་བར་ཞེས་བྱ་བ་ནི་ཉམས་སུ་མྱོང་བར་བྱ་བར་རོ། །དེའི་ངོ་བོ་ནི་ཞེས་བྱ་བ་རང་གི་རང་བཞིན་དུ་གྱུར་པ་ཉམས་སུ་མྱོང་བའི་ངོ་བོ་ནིའོ། །དེ་ལྟར་ཡིན་ན་ཞེས་བྱ་བ་ནི། གཞན་ལ་ཡང་རང་བཞིན་དུ་གྱུར་པའི་ཉམས་སུ་མྱོང་
བའི་ངོ་བོ་ཡོད་ན་དེའི་གཞན་ཉིད་དུ་མི་འགྱུར་རོ། །འདིས་ནི་དེའི་མྱོང་བ་དེ་ཞེས་བྱ་བ་ཉམས་སུ་མྱོང་བཞིན་པ་ནི། བདག་ཉིད་ཡིན་ལ་དེ་ཡང་ཤེས་པ་གཞན་འགའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་བཤད་པ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་ནོ། །འདི་ཉིད་ཡང་རྣམ་པ་གཞན་དུ་སྦྱོར་

བ་ནི་ཡང་ན་ཞེས་བྱ་བའོ། །ཤེས་པ་ལྐོག་ཏུ་གྱུར་པ་གང་ཡིན་པ་དེ་ཉིད་ཀྱིས་ཉམས་སུ་མྱོང་བ་གང་ཡིན་པ་ཉིད་ཡིན་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དོན་དེའི་བདག་ཉིད་དེ་ནི་མྱོང་བ་སྟེ། མངོན་དུ་བྱེད་པ་ཡིན་པར་འགྱུར་རོ། །གཞན་ལ་ཞེས་བྱ་བ་ནི་གཞན་ཞེས་བྱ་བའི་
དོན་ཏོ། །དོན་གྱི་བདག་ཉིད་ཁོ་ནར་རང་གི་རང་བཞིན་མངོན་དུ་བྱེད་པ་ཡིན་མོད། ཅི་སྐྱོན་སྙམ་ན་དེ་ཞེས་སྨོས་ཏེ། ཉམས་སུ་མྱོང་བ་དེ་གཞན་ཞེས་བྱ་བ་དོན་འགའ་ཞིག་གིས་ནི་མ་ཡིན་ནོ། །འདི་ག་ལས་ཤེ་ན་བཤད་པ་གལ་ཏེ་དོན་གྱི་བདག་ཉིད་ཉམས་སུ་མྱོང་བར་གྱུར་པ་ཡིན་ན། དེའི་
ཚེ་གཞན་ལ་ཡང་ཞེས་བྱ་བ་སྐྱེས་བུ་གཞན་ལ་ལྟོས་ནས་ཀྱང་དེ་ཁོ་ན་ལྟར་ཉམས་སུ་མྱོང་བའི་རང་བཞིན་དུ་འགྱུར་ཏེ། དོན་ནི་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེས་ན་སྐྱེས་བུ་ཐམས་ཅད་དེ་མཐོང་བ་སྟེ་དེ་ཉམས་སུ་མྱོང་བར་འགྱུར་རོ། །འགྱུར་བ་ཁོ་ནའོ་ཞེ་ན་བརྗོད་པ་གཞན་ལ་ནི་ཞེས་བྱ་
བའོ། །སྐྱེས་བུ་གཞན་ལ་ལྟོས་ནས་ནི། དེ་ལྟར་ཞེས་བྱ་བ་ཉམས་སུ་མྱོང་བའི་རང་བཞིན་ཡང་མ་ཡིན་ནོ། །ཡང་ན་ཞེས་བྱ་བ་ལ་སོགས་པའི་འདྲི་བ་ལ། རྣམ་འགྲེལ་གྱིས་ལན་བཏབ་པ་ནི་བདག་ཉིད་ཅེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་ནི་སེམས་ཉིད་ཅེས་བྱ་བའོ། །བདག་ཉིད་
གཞན་མེད་པའི་ཕྱིར་ན་སེམས་ཀྱི་རྒྱུན་ཉིད་བདག་ཡིན་ནོ། །གལ་ཏེ་གཞན་འགའ་ཞིག་ཡོད་ན་དེ་ལས་ཕྱི་རོལ་དུ་འགྱུར་བ་ཞིག་གང་གི་ཚེ་གཞན་ཞེས་བྱ་བ་མེད་པ་དེའི་ཚེ། སྔོན་པོའི་རྣམ་པ་འདི་ཕྱི་རོལ་དུ་གྱུར་པ་ག་ལ་ཡིན། ཇི་སྲིད་ལུས་ཀྱི་རྣམ་པ་ལས་སྔོན་པོའི་རྣམ་པ་ཕྱི་རོལ་དུ་གྱུར་པར་
བརྗོད་པ་དེ་སྲིད་དུ་ལུས་ཀྱི་རྣམ་པ་ཉིད་དུ་སྔོན་པོའི་རྣམ་པ་ལས་ཕྱི་རོལ་དུ་གྱུར་པ་ཞེས་ཅི་སྟེ་མི་བརྗོད། དེས་ན་གང་ཞིག་ག་ལས་ཕྱི་རོལ་གྱི་ཡུལ་ཅན་གྱི་ཡིན་ཞེས་བསམས་པའོ། །ཁྱེད་ཀྱིས་ཀྱང་ཞེས་བྱ་བ་ནི་རིག་བྱེད་ཀྱི་མཐའ་ལས་ཀྱང་ངོ་། །དེ་ལས་ཐ་དད་པ་ནི་བདག་ལས་ཐ་དད་པའོ། །
དེ་ནི་ཞེས་བྱ་བ་ནི་བདག་ཏུ་སྨྲ་བའོ། །ཁྱེད་ནི་རྣམ་པར་ཤེས་པར་སྨྲ་བ་ཡིན་ན། དེ་ཇི་ལྟར་འདི་འབྲེལ་ལ་ཡིན་ཞེས་བྱ་བ་ནི་ཕ་རོལ་པོའི་བསམ་པའོ། །འདི་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །སྣ་ཚོགས་པའི་རྣམ་པ་མྱོང་བའི་རྒྱུའི་ཕྱིར་མེད་པར་མི་འཐད་དོ། །ཁྱེད་ཀྱི་ལྟར་ན་ནི་བདག་

རྣམ་པ་མེད་པ་ཡིན། སྣ་ཚོགས་ཀྱི་རྣམ་པ་ནི་མང་པོ་ཁོ་ན་ཡིན་ནོ། །དེས་ན་ངེད་ཀྱི་འདོད་པ་དང་ཇི་ལྟར་མཚུངས། མ་རིག་པའི་དབང་གིས་བསྐྱེད་པའི་ཕྱིར་ན་སྣ་ཚོགས་ཀྱི་རྣམ་པ་ནི་མེད་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ལ་བརྗོད་པ་ནི་དེ་ནི་མྱོང་བ་ཁོ་ནའོ་ཞེས་བྱ་བའོ། །
མ་རིག་པ་ཡང་ཉམས་སུ་མྱོང་བར་བྱ་བ་ཡིན་པའི་མྱོང་བ་ཁོ་ནའོ། །དེས་ན་དེའི་དབང་གིས་སྐྱེས་པའི་སྣ་ཚོགས་ཀྱི་རྣམ་པ་མེད་པར་ཇི་ལྟར་འགྱུར། དེ་ལྟར་ན་རེ་ཞིག་བདག་ཏུ་སྨྲ་བ་ནི་རིགས་པས་འཐད་པ་མ་ཡིན་པར་བསྟན་པ་ཡིན་ནོ། །ད་ནི་དེ་ལ་འབྲས་བུ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བརྗེད་
པ་ནི། བདག་ཏུ་སྨྲ་བའི་ཞེས་བྱ་བའོ། །བདག་མེད་པ་ཡང་ཉེ་བར་མི་མཁོ་བའོ་སྙམ་ན། འདོད་ཆགས་ཞེས་སྨོས་སོ། །རང་གི་ངོ་བོ་གསལ་བར་བྱེད་པའི་ཕྱིར། རང་ཉིད་དེ་ལྟར་ཞེས་བྱ་བ་རང་གི་ངོ་བོ་གསལ་བར་བྱེད་པའི་རང་བཞིན་འགྱུར་བ་ཡིན་ནོ། །གལ་ཏེ་གང་གིས་དེ་སྐད་བརྗོད་པ་སྔོན་
པོ་ལས་གཞན་པའི་ཉམས་སུ་མྱོང་བ་མེད་པར་ཇི་ལྟར་འགྲུབ་སྙམ་ན་འབའ་ཞིག་ཅེས་སྨོས་སོ། །རྣམ་པ་དང་བྲལ་བའོ། །གལ་ཏེ་འདི་ཐ་དད་པ་ཡིན་ཡང་ཐ་དད་པ་ཉིད་དུ་ངེས་པ་ཡིན་ནོ་སྙམ་ན། གང་ཞིག་ཅེས་གསུངས་སོ། །གལ་ཏེ་ཐ་དད་པ་མེད་ན། སྔོན་པོའི་མྱོང་བ་ཞེས་ཐ་དད་པའི་ཐ་
སྙད་དུ་ཇི་ལྟར་འགྱུར་ཞེ་ན། ལྡོག་པ་ཞེས་སྨོས་ཏེ། ལྡོག་པའི་ཐ་སྙད་དོ། །དེའི་ཕྱིར་ཞེས་བྱ་བ་ནི། ལྡོག་པའི་ཐ་སྙད་ལས་སོ། །དེ་ལྟར་མིན་ཞེས་བྱ་བ་ནི་ལྡོག་པ་ཉིད་དུ་འགྱུར་བ་མ་ཡིན་ནོ། །སྔར་ཞེས་བྱ་བ་ནི་མཆི་གུའི་ལུས་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་དེར་རོ། །རྣམ་འགྲེལ་ལ་འཇུག་པར་
བྱེད་པ་ནི་ཇི་ལྟར་ཞེས་བྱ་བའོ། །ཡང་ཇི་ལྟར་ན་སྒྲོན་མ་ལ་སོགས་པས་གསལ་བར་བྱ་བ་རང་ཉིད་གསལ་བ་མ་ཡིན་ཞེ་ན། བདག་ཉིད་ལ་ནི་ཞེས་གསུངས་སོ། །བཟློག་པ་ལ་ཡང་ཞེས་བྱ་བ་ནི་རང་གསལ་བ་ལ་ཡང་ངོ་། །གལ་ཏེ་དེ་ཡང་གསལ་བྱེད་གཞན་མེད་ན། ཇི་ལྟར་སྒྲོན་མ་གསལ་
བར་འགྱུར་སྙམ་ན། གལ་ཏེ་ཞེས་བྱ་བའོ། །བརྒལ་ཞིང་བརྟག་པ་མ་ཡིན་པ་དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་དོགས་པའོ། །བུམ་པ་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱིས་གསལ་བར་བྱེད་པ་ཞེས་བྱ་བ་ནི་མེད་དོ་ཞེས་སྟོན་པ་ཡིན་ནོ། །དེ་ལས་ནི་སྒྲོན་མའོ། །རང་གསལ་བའི་དཔེ་

སྒྲོན་མ་ཉིད་འགོག་པས་ཕ་རོལ་པོ་སྨྲ་བ་ནི་ཅི་སྟེ་ཞེས་བྱ་བའོ། །སྒྲོན་མ་ལ་སོགས་པ་ལས་གསལ་བའི་རང་བཞིན་དུ་སྐྱེས་པ་དེའི་གསལ་བར་བྱེད་པ་མིག་ལ་སོགས་པ་ཉིད་ཡིན་ནོ། །མི་གསལ་བའི་ཕྱི་རོལ་ཡང་མིག་དང་སྒྲོན་མ་ལ་སོགས་པ་ལས་གསལ་བའི་རང་བཞིན་དུ་སྐྱེ་བའི་ཕྱིར་
སྒྲོན་མས་གསལ་བར་བྱེད་དོ་ཞེས་བརྗོད་པ་ཇི་ལྟ་བ་བཞིན་དུ་མིག་ལས་ཀྱང་ཤེས་པ་གསལ་བའི་རང་བཞིན་ཉིད་སྐྱེ་བ་ཡིན་ནོ་ཞེས་འདོད་པར་བྱའི། དོན་དམ་པར་ནི་གཞན་གྱིས་གསལ་བ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཇི་ལྟར་སྲིད་པ་ཞེས་བྱ་བ་ནི་སྲིད་པ་ལས་མ་
འདས་པ་སྟེ་དེ་ལྟར་རོ། །གལ་ཏེ་འགའ་ཞིག་ལ་ཞེས་བྱ་བ་སྒྲོན་མ་ལ་ནི་གསལ་བྱེད་གཅིག་ཡིན་ལ། གཞན་དག་ལ་ཞེས་བྱ་བ་བུམ་པ་ལ་ནི་གཉིས་ཡིན་ལ་གཞན་པ་དག་ལ་ནི་ཤེས་པར་བྱ་བ་ཤེས་པ་ལ་ནི་ཡང་ནའོ། །དེའི་ཞེས་བྱ་བ་རང་ཉིད་གསལ་བའོ། །འོན་ཏེ་རང་བཞིན་དང་ཡང་
འགལ་བར་འགྱུར་ན་དེའི་ཚེ་འདི་ནི་ཐམས་ཅད་སྙམ་པར་དེ་འཇིགས་པར་བྱེད་པར་འགྱུར་རོ། །གལ་ཏེ་འགལ་བ་མེད་ན་འོ་ན་རལ་གྲིའི་སོ་ཡང་བདག་ཉིད་ཀྱིས་གཅོད་པར་འགྱུར་རོ་ཞེ་ན། །ཆད་པ་ནི་ཞེས་སྨོས་སོ། །འདི་ཉིད་ཡིན་ནོ་ཞེས་བྱ་བ་ནི་དེ་ཉིད་ཀྱིས་བསྐྱེད་པ་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་
བཞིན་ནོ། །དེའི་ཚེ་འཐད་པར་འགྱུར་གྱི་ཞེས་བྱ་བ་རང་ཉིད་གསལ་བ་སུན་འབྱིན་པའོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རང་གི་རྒྱུ་ལས་རང་གསལ་བའི་རང་བཞིན་དུ་སྐྱེས་ནའོ། །དོན་དེ་མ་ཐག་གསལ་བ་ནི་དེས་དོན་གཞན་གསལ་ལོ་ཞེས་བྱ་བའི་བརྗོད་པར་མི་འགྱུར་རོ། །གལ་ཏེ་དོན་
གསལ་ཞེ་ན་ནི་དོན་དེ་ཡང་ཤེས་པ་དེ་ལྟ་བུ་ཉིད་དུའོ་ཞེས་བྱ་བའི་དོན་ཏོ། །གཞན་གྱིས་ནི་ཤེས་པས་སོ། །དེའི་ཚེ་ནི་ཞེས་བྱ་བ་གཉི་ག་གསལ་བའི་དུས་ནའོ། །གསལ་བྱ་བ་དང་ཞེས་བྱ་བ་ནི། གསལ་བྱ་ཉིད་དུ་འདོད་པའི་དོན། །གསལ་བྱེད་ཅེས་བྱ་བ་ནི་གསལ་བྱེད་དུ་འདོད་པ་ནི་ཤེས་པ་དག་
གསལ་བ་ཉིད་དུ་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་བྱེད་པ་ལས་ཞེས་བྱ་བ་ནི་ཤེས་པའི་བྱེད་པ་ལས་སོ། །དེ་ལས་ནི་དོན་ལ་རིམ་གྱིས་རྟོགས་པ་རྟོགས་པ་ཉིད་ཁྱད་པར་ཡོད་པའོ། །ཕ་རོལ་པོ་འདི་ཉིད་གསལ་བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །དེའི་ནི་བུམ་པའོ། །རྒྱུ་དེས་ན་བུམ་པ་

དང་སྒྲོན་མ་དེ་གཉིས་དེ་ཉིད་དེ་གསལ་བྱ་དང་གསལ་བྱེད་ཉིད་ཡིན་ན་འདི་ལ་བརྗོད་པ་ནི་དེ་ལྟར་ཞེས་བྱ་བ་སྟེ། གསལ་བའི་རང་བཞན་ཉིད་དུ་སྐྱེས་པར་ཅི་སྟེ་ང་མི་འདོད་ན། དེ་ཁོ་ན་ལྟར་སྐྱེ་བར་རིགས་སོ། །དེས་ན་དེ་ལ་གསལ་བྱ་གསལ་བྱེད་ཉིད་ཅི་ཞིག་ཡོད། ཁྱད་པར་ཞེས་བྱ་བ་
ནི་སྒྲོན་མས་བྱས་པའོ། །འོན་ཏེ་རང་ཉིད་ཅེས་བྱ་བ་དེ་ཉིད་འགྲེལ་པ་ནི་ཐ་སྙད་ཅེས་བྱ་བའོ། །འདི་ལ་བརྗོད་པ་ནི་ཉམས་སུ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཤེས་པ་ལྟར་རོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཚེ་རིག་པར་རོ། །དེས་ན་རིག་པར་བྱ་བ་ནི་ལྐོག་ཏུ་གྱུར་པ་ཡང་འཐད་པ་
ཡང་འཐད་པ་ཡིན་ནོ། །གལ་ཏེ་ཤེས་པ་བཞིན་དུ་ཕྱི་རོལ་ཡང་ཐམས་ཅད་ཀྱི་ཚེ་རིག་པ་ཉིད་ཡིན་ན་ནི་དེའི་ཚེ་ཤེས་པ་དང་། ཤེས་བྱ་དག་ཁྱད་པར་འགའ་ཡང་མེད་པར་འགྱུར་རོ། །དེས་ན་ཕྱི་རོལ་གྱི་དངོས་པོ་རིག་པར་བྱ་བ་མ་ཡིན་པ་ཡང་སྤོང་བ་ཁོ་ནའོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ནི་མི་
འཐད་དེ་ཞེས་བྱ་བའོ། །རིག་བྱ་མིན་ལ་ཞེས་བྱ་བ་ནི་རིག་པར་བྱ་བ་མ་ཡིན་པ་ཉིད་རྟོགས་སོ་ཞེ་ན། བརྗོད་པ་རིག་པར་བྱ་བ་ཉིད་མེད་ན་རིག་པ་ཉིད་དུ་ཇི་ལྟར་འགྱུར། གལ་ཏེ་མངོན་སུམ་གཅིག་གིས་མ་རྟོགས་པ་རྗེས་སུ་དཔོགས་པས་རྟོགས་ཞེས་བྱ་བ་འདི་འཆད་པ་ཅི་ཡོད་སྙམ་ན་དེ་ཡང་ཞེས་
གསུངས་སོ། །དོན་གཞན་མེད་དོ་ཞེས་བྱ་བ་ཁོ་བོ་ཅག་གི་ཕྱོགས་ཡིན་གྱི་དོན་དེ་ལ་མངོན་སུམ་གྱིས་རྟོགས་པར་བྱས་པ་ཉིད་འབའ་ཞིག་ཡོད་དོ་ཞེས་བྱ་བ་ནི་ཕྱོགས་མ་ཡིན་ཏེ། དེ་ལྟར་ཡིན་དང་རྟོགས་བཞིན་པ་ལས་དོན་གཞན་ནི་མེད་དོ་ཞེས་བྱ་བ་འདི་ལ་ཆད་པ་ཅི་ཡོད། ཡང་ན་མངོན་སུམ་
གྱིས་རྟོགས་པར་བྱ་བ་ཉིད་འབའ་ཞིག་ཡོད་དོ་ཞེས་བྱ་བའི་ཕྱོགས་ལ་ཡང་ཉེས་པ་མེད་དོ་ཞེས་སྟོན་པ་ནི། རྗེས་སུ་དཔག་པ་ལས་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པ་ཞེས་བྱ་བ་ནི། རང་ཉིད་ཀྱིས་ཕྱིས་མཐོང་བའོ། །དེ་ལས་ནི་གཟུང་བ་ལས་སོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །
རྟོགས་པའི་ཕྱིར་ཞེས་བྱ་བ་ནི་གཟུང་བའི་རྣམ་པ་ལ་ཐ་དད་པའི་དོན་མ་རྟོགས་པའི་ཕྱིར་རོ། །མ་རྟོགས་ཀྱང་ཡོད་དོ་ཞེ་ན། མ་རྟོགས་པ་ཞེས་གསུངས་སོ། །མ་རྟོགས་པ་ཉིད་མ་གྲུབ་སྟེ་རྗེས་སུ་དཔག་པས་རྟོགས་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པ་ནི་འོ་ན་ཞེས་བྱ་བའོ། །མངོན་དུ་བྱེད་པ་མ་

ཡིན་པ་ཁོ་ནར་རྗེས་སུ་དཔག་པས་རྟོགས་པ་དེས་ན། མངོན་སུམ་དུ་ཇི་ལྟར་འགྱུར་ཞེ་ན། འདི་ལ་སྨྲས་པ་ནི་དེ་ཞེས་བྱ་བའོ། །མངོན་དུ་བྱེད་པས་ནི་མ་ཡིན་ནོ་ཞེས་བརྗོད་པ་ན་མངོན་དུ་བྱེད་པ་ཉིད་བཀག་པ་ཡིན་ལ་རྟོགས་སོ་ཞེས་བརྗོད་པ་ན་ནི་དེ་ཉིད་བསྒྲུབས་པ་ཡིན་ཏེ། དེ་ལྟ་མ་ཡིན་པ་
རྟོགས་པ་མེད་པའི་ཕྱིར་རོ། །སྒྲུབ་པ་དང་དགག་པ་འདི་ཡང་གཅིག་ཉིད་འཐད་པ་མ་ཡིན་ནོ། །ཇི་ལྟར་མི་འཐད་སྙམ་ན་དོན་ཅི་ཡིན་ཞེས་བྱ་བ་སྨོས་ཏེ། ཅི་ཡང་མ་ཡིན་པའོ། །རང་གི་ངོ་བོར་མ་རྟོགས་པ་ལ་ནི་རྗེས་སུ་དཔག་པས་རྟོགས་པ་མེད་པའི་ཕྱིར་གཟུང་བ་ལས་ཐ་དད་པའི་ཕྱི་རོལ་གྱི་
དོན་ཅི་ལྟར་ཁས་ལེན་ཞེས་བྱ་བའི་དོན་ཏོ། །འདི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའོ། །དེའི་ཚེ་མྱོང་བའི་རྒྱུ་ལས་སྔོན་པོའི་རང་བཞིན་གྱི་དངོས་པོ་ནི་སེར་པོ་ལ་ལྟོས་ཏོ། རང་བཞིན་ཐ་དད་པར་ཅི་ལྟར་འགྱུར་ཏེ། མྱོང་བའི་དབང་གིས་སྔོན་པོ་དང་སེར་པོ་དག་ཐ་དད་པར་ཇི་ལྟར་འགྱུར་ཞེས་བྱ་བའི་
དོན་ཏོ། །ཡང་ཇི་ལྟར་ཐ་དད་པར་མི་འཐད་སྙམ་ན། རྟོགས་པའི་ཞེས་གསུངས་སོ། །དེས་ན་རྟོགས་པའི་དབྱེ་བས་ཐ་དད་པར་འགྱུར་དགོས་སོ། །ཤེས་པ་གཞན་ཐ་དད་པར་ནི་ཚད་མས་འཐད་པ་མ་ཡིན་ནོ། །དེ་དང་འབྲེལ་པས་ནི་ཤེས་པའི་བདག་ཉིད་ཡིན་པས་ན། དེ་ཉིད་ན་ཞེས་པས་ཐ་དད་
ན་དོན་ཐ་དད་པའོ། །འདི་ལ་བརྗོད་པ་ནི་ཤེས་པ་ལས་དོན་གཞན་ཡོད་པར་ག་ལ་འགྱུར། འདི་ཉིད་གསལ་བར་བྱེད་པ་ནི་དེ་དང་ཞེས་བྱ་བ་སྟེ། ཤེས་པ་དང་ལྷན་ཅིག་གཅིག་ཏུ་གྱུར་པའི་དོན་ནི། ཤེས་པ་དེ་ལས་གཞན་པར་ག་ལ་འགྱུར་ཏེ། འདི་ལ་ཚད་མ་མེད་དེ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་
འགྲོ་བ་དང་ལྡོག་པ་དག་ལས་ཤེས་པ་དང་དོན་ཐ་དད་པར་སོ་སོར་རྟོགས་སོ་ཞེ་ན། འདི་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་རྗེས་སུ་དཔག་པས་རྟོགས་སོ་ཞེ་ན་འདི་འགོག་པ་ནི་མིན་ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཉིད་ཡིན་ན།
དེ་ལ་མངོན་སུམ་ཞུགས་པ་ཡང་མ་ཡིན་ཏེ། དེས་ན་ཇི་ལྟར་རྗེས་སུ་དཔག་པར་འགྱུར། དེས་ན་མངོན་སུམ་དེ་མེད་ན་རྗེས་སུ་དཔག་པ་མེད་པས་ན་ལོང་བ་བརྒྱུད་པ་ལས་འབའ་ཞིག་ཏུ་འགྱུར་གྱི། དངོས་པོ་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ནི་དགོས་པའོ། །ཁྱབ་པར་བྱེད་པའི་དོན་མེད་པར་

ཁྱབ་པར་བྱ་བའི་ཤེས་པ་ཡོད་པར་ཇི་ལྟར་འདི་ལ་བརྗོད་པ་ནི་མ་རྟོགས་པའོ་ཞེས་བྱ་བའོ། །དེ་ཚེ་ཞེས་བྱ་བ་དོན་གྲུབ་པའི་དུས་སུའོ། །གལ་ཏེ་དེའི་དུས་བར་མ་རྟོགས་ན་འོ་ན་སྔར་ཁྱབ་པར་བྱེད་པ་ཉིད་དུ་ཇི་ལྟར་རྟོགས་ཡུལ་དང་དུས་རང་བཞིན་ཁྱབ་པའི་ཕྱིར། ཁྱབ་པར་བྱེད་པ་ཉིད་དུ་འགྱུར་
བ་ཡིན་ནོ། །གལ་ཏེ་དེའི་དུས་མ་རྟོགས་ན་དེའི་ཚེ་ཇི་ལྟར་ཁྱེད་ཁྱབ་པར་བྱེད་པ་ཉིད་དུ་འགྱུར། ད་ལྟ་ན་དོན་ཡོད་དོ་ཞེས་བྱ་བའི་རྟོགས་པ་གང་ཡིན་པ་དེ་སྔར་སྐྱེས་ན། དེ་ལས་ཁྱབ་པར་བྱེད་པ་ཉིད་དུ་ཇི་ལྟར་རྟོགས་དེས་ན་སྔར་ཡང་རྟོགས་པ་ཙམ་ཁོ་ན་ཡིན་གྱི། དོན་རྟོགས་པ་ནི་མ་ཡིན་ནོ། །དེ་ལྟར་ན་
ཡང་དེའི་དོན་གྱིས་ཁྱབ་པར་ཇི་ལྟར་འགྱུར། འདི་ལ་གཞན་གྱིས་གལ་ཏེ་ཞེས་སྨྲས་སོ། །ཇི་ལྟར་དུ་བ་མེ་མེད་ན་མི་འབྱུང་བ་དེ་བཞིན་དུ་མེའི་རྣམ་པ་ཅན་གྱི་རྟོགས་པ་ཡང་མེ་མེད་པར་ཡང་མི་འདོད་དེ། མེའི་འབྲས་བུ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཇི་ལྟར་རྟོགས་པ་ཙམ་ཡིན། ཤེས་པའི་རྣམ་པ་ཉིད་ཡིན་ན་
ནི། དུ་བ་ཡང་མེའི་འབྲས་བུར་མི་འགྲུབ་སྟེ། ཤེས་པ་བསྐྱེད་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱི་བསམ་པའོ། །བརྗོད་དེ་ཞེས་བྱ་བ་ནི་བྲམ་ཟེས་སོ། །འདི་ལྟར་ཞེས་བྱ་བ་ནི་ངོ་ཤེས་པའི་སྟོབས་ཀྱིས་རྣམ་པར་རིག་པ་ཙམ་བཟློག་པ་ཉིད་སྟོན་པའོ། །གལ་ཏེ་དོན་མྱོང་བའི་ནང་དུ་འདུས་ན། དེའི་ཚེ་ངོ་
ཤེས་པའི་ཡུལ་གང་ཡིན་ངོ་ཤེས་པ་ལ་ཡུལ་ཡོད་པ་ལ་ཡང་ཡིན་ཏེ། ཐམས་ཅད་དུ་ན་ཕྱི་རོལ་དམིགས། །ཞེས་བསྒྲུབས་པའི་ཕྱིར་རོ། །དེས་ན་དོན་ནི་མྱོང་བའི་ནང་དུ་འདུས་པ་མ་ཡིན་ཏེ། འོན་ཀྱང་ཕྱི་རོལ་ཁོ་ན་ཡིན་ནོ། །དེ་ཉིད་བརྗོད་པ་ནི་གལ་ཏེ་མྱོང་བ་མིན་ཞེས་བྱ་བ་ནི་བར་ན་ཡོད་པ་ཞེས་བྱ་
བའི་སྔར་གྱི་མཐོང་བ་དང་ཕྱིས་ཀྱི་མཐོང་བ་གཉིས་ཀྱི་དབུས་ན་ཡོད་པའི་མ་རྟོགས་པ་གང་ཡིན་པ་མེད་པར་རོ། །འདི་ལ་བརྗོད་པ་ནི་སྔ་མ་དང་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བས་དོགས་པ་བསུ་ནས་སྤྱི་ཉིད་ཅེས་གསུངས་ཏེ། ཐམས་ཅད་དུ་ངོ་ཤེས་པའི་ཤེས་བྱ་སྤྱིའི་ཡུལ་ཅན་ཉིད་ཡིན་མོད། དེས་ན་
སྤྱི་ཉིད་གཅིག་ཏུ་འགྱུར་གྱི་གསལ་བ་ནི་མ་ཡིན་ནོ། །སྤྱི་གཅིག་ཉིད་དུ་འདོད་པ་ཁོ་ནའོ་ཞེ་ན། སྤྱི་ཡང་ཞེས་བྱ་བའོ། །གལ་ཏེ་བར་གྱི་རང་བཞིན་ཡང་ངོ་ཤེས་པ་དེས་དམིགས་པ་ཡིན་གྱི། སྔ་ཕྱིའི་རང་བཞིན་ཙམ་ནི་མ་ཡིན་ནོ་ཞེ་ན། ངོ་ཤེས་དེ་ཉིད་ནི་ཞེས་གསུངས་སོ། །འོན་ཏེ་ངོ་ཤེས་

པར་དམིགས་པ་ཉིད་དུ་ནི་མཐོང་བ་ཁོ་ནའོ་སྙམ་ན། མཐོང་ན་ནི་ཞེས་བྱ་བའོ། །གལ་ཏེ་རང་བཞིན་སྔ་མ་ལྐོག་ཏུ་གྱུར་པ་ཡིན་ན། དེ་ཇི་ལྟར་ཤེས་པ་ཡིན་སྙམ་ན། འདི་ལ་བརྗོད་པ་ནི་གནས་སྐབས་ཞེས་བྱ་བའོ། །གལ་ཏེ་ཉམས་ན་ཞེས་བྱ་བ་ནི་འདས་པ་ལ་མངོན་སུམ་ཉིད་མེད་པར་རྣམ་པར་ཤེས་
པ་ཉིད་ལས་ཉམས་པར་འགྱུར་ན། དེའི་ཚེ་འདས་པའི་དོན་ཡང་ད་ལྟར་གྱི་དུས་སུ་དོན་ཉིད་ལས་ཉམས་པར་འགྱུར་རོ། །དེ་ནི་ཞེས་བྱ་བ་ནི་བར་ན་ཡོད་པ་ནིའོ། །དོན་བྱེད་པ་མེད་པ་ཞེས་བྱ་བ་ནི་ད་ལྟར་གྱི་དུས་ན་དོན་བྱེད་པ་མེད་པའི་དོན་འདས་པ་ཇི་ལྟར་དོན་ཉིད་ཡིན་ཏེ། དོན་ན་དོན་བྱེད་པ་ཉིད་
ལས་ཡིན་ནོ། །དོན་བྱ་བ་བྱེད་པ་ཡང་ད་ལྟར་བ་ཡིན་གྱི་འདས་པ་ནི་མ་ཡིན་ནོ། །ད་ལྟར་ཡང་དོན་བྱ་བ་བྱེད་དོ་ཞེ་ན། མྱོང་བ་མེད་པ་ནི་ཞེས་བྱ་བའོ། །རྒྱུ་དེས་ན་བར་གྱི་དུས་ན་ཡོད་པ་དེ་དང་ངམ། འདས་པ་དང་ལྷན་ཅིག་ད་ལྟར་བྱུང་བ་ཉིད་གཅིག་པ་ཉིད་མེད་དོ། །འོ་ན་རྗེས་སུ་དཔག་པས་གཅིག་ཏུ་
འགྱུར་རོ་ཞེ་ན་རྗེས་སུ་དཔག་པའི་ཞེས་བྱ་བའོ། །ཕ་རོལ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི། བག་ཆགས་ཞེས་བྱ་བའོ། །སྔོན་པོ་དང་སེར་པོ་ལ་སོགས་པའི་དབྱེ་བ་མཐའ་ཡས་པ་བག་ཆགས་གང་ལ་ཡོད་པ་དེ་ལ་དེ་སྐད་བརྗོད་དེ། དེའི་རྣམ་པ་ཅན་གྱི་ཤེས་པ་གང་ཡིན་པ་དེའི་སྐྱེད་
པར་བྱེད་པ་ཡིན་ན། དེའི་ཚེ་བག་ཆགས་དེ་དང་ཕྱི་རོལ་གྱི་དོན་ཐ་དད་པ་ཅི་ཡོད་པ་དེ་མེད་པ་ཁོ་ནའོ། །དེ་ནི་བག་ཆགས་སོ། །དོན་ནི་ལུས་ཅན་ཡིན་ལ། རྣམ་པར་ཤེས་པ་ནི་རྣམ་པར་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ལུས་ཅན་ཉིད་མ་ཡིན་ནོ། །རྟག་ཏུ་ཉེ་བར་འཚེ་བར་བྱེད་པ་ཞེས་བྱ་བ་ནི།
ཐོགས་པ་ལ་སོགས་པའི་མཚན་ཉིད་ཀྱི་ཉེ་བར་འཚོ་བར་བྱེད་པའོ། །ཤེས་པའི་རྣམ་པ་ནི་རྟག་ཏུ་ཉེ་བར་འཚོ་བར་བྱེད་པ་མ་ཡིན་ཏེ། སྣང་བའི་དུས་ཁོ་ན་དེ་ཉིད་འཚོ་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྣང་བའི་ཞེས་བྱ་བ་ནི་ཤེས་པའི་རྣམ་པའོ། །ཕྱི་རོལ་ཁྱད་པར་མེད་ཀྱང་བསྒོམས་པའི་ཁྱད་
པར་གྱིས་ཤེས་པ་གསལ་བ་ལ་སོགས་པའི་ཁྱད་པར་དུ་གྱུར་པའི་རྒྱུའི་ཕྱིར། ཤེས་པའི་རྣམ་པ་ཉིད་སྣང་བ་ཡིན་གྱི་དོན་ནི་མ་ཡིན་ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འདིས་འགོག་པའོ། །ཉེ་བ་མ་ཡིན་ཡང་ཞེས་བྱ་བ་ནི་ཡུལ་དང་དུས་དེ་ན་ཉེ་བར་མི་གནས་པ་ཡང་མཐོང་བར་ཁས་བླངས་པའི་ཕྱིར་རོ། །

འདི་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །དྲན་པ་བརྗོད་པ་ནི་དྲན་པ་ཉམས་པ་སྟེ་འོད་བྱེད་པ་རྣམས་ཀྱིའོ། །མེད་པར་རིག་པ་ནི་གཞོན་ནུ་མ་ལེན་པ་རྣམས་ཀྱིའོ། །མེད་པར་སྣང་བ་ནི་རིགས་པ་ཅན་ལ་སོགས་པ་རྣམས་ཀྱིའོ། །ཐམས་ཅད་ཐམས་ཅད་ལ་ཡང་འདོད། །ཅེས་
བྱ་བ་ནི་གྲངས་ཅན་པ་རྣམས་ཀྱིའོ། །སྐྱོན་མཚུངས་པ་ཉིད་དོ་ཞེས་བྱ་བ་ནི་ཐམས་ཅད་སྣང་བར་ཐལ་བའི་མཚན་ཉིད་དོ། །ངོ་ཤེས་སྔར་ནི་དུས་མ་མཐོང་བ་ཡོད་པ་ཡིན་ཏེ། དེས་ན་དྲན་པས་ཉམས་པ་ན་ཟླ་བ་གཉིས་མཐོང་བའི་དུས་ན་དངོས་གཞན་ཡང་དུ་མ་ཅིའི་ཕྱིར་མ་མཐོང་། འོན་ཏེ་བག་
ཆགས་ལ་བརྟེན་ནས་འགའ་ཞིག་ཁོ་ན་དམིགས་ཀྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་བརྗོད་ན་དེ་ལ་བརྗོད་པ་ནི་བག་ཆགས་ཀྱི་སྟོབས་ནི་རྣམ་པར་ཤེས་པ་སྨྲ་བ་ལ་ཡང་མཚུངས་ཏེ། དེས་ན་རྣམ་པར་ཤེས་པ་ནི་སྔར་ཞེས་བྱ་བའོ། །ཕྱིན་ཅི་ལོག་ཏུ་སྣང་བའི་ཕྱོགས་ལ་ཡང་མཚུངས་པར་སྟོན་པ་ནི་ཕྱིན་ཅི་
ལོག་ཏུ་ཞེས་བྱ་བའོ། །དེ་ལྟར་ན་རེ་ཞིག་སློབ་དཔོན་ཆོས་མཆོག་ལ་སོགས་པས་འདོད་པའི་བག་ཆགས་ཀྱི་ཕྱོགས་ལ་ཡང་ཕ་རོལ་པོས་བརྗོད་པས་ཉེས་པ་བསལ་ནས་རང་གི་འདོད་པ་བརྗོད་པ་ནི་དེ་མ་ཐག་པའི་ཞེས་བྱ་བའོ། །ཤེས་པ་སྔ་མའི་བདག་ཉིད་དུ་གྱུར་པའི་སྣང་བ་ཐམས་ཅད་རང་གི་རང་
བཞིན་ལ་གསལ་བའི་ཕྱིར་ན་གསལ་ཞིང་གཡོ་བའི་རང་བཞིན་དེ་ཉིད་བག་ཆགས་ཡིན་ནོ། །གཞན་དུས་ཕྱིས་འབྱུང་བ་ཅན་དེ་ལྟའི་བདག་ཅེས་བྱ་བ་གསལ་བར་སྣང་བའི་རང་བཞིན་གྱིས་མྱོང་བ་ནི། སྐྱེད་བྱེད་མེད་པར་བག་ཆགས་དེ་ག་ལས་ཡིན། བག་ཆགས་དེ་ནི་དེའི་རྣམ་པ་ཅན་གྱི་རྣམ་པར་ཤེས་
པ་ཕྱི་མ་སྐྱེད་པར་བྱེད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་རང་རྣམ་པར་ཤེས་པ་ཐམས་ཅད་ཅིག་ཅར་འཇུག་པར་འགྱུར་རོ་ཞེ་ན་སད་བྱེད་ཅེས་སྨོས་སོ། མངོན་པར་འདོད་པ་དང་གཞན་དུ་སྟེ། མི་འདོད་པར་སྣང་བར་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ལས་ནི་རྣམ་པར་ཤེས་པ་སྔ་མ་
ལས་སོ། །འདིར་དཔེ་ནི་སད་པའི་ཞེས་བྱ་བའོ། །དུས་གཞན་དུ་ཞེས་བྱ་བ་ནི་གཟོད་ནས་ཕ་རོལ་པོ་སྨྲ་བ་ནི་ཆོད་པ་ལས་ཞེས་བྱ་བའོ། །དེ་ཉིད་ནི་སྔར་མཐོང་བ་ཉིད་དོ། །དེ་མ་ཐག་པའི་རྐྱེན་གྱིས་ནི་རྨི་ལམ་ལ་སོགས་པ་སྔ་ན་མེད་པར་སྐྱེད་པ་མ་ཡིན་པ་དེས་ན། ཇི་ལྟར་དཔེ་ཡིན་སྙམ་ན། འདི་ལ་

བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་རྣམ་པར་རྟོག་པ་གཞན་ཉིད་སྐྱེ་བ་ཞེས་བྱ་བ་འདི་ཉིད་དོན་ཡིན་གྱི། ཤེས་པའམ་དོན་འདས་ཟིན་པ་དེ་ཉིད་སྣང་བ་ནི་མ་ཡིན་ནོ། །དེ་ནི་འདས་པ་ཉིད་ད་ལྟར་སྣང་བའི་མི་འཐད་པའི་ཕྱིར་རོ། །དེ་ཉིད་ཀྱིས་ནི་ཉམས་སུ་མྱོང་བའིའོ། །འདི་ཁོ་ན་ལྟར་དམིགས་པ་
ཞེས་བྱ་བ་ནི་རྨི་ལམ་དུ་མཐོང་བ་དང་སད་པར་མཐོང་བའི་ཤེས་པ་དག་གོ། །གལ་ཏེ་བག་ཆགས་ཡོད་དོ་ཞེས་བྱ་བ་ཙམ་ལ་ཚད་མ་ཡོད་མོད། རྣམ་པར་ཤེས་པ་སྔ་མའི་བྱེ་བྲག་ཡིན་པ་ལ་ནི་ཚད་མ་མེད་དེ་དེ་ནི་འདས་པའི་མངོན་སུམ་མེད་པའི་ཕྱིར་རོ་ཞེ་ན། ཐོག་མ་མེད་པའི་ཞེས་
གསུངས་སོ། །འདི་ཉིད་གསལ་བར་བྱེད་པ་ནི་ཇི་ལྟར་ཞེས་བྱ་བའོ། །ཕྱི་རོལ་ནི་བུམ་པ་ལ་སོགས་པའོ། །ཕྱི་རོལ་ནི་དེའི་རྒྱུ་མཚན་ནི་བག་ཆགས་ཀྱི་རྒྱུ་མཚན་ནོ། །རྒྱུ་མཚན་ཉིད་བརྗོད་པ་ནི་རྒྱུ་མཚན་ཞེས་པའི་བྱེ་བྲག་སྟེ་ཞེས་བྱ་བ་སྟེ། བག་ཆགས་དེ་ཡིན་ནོ། །ཤེས་པའི་བྱེ་བྲག་སྟེ་
ཞེས་བྱ་སྟེ། དེའི་ཞེས་གསུངས་ཏེ། ཤེས་པ་དེའི་དབྱེ་བའང་བག་ཆགས་ཀྱི་བྱེ་བྲག་དེ་ལས་ཡིན་ནོ། །དེའི་ནི་དོན་གྱིའོ། །དེ་ཞེས་བྱ་བ་ནི་དོན་གྱི་དབྱེ་བ་རྒྱུ་མཚན་མེད་པའོ། །འོ་ན་དོན་གྱིས་གཡོ་བའི་རྒྱུ་ཤེས་པའི་དབྱེ་བ་ཡིན་མོད་སྙམ་ན། ཤེས་པའི་དབྱེ་བ་ལས་ཞེས་བྱ་བའོ། །མ་འབྲེལ་བ་ཉིད་དོ་ཞེས་
བྱ་བ་ནི་རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །གལ་ཏེ་དོན་གྱི་དབྱེ་བ་དེ་རང་ཁོ་ནའི་རྒྱུ་མཚན་ཡིན་ན། དེའི་ཚེ་ཉེས་པ་འདིར་འགྱུར་བ་ཞིག་ན། དེ་ལྟར་ནི་འདོད་པ་མ་ཡིན་གྱི་འོན་ཀྱང་དོན་གྱི་དབྱེ་བ་གཞན་ཡིན་ནོ་ཞེ་ན། འོན་ཏེ་ཞེས་བྱ་བའོ། །མི་སྣང་བའི་བག་ཆགས་ཐ་དད་པར་བྱེད་པ་ལ་ཡང་
ཉེས་པ་ན་དེ་ལ་ཞེས་བྱ་བ་སྟེ། མི་སྣང་བ་ལ་ཡོད་དོ། །གཟུང་བ་ཐ་དད་པར་ནི་སྐྱེད་པར་མི་འགྱུར་རོ། །དྲན་པ་ཙམ་ཉིད་ཀྱི་གཟུང་བའི་རྣམ་པར་བསྐྱེད་པར་ནི་མ་མཐོང་ངོ་། །དེའི་ཞེས་བྱ་བ་རང་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེད་པར་བྱེད་པ་སྔོན་གྱི་རྣམ་པར་ཤེས་པ་དེ་ཇི་ལྟར་ཐ་དད་པར་བྱེད་པ་མ་ཡིན།
ལྕགས་སྒྲོག་གིས་བཅིངས་པའི་བདག་ཉིད་མེད་ཀྱང་དེ་ལྟ་བུའི་ཚུལ་དུ་ཞེས་བྱ་བ་འཁོར་བའི་ཚུལ་དུ་འགྲོ་བའི་རྒྱུ་ཡིན་པ་དེ་བཞིན་དུ་བག་ཆགས་ཀྱི་དབྱེ་བས་ཀྱང་ཡིན་ནོ་ཞེས་སྦྱར་རོ། །དེར་ཡང་ནི་འདོད་པ་ལ་སོགས་པའོ། །གལ་ཏེ་དེར་ཕྱི་རོལ་ཉིད་དམིགས་པ་ཡིན་ན། དེའི་འདོད་པ་ཅན་གྱི་

འདོད་ལྡན་མ་གོམས་པས་མངོན་དུ་བྱས་པ་ཅི་སྟེ་མི་འཐོབ་སྙམ་ན། དེའི་ཚེ་དེ་ཉིད་ན་ཞེས་བྱ་བ་སྟེ། དུས་དེའི་ཚེ་ཡུལ་དེར་རོ། །དེ་ནི་ཡུལ་དང་དུས་གཞན་དུ་མེད་པ་ཡིན་པའི་ཕྱིར། དེའི་ཚེ་དང་དེར་མ་ཐོབ་མོད། མེད་པའི་ཕྱིར་མ་ཐོབ་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །ཡུལ་
ལ་སོགས་པ་ཡིས། གཞན་ཉིད་ཡིན་པར་ཇི་ལྟར་འགྱུར། །ཞེས་བྱ་བ་ནི་གང་ཞིག་ཇི་ལྟར་སྣང་བ་དེ་ནི། དེ་ཁོ་ན་ཁས་བླང་བར་བྱ་བ་སྟེ། དེས་ན་ཡུལ་དང་དུས་འདི་པ་ཉིད་དུ་རྟོགས་པའི་ཕྱིར། དེ་ནི་ཡུལ་དང་དུས་འདི་པ་ཉིད་དོ། །དེ་ལྟ་མ་ཡིན་ན་སྔོན་པོའི་རྣམ་པ་ལ་ཡང་སེར་པོའི་
རྣམ་པ་ཉིད་སྔོན་པོའི་རྣམ་པ་ཉིད་དུ་སྣང་བའི་ཕྱིར་དངོས་པོ་འགའ་ཡང་རྣམ་པར་གནས་པ་མེད་པར་འགྱུར་རོ། །རྣམ་པ་གཞན་ལ་ཞེས་བྱ་བ་ནི་སྔོན་པོའི་རྣམ་པར་སྣང་བ་སེར་པོའི་རྣམ་པ་ཉིད་ཡིན་པ་ལ་ཚད་མ་མེད་པ་དེས་ན་སྔོན་པོ་རྣམས་སེར་པོའི་རྣམ་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི།
ཡུལ་དང་དུས་འདི་བར་སྣང་བ་ནི། ཡུལ་དང་དུས་གཞན་མ་ཡིན་པའི་ཕྱིར་གསུངས་སོ། །འདི་ལ་ཕ་རོལ་པོས་རྣམ་པ་ལ་ནི་ཞེས་སྨྲས་སོ། །གནོད་པ་མེད་པས་རྣམ་པ་ནི་ཡོད་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ནི་ཡུལ་དང་དུས་དང་ལྡན་པའོ། །དེ་ལ་ཡང་ནི་ཡུལ་དང་དུས་དང་ལྡན་པ་ལ་
ཡང་ངོ་། །ཡུལ་དང་བརྟེན་པའི་དོན་དེ་གཉིས་ལས་མ་གཏོགས་པ་འགྲེལ་པ་གཞན་ནི་འགའ་ཡང་མཐོང་བ་མེད་དོ། །ཡུལ་དང་བརྟེན་པ་དེ་གཉིས་དམིགས་ན་ཤེས་པ་དམིགས་པ་མེད་པར་ཇི་ལྟར་འགྱུར། གལ་ཏེ་དེར་ནི་ཡུལ་དང་དེ་ལ་བརྟེན་པ་དག་གིས་འགྲེལ་པ་སྣང་བ་མེད་དེ་དེས་ན་
དམིགས་པ་ཉིད་བཟློག་པར་དཀའོ་ཞེ་ན་འབྲེལ་པ་ནི་ཞེས་སྨྲས་སོ། །འདི་ལ་ལན་ནི་གལ་ཏེ་ཞེས་བྱ་བའོ། །བབ་ཅོལ་ཉིད་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །ཐམས་ཅད་འགྱུར་བའི་ཕྱིར་ཞེས་བྱ་བ་ནི། ཇི་ལྟར་ཟླ་བ་གཉིས་པ་ལ་སོགས་པ་ལོག་པར་སྣང་བ་དེ་བཞིན་དུ་བདེན་པའི་ཀ་བ་ལ་སོགས་
པའི་ཡུལ་ཅན་གྱི་ཤེས་པ་ཐམས་ཅད་འགྱུར་བའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་བདེན་པའི་ཡུལ་ཅན་ཉིད་དུ་བསྟན་པས་སོ། །གནོད་པར་བྱེད་པའི་ཤེས་པ་ཞེས་བྱ་བ་བདེན་པའི་ཀ་བ་ལ་སོགས་པའི་ཡུལ་ཅན་ལ་གནོད་བྱེད་མེད་པའི་ཕྱིར་ལོག་པར་སྣང་བ་ཉིད་མ་ཡིན་ནོ་ཞེ་ན། འདི་ལ་

བརྗོད་པ་ནི་གནོད་པར་བྱེད་པའི་ཞེས་བྱ་བའོ། །གནོད་བྱེད་ཀྱི་ཤེས་པ་མེད་པ་ཡང་ཅང་མེད་ན་མ་ཡིན་གྱི། འོན་ཀྱང་ཤེས་པ་གཞན་བདེན་པའི་ཀ་བ་རྗེས་སུ་འཛིན་པ་ཉིད་ཡིན་ནོ། །ཐམས་ཅད་ལོག་པར་སྣང་བ་ཁོ་ན་ཡིན་ན་ནི། གནོད་མེད་པར་ཡང་ལོག་པར་སྣང་བ་ཁོ་ནའོ། །དེ་ལྟ་ན་ཡང་དེ་ངེད་
ལས་དོན་རྣམ་པར་གནས་པར་ཇི་ལྟར་འགྱུར། དེའི་ཕྱིར་གནོད་བྱེད་མེད་པ་སྟེ། གནོད་པར་བྱེད་པ་མེད་པ་ཉིད་ནི་བདེན་པ་མེད་པ་ཡིན་ཏེ། གནོད་པར་བྱེད་པ་ལ་སོགས་པར་སྣང་བ་ཡིན་པའི་ཕྱིར་རོ། །གང་དུ་དུས་གཞན་དུ་ཞེས་བྱ་བ་ནི། འདས་པ་ཉིད་ད་ལྟར་བ་ཉིད་དུ་སྣང་བ་ཡིན་ནོ་ཞེས་བྱ་བ་འདི་ལ་རེ་
ཞིག་དང་པོ་ཉིད་སྣང་བ་ནི་མ་ཡིན་ཏེ། དེ་ནི་འདས་པ་ཉིད་ཀྱིས་མེད་པའི་ཕྱིར་རོ། །དེས་ན་དེར་དེ་འདྲ་བའི་སྣང་བ་བསྐྱེད་པ་ལ་བག་ཆགས་ཀྱི་བྱེད་པ་རྟོགས་ཀྱི་དོན་གྱིས་ནི་མ་ཡིན་ནོ། །གསོན་པོར་གར་བྱེད་པ་གཞན་དུ་སྣང་བ་ཞེས་དེ་ཤི་བ་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །མ་ཡིན་པ་ཉིད་སྟོན་པ་ནི།
མ་སྐྱེས་པ་ནི་ཞེས་བྱ་བའོ། །འོ་ན་ལྷན་ཅིག་པ་གཉིས་པོ་ཉིད་བསྒོ་བར་བྱེད་པར་འགྱུར་རོ་ཞེ་ན། ཕན་ཚུན་ཞེས་གསུངས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ཉིད་སྐད་ཅིག་མ་རྣམས་མི་འཐད་དོ་སྙམ་ན། དེ་ནི་ཞེས་གསུངས་སོ། །བཟློག་པ་སྒྲུབ་པར་བྱེད་པ་ཞེས་བྱ་བ་ནི་བསྒོ་བྱེད་མེད་པར་བསྒྲུབ་
པ་ལ་འདི་བསྟན་ན་འགལ་བ་ཡིན་ནོ། །དེས་ན་དྲན་པའི་ཤེས་པ་ན། གཟུང་བའི་རྣམ་པ་དང་བྲལ་བ་འཛིན་པར་བྱེད་པའི་ཁྱད་པར་གཞན་ནི་ཡོད་པ་མ་ཡིན་ནོ། །འོན་ཀྱང་གཟུང་བ་དང་འཛིན་པའི་རྣམ་པ་གཉིས་ནི་ཐ་མི་དད་པ་ཁོ་ནའོ། །དྲན་པ་དེ་ལ་ཡང་དོན་ཡོད་པ་མ་ཡིན་ནོ། །དེས་ན་དེའི་
སྐྱེད་པར་བྱེད་པ་ནི་བག་ཆགས་ཁོ་ན་ཡིན་གྱི། དོན་ནི་མ་ཡིན་ནོ་ཞེས་གྲུབ་པའོ། །ཡང་ཇི་ལྟར་ན་འདི་རྒྱུ་དང་འབྲས་བུ་ཁོ་ན་ཡིན་ཞེ་ན། འཇིག་པ་སྔ་མས་ཞེས་གསུངས་སོ། །རྟག་པ་ལ་ཡང་དེ་ཁོ་ན་ལྟར་བསྒོ་བར་བྱ་བའི་དངོས་པོར་འགྱུར་རོ་སྙམ་ན། བརྟེན་པའི་ཞེས་གསུངས་སོ། །འདི་ག་
ལས་ཤེ་ན། རྟག་པ་ཞེས་སྨོས་ཏེ། གང་གི་ཕྱིར་རྟག་པ་ལ་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་མ་ཡིན་པ་དེས་ན་དེའི་ཁྱད་པར་ཅན་བསྒོ་བར་བྱ་བ་དང་བསྒོ་བར་བྱེད་པའི་དངོས་པོ་ཇི་ལྟར་འགྱུར། འོན་ཏེ་ཡང་བརྟེན་པ་མི་སྐྱེ་བ་དེ་ལྟ་ན་ནི་ཡང་སྐྱེ་བའི་བག་ཆགས་དང་འབྲེལ་པའི་ཕྱིར་བསྒོས་པར་

འགྱུར་རོ་ཞེ་ན། བརྟན་པར་གནས་པ་སྔ་མ་ལས། །ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། སྔ་མ་བཞིན་དུ་གནས་པ་དེ་ལ་ནི་བག་ཆགས་སུ་འགྱུར་བ་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །སྐད་ཅིག་མའི་ཕྱོགས་ལ་ཡང་ཇི་ལྟར་བག་ཆགས་སུ་འགྱུར་སྙམ་ན། སྔ་མ་འདྲ་དང་
ཞེས་གསུངས་ཏེ། ཤེས་པའི་སྐད་ཅིག་ཡིན་པ་དང་འདྲ་བ་དང་། ཐ་དད་པ་ཡང་ཡིན་པ་དེས་ན་འདི་ཤེས་པ་སྔ་མའི་བག་ཆགས་སུ་འགྱུར་བ་ཡིན་ནོ། །གལ་ཏེ་སྐད་ཅིག་ཉིད་ལ་འདྲ་བ་ཇི་ལྟར་ཞེ་ན། སྐད་ཅིག་མ་ཡང་ཞེས་བྱ་བའོ། །གལ་ཏེ་སྐད་ཅིག་མ་ཡིན་ན། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་
རོ། །གང་གིས་བག་ཆགས་བསྒོ་བར་བྱ་བ་དང་བསྒོ་བར་བྱེད་པ་ཉིད་འགྱུར་ལ། འབྲས་བུ་རྩོམ་པ་ཉིད་དུ་ཇི་ལྟར་འགྱུར་ཞེ་ན། རྣམ་ཤེས་ཞེས་གསུངས་སོ། །གལ་ཏེ་དེ་ཉིད་དྲིས་པ་མ་ཡིན་ནམ་ཇི་ལྟར་དེ་ལན་ཡིན་སྙམ་ན། རྗེས་འགྲོ་མེད་པར་ཞེས་གསུངས་སོ། །དེའི་ཚེ་སྔར་ཡོད་པའི་ཞེས་བྱ་བ་ནི།
དུས་སྔར་ཡོད་པའི་ཁྱད་པར་མི་འགལ་ཡང་ཕྱི་མའི་བློ་ལ་མེད་དོ་ཞེ་ན། དེའི་ཚེ་ཇི་ལྟར་འདྲ་ཞེས་བྱ་བར་བལྟའོ། །འདི་འགོག་པ་ནི་མ་ཡིན་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་མཐུན་པའི་ཕྱིར་ཤེས་པ་སྔ་མ་བག་ཆགས་ཡིན་ན་དེའི་ཚེ། གང་གི་ཚེ་བ་ལང་གི་བློའི་རྗེས་ཐོགས་སུ་གླང་པོའི་བློར་གྱུར་པ་
དེའི་ཚེ་མི་མཐུན་ཕྱིར་ན་ཞེས་བྱ་བ་རྗེས་སུ་མཐུན་པ་མེད་པའི་ཕྱིར། བ་ལང་གི་བློ་གླང་པོའི་བློའི་བག་ཆགས་སུ་མི་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ནི། གཞན་བ་ལང་གི་བློས་བར་དུ་ཆོད་ན་ཡང་སྔར་གྱི་གླང་པོའི་བློ་ནི་ཕྱིས་ཀྱི་གླང་པོའི་བློ་བརྟེན་པའི་ཕྱིར་རོ། །འོན་ཏེ་གླང་པོའི་བློ་ནི་ཤིན་ཏུ་ཡང་
ཆོད་པའི་ཕྱིར་ན། དེ་བག་ཆགས་སུ་ཇི་ལྟར་འགྱུར་སྙམ་ན། བརྟན་པ་སྒྲུབ་བྱེད་ཅེས་སྨོས་སོ། །འོ་ན་གླང་པོའི་བློ་དེ་ལས་སྐྱེས་སྙམ་ན་གླང་པོའི་ཤེས་པས་ཞེས་གསུངས་སོ། །འོ་ན་བར་དུ་བ་ལང་གི་བློ་གང་ལས་སྐྱེས་སྙམ་ན། བར་དུ་ཞེས་གསུངས་སོ། །དེ་ལྟར་རེ་ཞིག་རང་ཉིད་འདོད་པའི་
བག་ཆགས་རྣམ་པར་བཞག་ནས། སློབ་དཔོན་ཆོས་མཆོག་ལ་སོགས་པས་འདོད་པའི་བག་ཆགས་རྣམས་ནི། རྣམ་པར་ཤེས་པ་སྔ་མའི་བདག་ཉིད་དུ་གྱུར་པ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་སྔ་མ་ཞིག་ན་བག་ཆགས་མཐའ་དག་འཇིག་པར་འགྱུར་རོ་ཞེས་བརྗོད་པའི་སྐྱོན་ཡོད་པ་ནི་ཞིག་

པ་གཅིག་ནི་ཞེས་བྱ་བའོ། །གལ་ཏེ་གཅིག་ཞིག་པ་ན་དེའི་ནུས་པ་རྣམས་ཀྱང་འཇིག་ན་ནི། དེའི་ཚེ་རྒྱ་སྐྱེགས་ཀྱི་ཁུ་བར་སྦངས་པའི་མེ་ཏོག་ཞིག་པ་ན། འབྲས་བུ་དམར་པོ་ག་ལས་སྐྱེས། །འོན་ཏེ་ས་བོན་དང་མྱུ་གུ་ལ་སོགས་པ་ལས་འབྲས་བུ་དམར་པོ་སྐྱེའི་མེ་ཏོག་ལས་ནི་མ་ཡིན་ནོ་ཞེ་ན།
ས་བོན་ཞེས་གསུངས་སོ། །འབྲས་བུ་དམར་པོ་དང་མི་མཐུན་པ་ལས་དམར་པོ་ཇི་ལྟར་སྐྱེ་ཞེས་འབྲེལ་ཏོ། །འོན་ཏེ་ས་བོན་ལ་སོགས་པ་དེ་ཡང་མེ་ཏོག་དམར་པོ་དེས་བསྐྱེད་པ་ན། རིམ་གྱིས་འབྲས་བུའི་བྱེད་པ་པོ་ཡིན་ནོ་སྙམ་ན། འདི་ན་ཞེས་གསུངས་སོ། །རྒྱུ་དེའི་ཕྱིར་བག་ཆགས་འདི་དག་
ཐམས་ཅད་ལས་རྣམ་པ་ཐམས་ཅད་དང་ལྡན་པའི་ཤེས་པ་སྐྱེས་པ་ནི་སྐད་ཅིག་གཅིག་ཉིད་ཀྱིས་འཇིག་པར་འགྱུར་བ་མི་རིགས་པས་སོ། །གལ་ཏེ་ནུས་པ་རྣམས་ཀྱི་རྟེན་ཞིག་ན། གདོན་མི་ཟ་བར་ནུས་པ་འཇིག་པའི་ཕྱིར། རྣམ་པར་ཤེས་པ་ཅི་ཞིག་པ་ན། ནུས་པ་རྣམས་ཀྱང་འཇིག་པར་འགྱུར་དགོས་
སོ། །དེ་ལྟ་ན་ཡང་རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཞིག་པ་ཡིན་ནོ་སྙམ་ན་དེ་སྟོན་ཞེས་སྨོས་སོ། །འོ་ན་ནུས་པ་རྟག་པར་ཐལ་ལོ་ཞེ་ན་ནུས་པ་ཐ་དད་ཅེས་གསུངས་ཏེ། ཤེས་པ་ལས་ཐ་མི་དད་པ་དེའི་ཕྱིར་རོ། །འོན་ཏེ་རྣམ་པར་ཤེས་པའི་རྒྱུ་བཞིན་དུ་བག་ཆགས་ཀྱི་རྒྱུན་ཡང་སྲིད་པའི་ཕྱིར། བག་ཆགས་
དང་ཤེས་པ་གཉི་ག་ལས་རྣམ་པར་ཤེས་པ་དུ་མ་དུས་གཅིག་ཉིད་བསྐྱེད་པར་བྱ་བ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་བག་ཆགས་ལྡན་པ་རྣམས་ཞེས་གསུངས་སོ། །བག་ཆགས་ཀྱི་རྒྱུན་མི་འདོད་པ་ཡིན་ཏེ། གང་གི་ཕྱིར་བག་ཆགས་ནི་ནུས་པ་ཡིན་ཏེ། ནུས་པ་ཡང་ས་བོན་ལ་སོགས་པ་བཞིན་དུ་རྒྱུན་དུ་
འབྱུང་བ་མ་ཡིན་ནོ། །ད་ནི་བག་ཆགས་ལས་ནི་ཤེས་པ་ཤེས་པ་ལས་ཀྱང་བག་ཆགས་ཡིན་པས་ཕན་ཚུན་བརྟེན་པའི་རྐྱེན་དུ་འགྱུར་རོ་ཞེས་གཞན་གྱིས་བརྗོད་པ་ཡོད་པ་ནི། བག་ཆགས་ལས་ནི་མངོན་པར་འདོད་པའི་ཤེས་པ་སྐྱེ་ཞིང་། ཤེས་པ་གཞན་དེ་དག་ལས་ཀྱང་བག་ཆགས་ཡིན་གྱི།
ཤེས་པ་དང་བག་ཆགས་དེ་དང་མཚུངས་པ་ཉིད་དུ་སྟེ། དུས་ཉིད་དུ་ནི་ནམ་ཡང་ཕན་ཚུན་བྱེད་པ་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་མཚུངས་པར་སྐྱེད་པར་བྱེད་པའི་བག་ཆགས་ཡིན་ན། དེའི་ཚེ་གང་གི་ཚེ་སེར་པོའི་ཤེས་པ་ལས་སྔོན་པོའི་ཤེས་པ་སྐྱེ་བ་དེའི་ཚེ། སེར་པོའི་ཤེས་པ་བག་ཆགས་སུ་མི་

འགྱུར་ཏེ་མི་འདྲ་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ནི་ནུས་པའི་བདག་ཉིད་ཅན་གྱི་རྒྱུ་ཞེས་བྱ་བའོ། །འདིས་ནི་གང་གིས་སྔོན་པོའི་ཤེས་པ་སྐྱེད་པར་བྱེད་པ་སེར་པོའི་ཤེས་པ་ཉིད་ལ་སྔོན་པོའི་རྣམ་པར་ཤེས་པ་སྐྱེད་པར་བྱེད་པའི་ནུས་པ་དེ་འདྲ་བ་གཞན་ཉིད་ཡོད་པ་ཡིན་ནོ་ཞེས་བསྟན་པ་
ཡིན་ནོ། །མཇུག་སྡུད་པ་ནི་དེ་ཕྱིར་ལྡོག་པར་ཞེས་བྱ་བའོ། །དངོས་ནི་བག་ཆགས་འདི་ཡོད་པ་མ་ཡིན་ནོ། །དེ་ལས་ཀྱང་ནི་ཞེས་བྱ་བ་བག་ཆགས་ལས་ཀྱང་འབྲས་བུ་གཞན་ཅིའི་ཕྱིར་མི་སྲིད་དེ་སྲིད་པ་ཁོ་ནའོ། །གང་དག་ཅེས་བྱ་བ་ལ་སོགས་པ་ནི། བྲམ་ཟེའི་ལུགས་ལས་སུན་འབྱིན་པ་བརྗོད་
པ་ནི། བྲམ་ཟེ་དེའི་ལུགས་ལ་ནི། བདག་ལ་སོགས་པ་འགའ་ཡང་བག་ཆགས་འཛིན་པར་བྱེད་པ་མ་ཡིན་ཏེ། བདག་ནི་རྟག་པས་ན་སྔར་བཞིན་དུ་ཕྱིས་ཀྱང་འཛིན་བྱེད་དུ་མི་འགྱུར་བའི་ཕྱིར་རོ། །བག་ཆགས་སུ་ཡང་དེ་འདོད་མིན། །ཞེས་བྱ་བ་ནི། རྟེན་མེད་པ་ན་བརྟེན་པར་འགྱུར་བའི་བག་ཆགས་ཀྱང་
མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ངེད་ཀྱི་ཕྱོགས་ལ་ནི་འཐད་པ་ཉིད་དོ་ཞེས་སྟོན་པ་ནི་མེ་ཏོག་ཅེས་བྱ་བའོ། །དེའི་རང་བཞིན་ཞེས་བྱ་བ་ནི་རྒྱ་སྐྱེགས་ལ་སོགས་པའི་རང་བཞིན་ནི་འབྲས་བུ་མ་དུ་ལུང་ག་ལ་སོགས་པའི་རང་བཞིན་ནི་འབྲས་བུ་ཡིན་པའི་ཕྱིར་རོ། །རྣམ་པར་དབྱེ་བ་ཞེས་བྱ་བ་ནི་སྔོན་པོ་དང་སེར་པོ་ལ་
སོགས་པའི་རྣམ་པར་དབྱེ་བ་ཅན་ནོ། །ཕྱི་རོལ་དོན་མེད་ཅེས་བྱ་བ་ཕྱིའི་ཡུལ་དང་བྲལ་བའོ། །མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཚད་མ་ཡིན་ནོ་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས་གསུངས་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པའི་ཕྱོགས་སྔ་མ་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་
བའོ། །དོན་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ནི་ཞེས་བྱ་བ་ལ་སོགས་པའི་དོན་མ་ཤེས་པའི་ཕྱིར་རོ། །འོ་ན་དོན་དེ་གང་ཞིག་ཡིན་ཞེ་ན། ཚད་མས་ཞེས་གསུངས་སོ། །ཚད་མས་ཞེས་བྱ་བ་གཏན་ཚིགས་ཤེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་ཕྱོགས་ཞེས་བྱ་བ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །
དཔེ་ཞེས་བྱ་བ་རྨི་ལམ་གྱི་ཤེས་པ་དམིགས་པ་མེད་པ་ཉིད་ནི། རང་ཉིད་གྲུབ་པའི་རྒྱུའི་ཕྱིར་རོ། །ཤེས་པ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་རིགས་པ་ལྡན་ནོ། །འདི་ནི་ཞེས་བྱ་བ་ནི་ཤེས་པ་ཐམས་ཅད་ནི་དམིགས་པ་མེད་པ་ཡིན་ཏེ་ཞེས་བྱ་བ་འདིའོ། །ཇི་ལྟར་ཁྱབ་པ་གྲུབ་ཅེས་བྱ་བ་གང་དང་གང་ཤེས་

པ་ཡིན་པ་དེ་ཐམས་ཅད་དམིགས་པ་མེད་པ་ཡིན་ནོ་ཞེས་ཅི་ལྟར་གྲུབ་སྙམ་ན། རིགས་གང་ཞེས་བྱ་བའོ། །འདི་ནི་རྨི་ལམ་གྱི་ཤེས་པ་གོམས་པ་ཙམ་གྱི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པར་མཐོང་བའི་ཕྱིར། ཤེས་པ་ཐམས་ཅད་ཀྱང་དེ་ལྟ་བུ་ཉིད་ཡིན་ནོ་ཞེས་བྱ་བ་ཁྱབ་པ་གྲུབ་པོ་ཞེས་དོགས་
སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་དེའི་རིགས་ཅན་ཉིད་ཡིན་ཡང་དེས་བསྐྱེད་པ་ཉིད་མ་ཡིན་ནོ། །གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་མི་འགྱུར་བ་མ་ཡིན་ནམ། དེས་རྨི་ལམ་གྱི་ཤེས་པ་གོམས་པའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་
བྱེད་པར་མཐོང་ཡང་གོམས་པར་བསྐྱེད་པ་ཉིད་ནི་མ་ཡིན་ནོ། །དེས་ན་རིགས་གང་ཞེས་བྱ་བ་ལ་སོགས་པའི་རིགས་པ་འཇུག་པར་ཇི་ལྟར་འགྱུར་སྙམ་ན། རྒྱུ་དང་ཞེས་གསུངས་སོ། །རྨི་ལམ་གྱི་ཤེས་པ་ནི་རེ་ཞིག་བག་ཆགས་ཀྱིས་བསྐྱེད་པ་ཡིན་ལ། གཞན་ཡང་དེ་དང་འདྲ་བ་ཡིན་ནོ་ཞེས་སྟོན་པ་
ནི། གུས་པར་གོམས་པར་བྱས་པ་འདི་དང་ལྡན་པ་སད་པའི་ཚེ། མཐོང་བ་གང་ཡིན་པ་དེས་མཐོང་བ་དེ་ཉིད་ནི་རྨི་ལམ་དུ་ཡང་མཐོང་སྟེ། རྒྱུ་དེས་ན་སད་པའི་ཤེས་པ་གཞན་ཡང་དེ་ལྟ་ཉིད་ཅེས་བྱ་བ་གོམས་པས་བསྐྱེད་པ་ཉིད་དོ། །གཞན་ཚེ་ཞེས་བྱ་བ་ནི། རྨི་ལམ་གྱི་དེ་མ་ཐག་ཏུའོ། །དེའམ་ཞེས་
བྱ་བ་ནི་རྨི་ལམ་མཐོང་བའམ་ལན་པའི་སྐྱེས་བུས་སོ། །དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་རྨི་ལམ་མཐོང་བའི་དུས་ཉིད་ནའོ། །གཞན་གྱིས་ཞེས་བྱ་བ་ནི་ཡུལ་དང་དུས་དེ་ན་ཉེ་བར་གནས་པའི་སད་པ་རྣམས་ཀྱིས་སོ། །རྒྱུ་དེའི་ཕྱིར་ན་རྨི་ལམ་གྱི་ཤེས་པ་དེ་ནི་དམིགས་པ་མེད་པ་ཡིན་གྱི། ཤེས་པ་ཉིད་ཡིན་པའི་
ཕྱིར་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་ཁྱབ་པ་འགྲུབ་ཅེས་བསམས་པའོ། །སད་པའི་གནོད་བྱེད་ཀྱི་ཤེས་པ་གང་ཡིན་པ་དེས་ནི། རྨི་ལམ་གྱི་ཤེས་པ་དེའི་དམིགས་པ་བཟློག་པར་བྱས་པས་ནའོ། །འོན་ཏེ་རྨི་ལམ་གྱི་ཤེས་པ་བཞིན་དུ་སད་པའི་ཤེས་པ་ལ་ཡང་གནོད་པར་བྱེད་པ་ཡོད་ལ་དེས་ན།
སད་པའི་ཤེས་པ་ཡང་དམིགས་པ་མེད་པ་ཉིད་ཡིན་ནོ་ཞེས་དོགས་པ་བསུ་ནས་ཕ་རོལ་པོའི་ལན་ཉིད་སྨྲ་བ་ནི། རྨི་ལམ་གྱི་ཞེས་བྱ་བའོ། །རྨི་ལམ་གྱི་ཤེས་པ་དེ་ཇི་ལྟར་དཔེ་ཡིན་ཏེ། རིགས་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ལ་རྣམ་པར་རྟོག་པ་གཉིས་ཏེ། གནོད་པར་བྱེད་པ་སད་པའི་ཤེས་པས་

རྨི་ལམ་གྱི་ཤེས་པའི་ཡུལ་དབྲོག་པར་བྱ་བའམ། ཡུལ་མེད་པར་ཤེས་པར་བྱ་བ་མ་ཡིན། དེ་ལ་རྣམ་པར་རྟོག་པ་དང་པོ་ལ་བརྗོད་པ་ནི་གནོད་བྱེད་ཅེས་བྱ་བའོ། །འོ་ན་ཇི་ལྟར་ཞེས་དྲིས་པ་ལ་བརྗོད་པ་ནི་ཤེས་པར་བྱ་བ་ཉིད་དོ་ཞེས་གསུངས་སོ། །འདི་ལ་ནི་རྨི་ལམ་གྱི་ཤེས་པ་
ལའོ། །གཞན་གྱིས་ནི་སད་པའི་ཤེས་པས་སོ། །གལ་ཏེ་འགལ་ཟླ་མེད་པར་སྒྲུབ་པར་བྱེད་པ་འགལ་བ་དམིགས་པ་ཡང་ཡོད་པ་མ་ཡིན་ནམ། དེས་ན་ཇི་ལྟར་མི་དམིགས་པ་ཁོ་ན་མེད་པ་སྒྲུབ་པར་བྱེད་པ་ཡིན་ཞེས་བརྗོད་སྙམ་ན། འགལ་བ་ཡང་ཞེས་གསུངས་སོ། །རྨི་ལམ་ཤེས་པ་
ལ་སྣང་བའི་གཞལ་བྱ་ལས་གཞལ་བྱ་གཞན་དམིགས་པ་ཉིད་སད་པ་ཉིད་ཤེས་པ་གནོད་བྱེད་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་སད་པའི་ཤེས་པས་དམིགས་པའི་གཞལ་བྱ་ལས་གཞལ་བྱ་གཞན་དམིགས་པ་ཉིད་ནི་རྨི་ལམ་གྱི་ཤེས་པ་ལ་ཡང་ཡོད་པ་ཡིན་ཏེ། དེས་ན་རྨི་ལམ་གྱི་ཤེས་
པ་ཉིད་སད་པའི་ཤེས་པ་གནོད་པར་བྱེད་པ་ཅི་ལྟར་མ་ཡིན་དེ་ནི་སད་པའི་ཤེས་པ་ལ་ཡང་ཐམས་ཅད་ཡོད་པ་ཡིན་ནོ་ཞེས་འདོན་པར་ནི་བུམ་པ་དང་སྣམ་བུའི་ཡུལ་ཅན་སད་པའི་ཤེས་པ་དག་ཁོ་ན་ཕན་ཚུན་ལྟོས་ནས་གཞལ་བྱ་དམིགས་པ་ཡིན་པའི་ཕན་ཚུན་གནོད་བྱེད་དུ་འགྱུར་རོ་ཞེས་
བྱ་བ་ཡིན་ནོ། །བུམ་པ་ལ་སོགས་པ་གཅིག་དམིགས་ནས་བུམ་པ་ལ་སོགས་པ་གཞན་དམིགས་པའི་དུས་ན། ངས་དམིགས་པའི་བུམ་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་དེ་ལྟར་སད་པའི་ཤེས་པ་ལ་མི་འགྱུར་བ་དེས་ན། ཇི་ལྟར་བུམ་པའི་ཤེས་པ་གཞན་གྱི་གནོད་པར་ཇི་ལྟར་འགྱུར།
རྨི་ལམ་གྱི་ཤེས་པས་དམིགས་པ་ནི། སད་པའི་ཤེས་པ་དུས་ནས་བདག་གིས་མཐོང་བ་དེ་ནི་བརྫུན་ཡིན་ནོ་ཞེས་ལྷག་པར་ཞེན་ཏེ་དེས་ན་རྨི་ལམ་གྱི་ཤེས་པས་དམིགས་པ་སད་པའི་ཤེས་པས་གནོད་དོ་ཞེས་རིགས་ཀྱི་བཟློག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི། གཞན་གྱི་བསམ་པའོ། །འདི་ལ་
བརྗོད་པ་ནི་འདི་ནི་ཞེས་བྱ་བའོ། །རིག་པའི་འབྲས་བུ་ནི་འདི་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །རིག་པ་མེད་པའི་འབྲས་བུ་ནི་འདི་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལས་ཅིར་འགྱུར་སྙམ་ན། དེ་ན་ཞེས་གསུངས་སོ། །གལ་ཏེ་རིག་པ་མ་སྐྱེས་ན་དེའི་འབྲས་བུ་ཉིད་མི་འཐད་དོ། །དེ་ན་འབྲས་

བུ་ཉིད་མཐོང་བ་ལས་རིག་པ་རྗེས་སུ་དཔོག་གོ་ཞེས་སྟོན་པ་ནི་རིག་པ་མེད་པར་ཞེས་བྱ་བའོ། །འདི་ལ་བརྗོད་པ་རང་རིག་པས་སྔོན་པོའི་རྣམ་པར་རིག་པའི་ཕྱིར་རོ། །དེ་ཉིད་ལ་ཞེས་བྱ་བ་རང་གི་རང་བཞིན་ཉིད་ལ་འདི་བལྟའོ། །འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བར་རྟོགས་པར་འགྱུར་གྱི་དོན་ལ་ནི་མ་ཡིན་ཏེ།
དེས་ན་ཇི་ལྟར་འབྲས་བུ་རང་གི་ངོ་བོ་