Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 6 / 23 (50.000 ký tự/trang)
་ཞེས་བྱ་བ་ནི་སྒྲ་ལས་འབྱུང་བའོ། །གཞན་དག་རྣམ་པ་གཞན་
དུ་མངོན་སུམ་གྱི་མཚན་ཉིད་བརྗོད་པ་ནི། མདུན་ན་གནས་པ་ཉིད་དུ་ཞེས་བྱ་བའོ། །དེ་ལྟ་བུའི་རྟོགས་པ་ནི་སྒྲ་ལས་འགྱུར་བ་མ་ཡིན་པས་ན་དབང་པོ་རྣམས་དོན་མེད་པར་མི་འགྱུར་རོ་ཞེས་བསམས་པའོ། །མ་ཡིན་པ་སྟེ་ཞེས་བྱ་བ་ནི་འགོག་པའོ། །ཅིའི་ཕྱིར་ཞེ་ན། སྒྲ་ནི་རྣམ་པ་གཞན་དུ་ཞེས་
སྨོས་ཏེ། མདུན་ན་མི་གནས་པ་ཉིད་དོ། །མཚན་ཉིད་འདི་ལ་ནི་མ་ཁྱབ་པའི་ཉེས་པ་ཡོད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་དུ་དོན་གྱི་རང་གི་ངོ་བོ་རྟོགས་པ་ཁོ་ན་ཞེས་བརྗོད་པ་དེ་ཉིད་རྣམ་པ་གཞན་མི་སྲིད་པ་ཉིད་ཀྱིས་ཚིག་གཞན་གྱི་སྒོ་ནས་དོགས་པ་བསུ་བ་ནི། བདག་ཉིད་ཐམས་ཅད་ཅེས་བྱ་བའོ། །དེ་ལྟ་ན་
ཡང་སྔ་མ་བཞིན་དུ་དབང་པོ་འབྲས་བུ་མེད་པར་འགྱུར་རོ་ཞེས་ལན་འདེབས་པ་ནི་སྒྲ་ལས་ཀྱང་ཞེས་བྱ་བའོ། །དེ་ཉིད་ནི་དབང་པོ་ལས་རྟོགས་པ་གང་ཡིན་པ་ཉིད་དེ་དེ་ཉིད་ལ་ནི་དབང་པོས་རྟོགས་པར་བྱ་བ་ལའོ། །དེས་ན་དབང་པོ་རྣམས་དོན་མེད་པར་འགྱུར་རོ་ཞེས་བྱ་བར་འདི་གནས་པའོ། །གལ་ཏེ་སྒྲ་
ཡོངས་སུ་ཚིམ་པར་བྱེད་པ་མ་ཡིན་གྱི། དབང་པོས་དེ་བྱེད་པའི་ཕྱིར་དོན་མེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཡོངས་སུ་ཚིམ་པའི་དོན་གྱི་ཕྱིར་དབང་པོ་རྣམས་དོན་མེད་པ་མ་ཡིན་ནོ་ཞེ་ན། ཡོངས་སུ་ཚིམ་པའི་སྒྲ་ཉིད་ལས་དེར་འགྱུར་བའི་ཕྱིར་ན། དེ་དག་དོན་མེད་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་

མ་ཡིན་ཏེ་ཞེས་བྱ་བའོ། །སྲིད་པའི་ཕྱིར་ཞེས་བྱ་བ་ནི་ད་ལྟ་བ་དང་ཉེ་བས་ད་ལྟར་གྱུར་པ་དང་འདྲ་བ་ཞེས་པའི་དོན་ཡིན་པའི་ཕྱིར་རོ། །དངོས་པོའི་རང་བཞིན་གསལ་བ་གཅིག་པུ་ཉིད་ཡིན་མོད། དེ་ནི་ཉེ་བ་དང་ད་ལྟར་བ་ཉིད་མངོན་སུམ་གྱི་ཡུལ་ཏེ། དེ་ལ་སྒྲ་སྦྱོར་བ་ནི་དོན་མེད་
པས་ནི་གཞན་དུ་སྦྱོར་བ་ཡིན་ནོ་ཞེས་བརྗོད་པ་ནི་དེ་ལྟ་ན་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་གཉིས་པོ་ཡོངས་སུ་ཚིམ་པའི་རྒྱུ་མ་ཡིན་ཞེ་ན། བལྟར་མི་སྣང་བ་ཞེས་བྱ་བར་སྦྱར་རོ། །དེས་ན་ཞེས་བྱ་བ་ནི་ཡོངས་སུ་ཚིམ་པར་བྱེད་པ་ཉིད་ཀྱིས་སོ། །སྣང་བ་མེད་པ་ཉིད་འདས་པ་ལ་སོགས་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །རང་གི་ངོ་བོ་མཐོང་བ་ཉིད་ལས་མ་མཆོད་པ་དང་། ཡོངས་སུ་ཚིམ་པར་བྱེད་པ་ཉིད་དུ་གྲུབ་པོ་ཞེས་བརྗོད་པ་ནི་མིག་ལ་སོགས་པས་ཞེས་བྱ་བའོ། །རང་གི་ངོ་བོས་མཐོང་བ་དེ་ཡང་སྒྲ་ལས་རྟོགས་པ་འདས་པ་ལ་སོགས་པ་ལ་ཡང་ཡོད་དོ། །དེས་ན་དེ་དག་མཆོད་པ་དང་ཡོངས་སུ་ཚིམ་
པར་བྱེད་པ་ཉིད་དུ་ཇི་ལྟར་མི་འགྱུར་སྙམ་དུ་དོགས་པའོ། །ཇི་སྐད་དུ། མཆོད་པ་ཡོངས་སུ་ཚིམ་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་དེ་ཡང་མི་འཐད་དོ་ཞེས་བརྗོད་པ་ནི་གླུའི་སྒྲ་ནི་ཞེས་བྱ་བའོ། །སྒྲུབ་པར་མི་བྱེད་པ་ནི་མ་ཡིན་ཏེ། འོན་ཀྱང་སྒྲུབ་པར་བྱེད་པ་ཉིད་དོ། །དེ་བཞིན་དུ་འདས་པ་ལ་སོག་
པ་ལ་ཡང་རང་གི་ངོ་བོ་རྟོགས་པ་ནི་སྒྲུབ་པར་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྒྲ་མ་ཆོད་པ་ཉིད་དུ་དོགས་པ་བསུ་བ་ནི་ཆུ་རླབས་ཀྱི་ཚུལ་དུ་ཞེས་བྱ་བའོ། །འོངས་པ་མ་དམིགས་པས་གནོད་དོ་ཞེས་ལན་འདེབས་པ་ནི་ཉེ་བར་ལེན་པ་ཞེས་བྱ་བའོ། །ཉེ་བར་ལེན་པ་ནི་སྒྲ་འཛིན་པའོ། །དེ་ནི་
ཞེས་བྱ་བ་ནི་སྒྲའོ། །ཚད་མས་མ་རྟོགས་པའི་ཕྱིར་འོངས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་འོང་བར་རྟོགས་ན་ནི་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི་ཧ་ཅང་ཐལ་བར་འགྱུར་ཞེས་བྱ་བའོ། །གལ་ཏེ་སྒྲ་དབང་པོའི་ཡུལ་དུ་ཐག་རིང་པོར་རྟོགས་པ་རྣམས་ཀྱང་འོང་བར་འགྱུར་རོ་ཞེས་
ཧ་ཅང་ཐལ་བར་འགྱུར་རོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ་ཡུལ་རྒྱང་རིང་པོ་ནི་སྒྲའོ། །ཕྲད་པ་དེའི་ཚེ་གཟུགས་ལ་སོགས་པ་ཡང་ཞེས་བྱ་བ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ལུས་ལ་གནས་པ་རྣམས་དང་ཕྲད་པས་སོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ནའོ། །འོན་ཏེ་མི་སླུ་བ་མེད་

པའི་ཕྱིར་ན་འདས་པ་ལ་སོགས་པ་ཉིད་ཡོད་པ་ཉིད་མ་ཡིན་ནོ་སྙམ་དུ་དོགས་ན་མི་སླུ་བ་ཡང་ཞེས་བྱ་བའོ། །དབང་པོ་ལས་རྟོགས་པ་ཡོད་པ་ཡིན་གྱི་སྒྲ་ལས་རྟོགས་པ་ནི་མ་ཡིན་སྙམ་དུ་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །རྩོད་པ་རྗེས་སུ་བརྗོད་ནས་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བ་ནི་སྐྲ་ཤད་ལ་
སོགས་པ་ཡང་དབང་པོས་རྟོགས་པར་བྱ་བ་ཉིད་ཀྱིས་ཡོད་པར་ཐལ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དབང་པོ་ཉམས་པའི་ཕྱིར་སྦྲང་བུ་ལ་སོགས་པ་ཡོད་པ་མ་ཡིན་ན། དེའི་ཚེ་ཉམས་པ་དེ་ཚད་མ་གང་གིས་ངེས། གལ་ཏེ་དེ་ལྟ་མ་ཡིན་པར་རྟོགས་པའི་ཕྱིར་ན་དབང་པོ་རྣམས་ཉམས་པའི་
རྟོགས་པ་ལ་ནི་སྦྲང་བུ་ལ་སོགས་པ་མེད་པ་ཡིན་ན་དེ་ལྟར་འོ་ན་ཞེས་བྱ་བ་ལ་སོགས་པ་ལན་ཡིན་ནོ། །གང་གི་ཕྱིར་དེ་ལྟར་དབང་པོ་ལས་རྟོགས་པས་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་རོ། །དེ་དངོས་གཅིག་ཕྱིར་ཞེས་བྱ་བ་དེའི་དོན་ཉེ་བར་སྡུད་པ་ནི་སྒྲ་དང་དབང་པོའི་ཞེས་བྱ་བའོ། །འདི་ཕྱིར་ཡང་ཞེས་བྱ་བ་ནི་
འཆད་པའི་ཚུལ་ལས་སོ། །གསལ་བའི་ངོ་ཐ་དད་དུ་སྟེ་ཕན་ཚུན་ལྡོག་པར་རོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིས་ཀྱང་ཁས་བླངས་པ་ཉིད་དུ་སྟོན་པའོ། །གྲུབ་པ་སྟེ་རང་རང་གི་རྒྱུ་ལ་སྐྱེས་པ་ན་དེའི་ཚེ་འདི་རིགས་ལྡན་ཉིད་ཀྱི་རིགས་ནི་མེད་དོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་ཏེ་གཞན་ལ་བརྟེན་ནོ། །དེ་ལྟ་
མ་ཡིན་ན་ནི་གཞན་ལ་བརྟེན་མེད་དེ་གཞན་དང་མ་འདྲེས་པའམ་གཞན་ལ་མི་ལྟོས་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཁྲ་བོ་ལ་སོགས་པ་ལ་ནི་སེར་སྐྱ་ལ་སོགས་པ་མ་མཐོང་ངོ་། །ཐ་དད་པ་གཞན་ལ་བརྟེན་པ་ཡང་འབྲས་བུ་ཉིད་ཡིན་ལ། དེ་ན་རྒྱུ་ལ་སོགས་པ་ལ་ཕན་ཚུན་ཡོད་པ་མ་ཡིན་ན་གང་ལས་འབྲས་བུ་ཉིད་
ཀྱི་ལྟོས་པར་འགྱུར། རང་གི་རྒྱུ་ལ་ལྟོས་ནས་འབྲས་བུ་ཉིད་ཡོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་གྲུབ་པ་ནི་ལྟོས་པ་མ་ཡིན་ཏེ། གཞན་ལ་རག་ལས་པའི་ཕྱིར་རོ་ཞེས་གསུངས་པ་ནི། གྲུབ་ཕྱིར་ཞེས་བྱ་བ་སྟེ་སྐྱེས་ཟིན་པའི་ཕྱིར་རོ། །འབྲས་བུ་ཡང་གཞན་ལ་རག་ལས་པ་མ་ཡིན་ཏེ་དེས་ན་ལྟོས་པ་
མེད་པ་ཡིན་ནོ། །མ་གྲུབ་པ་ན་བསྐྱེད་པར་བྱ་བ་འབའ་ཞིག་ཏུ་ཟད་ཀྱི་ལྟོས་པ་ནི་མ་ཡིན་ཏེ་རང་ཉིད་མེད་པའི་ཕྱིར་རོ། །སེར་སྐྱ་ལ་སོགས་པ་འབྲས་བུ་མ་ཡིན་པ་ནི་གྲུབ་པའམ་མ་གྲུབ་པ་ལ་ལྟོས་པས་ཀྱང་མ་ཡིན་ཏེ། དེ་ལ་ལྟོས་ནས་ཀྱང་འབྲས་བུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འབྲས་

མིན་ཇི་ལྟར་ཞེས་གསུངས་ཏེ། གཉི་ག་ལྟར་ཡང་ངོ་། །ཅི་ཞིག་ཅེས་བྱ་བ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་དེའི་འབྲས་བུ་ཡིན་ནོ་ཞེས་རང་གི་རྒྱུ་དང་འབྲེལ་པར་རྟོགས་པ་མ་ཡིན་ནམ། དེ་བཞིན་དུ་འབྲས་བུ་མ་ཡིན་ཡང་དེ་ཉིད་འདི་ཡིན་ནོ་ཞེ་ན། རང་གི་རྒྱུ་ཞེས་
གསུངས་སོ། །རྒྱུ་དང་འབྲེལ་བར་བྱེད་པ་ནི་རྟོགས་པ་འབའ་ཞིག་གིས་ཡིན་གྱི། མངོན་སུམ་གྱིས་ནི་མ་ཡིན་ཏེ། དེ་ལས་བཟློག་པར་དམིགས་པའི་ཕྱིར་རོ། །གསལ་བའི་རང་བཞིན་ལས་གཞན་ཡིན་ཡང་གསལ་བའི་རང་བཞིན་དེས་འབྲེལ་པ་མེད་པར་གྲུབ་བོ། །གང་གི་ཕྱིར་ཐ་དད་པ་དང་ཅིག་ཤོས་
ཀྱི་རྣམ་པར་རྟོག་པ་མི་སྲིད་པ་དེའི་ཕྱིར་རིགས་ནི་རང་བཞིན་མེད་པ་ཉིད་དོ། །གང་ཞིག་ཐ་དད་པ་དང་གཞན་དུ་མེད་པ་དེ་ནི་དངོས་པོ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་རིགས་དང་ལྡན་པའམ་ཞེས་བྱ་བའོ། །ཁས་བླངས་པ་དང་པོ་ཟློག་པར་བྱེད་པ་ནི་དེ་རེ་ཞིག་ཅེས་བྱ་བའོ། །
གཉིས་པ་ནི། གཞན་ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་རྣམ་པར་འབྲེལ་པ་ན་བཟློག་པར་འགྱུར་རོ། །བཤད་པ་མཛད་པ་ཡང་གལ་ཏེ་ཐ་དད་གྲུབ་ཅེ་ན་ཞེས་བྱ་བ་དང་། འབྲས་བུ་མིན་ཇི་ལྟར་ཡང་། ཅི་ཞིག་བྱ་བ་ཅི་ཞེས་བྱ་བ་དང་སྦྱར་ནས་ཐ་དད་པའི་ཕྱོགས་ལ་ལྟོས་ནས་འཆད་པ་ཡིན་ན། གཞན་
ཉིད་ཡིན་ན་དེ་འབྲེལ་མེད། །ཅེས་བྱ་བ་འདི་དོན་གང་ཞིག་གསལ་བའི་ངོ་བོ་ཐ་དད་དུ་གལ་ཏེ་གྲུབ་ན་ཞེས་བྱ་བ་འདི་གསལ་བའི་ཡུལ་ཅན་ཉིད་དུ་འཆད་པ་ནི་དེ་བཞིན་དུ་ཁྲ་བོ་ལ་སོགས་པ་ཞེས་བྱ་བའོ། །གཉི་ག་ལྟར་ཡང་ལྟོས་པ་དང་བཅས་པ་ཉིད་དུ་རྟོགས་པའི་རྣམ་པ་བརྗོད་པ་ནི། འདི་ནི་དེ་དང་མཚུངས་
སོ་ཞེས་བྱ་བའོ། །འབྲས་བུ་མིན་ཇི་ལྟར་ཡང་ཅི་ཞིག་བྱ་བ་འདི་ཡང་གསལ་བའི་ཡུལ་ཅན་དུ་བརྗོད་པ་ནི། ཤེས་ལྡན་ཅི་ལྡོག་པ་ལ་མ་ཡིན་ནམ་ཞེས་བྱ་བ་སྟེ། འབྲས་བུ་མ་ཡིན་པ་གསལ་བའི་རང་བཞིན་ལས་རིགས་གཞན་ཡིན་ནོ་ཞེ་ན། གསལ་བ་ལས་གཞན་དང་དེ་ལས་སྤྱི་ཐ་དད་ཡིན་ཞེས་གསུངས་
ཏེ། སྤྱི་གཞན་ཉིད་ཡིན་ནའོ། །གསལ་བ་ལས་གསལ་བ་གཞན་དང་ཞེས་བྱ་བ་ནི་མ་འབྲེལ་པའི་ཕྱིར་རོ། །དེ་ཉིད་གསལ་བར་བྱེད་པ་ནི། འབྲེལ་པ་མེད་པར་ཞེས་བྱ་བའོ། །འོ་ན་ནི་བ་ལང་ཉིད་གསལ་བ་ལ་སོགས་པའི་སྤྱིར་མི་འགྱུར་ཏེ། རི་བོང་གི་རྭ་བཞིན་དུ་དངོས་པོ་མེད་པས་ཉེ་བ་མེད་པའི་ཕྱིར་རོ། །

གལ་ཏེ་འགྱུར་ན་ནི་རི་བོང་གི་རྭ་ཡང་འགྱུར་རོ་ཞེས་འོ་ན་ནི་ཞེས་བྱ་བ་ལ་སོགས་པས་དོགས་པ་བསུ་ནས། མེད་པར་རིགས་སུ་ཐལ་མི་འགྱུར། །ཞེས་གསུངས་སོ། །ཅིའི་ཕྱིར་རི་བོང་གི་རྭ་དང་ཁྲ་བོ་ལ་སོགས་པ་དེ་གཉིས་ལ་ལྟོས་པ་མེད་པའི་ཕྱིར་རོ། །དངོས་པོ་མེད་པ་ཡང་སྤྱིར་འགྱུར་རོ་ཞེས་དེ་
སྐད་བརྗོད་པ་སྟེ། ཅི་ཡང་གི་གསལ་བ་ལ་ལྟོས་ནས་སམ། གསལ་བ་གཞན་ལ་ལྟོས་ནས་རང་གི་གསལ་བ་ལ་ལྟོས་ནས་ནི་སྐྱོན་མེད་དོ་ཞེས་གསུངས་པ་ནི་རི་བོང་གི་རྭ་རི་བོང་གི་རྭ་ཞེས་བྱ་བའོ། །གཞན་གྱི་གསལ་བའི་ཞེས་བྱ་བ་ལ་སོགས་པ་ཕྱོགས་གཉིས་པའི་དོགས་པ་བསུ་ནས། བརྗོད་པ་ནི་ཅི་
དངོས་པོར་སྨྲ་བ་ལ་ཡང་ཞེས་བྱ་བའོ། །གཞན་དག་མ་ཡིན་པའི་རྒྱུ་མཚན་བརྗོད་པ་ནི། ལྟོས་པ་མེད་པའི་ཕྱིར་ཞེས་བྱ་བའོ། །དེ་ནི་བ་ལང་ཉིད་དེ་དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །འོ་ན་ཇི་ལྟར་རྣམ་པར་རྟོག་པས་ཡོངས་སུ་བརྒྱུད་པའི་བ་ལང་ཉིད་དེའི་སྤྱིའི་རང་བཞིན་ཉིད་ཡིན་ཞེ་ན།
བཤད་པ་བ་ལང་ནི་ལྟོས་པའི་མཚན་ཉིད་ཀྱིས་འབྲེལ་པར་འགྱུར་བ་ཡིན་ནོ་ཞེས་འབྲེལ་ཏོ། །དེས་ནི་དངོས་པོ་མེད་བཞིན་དུ་སྐྱོན་ཡོད་པ་མ་ཡིན་ནོ། །ཇི་ལྟར་འབྲེལ་ཞེ་ན། གཏན་ཚིགས་གཉིས་གསུངས་ཏེ། བརྟེན་ནས་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་ལ་བརྟེན་ནས་སོ། །དེ་ལ་ཞེས་བྱ་བ་ནི་ཁྲ་བོ་ལ་
སོགས་པ་ལའོ། །ཅི་སྟེ་ཡང་རང་བཞིན་གང་ཞིག་རྣམ་པར་རྟོག་པ་ལ་སྣང་བའི་རང་བཞིན་དེ་ནི་ཐ་དད་པའམ་ཐ་མི་དད་པ་ཡིན་ཡང་སླ་སྟེ། ཁྲ་བོ་ལ་སོགས་པ་རྣམས་ལ་ཡོད་པ་ཉིད་ཡིན་ཏེ་དེ་ལྟ་མ་ཡིན་ན་རྣམ་པ་དེ་ལྟ་བུའི་བློར་ཇི་ལྟར་འགྱུར་ཞེས་དོགས་ནས་བཤད་པ། སྤྱི་དེའི་རང་བཞིན་ནི་ཁྲ་བོ་ལ་སོགས་
པ་དེ་རྣམས་ལ་འབྲེལ་པ་ཐ་དད་པ་ཡོད་པ་མ་ཡིན་ལ། ཐ་མི་དད་པར་ཡང་མ་ཡིན་མོད་ཀྱི་འོན་ཀྱང་ཐ་དད་པ་དང་ཐ་མི་དད་པ་དེའི་རང་བཞིན་མེད་ཀྱང་རང་བཞིན་དང་ལྡན་པ་དེ་ལྟར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་རིགས་གསལ་བའི་རང་བཞིན་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་དེའི་ཕྱིར་
ངོ་བོ་མེད་པ་ཡིན་ནོ། །གལ་ཏེ་ངོ་བོ་མེད་པ་ཡིན་ན་དེའི་ཚེ་དངོས་པོ་ལ་ཉེ་བ་མེད་པའི་ཕྱིར། ཁྲ་བོ་ལ་སོགས་པ་དེ་དང་འབྲེལ་པ་འདོད་པ་ཙམ་ལས་བྱུང་བས་རྟོགས་པ་ཙམ་གྱིས་བཀོད་པར་འགྱུར་ལ། དེ་ལྟ་ན་ཡང་རི་བོང་གི་རྭ་དང་ཡང་འབྲེལ་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་ཁྱད་པར་བརྗོད་པ་ནི།

ངོ་བོ་ལ་བརྟེན་ན་ཞེས་བྱ་བའོ། །བྱི་བ་དང་ཕྱུགས་ལ་སོགས་པ་ཡང་ཁྲ་བོ་མཐོང་ནས་ཁུ་ཡུ་མཐོང་བ་ན་དེ་ཉིད་ནི་འདི་ཡིན་ནོ་ཞེས་དེ་ཉིད་དུ་མངོན་པར་རློམ་གྱི། ངང་པ་ལ་སོགས་པ་ན་ནི་མ་ཡིན་ནོ། །རི་བོང་གི་རྭ་ནི་དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་ཉེ་བར་བསྟན་པ་ཡང་མ་
ཡིན་ནོ། །དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་ཉེ་བར་བཀོད་པའི་རིགས་དེ་ཉིད་བརྡ་ཡོད་ན་སྒྲ་རྣམས་ཀྱིས་བརྗོད་པ་ཡིན་ཏེ། དེ་ཉིད་ཀྱི་ཕྱིར་དོན་མཐོང་བ་ལས་བྱུང་བའི་རྣམ་པར་རྟོག་པས་བྱ་བའི་ཡུལ་ཅན་གྱི་སྒྲ་རྣམས་བརྒྱུད་ནས་དོན་གྱི་ཡུལ་ཅན་དུ་གྱུར་པ་ཡིན་ནོ་ཞེས་བརྗོད་པ་ནི་རིགས་དེའི་ཁྱད་
པར་དུ་གྱུར་པའི་གསལ་བ་གང་ཡིན་དེ་ལ་འཇུག་དོན་ཏེ། དགོས་པ་གང་དག་ལས་ཡོད་པའི་སྒྲ་དེ་རྣམས་ཀྱིས་རབ་ཏུ་བསྟན་པ་ཡིན་ནོ། །རྟོགས་པ་ཡང་ཡུལ་མཚུངས་པའི་སྒྲ་རྣམས་ཅི་ལྟར་གསལ་བའི་ཡུལ་ཅན་དུ་འགྱུར་ཞེ་ན། གང་གི་ཕྱིར་རྟོགས་པ་ཡང་ལྷག་པར་ཞེན་པས་དེའི་ཡུལ་ཅན་ཡིན་ཏེ། དེས་ན་
རྟོགས་པ་དང་ཡུལ་མཚུངས་པ་ཡིན་ཡང་གསལ་བའི་ཡུལ་ཅན་ཁོ་ནའོ། །ཁ་ཅིག་ནི་ངོ་བོ་ཕན་ཚུན་ཁྱད་པར་ཅན་དུ་གྱུར་ལ། བརྒྱུད་ནས་བརྟེན་ནས་རྟག་པ་ཞེས་བྱ་བ་བཀོད་པ་ཡིན་ནོ། །ཁྱད་པར་ཡང་ཡིན་ལ་རིགས་ཀྱང་ཡིན་ལ་སྟེ་རྣམ་པར་བཅད་པས་སོ། །དེ་ལ་འཇུག་པ་ནི་རྟོགས་པར་
བྱེད་པ་གང་ཡིན་པའི་སྒྲ་རྣམས་ཀྱིས་ཞེས་འཆད་དོ། །གལ་ཏེ་ངོ་བོ་མེད་པ་ཡིན་ན་ནི་ཅི་ལྟར་ངོ་བོ་དང་ལྡན་པ་ལྟ་བུར་རྟོགས་ཤེ་ན། འོན་ཀྱང་ཞེས་གསུངས་སོ། །འདིར་ཞེས་བྱ་བ་ནི་རྟོགས་པས་ཡོངས་སུ་བསྒྱུར་བའི་རིགས་ལའོ། །གལ་ཏེ་གཞན་རྟོགས་པས་གཞན་ལ་ཅི་ལྟར་འཇུག་སྙམ་ན། དེ་ལས་སྐྱེས་
པ་དེ་ཉིད་ཀྱི་ཕྱིར་ཞེས་གསུངས་སོ། །རིགས་དེ་རྟོགས་པ་ན་ཞེས་བྱ་བ་ནི་རང་བཞིན་དང་ལྡན་པའི་རིགས་རྟོགས་པར་འགྱུར་ནའོ། །གང་གི་ཕྱིར་དེ་རྟོགས་ན་ཁྱད་པར་རྣམས་ལ་འཇུག་པ་དེས་ནའོ། །དེ་ཉིད་རྣམ་པར་རྟོག་པས་ཡོངས་སུ་བསྒྱུར་བ་ཉིད་ལའོ། །རྣམ་པར་གཅད་པར་བྱ་བ་བརྗོད་པ་ནི་གཞན་
ཞེས་བྱ་བའོ། །རིགས་ངོ་བོའི་རྣམ་པ་དང་ལྡན་པ་ཡིན་དུ་ཟིན་ཀྱང་ཞེས་བྱ་བ་ནི་ངོ་བོ་མཐོང་བའི་ཕྱིར་རོ། །གསལ་བ་དང་ལྷན་ཅིག་གཅིག་ཏུ་ལྷག་པར་ཞེན་པ་ག་ལས་ཡིན། མ་ཡིན་པ་ཉིད་དེ་གཅིག་ཉིད་མ་མཐོང་བའི་ཕྱིར་རོ། །གལ་ཏེ་གཅིག་ཉིད་བཞིན་དུ་ངོ་བོ་ཡང་མ་མཐོང་བ་མ་ཡིན་ནམ། དེས་

ན་ཇི་ལྟར་ངོ་བོའི་རྣམ་པ་ཉིད་ཡིན་ཞེ་ན། ངོ་བོ་ཉིད་ནི་ཞེས་གསུངས་སོ། །འོ་ན་གཅིག་ཉིད་ཀྱང་ཅི་སྟེ་མ་མཐོང་ཞེ་ན་མ་མཐོང་བར་ཞེས་སྨྲས་སོ། །གསལ་བ་དང་སྣང་བའི་རྣམ་པ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་མ་མཐོང་ཡང་འདི་ནི་འཐད་དོ་ཞེས་བརྗོད་པ་ནི། དེ་ལ་ཞེས་བྱ་བའོ། །
རྣམ་པར་རྟོག་པ་སྣང་བའི་རིགས་དེ་ལ་ངོ་བོར་སྣང་བ་ཡང་སྟེ། མི་གསལ་བའི་རང་བཞིན་གྱི་རྣམ་པ་ཉིད་དམ། དོན་ལ་དེ་ཉིད་དུ་འཛིན་པ་ཞེས་བྱ་བ། གསལ་བ་ཉིད་དང་ལྷན་ཅིག་ཉིད་དུ་འཛིན་པའོ། །གལ་ཏེ་དེའི་རང་བཞིན་མ་གྲུབ་ན་འདི་འདྲ་བའི་འཁྲུལ་པར་ཇི་ལྟར་འགྱུར་ཞེ་ན། དུས་ཐོག་མ་ཡོད་པ་མ་
ཡིན་པ་ཅན་གྱི་མཐོང་བ་གང་ཡིན་པ་དེ་གོམས་པ་སྤྲུལ་པའོ། །དེ་ཁོ་ན་ཉིད་མཐོང་བ་ཉིད་ཀྱིས་ཞེས་བྱ་བ་ནི་ཐ་མི་དད་པ་མཐོང་བ་ཉིད་ཀྱིས་སོ། །དེའི་ངོ་བོར་ནི་ཐ་མི་དད་པའི་རང་བཞིན་དུ་སྒྲོ་འདོགས་པའོ། །འོ་ན་དེ་ཅི་ལྟར་འགྱུར་སྙམ་ན་འཁྲུལ་པ་གཅིག་ནས་ཞེས་གསུངས་སོ། །དོན་དེ་ཉིད་དུ་འཛིན་པ་བྱ་བ་
བཤད་ནས་ལྷག་མ་འཆད་པ་ནི་མི་གསལ་བར་ཞེས་བྱ་བའོ། །འདི་ལ་ཡང་ཞེས་བྱ་བ་ནི་མི་གསལ་བར་སྣང་བ་ལ་ཡང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རོ། །དེའི་རང་བཞིན་གཅིག་ཉིད་དུ་མི་གསལ་བ་དག་གི་རང་བཞིན་ནོ། །དེ་ལྟར་སྤྱིར་དངོས་པོར་འགྱུར་བ་གསལ་ནས་རྣམ་པར་རྟོག་པའི་རྣམ་པ་ལ་
དོན་གྱི་རང་བཞིན་ཉིད་ཀྱིས་སྤྱིར་རྣམ་པར་གཞག་སྟེ། ད་ནི་གཞན་ལས་ལྡོག་པའི་རང་བཞིན། བརྗོད་པའི་རང་བཞིན་པ་ནི་ཡང་ན་ཞེས་བྱ་བའོ། །གཞན་རིགས་མི་མཐུན་པ་རྣམས་ལ་རྟོགས་པ་སྟེ། ལྡོག་པར་བྱེད་པ་ཉིད་ཀྱི་མཚན་ཉིད་དེ་ངོ་བོ་ཉིད་གང་ལ་ཡོད་པར་གཞན་ལྡོག་པར་བྱེད་པའི་བདག་ཉིད་ཀྱི་
དངོས་པོ་དེ་ཉིད་སྤྱི་ཡིན་ལ། སྒྲ་ཡང་དེའི་མཐར་ཐུག་པ་ཡིན་ཏེ། དེ་སྤྱི་ཐ་དད་པར་སྨྲ་བ་བཞིན་དུ་བུམ་པ་ཡོད་པ་ཞེས་བྱ་བ་ནི། འདི་བཞི་མཐུན་པ་མ་ཡིན་པ་ཡིན་ནོ། །དེ་ལ་ངོ་བོ་ཡང་ཅུང་ཟད་ཡོད་པ་མ་ཡིན་ཏེ། ཐུན་མོང་མ་ཡིན་པའི་རང་བཞིན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་གཞན་ལས་ལྡོག་
པ་ཡང་གཞན་ལས་ལོག་པའི་བདག་ཉིད་ཀྱི་དངོས་པོ་ཉིད་མ་ཡིན་ནམ། ཇི་ལྟར་ངོ་བོ་མེད་སྙམ་ན་གཞན་ལ་ལྡོག་པའི་མཚན་ཉིད་ཀྱི་ཞེས་གསུངས་སོ། །རང་བཞིན་ཞེས་ལྟ་བ་ནི། ཐུན་མོང་མ་ཡིན་པའོ། །གལ་ཏེ་ལྟ་ན་ཡིན་མོད། དེ་ལྟ་ན་ཡང་དེ་ནི་སྒྲས་ཤེས་པར་བྱེད་པ་མ་ཡིན་ཏེ། དེས་

ན་དེ་བརྟགས་པས་ཅི་ཞིག་བྱ་སྙམ་ན། རིགས་མི་མཐུན་པ་དེ་ལས་ཞེས་གསུངས་སོ། །རིགས་མི་མཐུན་པ་དེ་ལས་ལྡོག་པ་གང་ཡིན་པ་དེ་ཡང་འཇུག་པ་མེད་པ་སྟེ། སྒྲུབ་པ་མེད་པ་ཁོ་ན་ཡིན་ཏེ། ཐུན་མོང་མ་ཡིན་པའི་རང་བཞིན་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
འཇུག་པར་ཡང་ཞེས་བྱ་བ་ནི་སྒྲུབ་པར་ཡང་ངོ་། །དེ་ལྟ་ན་ཞེས་བྱ་བ་ནི་ཁྱེར་ཏེ་མི་འོང་བ་བཀག་པ་ལས་སོ། །རང་ཉིད་ཅེས་བྱ་བ་ནི་སྒྲའི་བྱེད་པ་མེད་པར་རོ། །ཁྱེར་ནས་འོང་བ་ནི་ཁྱེར་ནས་འོང་བར་རོ། །བུམ་པ་མ་ཡིན་པ་དེ་འགོག་པ་ནི་བུམ་པ་ཞེས་བྱ་བའོ། །དགག་པ་ལ་ནི་གཞན་ལོག་པའི་མཚན་
ཉིད་ལའོ་ཞེས་བྱ་བ་ནི་རྟོགས་པའི་སྤྱོད་ཡུལ་དུའོ། །དེ་ཡང་ནི་ཁྱེར་ནས་འོང་བའོ། །བུམ་པ་མ་ཡིན་པ་དེ་འགོག་པ་ནི་བུམ་པ་ཞེས་བྱ་བའོ། །དགག་པ་ལ་ནི་ཞེས་བྱ་བ་ནི་གཞན་ལས་ལྡོག་པའི་མཚན་ཉིད་ལའོ། །གལ་ཏེ་བ་ལང་མ་ཡིན་ཐེ་ཚོམ་ཟ་བ་ན་བ་ལང་མ་ཡིན་པར་ཐལ་བ་ཡིན་པས། དེར་བ་ལང་ཞེས་
བྱ་བ་བ་ལང་མ་ཡིན་པ་ལས་ལྡོག་པར་བྱེད་པར་འགྱུར་གྱི། གཞན་དག་ཏུ་ནི་དང་པོ་ཉིད་བ་ལང་ཞེས་སྦྱར་བ་ན། བ་ལང་ཉིད་སྒྲུབ་པའི་རང་བཞིན་དུ་རྟོགས་པར་འགྱུར་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་སྒྲ་དང་པོའི་ཞེས་བྱ་བའོ། །དག་ལ་ནི་བྱ་བའི་ཚིག་གཙོ་བོ་ཡིན་ཏེ། ལས་སུ་བྱ་བ་ཉེ་བར་སྟོན་
པའི་ཕྱིར་རོ་ཞེས་བརྗོད་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་མིན་པར་ནི་ལེན་པར་མི་བྱེད་པའོ། །དེ་ནི་ཞེས་བྱ་བ་ནི་ལེན་པར་མི་བྱེད་པའོ། །འགོག་པ་ནི་ཁྱེར་ལ་ཤོག་ཅིག་ཅེས་བྱ་བའོ། །འདིར་ཐལ་བ་ཡིན་ཞེས་བྱ་བ་ཉིད་བརྗོད་པ་ནི། དེ་ལ་ཐལ་བ་གཞན་ཅི་ཡོད་ཅེས་བྱ་བའོ། །དེ་ནི་ཐལ་བ་ལའོ། །
ཁྱེར་ནས་མི་འོང་བ་འགོག་པའི་ཁྱེར་ནས་འོང་བ་དང་པོ་སྨོས་པ་ན། དེ་ནི་བ་ལང་མ་ཡིན་པ་ཡང་ཐལ་བ་བ་གླང་ཞེས་སྦྱར་བ་ཡིན་ནོ། །དེས་ན་ཡང་ནག་པོ་མ་ཡིན་པ་ཐལ་བ་ནག་པོ་ཞེས་སྦྱོར་བ་ཡིན་ཏེ། དེས་ན་གཞན་སེལ་བ་ཁོ་ན་སྒྲའི་དོན་ཡིན་ཞེས་བྱ་བའི་དོན་ཏོ། །མ་ཡིན་པ་དགག་པ་ཁོ་ན་ཡིན་པར་མེད་པའི་
རང་བཞིན་ནི་མ་ཡིན་ཏེ། དེ་ལས་གཞན་པའི་དོན་ནི་དེ་མེད་པའི་ཕྱིར་རོ། །ཡོད་པ་ཡང་སྤྱི་ལ་བརྗོད་པའི་སྐྱོན་བཞི་མཐུན་པ་ལ་སོགས་པ་མེད་པ་ཉིད་དུ་འགྱུར་རོ། །མ་ཡིན་པ་ཡང་སྒྲུབ་པ་ཁོ་ན་ཡིན་ནོ་ཞེས་རྩོད་པ་བརྗོད་པ་ནི་གལ་ཏེ་དེ་བཀག་པ་ནི་ཞེས་བྱ་བ་དེ་རིགས་མི་མཐུན་པ་དེའོ། །གཞན་ནི་ཐུན་མོང་མ་

ཡིན་པའི་རང་བཞིན་ནོ། །དེ་ལ་ཞེས་བྱ་བ་དགག་པའོ། །བདེན་ཏེ་མ་ཡིན་པ་ཡང་རིགས་མི་མཐུན་པ་བཟློག་པའི་བདག་ཉིད་ཁོ་ན་ཡིན་གྱི། གཞན་ཐུན་མོངས་ཡིན་པའི་རང་བཞིན་དུ་ནི་མ་ཡིན་ནོ། །དེས་ན་མེད་པ་དགག་པའི་རང་བཞིན་དུ་བརྗོད་པ་ཡིན་གྱི། དངོས་པོ་ལས་ཐ་དད་པའི་ཕྱིར་རམ་ཐུན་མོང་
མ་ཡིན་པའི་རང་བཞིན་རྟོགས་པས་ནི་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། འདིར་ནི་འདི་སྐད་ཅེས་བྱ་བའོ། །བཀག་པ་ན་ཞེས་བྱ་བ་ནི་རིགས་མི་མཐུན་པ་འགོག་པར་བྱེད་པ་ནའོ། །གཞན་གྱིས་ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པའི་རང་བཞིན་རྟོགས་པའོ། །གང་གི་ཕྱིར་ཐུན་མོང་མ་ཡིན་པ་དེ་ལ་སྒྲའི་བྱེད་པ་མེད་
པ་ཡིན་ནོ། །གལ་ཏེ་ཡང་ཐུན་མོང་མ་ཡིན་པའི་རང་བཞིན་སྒྲ་ལས་རྟོགས་པ་མ་ཡིན་ལ་འོན་ཀྱང་ལྡོག་པའི་བདག་ཉིད་ཀྱི་དེ་ཉིད་རྟོགས་པ་དེས་ན་འཇུག་པར་འགྱུར་བ་ཉིད་དོ་ཞེས་བརྗོད་པ་ནི་རང་གིས་ཞེས་གསུངས་སོ། །རྟོགས་པ་ནི་འཇུག་པའོ། །གལ་ཏེ་གཞན་ལ་མེད་པར་རྟོགས་པ་ན་གཞན་ཡོད་པ་མི་
རྟོག་པ་ལ་སོགས་པ་མེད་པ་ཉིད་ལ་གཞན་ལ་གླང་ཡོད་པ་ཉིད་དང་ཡིན་པར་ཇི་ལྟར་འགྱུར། འདི་ལྟར་ཐུན་མོང་མ་ཡིན་པའི་རང་བཞིན་གྱིས་སྟོང་པ་ལྡོག་པའི་རང་བཞིན་ཡང་དངོས་པོ་མང་བ་ཙམ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡོད་པ་ཞེས་བྱ་བའོ། །གཞན་རྟོགས་ན་སྟེ་ཡུལ་གཞན་རྟོགས་པ་འདིར་གང་
ལས་གཞན་ཡིན་པ་དེ་མེད་པའི་རྟོགས་པ་སྐྱེ་བའི་ཕྱིར་ན་གཞན་ལྡོག་པའི་བདག་ཉིད་ཀྱིས་རང་གི་མཚན་ཉིད་ཁོ་ན་རྟོགས་པའི་ཡུལ་འགྱུར་བ་ཡིན་ནོ། །གལ་ཏེ་རང་གི་མཚན་ཉིད་རང་གི་ངོ་བོ་ཉིད་ཀྱིས་ནི་རྣམ་པར་རྟོག་པ་ལ་མི་སྣང་བ་མ་ཡིན་ནམ། མི་སྣང་མོད་འོན་ཀྱང་རྣམ་པར་བརྟག་པར་བྱར་ནི་འགྱུར་
བ་ཡིན་ནོ་ཞེས་བརྗོད་པ་ནི་རྟོག་པའི་རང་བཞིན་གྱིས་ཞེས་བྱ་བའོ། །དེ་སྐད་བཤད་པ་ནི་ཞེས་བྱ་བ་ནི་གཞན་ཡོད་པ་ཉིད་གཞན་མེད་པ་ཡིན་ནོ་ཞེས་བྱ་བར་རོ། །གལ་ཏེ་ཇི་ལྟར་རྟོགས་པས་གཞན་ལ་ལྡོག་པ་རྟོག་པ་དེ་བཞིན་དུ་དེའི་ཐུན་མོང་མ་ཡིན་པ་ལྡོག་པ་ཡང་ཡིན་ནོ། །དེས་ན་ཇི་ལྟར་རང་གི་མཚན་ཉིད་
རྣམ་པར་བརྟག་པར་བྱ་བ་ཡིན་ཞེས་དོགས་ན། ཇི་ལྟར་དེ་ལས་གཞན་མེད་པར་རྟོགས་པ་དེ་བཞིན་དུ་དེའི་ཐུན་མོང་བ་རང་གི་མཚན་ཉིད་མེད་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་རང་གི་བློ་ཉིད་གཞན་དེས་དབེན་པར་ཉམས་སུ་མྱོང་བ་དག་མེད་དོ་ཞེས་རྟོགས་པའི་ཕྱིར་རོ། །ཐུན་མོང་མ་ཡིན་པར་ལྡོག་པར་རྟོགས་པ་ནི་

མེད་དོ། །དེས་ན་ཐུན་མོང་མ་ཡིན་པར་བརྟག་པར་བྱ་བ་ཡིན་ནོ། །ཐུན་མོང་མ་ཡིན་པ་ལ་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པའི་སུན་འབྱིན་པས་སྤྱི་གཞན་མ་ཡིན་པ་མེད་པ་ལྟ་ན་ཡང་རྣམ་པར་མེད་པའི་བློ་ལ་མི་གསལ་བའི་རྣམ་
པ་སྣང་བ་གང་ཡིན་པ་དེ་ཉིད་རྫས་སུ་ཡོད་པའི་སྤྱི་མིན་ནོ་ཞེས་རྩོད་པ་བརྗོད་པ་ནི་གལ་ཏེ་རེ་ཞིག་ཅེས་བྱ་བའོ། །དོན་མེད་རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་གསལ་བའི་རང་བཞིན་དུའོ། །དེ་ལ་ཞེས་བྱ་བ་ནི་སྤྱི་ལའོ། །སྤྱིའི་བློ་ལ་སྣང་བ་ནི་སྤྱིར་འདོད་དེ། ནམ་གྱི་ཚེ་ཞེ་ན་རང་བཞིན་མེད་ན་སྟེ། གལ་ཏེ་རང་བཞིན་
མེད་པར་གྲུབ་ན་དེའི་ཚེའོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྣམ་པ་མེད་པ་ཉིད་ཡིན་ཡང་དེ་ལ་སྣང་བ་སྤྱིར་ཇི་ལྟར་འགྱུར་ཞེ་ན། བཤད་པ་དེ། སྤྱི་ཉིད་དུ་ནི་མཐོང་ཕྱིར་རོ། །དེ་ལྟར་ན་དོན་དམ་པར་ཡོད་པར་འགྱུར་རོ་ཞེ་ན། བཤད་པ་དེ་སྤྱི་ཉིད་དུ་ནི་འཁྲུལ་པ་ཡིན་ཡང་ཞེས་གསུངས་སོ། །དེས་ན་དོན་དམ་པར་ཡོད་
པ་མ་ཡིན་ནོ་ཞེས་དགོངས་པའོ། །འོ་ན་ཇི་ལྟར་དེ་སྤྱི་ཡིན་ཞེ་ན་དོན་དུ་འཁྲུལ་པ་དེ་ནི་དོན་རྣམས་མ་བསླད་པ་ཡིན་པའི་ཕྱིར་དང་། དོན་གྱི་ངོ་བོར་དེ་ཉིད་དུ་མེད་པའི་ཕྱིར་སྤྱི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་བཞིན་ཅན་མ་ཡིན་ཏེ། དམིགས་པ་དང་བཅས་པའི་རང་བཞིན་གྱི་སྤྱིའི་བློ་རང་བཞིན་དང་བཅས་པ་མ་ཡིན་ནོ། །
དེ་ཞེས་བྱ་བ་ནི་སྣང་བའོ། །སྣང་བ་དེ་སྤྱིའི་ངོ་བོར་མཐོང་བའི་ཕྱིར་རོ། །དེ་ལྟ་ན་ཡང་གཞན་གྱིས་འདོད་པའི་སྤྱི་མི་འགྲུབ་པོ་ཞེས་བརྗོད་པ་ནི་འོན་ཀྱང་ཞེས་བྱ་བའོ། །ཀྱང་གི་སྒྲའི་དོན་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །རྣམ་པ་མེད་པའི་བློ་ལ་ཡང་གང་ཅི་སྣང་བ་དེ་ཐམས་ཅད་དོན་དམ་པར་ཡོད་པ་ནི་མ་ཡིན་ཏེ།
དཔེར་ན་ཟླ་བ་གཉིས་ཀྱི་རྣམ་པ་དེ་བཞིན་དུ་སྤྱི་ཡང་ཡིན་པར་འགྱུར་རོ། །འོ་ན་ཇི་ལྟར་དེ་ཁྱེད་ཀྱི་སྤྱི་ཡིན་སྙམ་ན། དེ་ཡང་ཞེས་བྱ་བའོ། །དོན་གྱི་རང་བཞིན་འབའ་ཞིག་ཏུ་ནི་མ་ཟད་ཀྱི་དེ་ཡང་ཡིན་ནོ། །ཅིའི་ཕྱིར་དེ་ཁོ་ནར་མེད་པར་རྟོགས་ཤེ་ན། སྤྱི་འདི་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་
བརྟག་མི་བཟོད་པར་ཡང་ཡོད་པར་ཁས་ལེན་ནའོ། །གང་གི་ཕྱིར་བློ་རྣམ་པར་མེད་པ་ལས་ཡང་རྣམ་པ་དོན་དམ་པར་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །རིགས་ལྡན་རིགས་མིན་ཞེས་བྱ་བ་ལ་སོགས་པས་དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སྤྱི་དངོས་པོ་མ་ཡིན་ནོ་ཞེས་

བརྗོད་ཟིན་པ་ཉིད། མ་ངེས་པ་ཉིད་ལ་སོགས་པའི་ཉེས་པ་སྤངས་པའི་དོན་དུ་ཟློས་པར་བྱེད་པ་ནི་བརྗོད་བྱ་མ་ཡིན་པའི་ཕྱིར་ཡང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེས་བྱ་བ་ལ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་ཡང་ཡིན་ལ་དངོས་པོ་མ་ཡིན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་དྲི་བའི་དོན་ཏོ། །ལན་ནི་ངོ་བོ་མེད་
པས་ཞེས་བྱ་བ་སྟེ། ངོ་བོ་མེད་པར་ཁྱབ་པར་བྱ་བ་བརྗོད་བྱ་མ་ཡིན་པ་ཉིད་ཁྱབ་སྟེ། དེས་ན་གང་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་དངོས་པོ་མ་ཡིན་པ་ཉིད་དོ། །གལ་ཏེ་དངོས་པོ་མ་ཡིན་པའི་གཏན་ཚིགས་བརྗོད་པར་བྱ་བ་མ་ཡིན་པ་ཉིད་མ་གྲུབ་བོ་ཞེས་དོགས་པ་བསུ་ནས་སེལ་བ་ནི་གལ་ཏེ་རྟ་ལ་སོགས་
པའི་གསལ་བ་ལས་ཐ་དད་པའི་ཕྱིར་ན། བ་ལང་ཉིད་དེ་དངོས་པོ་འདོད་ན་དེའི་ཚེ་རྣམས་ནི་ཇི་ལྟར་ཡང་བརྗོད་པར་བྱ་བ་ཉིད་མ་ཡིན་པ་མ་ཡིན་ཏེ། འོན་ཀྱང་རང་གི་གསལ་བ་ལས་ཀྱང་ཐ་དད་པར་བརྗོད་པར་བྱ་བ་ཡིན་ནོ། །ཁྱབ་པར་བྱ་བ་ཡོད་པའི་ཕྱིར་ཁྱབ་པར་བྱེད་པ་ཡོད་པར་བརྗོད་པ་ནི། གང་ཞིག་ཅེས་བྱ་
བའོ། །བརྗོད་པར་བྱ་བ་མ་ཡིན་པ་ཉིད་མ་གྲུབ་པོ་ཞེས་བརྗོད་པ་ནི་ཅི་སྟེ་སྤྱི་གཞན་ལས་ཞེས་བྱ་བའོ། །གལ་ཏེ་དངོས་པོ་ཡིན་ན་དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་རང་བཞིན་གསལ་བ་ལས་ཀྱང་ཞེས་སྦྱར་རོ། །དེ་ལྟ་ཡང་མ་ཡིན་ནོ། །དེ་ཉིད་ལས་ཞེས་བྱ་བ་ནི་རང་གི་གསལ་བ་ལས་སོ། །ཅི་དངོས་པོ་ཡང་
རང་གི་རྟེན་ལས་ཐ་དད་པར་བརྗོད་པར་བྱ་བ་མ་ཡིན་པར་དོགས་པ་བསུ་བ་ནི་དེ་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་སྟེ། རང་གི་གསལ་བ་དང་འབྲེལ་པའི་ཕྱིར་རོ། །དེ་ལས་ནི་གསལ་བ་ལས་སོ། །དངོས་པོ་མ་ཡིན་པས་བརྗོད་བྱ་མ་ཡིན་པ་ལ་མ་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པས་བརྗོད་བྱ་མ་ཡིན་ན་
ཧ་ཅང་ཐལ་བར་འགྱུར་རོ་ཞེས་ལན་བཏབ་པའི་རྒྱུ་དང་འབྲས་བུའོ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འབྲེལ་པས་ནའོ། །ཐལ་བ་བཟློག་པ་བརྗོད་པ་ནི་དུ་བ་ནི་ཞེས་བྱ་བའོ། །ཡུལ་ཐ་དད་པས་ཞེས་བྱ་བ་ནས་ཧ་ཅང་ཐལ་བ་སྤོང་བར་དོགས་པ་བསུ་བའོ། །འབྲེལ་པ་ཡོད་ཀྱང་མེ་ལ་ལྟོས་ནས་དུ་བའི་ཡུལ་
ཐ་དད་པའི་ཕྱིར་ན་བརྗོད་པར་བྱ་བ་མ་ཡིན་ན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡུལ་ཅན་ལས་ཐ་དད་པའི་ཡུལ་མེད་པའི་ཕྱིར་དེ་ཐ་མི་དད་པའི་ཕྱིར་རོ་ཞེས་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་གསུངས་པའི་ཡུལ་ཞེས་བྱ་བའོ། །ཡུལ་ཅན་གྱི་གོང་བུ་ལས་ཐ་དད་པ་སྣང་བ་ཡིན་ནམ་མ་ཡིན། སྣང་བ་མ་ཡིན་པ་

ལ་བརྗོད་པ་ནི་ཐ་དད་པའི་མི་སྣང་བ་ཞེས་བྱ་བའོ། །སྣང་བ་ལ་བརྗོད་པ་ནི་ཐ་དད་པར་ནི་ཞེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི། ཇི་ལྟར་ཐ་མི་དད་པར་མྱོང་བར་འགྱུར་རོ། །གང་གིས་ཡོད་པར་འགྱུར་བ་རྣམ་པ་གཞན་ཡང་ཞེས་བྱ་བའོ། །དེས་ན་དེ་ཉིད་དང་ཞེས་བྱ་བའོ། །
འགའ་ཞིག་ལས་ཞེས་བྱ་བ་ནི་རང་གི་གསལ་བ་ལས་སོ། །འདི་ནི་སྤྱི་གཞན་ཁས་བླངས་ནས་བརྗོད་པ་ཡིན་ནོ། །ད་ནི་དེའང་མེད་དོ་ཞེས་གསུངས་པ་ནི། སྤྱི་གཞན་པས་ཀྱང་ཞེས་བྱ་བའོ། །ལན་ནི་རི་བོང་གི་རྭ་ལ་སོགས་པ་ཡང་ཞེས་བྱ་བའོ། །དེ་དག་དོན་དམ་པར་ཐ་དད་པ་མེད་པའི་ཕྱིར་དངོས་པོ་ཉིད་
མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་དེ་དག་གི་ཞེས་བྱ་བ་སྟེ། རི་བོང་གི་རྭ་ལ་སོགས་པ་རྣམས་ཀྱིའོ། །དེ་ཉིད་གཞུང་འཛུགས་པ་ནི་རི་བོང་གི་རྭ་ཞེས་བྱ་བ་ལ་སོགས་པའོ། །ལན་ནི་འདི་ལ་ཡང་ཞེས་བྱ་བ་སྟེ་མི་ལའོ། །བརྗོད་པའི་རྣམ་པ་ཉིད་སྟོན་པ་ནི་འདིར་ཡང་ཞེས་བྱ་བའོ། །གང་གི་ཕྱིར་དེ་
ལྟར་སྤྱི་ཐ་དད་པར་གཞན་ལས་སྤྱི་ཐ་དད་པར་མི་འདོད་པ་དེས་ན་ཞེས་བྱ་བ་ནི་སྤྱི་ཡིན་ཏེ། དེ་ནི་དེའི་ཕྱིར་གྱི་དོན་ཏོ། །དེས་རྣམ་འགྲེལ་མཛད་པས་བཤད་པའོ། །ཅི་བཤད་ཅེ་ན། སྤྱི་ནི་སྤྱི་གཞན་ལས་ཐ་དད་པར་བརྗོད་པ་མིན་པ་ཉིད་དོ། །འོ་ན་ཇི་ལྟར་སྤྱི་རྣམས་ཐ་དད་ཅེ་ན། ཉེར་ལེན་ནོ། །འོ་ན་གཞན་
ལས་གཞན་དུ་ཉེར་བཏགས་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་འགྲེལ་ལ་འཇུག་པའོ། །དེ་ལྟ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་པར་བྱ་བ་མ་ཡིན་པ་ཡང་མ་ཡིན་ཏེ། འོན་ཀྱང་བརྗོད་པར་བྱ་བ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་ཞེས་གསུངས་སོ། །ད་ལྟར་བ་ནི་མ་ཟད་དེ་འདས་
པ་དང་ནི་མ་འོངས་པའི་དོན་ལ་འོང་ངོ་། །ཅི་སྟེ་དེ་ལ་སྤྱི་ཡོད་པ་དེས་ན་དེའི་རྒྱུ་མཚན་ཅན་གྱི་སྒྲ་འཇུག་པ་ཡིན་ནོ་སྙམ་ན། ཡོད་པ་ཅི་འདས་པ་ལ་སོགས་པ་མེད་པའི་ཆོས་སུ་ཇི་ལྟར་འགྱུར། ཅིའི་ཕྱིར་ཞེ་ན། ཡོད་པ་ནི་ཞེས་སྨོས་སོ། །ཡོད་པའི་ཆོས་སུ་དོགས་པ་བསུ་བ་ནི་གསལ་བ་གཞན་ཞེས་བྱ་
བའོ། །དེའི་ཆོས་སུ་ཞེས་བྱ་བ་ནི་ལན་ཏེ། ད་ལྟར་བའི་གསལ་བའི་ཆོས་ཉིད་དོ། །འོ་ན་ཇི་ལྟར་དེ་འདས་པ་ཉིད་ཡིན་ཞེ་ན་སྤྱི་ནི་ཞེས་བྱ་བའོ། །དེ་ལྟ་ན་ཡང་མེད་པའི་ཆོས་ཉིད་ནི་ཡོད་པ་དང་འགལ་བས་ཁྱབ་པར་འགྱུར་རོ་ཞེས་བརྗོད་པ་ནི་མེད་པའི་ཆོས་ཞེས་བྱ་བའོ། །ཡོད་པ་ཉིད་ནི་ཁྱབ་

པར་བྱེད་པ་མེད་པའི་ཆོས་དང་འགལ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཡིན་ན་ཡང་ཞེས་བྱ་བའོ། །འདི་གཉིས་མ་ངེས་པ་ཉིད་དུ་དོགས་པ་བསུ་བ་ནི་ཅི་འགལ་ཞེ་ན་ཞེས་བྱ་བའོ། །དེ་འབྲེལ་པ་མེད་པ་ཉིད་དོ་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་ཞེ་ན་མེད་པ་ནི་ཞེས་གསུངས་སོ། །དེ་ལྟ་ཡིན་ནོ་ཞེས་བྱ་བ་
ནི་མེད་པ་དང་ཡོད་པ་འབྲེལ་པ་རྟོགས་པ་ནའོ། །སྤྱི་ཡང་མེད་པ་ཉིད་དུ་རྟོགས་པར་འགྱུར་རོ། །འོན་ཏེ་མེད་པ་རྟོགས་པར་མི་ནུས་སོ། །དཔེར་ན་ཞེས་གསུངས་ཏེ། མེད་པ་རྟོགས་པ་མེད་པ་རྟོགས་པ་བཞིན་ནོ་ཞེས་འབྲེལ་ཏོ། །གང་གིས་གསལ་བ་ཁོ་ན་མེད་པར་རྟོགས་པ་ཡིན་གྱི་སྤྱི་ནི་མ་ཡིན་པ་
རྟོགས་པ་གཉིས་ཀ་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་ཁྱད་པར་མེད་པའི་ཕྱིར་ཞེས་བྱ་བའོ། །སྤྱི་མེད་པ་སྤང་བའི་དོན་ཏོ། །གསལ་བ་ཉིད་ཡོད་པར་བརྗོད་པ་ནི། འོ་ན་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདས་པ་དང་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །ཤེས་པ་
ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །ཤེས་པ་དེ་ཡང་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །ལྐོག་ཏུ་གྱུར་པ་ཉིད་དུ་རྟོགས་པ་ཉིད་དུ་ན་འདས་པ་ཉིད་དོ་ཞེས་དོགས་པ་བསུ་བ་ནི་མངོན་སུམ་ཉིད་དུ་ཞེས་བྱ་བའོ། །རང་གི་ངོ་བོས་ཞེས་བྱ་བ་ནི་ལན་ནོ། །དེས་ན་འདས་པ་དང་མ་འོངས་པ་དངོས་པོ་མེད་ཅེས་བྱ་བ་
འདི་རྣམས་སོ། །དེ་གནས་པ་ན་མཇུག་བསྡུ་བ་ནི་དེའི་ཕྱིར་ཞེས་བྱ་བའོ། །ད་ལྟར་བ་ཡོད་པ་ལ་ནི་བུམ་པའི་སྒྲ་གཙོ་བོ་ཡིན་ལ། འདས་པ་ལ་སོགས་པ་མེད་པ་ལ་ནི་ཚད་མའི་ཡུལ་དུ་གྱུར་པའི་སྤྱི་འམ་གཞན་ལས་ཉེ་བར་འདོགས་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཉེར་བཏགས་ལས་
ཞེས་བྱ་བའོ། །འདས་པ་ལ་སོགས་པ་ལ་ནི་སྤྱི་ཉེ་བར་བཏགས་པ་ཡིན་པའི་ཕྱིར་ན་ཡོད་པ་དང་འགལ་བས་ཁྱབ་པ་མེད་པའི་ཆོས་ཉིད་དུ་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་འཆད་པ་ནི་མེད་པའི་ཆོས་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་མེད་པའི་ཆོས་དང་འགལ་བ་ཡོད་པ་ཞེས་བྱ་བ་འདི་ཡང་མ་གྲུབ་པོ་
ཞེས་བརྗོད་པ་ནི་གང་ཞིག་ཉེ་བར་བཏགས་པ་ཞེས་བྱ་བའོ། །འདི་ནི་འདོད་ཅེས་བྱ་བའི་མཐར་ཐུག་པ་བཤད་པ་ཡིན་ནོ། །གང་གིས་དེ་ཉིད་ལ་བུམ་པ་ཉིད་ཀྱི་སྤྱི་ཉེ་བར་འདོགས་ཀྱི། སྣམ་བུ་ལ་སོགས་པ་མ་ཡིན་པ་འདས་པའི་བུམ་པ་དང་ད་ལྟར་བའི་བུམ་པ་ལ་ཉེ་བ་ཅི་ཞིག་ཡོད། གཞལ་བྱར་འདྲ་

བ་ལས་ད་ལྟར་བའི་བུམ་པ་ཉིད་འདས་པ་ལ་ཉེ་བར་འདོགས་ན་ནི་སྣམ་བུ་ལ་ཡང་ཁྱད་པར་མེད་དོ། །དེས་ན་བུམ་པ་འདས་སོ་ཞེས་བྱ་བ་སྣམ་བུ་འདས་སོ་ཞེས་བྱ་བའི་དོན་དུ་འགྱུར་རོ་ཞེས་རྣམ་པར་རྟོག་པའི་སྒོ་ནས་ལན་འདེབས་པ་ནི། འདིར་ལན་ནི་ཞེས་བྱ་བའོ། །དེ་ལྟ་
མ་ཡིན་ཞེས་བྱ་བ་ནི་འབྲེལ་པ་ལ་སོགས་པ་མེད་ནའོ། །འོན་ཏེ་འབྲེལ་པའམ་འདྲ་བ་ཡོད་དོ་ཞེ་ན། མེད་པ་དང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཡོད་པར་ཐལ་བའི་ཕྱིར་རོ་ཞེས་གསུངས་སོ། །རྒྱལ་གཞན་དག་ཐལ་བ་ཁས་ལེན་པར་འགྱུར་དུ་འོང་བས་འདས་པ་ལ་སོགས་པ་ཡང་ཞེས་བྱ་བའོ། །
ཉེ་བར་བཏགས་པས་ཀྱང་མེད་པ་ལ་སྒྲ་འཇུག་པ་ནི་དངོས་པོ་མེད་པ་ཡུལ་ཅན་དུ་འགྱུར་རོ་ཞེས་བརྗོད་པ་ནི་ཞེས་བྱ་བའོ། །དེ་ལྟར་འགྱུར་ན་ཅི་སྐྱོན་སྙམ་ན། དེ་ཡང་ཞེས་གསུངས་ཏེ། སྒྲའི་བརྗོད་བྱ་དངོས་པོ་མེད་པ་ལ་བརྟེན་པའི་སྤྱིའོ། །དེས་ན་ཞེས་བྱ་བ་ནི་དངོས་པོ་མེད་པ་ལ་བརྟེན་པས་ན་དངོས་པོ་
མེད་པ་འགྲུབ་སྟེ་རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །དེ་ལ་ཡང་ཞེས་བྱ་བ་ནི་གསལ་བ་ལ་ཉེ་བར་འདོགས་པ་ལ་ཡང་ངོ་། །ཉེ་བར་ཡོད་པ་ཡང་མ་ཡིན་ཞེས་དགོངས་པའོ། །འདི་ཉིད་གཉིས་པ་ལ་ཡང་གསུངས་པ་ནི་སྒྲ་ཉེ་བར་འདོགས་པ་ལ་ཡང་ཞེས་གསུངས་ཏེ། ཉེ་བར་ཡོད་དགོས་ཏེ་ཞེས་བྱ་བ་ལ་
སོགས་པ་ཉིད་དོ། །གལ་ཏེ་འདས་པ་དང་མ་འོངས་པ་དག་ལ་དོན་བྱ་བ་མེད་པ་དེས་ན་ད་ལྟར་བའི་བུམ་པ་དང་འབྲེལ་པ་དེ་དེ་དག་ལ་ཉེ་བར་འདོགས་པ་ཡིན་ཏེ། ད་ལྟར་བའི་བུམ་པ་དང་རྫས་ཀྱི་རང་བཞིན་དུ་གཅིག་པས་འདྲ་བའི་ཕྱིར་རོ། །དེས་ན་སྒྲ་འཇུག་པ་ཡིན་ནོ་སྙམ་པ་ནི་འོན་ཏེ་ཞེས་བྱ་བའོ། །
གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་ནི་ད་ལྟར་བ་དང་ངོ་། །འདས་པ་ལ་སོགས་པ་ཉིད་ནི་དུས་སུ་རྒྱུ་བ་ཙམ་ཡིན་ནོ་ཞེས་བྱ་བ་ནི་ལྟ་བ་ལ་སོགས་པ་འདས་པ་ལ་སོགས་པ་གཅིག་ཏུ་བརྗོད་པ་ཡིན་ནོ། །ཇི་ལྟར་གཅིག་ཉིད་ཀྱི་ཕྱིར་འདྲ་བ་ཡིན་ཞེ་ན། འདས་པ་ནི་དེ་ཉིད་ཡིན་ཏེ་ཞེས་སྨྲས་ཏེ། ད་ལྟར་བ་ཉིད་དོ། །
འོ་ན་ཅི་འདོགས་སྙམ་པ་ནི་འོན་ཀྱང་ཞེས་སྨྲས་སོ། །དེ་ལ་ཞེས་བྱ་བ་ནི་འདས་པ་ལ་སོགས་པའི་གནས་སྐབས་ལའོ། །སྤྱི་ལྟ་བུར་ཞེས་བྱ་བ་ནི་དངོས་པོའི་རང་གི་ངོ་བོ་རྟོགས་པ་ཡིན་ཡང་དོན་བྱ་བ་དང་བྲལ་བ་ཉིད་ཀྱིས་སྤྱི་ལྟ་བུར་རྟོགས་པ་ཡིན་ནོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་བྱ་བ་གཙོ་

བོ་ཉིད་ཡིན་ན། ད་ལྟར་བའི་རང་བཞིན་གཅིག་ཏུ་གྱུར་པའི་དངོས་པོ་ཉིད་རྟོགས་པར་འགྱུར་གྱི་དུས་དེ་དང་ཐུན་མོང་བ་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལེན་ནི་འོ་ན་ནི་དེ་ལྟར་ཞེས་བྱ་བའོ། འདས་པ་ལ་སོགས་པ་ད་ལྟར་བ་དང་ལྷན་ཅིག་གཅིག་ཡིན་ན་དངོས་པོའི་རྣམ་པ་
ཐམས་ཅད་ད་ལྟར་བའི་རང་བཞིན་དུ་ཡོད་པས་ཇི་ལྟར་འདས་པ་ཉིད་ཡིན། དོན་བྱ་བ་དང་བྲལ་བའི་ཕྱིར་འདས་པ་ཉིད་དུ་དོགས་པ་བསུ་བ་ནི། དེ་ཞེས་བྱ་བའོ། །དེ་དོན་བྱེད་པ་མེད་པའི་ཕྱིར་འདས་པ་ཡིན་ནོ་ཞེས་འབྲེལ་ཏོ། །ད་ལྟར་བ་བཞིན་དུ་དོན་བྱ་བ་དང་བྲལ་བ་ཉིད་ཡིན་ཡང་དོན་གྱི་རང་བཞིན་ནི་
སྤྱི་ཉིད་དུ་འགྱུར་བ་མ་ཡིན་ཏེ། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བའོ། །ཇི་ལྟར་འདས་པ་དངོས་པོ་ཡིན་ཞེས་འབྲེལ་ཏོ། །འདས་པའི་དོན་བྱ་བ་དང་ལྡན་པའི་ཕྱིར་ན་དངོས་པོ་ཡིན་ཡང་འདས་པ་ཉིད་ཡིན་ནོ་སྙམ་དུ་དོགས་པ་ནི། དེ་དང་ལྡན་པའི་ཕྱིར་ཞེས་བྱ་བའོ། །
དེ་དང་ལྡན་པར་ཅིས་ཞེས་བྱ་བ་ནི་ལན་ནོ། །ཡོད་པ་ནི་མེད་པ་དང་འབྲེལ་པར་རྟོགས་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཁས་བླངས་ནས་ཀྱང་སྐྱོན་བརྗོད་པ་ན་ཤེས་ན་ནི་ཞེས་བྱ་བའོ། །དོན་བྱ་བ་དང་བྲལ་བ་བཞིན་དུ་སྤྱི་མེད་པ་ཡང་རྟོགས་པར་འགྱུར་རོ་ཞེས་དགོངས་པའོ། །གཞན་ཡང་ཞེས་བྱ་བ་ནི་དོན་བྱ་
བ་ནི་དོན་བྱ་བ་མེད་དོ་ཞེས་བརྗོད་པ་གང་ཡིན་པ་དེ་ནི་མ་འབྲེལ་ཏེ། གང་གི་ཕྱིར་ཐམས་ཅད་ཡོད་ཅེས་བལྟ་བ་ལས་འདས་པ་དེའི་དོན་བྱེད་པ་ཡང་ཡོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་དོན་བྱེད་པ་བཞིན་དུ། དངོས་པོ་ཡང་ཡོད་པར་མི་འགྱུར་རོ། །དོན་བྱ་བ་དེ་ཡོད་པ་ཡིན་ན་ཡང་འདས་པའི་དངོས་པོའི་མེད་པ་དེ་འདས་
པ་ཉིད་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འདི་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །ལན་ནི་ཀུན་རྫོབ་འདི་ཞེས་བྱ་བའོ། །གལ་ཏེ་འདས་པ་དང་མ་འོངས་པའི་དོན་ཤེས་པའི་དམིགས་པར་ཡོད་པ་ཉིད་ཡིན་
ནོ། །དེའི་ཚེ་འདི་ཅི་ཞིག་ཀུན་རྫོབ་ཉིད་མ་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །མཐའ་དག་དོན་དམ་པ་ཉིད་དུ་ཐལ་བར་འགྱུར་ཏེ། ད་ལྟར་བ་བཞིན་དུ་ཤེས་པ་འདས་པ་ལ་སོགས་པ་རྟོགས་པའི་ཕྱིར་རོ། །འོ་ན་ཀུན་རྫོབ་བདེན་པ་ཉིད་དོ་ཞེ་ན། ཀུན་རྫོབ་བདེན་

པར་ཇི་ལྟར་འགྱུར་ཞེས་བྱ་བའོ། །ཅིའི་ཕྱིར་བདེན་པ་མ་ཡིན་ཞེ་ན། མེད་པའི་ཞེས་གསུངས་སོ། །ཤེས་པས་དམིགས་པའི་ཕྱོགས་ལ་ཀུན་རྫོབ་མེད་པར་བསྟན་པ་ཡིན་ནོ། །འདས་པ་ལ་སོགས་པ་ཀུན་རྫོབ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་ནི་དོན་དམ་པ་མེད་དོ་ཞེས་བརྗོད་
པ་ནི། གལ་ཏེ་ཞེས་བྱ་བའོ། །ལན་ནི་འདས་པ་ལ་སོགས་པ་ནི་ཞེས་བྱ་བའོ། །གང་གི་ཕྱིར་འདས་པ་ལ་སོགས་པ་དོན་དམ་པ་མ་ཡིན་པའི་རྒྱུ་དེས་ན་དེའི་ཚེ་ཆོས་སུ་གྱུར་པའི་ཚེ་དངོས་པོ་མེད་དོ་ཞེས་བྱ་བ་གྲུབ་པོ། །ཇི་ལྟར་དེའི་ཆོས་ཉིད་ཡིན་ཞེ་ན། ད་ལྟར་བ་ཙམ་གྱི་ཞེས་གསུངས་སོ། །སྐབས་
ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དངོས་པོ་བརྗོད་བྱར་ཁས་བླངས་ན་ནི་ཉེ་བར་བཏགས་པར་མི་འཐད་དེ། དངོས་པོ་ཉིད་དུ་ཐལ་བའི་ཕྱིར་རོ། །དངོས་པོ་མེད་པ་བརྗོད་པར་བྱ་བ་ཡིན་ན་ནི་འགྱུར་བ་ཡིན་ནོ། །དེའི་ཕྱིར་དངོས་པོ་མེད་པ་བརྗོད་བྱར་ཐལ་བར་འགྱུར་རོ་ཞེས་དགོངས་པའོ། །གལ་
ཏེ་བརྗོད་པར་བྱ་བ་ཐ་དད་པ་ཡིན་ན་གཙོ་བོར་འགྱུར་བ་ཡིན་ཏེ་བ་ལང་བ་ལང་ཞེས་བྱ་བ་བཞིན་ནོ། །དེ་མེད་པའི་ཕྱིར་ནི་བཏགས་པར་འགྱུར་བ་ཡིན་ཏེ། ཁུར་བུར་བ་ལང་ཞེས་བྱ་བ་བཞིན་ནོ་ཞེས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །མེད་པའི་ཡུལ་ཅན་ཉིད་བསྒྲུབ་པ་ནི་འདི་ལྟར་ཞེས་བྱ་བའོ། །ལན་ནི་དེ་ཡང་
ཞེས་བྱ་བའོ། །ངོ་བོ་གང་དུ་ཞེས་པ་ནི་སྣང་བ་ཐ་དད་པར་ཏེ་དེ་ལ་མི་ནུས་པའི་ཕྱིར་རོ། །གང་གིས་ཏེ་དངོས་པོ་མཐོང་མིན་པ་ཞེས་བྱ་བ་ནི་མེད་པའི་ཡུལ་ཅན་དུ་ཐལ་བའི་ཕྱིར་རོ། །ཡང་སྔོན་མཐོང་བ་སྒྲོ་འདོགས་པར་ནུས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །སྔོན་མཐོང་བ་སྒྲོ་འདོགས་པར་ཁས་བླངས་ཀྱང་
ཇི་ལྟར་འདས་པ་ལ་དེའི་ངོ་བོར་རྟོགས་པ་ཉིད་ད་ལྟར་སྒྲོ་བཏགས་པ་ཡིན་པ་དེ་བཞིན་དུ་འདས་པ་མ་ཡིན་པ་ལ་ཡང་འགྱུར་ལ་དེ་ལྟ་ན་ཡང་སྤྱི་དོན་དམ་པར་མི་འགྱུར་རོ་ཞེས་ལན་བརྗོད་པ་ནི། དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་སྔོན་མཐོང་བ་སྒྲོ་འདོགས་པ་མེད་པར་རོ། །སྒྲ་ལས་བྱུང་བ་
འབའ་ཞིག་ཏུ་ནི་མ་ཟད་ཀྱི་རྗེས་སུ་དཔག་པས་ཀྱང་ངོ་དེའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པས་ཀྱང་སྔོན་མཐོང་བ་སྒྲོ་བཏགས་ནས་རྟོགས་པའི་ཕྱིར་རོ། །ཐམས་ཅད་དུ་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ལའོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་དུ་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་

དཔག་པས་གཟུང་བ་དོན་དམ་པ་མ་ཡིན་པ་ཡང་མངོན་སུམ་གྱིས་གཟུང་བ་ནི་དོན་དམ་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ཡོད་པ་ཉིད་ཅེས་བྱ་བ་ནི་སྒྲོ་མ་བཏགས་པའོ། །འོ་ན་ནི་ཞེས་བྱ་བ་དེ་ནི་སྒྲོ་མ་བཏགས་པའི་རང་བཞིན་ནོ། །ཅི་དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལོ། །
གལ་ཏེ་མངོན་སུམ་གྱིས་མཐོང་བ་གསལ་བའི་རང་བཞིན་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ལ། མི་གསལ་བ་དེ་དེ་ཉིད་འདི་ཡིན་ནོ་ཞེ་འམ། རྒྱང་རིང་པོ་ནས་རྟོགས་པ་ནི་ཡུལ་ཉིད་དོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་འདི་ཡིན་ནོ་སྙམ་པ་ནི་རྣམ་པར་རྟོག་པ་ཡིན་པའི་ཕྱིར་དང་རྒྱང་རིང་པོའི་
རབ་རིབ་ལ་སོགས་པ་ལྟར། རྒྱུའི་ཉེས་པ་ཡིན་པའི་ཕྱིར། མངོན་སུམ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །དེ་འདིའོ་སྙམ་པའི་ཤེས་པ་སྔོན་དང་ཐུན་མོང་བའི་ཡུལ་ཅན་ནི་མངོན་སུམ་ཉིད་ཡོད་པ་མ་ཡིན་པ་ཁོ་ན་སྟེ། འོན་ཀྱང་རྣམ་པར་རྟོག་པ་དང་བཅས་པ་ཉིད་དོ། །ཇི་
ལྟར་ཞེ་ན། དབང་པོ་ལས་སྐྱེས་པ་མེད་པའི་ཕྱིར་རོ། །འོན་ཏེ་དབང་པོ་ལས་མ་སྐྱེས་ཀྱང་མངོན་སུམ་དུ་བྱེད་པའི་ཕྱིར་མངོན་སུམ་ཡིན་ནོ་སྙམ་དུ་དོགས་ན། མངོན་སུམ་བྱ་བ་མེད་པའི་ཕྱིར་ཞེས་སྨོས་སོ། །འདི་ཉིད་བརྗོད་པ་ནི་སྔ་མ་དང་ཞེས་བྱ་བའོ། །མངོན་སུམ་ནི་དངོས་པོའི་ཡུལ་ཅན་ཉིད་ཡིན་ན།
སྔོན་དང་ཐུན་མོང་བ་ཉིད་ནི་དངོས་པོ་མ་ཡིན་ནོ། །དེས་ན་ཇི་ལྟར་དེའི་ཡུལ་ཅན་མངོན་སུམ་དུ་གྱུར་ཅེས་བརྗོད་པ་ནི་ཁྱད་པར་ཞིག་ཀྱང་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཡོད་པ་མེད་ཆོས་ཞེས་བྱ་བའོ། །གཉི་ག་ཐུན་མོང་ཉིད་ཡིན་ན། །ཞེས་བྱ་བ་ནི་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་འདས་པ་དང་ད་ལྟར་བ་གཉི་ག་
ཡིན་ལ་དེ་དག་གི་ཐུན་མོང་བ་ཉིད་ཡིན་ན་ནི་དངོས་པོར་ཡང་འགྱུར་ཏེ། ཡོད་པའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འདས་པར་སྣང་བ་དང་ལྷན་ཅིག་ད་ལྟར་བ་ཐ་མི་དད་པར་ནི་མངོན་སུམ་གྱིས་རྟོགས་པ་མེད་དོ་ཞེས་བརྗོད་པ་ནི། དེ་ཡང་མི་འཐད་དེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་ལ་ཡང་དེའི་
བྱེད་པ་ལས་མ་གཏོགས་པར་ཐུན་མོང་བའི་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་དུ་མ་ཉིད་དུ་ཞེས་བྱ་བའོ། །དེའི་ཕྱིར་མེད་པ་ཁོ་ན་ཞེས་བྱ་བ་དོན་དམ་པ་མ་ཡིན་པ་ཉིད་དོ། །དེ་ལྟར་རྒྱུ་མཚན་མེད་པའི་ཕྱིར་འདས་པ་ལ་སོགས་པ་ལས་འགའ་ཡང་ཉེ་བར་བཏགས་པ་མ་ཡིན་ནོ་ཞེས་བསྟན་པ་

ཡིན་ནོ། །དེ་ནི་འཇིག་རྟེན་པའི་ཉེ་བར་བཏགས་པ་ཡང་མེད་དོ་ཞེས་བརྗོད་པ་ནི་འདིར་ཞེས་བྱ་བའོ། །བློ་ནི་འཁྲུལ་པའང་མེད་པ་དང་། འཁྲུལ་པའང་གི་སྒྲ་རིམ་པ་བཞིན་དུ་ཡིན་ནོ། །དེ་དག་ནི་གོ་རིམས་བཞིན་དུ་དངོས་དང་སྒྲོ་འདོགས་པ་ནི་རྒྱུ་མཚན་ཡིན་ནོ། །དེ་སྐད་དུ་ཡང་
ཅིག་ཤོས་ནི་ཞེས་འཆད་པར་འགྱུར་ཏེ། འཁྲུལ་པའོ། །ཅི་འགའ་ཞིག་ཏུ་དེ་ལྟར་གྲུབ་པ་ཡོད་དམ་སྙམ་ན་བྲམ་ཟེའི་ཁྱེའུ་ལ་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་འཁྲུལ་པས་སོ། །དེ་ལྟར་ཞེས་ནི་མ་འཁྲུལ་པར་རོ། །གཏན་ཚིགས་དེའི་ཕྱིར་ན་དེ་ནི་དངོས་ཡིན་ནོ་ཞེས་གྲུབ་པོ། །སྐབས་སུ་བབ་པ་ལ་
ཡང་གཉི་ག་དེ་ལྟ་བུ་ཉིད་དོ་ཞེས་གསུངས་པ་ནི་འདིར་ཞེས་བྱ་སྟེ། སྒྲ་ལས་བྱུང་བའི་ཤེས་པ་ལའོ། །གཉི་ག་ནི་ད་ལྟར་དང་ད་ལྟར་མ་ཡིན་པའི་ཡུལ་ཅན་དག་ལའོ། །དེས་ན་ཞེས་བྱ་བ་ནི་མ་འཁྲུལ་པའི་བློའི་ཡུལ་ཡིན་པས་ནའོ། །འདི་སྙམ་དུ་འཁྲུལ་པའི་ཤེས་པའི་ཡུལ་ཡིན་པས་ནི་ཉེ་བར་བཏགས་པ་མ་
ཡིན་གྱི་འོན་ཀྱང་དོན་མེད་པ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་མེད་པའི་དོན་ཉིད་ཀྱིས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །དེ་ཉིད་ལས་ཞེས་བྱ་བ་ནི་མེད་པའི་དོན་ཅན་ཉིད་ལས་སོ། །འདི་ནི་དངོས་མ་ཡིན་པའི་མཚན་ཉིད་དུ་འཐད་པ་མ་ཡིན་ཏེ། བཟློག་པའི་ཕྱིར་ཞེས་བརྗོད་པ་ནི་གཞན་ཡང་ཞེས་
བྱ་བའོ། །སྒྲ་ཞེས་བྱ་བ་ནི་དངོས་པོ་མེད་པར་བརྗོད་པའོ། །དེ་ལ་ནི་དངོས་པོ་མེད་པ་ལའོ། །དངོས་པོ་མེད་པ་དེ་དང་མཚུངས་པའི་ཕྱིར་བུ་ལ་སོགས་པའི་དེའི་དོན་མི་བྱེད་པའི་དངོས་གཞན་ལ་བྲལ་བ་ཡིན་ཏེ། གང་གི་ཕྱིར་འཁྲུལ་པར་རྟོགས་པ་ཅན་ཡིན་པས་སོ། །དེས་ན་ཞེས་བྱ་བ་ནི་གྲགས་པའི་དབང་གིས་
སོ། །མཚུངས་ཕྱིར་ཞེས་བྱ་བ་ནི་མ་འཁྲུལ་པ་ཅན་དུའོ། །གལ་ཏེ་དངོས་པོ་དང་དངོས་པོ་མེད་པའི་ཡུལ་ཅན་ཉིད་ཀྱིས་དོན་ཐ་དད་པ་མ་ཡིན་པའི་ཕྱིར་བ་ལང་གི་སྒྲ་བཞིན་དུ་དངོས་ཀྱི་དོན་དུ་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་གཉིས་ཀར་ཡང་བསྟན་པར་བྱ་བ་གཅིག་ཉིད་པར་བསྟན་པར་ནི་དངོས་པོ་མེད་པ་
འཛིན་པའི་ཞེས་བྱ་བའོ། །བུམ་པ་ཞེས་བྱ་བའི་སྒྲ་ནི་འདས་པ་འམ་མ་འོངས་པ་ལ་ཐ་དད་པར་འཇུག་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅི་སྟེ་ཞེས་བྱ་བ་སྟེ་འཇུག་པ་ནི་སྒྲ་དང་ཤེས་པ་དག་གོ། །སྤྱིའི་རྣམ་པ་ཞེས་བྱ་བ་ནི་ལན་ནོ། །ད་ལྟར་བ་དང་འདས་པ་ལ་སོགས་པ་རྣམ་པ་མཚུངས་པ་ཉིད་ཡིན་ན་ནི་མེད་པ་

ཉིད་དུ་མི་འགྱུར་ཏེ། ད་ལྟར་བ་ཉིད་བཞིན་ནོ། །དེ་ན་འདས་པ་ལ་སོགས་པ་མེད་པ་ལ་འཇུག་པ་ཞེས་བྱ་བ་འདི་ག་ལས་ཡིན་ཏེ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །རྟོགས་པ་ཉིད་ལས་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ་རྟོགས་པར་བྱ་བ་ལས་སོ། །དེ་ལྟར་འགྱུར་བས་ཞེས་བྱ་བ་ནི་ཡོད་པར་འགྱུར་བའོ། །
དེའི་ཕྱིར་མེད་པ་ལ་འཇུག་པར་འཐད་དོ་ཞེ་ན། ཞིག་པ་ཞེས་བྱ་བ་ནི་ལན་ནོ། །འདས་པ་ལ་སོགས་པ་ཞིག་པར་མ་ཤེས་པ་ལའོ། །འདས་པ་ལ་སོགས་པའོ་སྙམ་པའི་རྟོགས་པ་ཐ་དད་པ་གང་ཡིན་པ་དེ་ཡང་མེད་པ་ཉིད་དོ། །ཁྱད་པར་མ་བཟུང་བ་ནི་ཐ་དད་པའི་བློར་འགྱུར་བ་མ་ཡིན་ནོ། །བཟུང་ན་ཡང་དེ་ཡང་ད་
ལྟར་བ་བཞིན་དུ་བཟུང་བའི་ཕྱིར་ཇི་ལྟར་མེད་པ་ལ་འཇུག་པས་ཉེ་བར་བཏགས་པ་ཉིད་དུ་འགྱུར། འོན་ཏེ་ཁྱད་པར་མ་བཟུང་ཡང་རྟོགས་པ་ཐ་དད་པ་ཡོད་པ་ཉིད་དོ་སྙམ་དུ་དོགས་པ་བསུ་ནས་གང་ལས་ཞེས་གསུངས་ཏེ། འདས་པའི་ཁྱད་པར་ལའོ། །གཉི་གའི་ཐུན་མོང་ཡིན་པའི་ཕྱིར་ན་ཐེ་ཚོམ་ཉིད་དུ་འགྱུར་རོ་
ཞེས་ཁས་ལེན་པའི་དོགས་པ་བསུ་བ་ནི། ཐེ་ཚོམ་ཟ་བ་ཞེས་བྱ་བ་སྟེ། ཇི་ཞིག་པའམ་འོན་ཏེ་མ་ཞིག་པ་ལ་ཡིན་ཏེ་དེ་ལྟ་བུའི་རང་བཞིན་དུའོ། །དེ་ལ་དངོས་པོ་འཛིན་པར་མི་འཐད་དོ་ཞེས་ལན་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །དངོས་པོ་འཛིན་ཀྱང་འདྲ་བའི་རྒྱུ་མཚན་ཅན་གྱི་ཐེ་ཚོམ་དུ་འགྱུར་རོ་ཞེས་
དོགས་པ་བསུ་བ་ནི་སྣང་ཡང་ཞེས་བྱ་བའོ། །འདྲ་བ་མེད་པའི་ཕྱིར་དེས་ཐེ་ཚོམ་མེད་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཉིད་དུ་ཞེས་བྱ་བའོ། །ཐ་དད་པར་མཚོན་པ་འདྲ་བའི་རྒྱུ་མཚན་ཡིན་པའི་དོགས་པ་བསུ་བ་ནི་ཅི་སྟེ་དུས་ཞེས་བྱ་བའོ། །ཐ་དད་པར་བསྒྲུབ་པར་བྱ་བ་དུས་ཐ་དད་
པར་ནི་མ་ངེས་པ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ཡང་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་དུས་ཐ་དད་ལས་སོ། །དེ་དང་གཞན་ནི་དོན་ཡོད་པ་ཉིད་དང་དོན་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན་དོན་ཡོད་ཉིད་ལའང་ཞེས་གསུངས་སོ། །ཅི་སྟེ་དེ་ལྟར་གྲུབ་པར་ཡོད་སྙམ་ན་ཇི་ལྟར་ཁྱེད་ཀྱི་ཞེས་བྱ་བའོ། །གང་
རྗེས་སུ་དཔག་པ་ཡིན་པ་དེ་ནི་བདེན་པའི་དོན་ཅན་ཡིན་ཏེ། དཔེར་ན་རྗེས་སུ་དཔོག་པ་བཞིན་ནོ། །སྒྲའི་ཤེས་པ་ཡང་རྗེས་སུ་དཔོག་པ་ཡིན་ནོ་ཞེས་པའི་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དོན་ཡོད་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རྗེས་སུ་དཔག་པ་ཡང་ཞེས་གསུངས་སོ། །འདི་ནི་ཐུན་མོང་གི་མ་ངེས་

པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟགས་ཀྱི་ཁྱད་པར་ལས་བདེན་པའི་དོན་ཅན་དང་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་དོགས་པར་བྱེད་པ་ནི་རྟགས་ཀྱི་ཁྱད་པར་ལས་ཞེས་བྱ་བའོ། །འདི་ཉིད་རྣམ་པར་འབྲེལ་པ་ནི་འདི་ལྟར་ཞེས་བྱ་བའོ། །རྟགས་ལས་ཞེས་བྱ་བ་ནི་ཐལ་བ་དང་དུ་བ་ལ་སོགས་པ་ལས་
སོ། །དངོས་པོའི་ཡུལ་ཅན་ཉིད་མ་ཡིན་པའི་ཕྱིར་ན་མཚུངས་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་དེ་ཡང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་བློའོ། །དངོས་ལ་ཞེས་བྱ་བ་ནི་དངོས་པོའི་ཡུལ་ལའོ། །དེའི་ཚེ་ལོ་མ་ལས་བྱུང་བ་དང་། རྩ་བ་ལས་བྱུང་བ་ལ་སོགས་པའི་རྣམ་པ་གཞན་ལ་ཐེ་ཚོམ་མེད་
པར་འགྱུར། ཅིའི་ཕྱིར་ཞེ་ན། རྣམ་པ་ཐམས་ཅད་ཅེས་སྨོས་སོ། །གང་གི་ཕྱིར་དེ་ལྟར་དངོས་པོའི་ཡུལ་ཅན་ཉིད་ཡིན་གྱི་ཐེ་ཚོམ་མེད་པར་འགྱུར་བ་དེའི་ཕྱིར་རྗེས་སུ་དཔག་པ་དེ་ལ་ཡང་། མེ་ལ་སོགས་པའི་རྣམ་པ་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །ཇི་ལྟར་ཞེ་ན། བཤད་པ་ལོ་མ་ལས་བྱུང་བ་
ལ་སོགས་པའི་རང་བཞིན་དུ་ཐེ་ཚོམ་གྱི་ཡུལ་ཡིན་པའི་ཕྱིར་རོ། །དཔེ་ནི་སྒྲའི་རྣམ་པ་བཞིན་ནོ་ཞེས་བྱ་བའོ། །དཔེར་ན་སྒྲ་ལས་བྱུང་བའི་རྟོགས་པ་མ་ལུས་པ་ལ་སོགས་པའི་རྣམ་པ་གང་ཡིན་པ་དེ་ནི་དཀར་པོ་ལ་སོགས་པའི་ངོ་བོར་ཐེ་ཚོམ་ཟ་བའི་ཕྱིར་དངོས་པོ་མ་ཡིན་པ་དེ་བཞིན་ནོ། །གལ་ཏེ་རྣམ་པ་ཐམས་
ཅད་གཟུང་བ་ལ་ཡང་ཇི་ལྟར་ཐེ་ཚོམ་དུ་མི་འགྱུར་ཞེས་དོགས་ན། རྟོགས་པ་ཉིད་ལ་ནི་ཞེས་གསུངས་སོ། །གལ་ཏེ་གཟུང་བ་ཡང་མངོན་སུམ་ལྟར་ཆ་འགའ་ཞིག་ལ་ངེས་པ་མེད་པའི་ཕྱིར་མ་བཟུང་བར་མངོན་པར་རློམ་པ་ཡིན་ནོ་སྙམ་པ་ནི། རྣམ་པ་གཞན་ལས་ཞེས་བྱ་བའོ། །ངེས་པའི་བདག་ཉིད་ཅན་གྱི་
རྗེས་སུ་དཔག་པ་ལ་ནི་མངོན་སུམ་གྱི་ཚུལ་ཡོད་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི། ཐེ་ཚོམ་གྱི་རྣམ་པ་གཞན་གང་ཡིན་པ་དེར་ནིའོ། །དེ་ལྟ་མིན་ཞེས་བྱ་བ་ནི་མ་རྟོགས་པའོ། །དེ་ལྟར་རྣམ་པར་རྟོག་ནས་རིམ་བཞིན་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་མ་རྟོགས་པ་ཐེ་ཚོམ་ག་ལས་ཏེ། ཧ་
ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེ་ལ་ཞེས་བྱ་བ་ནི་མ་རྟོགས་པའི་རྣམ་པ་གཞན་ལའོ། །གལ་ཏེ་འདི་ལ་ཐེ་ཚོམ་ཟ་ན་སྐྱོན་ཅི་ཡོད་སྙམ་དུ་དོགས་ན། གལ་ཏེ་མ་རྟོགས་པ་ཉིད་ལ་ཞེས་བྱ་བའོ། །ཐེ་ཚོམ་ནི་ཐེ་ཚོམ་གྱི་ཡུལ་ལ་བྱའོ། །མི་སྣང་བ་ཞེས་བྱ་བ་ནི་སྣང་བ་

ཉམས་པ་ཙམ་ལའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ། མི་རྟོགས་པ་ཉིད་ལའོ། །གང་གིས་ཧ་ཅང་ཐལ་བར་འགྱུར་བ་ལ་རྟོགས་པ་ལ་ནི་མ་ཡིན་ནོ། །གཡོ་བ་དང་མི་གཡོ་བ་ལ་ནི་རྩྭ་ལས་བྱུང་བའམ་ལོ་མ་ལས་བྱུང་བ་ཞེས་བྱ་བ་སྟེ་དེ་ལྟ་བུའི་རང་བཞིན་ཅན་ནོ། །གཞན་ཞེས་བྱ་བ་རྗེས་སུ་དཔག་པའི་
རྫས་ལས་བྱུང་བ་ལའོ། །གལ་ཏེ་རྟོགས་ན་ཞེས་བྱ་བ་ནི་ལན་ཏེ། རྗེས་སུ་དཔག་པ་རྩྭ་ལས་བྱུང་བ་ལ་སོགས་པ་ངེས་ནའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་རྟོག་པ་གཉིས་བྱས་ནས་དང་པོ་སེལ་བ་ན། རྣམ་པར་རྟོག་པའི་རང་གི་ངོ་བོ་ཞེས་བྱ་བའོ། །གཞལ་བྱ་རྩྭ་ལས་བྱུང་བ་ལ་སོགས་
པ་ལ་ཐེ་ཚོམ་ཟ་བར་མི་འགྱུར་ཏེ། ངེས་པ་ཉིད་ཀྱིས་གཡོ་བ་མེད་པའི་ཕྱིར་རོ། །གཉིས་པ་སེལ་བ་ནི་འོན་ཏེ་ཞེས་བྱ་བའོ། །འོན་ཏེ་འདི་ལས་ཞེས་བྱ་བ་ནི་སྣང་བའོ། །གལ་ཏེ་གང་གི་ཧ་ཅང་ཐལ་བར་འགྱུར་བ་ལ་མཐོང་བ་ཙམ་ལ་ནི་ཐེ་ཚོམ་ཟ་བ་མ་ཡིན་ནོ། །འོན་ཀྱང་སྤྱིར་ཆོས་ཅན་མཐོང་ལ། དེའི་
ཁྱད་པར་ནི་མ་མཐོང་བ་ལ་དེ་མཐོང་བར་འདོད་པ་ཐེ་ཚོམ་དུ་འགྱུར་བ་ལ་མཐོང་བ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་སྤྱི་ཞེས་བྱ་བའོ། །ཁྱད་པར་མངོན་སུམ་མ་ཡིན་པའི་ཕྱིར་ཞེས་བྱ་བ་འདིའི་དོན་འདྲི་བ་ནི་ཁྱད་པར་མངོན་སུམ་ནི་གང་དེའི་ཞེས་བྱ་བའོ། །མངོན་སུམ་ལས་གཞན་པའི་མངོན་སུམ་མ་
པ་ཡིན་པ་དྲན་པའི་ཤེས་པའམ། མངོན་སུམ་བཀག་པ་ཙམ་ཞིག་ཡིན་པར་འགྱུར། དེ་ལ་དྲན་པའི་ཤེས་པའང་ཁྱད་པར་གྱི་རང་གི་ངོ་བོ་ལ་དམིགས་པ་ཡིན་པ་དེས་ན་ཇི་ལྟར་ཐེ་ཚོམ་དུ་འགྱུར། མེད་པར་དགག་པ་ནི་མ་མཐོང་ཙམ་གྱི་ཐེ་ཚོམ་དུ་འགྱུར་རོ་ཞེས་བཤད་ཟིན་ཏོ་ཞེས་བརྗོད་པ་ནི་མེད་པ་
མ་ཡིན་པ་དག་ལས་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་དྲན་པ་ནི་དམིགས་པ་དང་བཅས་པ་ཉིད་དུ། མ་ངེས་པའི་ཕྱིར་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཅི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་ཉིད་དུ་མ་ངེས་པའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་ཁྱད་
པར་དྲན་པ་ལ་ཡང་ངོ་། །འདི་ལ་ཉེས་པ་ཡང་སྔ་མ་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་བ་གཉིས་ཀའི་ཐུན་མོང་ཡིན་པའི་ཕྱིར་ཐེ་ཚོམ་ཟའོ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་དེ་ནི་སྟེ་དེ་ནི་ཞེས་བྱ་བ་སྟེ། རིགས་པ་གཞན་དེ་ནིའོ། །བཟློག་པར་ཡང་ནི་དམིགས་པ་དང་བཅས་པར་རོ། །དོན་དང་དོན་མ་

ཡིན་པ་ཐུན་མོང་བའི་སྣང་བ་ནི་དོན་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་འོ་ན་ནི་ཞེས་བྱ་བའོ། །མ་ཡིན་པས་དྲན་པ་ཐེ་ཚོམ་གྱི་རྒྱུ་མཚན་ཡིན་ན་སྤྱི་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་མངོན་སུམ་ཁྱད་པར་དུ་མི་རིགས་སོ་ཞེས་བྱ་བའོ། །ཁྱད་པར་གང་ལས་ཞེས་བྱ་བ་ནི་སྡོང་གྲུ་
ལ་སོགས་པ་ལའོ། །དེ་ཉིད་ཡིན་ནམ་ཞེས་བྱ་བ་ནི་སྣང་བཞིན་པ་འབྲེལ་པའི་སྤྱིའོ། །གཞན་ཡིན་ཞེས་བྱ་བ་ནི་འགྲེང་བ་ལས་གཞན་པའོ། །དེ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འགྲེང་བ་ཉིད་དོ། །ཇི་ལྟར་སྡོང་གྲུ་ལ་སོགས་པའི་སྣམ་བུ་མཐོང་བ་ལས་བུམ་པ་ཉིད་ལ་ཐེ་ཚོམ་དུ་
འགྱུར་བ་ནི་མེད་དོ། །དེ་ལས་ཡང་ཞེས་བྱ་བ་ནི་དོགས་པའོ། །དེ་ཞེས་བྱ་བ་ནི་ཁྱད་པར་གྱི་རང་བཞིན་ནོ། །དེ་ཡང་རེ་རེ་པོ་ཉིད་ལའོ། །གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །རེས་འགའ་ཞེས་བྱ་བ་ནི་དོགས་པའོ། །རེ་རེ་པོ་ཉིད་ཀྱི་སྤྱི་ལ་སྡོང་གྲུ་དང་སྐྱེས་པ་དག་ཅིག་ཅར་མེད་པས་ན་གང་རུང་ཞིག་མ་མཐོང་ངོ་
ཞེས་བྱ་བའི་དོན་ཏོ། །གཞན་གྱི་ཚེ་ཞེས་བྱ་བ་ནི་ལན་ནོ། །དོགས་པ་ནི་གཉིས་ཀར་ཞེས་བྱ་བ་སྟེ། སྡོང་གྲུ་དང་སྐྱེས་བུའི་བདག་ཉིད་དོ། །ལན་ནི་ཇི་ལྟར་ཞེས་བྱ་སྟེ་གཅིག་གི་ཚེ་གཉིས་ཀ་མཐོང་བ་མེད་དོ་ཞེས་བྱ་བའི་དོན་ཏོ། །དུས་ཀྱི་དབྱེ་བ་གཉིས་ཀར་མཐོང་བར་དོགས་པ་བསུ་བ་ནི་དུས་ཐ་
དད་པར་འགྱུར་རོ་ཞེས་བྱ་བའོ། །ལན་ནི་དྲན་པ་ཡང་ཞེས་བྱ་བའོ། །དེ་ཁོ་ན་ལྟར་ཞེས་བྱ་བ་ནི་མཐོང་བ་ཉིད་ལས་མ་འདས་པར་རོ། །འདིར་ཞེས་བྱ་བ་ནི་གཞན་གྱིས་བརྗོད་པ་ནིའོ། །རེ་རེ་པོ་ཉིད་ལ་ནི་སྡོང་གྲུ་ཉིད་དང་སྐྱེས་བུ་ཉིད་སྔར་རིམ་གྱིས་མཐོང་བ་ལ། འདིར་ནི་ད་ལྟར་གཉི་ག་མི་མཐོང་བ་
དེས་ན་ཐེ་ཚོམ་ཟ་བ་མ་ཡིན་ནོ་ཞེ་ན། གྲུབ་པའི་མཐའ་ནི་འོ་ན་ཞེས་བྱ་བའོ། །གལ་ཏེ་ཁྱོད་ཀྱི་ནི་ལུགས་ལ་ཡང་། མཐོང་བ་དང་མ་མཐོང་བ་ལ་ཡང་ཐེ་ཚོམ་དུ་མི་འགྱུར་བ་ཞེས་བྱ་བའི་ཉེས་པར་ཇི་ལྟར་ཟེར་བའི་ཕྱིར་ཇི་ལྟར་ཉེས་པར་མི་འགྱུར་ཞེས་དོགས་པ་ལ། བག་ཆགས་ལས་དམིགས་
པ་མེད་པའི་ཤེས་པ་རེས་འགའ་སྐྱེ་བ་ནི་ཐེ་ཚོམ་གྱི་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། དངོས་པོའི་རང་བཞིན་མ་མཐོང་བའི་ཕྱིར་རོ། །ཤེས་པ་ནི་འདི་འབྲང་བ་ཡིན་ནོ་ཞེས་བྱ་བར་ངེས་པའོ། །ཐེ་ཚོམ་ནི་སྡོང་གྲུ་འམ་སྐྱེས་བུ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་ཅན་ནོ། །གལ་ཏེ་

སྤྱིའི་ཤེས་པ་དམིགས་པ་མེད་པ་ཉིད་ལ་ཡང་ཐེ་ཚོམ་གྱི་ཤེས་པ་ནི་དམིགས་པ་དང་བཅས་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །ཐེ་ཚོམ་ཞེས་བྱ་བ་ནི་ཐེ་ཚོམ་གྱི་ཡུལ་ཡིན་པ་ནི་དེ་ལྟ་བུར་གྱུར་པ་ནི་གཉི་གའི་རྣམ་པར་གྱུར་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དགག་པའོ། །
ཅིའི་ཕྱིར་ཞེ་ན། དོན་དུ་མོས་ཞེས་གསུངས་སོ། །མི་སླུ་བ་དང་བཅས་པ་དོན་དུ་མོས་པ་མེད་པའི་ཕྱིར་རོ། །འོ་ན་དེ་ལ་མོས་པ་ཅི་འདྲ་བ་བཞིན་ཡོད་སྙམ་ན་འདི་ནི་ཞེས་གསུངས་སོ། །འོ་ན་ཇི་ལྟར་འཇིག་རྟེན་ཡིན་པ་ཐེ་ཚོམ་གྱི་དོན་ཡིན་པར་འགྱུར་རོ་སྙམ་ན། འཇིག་རྟེན་པ་མ་ཡིན་པ་ཉིད་ཁས་
ལེན་ན་ཤེས་པ་ཉིད་དུ་ཁས་བླངས་པར་འགྱུར་རོ་ཞེས་བརྗོད་ཟིན་ལ། དེ་ལྟ་ན་ཡང་དམིགས་པ་མེད་པ་ཉིད་དུ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདིའི་ཕྱིར་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ཀྱི་ཕྱིར་རོ། །སྣང་བ་མེད་པས་ཞེས་བྱ་བ་ནི་ཁྱད་པར་གཉི་ག་གསལ་བ་མེད་པས་སོ། །མ་མཐོང་བ་ཉིད་འགའ་
ཞིག་ལ་ཐེ་ཚོམ་ཟ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དེ་སྣང་བ་ལས་ནི་མ་ཡིན་པའོ། །གང་གི་ཕྱིར་དེ་ལྟར་དངོས་པོའི་ཡུལ་ཉིད་ལ་ཐེ་ཚོམ་མི་སྲིད་པ་དེས་ནའོ། །རྗེས་སུ་དཔག་པའི་ཡུལ་དངོས་པོ་ཉིད་ཡིན་པར་དོགས་པ་བསུ་བ་ནི་འོན་ཏེ་རེ་ཞིག་ཅེས་བྱ་བའོ། །གལ་ཏེ་
རྗེས་སུ་དཔག་པ་དངོས་པོ་རང་བཞིན་འཛིན་པ་ཡིན་པ་མངོན་སུམ་བཞིན་དུ་རྣམ་པ་བཞིན་དུ་རྟོགས་པ་ན་ཡང་མི་གཡོ་བར་འགྱུར་རོ། །སྔར་གྱི་རྟོགས་པའི་རྒྱུན་གཡོ་བ་མ་ཡིན་ལ། རྒྱུན་གཞན་དག་ཀྱང་འདོད་པས་འཇུག་པ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལ་བརྗོད་པ་ཞེས་བྱ་བའོ། །དེར་ནི་རྗེས་སུ་
དཔག་པ་ལའོ། །མངོན་སུམ་ཡང་དེར་ཡང་གཡོ་བ་ཉིད་མཚུངས་སོ། །དེ་མེད་པའི་ཕྱིར་ནི་གཡོ་བ་མེད་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཡོད་པ་ན་ཡང་རྒྱུ་ཡོད་ན་རང་གི་ངོ་བོ་འཛིན་པ་ལྡོག་པ་ཡིན་ནོ། །རྒྱུ་མེད་པའི་ཕྱིར་མ་སྐྱེས་པ་ནི་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ་ཞེས་དོགས་པ་བསུ་བ་ནི།
རྗེས་སུ་དཔག་པ་ལ་ཡང་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་བཏགས་པ་མེད་པ་མེས་མ་སྐྱེས་པ་ནའོ། །ཅིའི་ཕྱིར་ཞེ་ན་དེ་ནི་ཞེས་སྨོས་ཏེ། རྗེས་སུ་དཔག་པའོ། །གཡོ་བར་མཐོང་བའི་ཕྱིར་རོ་ཞེས་བྱ་བ་མེས་མ་སྐྱེས་པ་འབྲེལ་ཏོ། །གཞན་དུ་ཞེས་བྱ་བ་མེས་མ་སྐྱེས་པ་ཉིད་དུ་དོགས་

སོ། །གལ་ཏེ་གཞན་དུ་དོགས་པ་ན་རྟག་པ་རྒྱུ་ཉིད་མ་ཡིན་ཏེ། རྟགས་ཀྱི་བྱེད་པ་ནི་མེད་ན་མི་འབྱུང་བར་ངེས་པ་ཁོ་ན་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །རྗེས་སུ་དཔག་པས་དངོས་པོའི་རང་བཞིན་མཐོང་བ་ནི་མེད་ན་མི་འབྱུང་བ་ཡང་ངེས་པ་ཁོ་ནའོ་ཞེས་འདོན་
པ་དེ་ནི་མི་འཐད་དེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་དངོས་པོའི་རང་བཞིན་ནོ། །གང་གི་ཕྱིར་དེ་ལྟར་དངོས་པོ་འཛིན་པ་ཡིན་ན་མི་གཡོ་བ་དེའི་ཕྱིར་དེ་ལས་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་སོ། །ཅི་སྟེ་དངོས་པོ་འཛིན་པ་ཡིན་ཡང་གཞན་གྱི་ཉེ་བར་བསྟན་པ་ལས་གཡོ་བར་འགྱུར་སྙམ་དུ་དོགས་ན།
མཐོང་བ་ཉིད་ནི་ཞེས་གསུངས་སོ། །རྗེས་སུ་དཔག་པའི་ཤེས་པའོ། །མཐོང་བ་ཉིད་གཡོ་བ་མ་ཡིན་ནོ་ཞེས་བྱ་བ་སྟེ་གང་དུ་གྲུབ་སྙམ་ན། དཔེ་གསུངས་པ་ནི་མངོན་སུམ་ལ་ནི་ཞེས་གསུངས་ཏེ། རང་གི་རང་བཞིན་འཛིན་པའི་བདག་ཉིད་ཅན་ལའོ། །གལ་ཏེ་ཐག་རིང་པོ་ནས་མཐོང་བ་ནི་འདི་ནི་མེ་
མ་ཡིན་ནོ་ཞེས་བྱ་བར་གཡོ་བ་མེད་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་བསུ་བ་ནས། གཡོ་བ་ཡིན་ན་ཞེས་གསུངས་སོ། །གཡོ་བ་ནི་རེག་བྱ་ལ་སོགས་པ་ཡིན་ན། དེ་ལ་ནི་མཐོང་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ལ་ནི་གཡོ་བ་མེད། །ཅེས་བྱ་བ་དེ་ཉིད་འཆད་པ་ནི་མཐོང་བའི་
དོན་གང་ཡིན་པ་ཞེས་བྱ་བའོ། །གཡོ་བ་ཡིན་ཞེས་བྱ་བ་སྟེ། འཆད་པ་ནི་ཅི་སྟེ་ཡང་ཞེས་བྱ་བའོ། །མཐོང་བ་ཡིན་ཞེས་བྱ་བ་དེ་ནི་རྣམ་པར་འབྲེལ་པ་ན་ལན་འདེབས་པར་ནི་ཞེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་མིག་གིས་རེག་པ་ཞེས་གསུངས་སོ། །འབྱུང་བར་འགྱུར་བ་ཡང་མངོན་སུམ་གྱི་ཡུལ་མ་
མ་ཡིན་ནོ་ཞེས་བཤད་པ་ནི། འབྱུང་འགྱུར་རང་བཞིན་ཞེས་བྱ་བའོ། །དེས་ན་རང་གི་ངོ་བོ་མ་མཐོང་བ་ཉིད་གཡོ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བསྒྲུབ་པའི་དོན་དུ་རྣམ་པར་རྟོག་པར་བྱེད་པ་ནི་ཅི་འདི་ཞེས་བྱ་བའོ། །དང་པོ་སེལ་བ་ནི་འདི་ཞེས་བྱ་བའོ། །གཉིས་པ་སེལ་བ་ནི་འོན་ཏེ་
གཟུགས་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཚོགས་པའོ། །དེས་ན་ཞེས་བྱ་བ་ནི་མ་བཟུང་བ་ནའོ། །མ་མཐོང་བ་ཁོ་ནའོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཚོགས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་མཐོང་བའི་ཕྱིར་རོ། །མ་མཐོང་བ་ཁོ་ནའོ་ཞེས་བྱ་བ་ནི་སྣང་བཞིན་པ་ཉིད་ལ་ནི་གཡོ་བ་ཡོད་པ་མ་

ཡིན་ཏེ། མངོན་སུམ་དང་འགལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གསུམ་པ་ལ་ཡང་འདི་ཉིད་སྦྱོར་བར་བྱེད་པ་ནི་གང་གི་ཕྱིར་མཐོང་བ་གཡོ་བ་མ་ཡིན་པའི་ཕྱིར་རོ། །རྣམ་པར་རྟོག་པ་ཞེས་བྱ་བ་ནི་རྩ་བ་ལས་བྱུང་བ་འམ་ལོ་མ་ལས་བྱུང་བ་ཞེས་བྱ་བ་དེ་ལྟ་བུ་རང་བཞིན་གྱི་ཐེ་ཚོམ་མོ། །ཐེ་
ཚོམ་ཡང་ཡོད་དེ་དེས་ནའོ། །མཐོང་བ་ལ་ཡང་གཡོ་བ་ཡོད་པར་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པ་གཞན་གྱི་ཞེས་བྱ་བ་ནི་སྐད་ཅིག་ཉིད་དམ་ཐག་རིང་ནས་ཁྱད་པར་ལའོ། །དཔག་བྱ་ལ་ཞེས་བྱ་བ་ནི་མངོན་སུམ་གྱི་མ་ངེས་པའི་སྐད་ཅིག་མ་ཉིད་ནི་རྗེས་སུ་དཔག་པས་ངེས་པ་ཁོ་
ནས་ཡིན་ལ། ཐག་རིང་པོ་ནས་ཁྱད་པར་གྱི་ཆ་མ་མཐོང་བ་ལ་ཡང་ངོ་། །འོག་གི་ཆ་ལ་སོགས་པ་འགའ་ཞིག་ནི་མཐོང་བ་ཡིན་ཡང་རྗེས་སུ་དཔག་པ་ཁོ་ནས་ཡིན་ཏེ། དངོས་པོ་ནི་དུ་མ་ཉིད་ཡིན་པའི་ཕྱིར་རོ། །གལ་ཏེ་མཐོང་བ་དང་རྗེས་སུ་དཔག་པར་བྱ་བ་དག་ཐ་མི་དད་པའི་ཕྱིར་ན། དེ་ལ་ཐེ་
ཚོམ་ཡིན་ན་ནི་མཐོང་བ་ལ་ཡང་འགྱུར་རོ་ཞེས་དོགས་ན། མཐོང་བ་ཉིད་དཔག་བྱ་ཡིན་ཞེས་གསུངས་སོ། །དེ་གཉིས་ནི་གཅིག་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་བཞིན་པའི་སྐད་ཅིག་མ་ཉིད་ནི་གཡོ་བ་མ་ཡིན་མོད་ཀྱི་མི་གསལ་བས་ན་རྗེས་སུ་མཐུན་པའི་རྣམ་པར་རྟོག་པ་མེད་པ་འབའ་
ཞིག་ཏུ་ཟད་དོ། །དེ་བས་ན་མཐོང་བས་ནི་གཡོ་བ་མ་ཡིན་ནོ་ཞེས་རྣམ་པར་གནས་པ་ཡིན་ནོ། །གལ་ཏེ་དོན་བཞིན་དུ་སྣང་བ་ལ་ཡང་རྗེས་སུ་དཔག་པ་ཇི་ལྟར་མི་གཡོ་སྙམ་ན་སྣང་བ་ལ་ནི་ཞེས་གསུངས་སོ། །མངོན་སུམ་ཉིད་དུ་ཡང་མཚུངས་པ་མེད་པ་འབའ་ཞིག་ཏུ་ཟད་དོ། །དེ་བས་ན་གཡོ་བ་
མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་མངོན་སུམ་དང་རྗེས་སུ་དཔག་པ་དག་ཐ་དད་ཅེ་ན། ཕྱི་རོལ་གྱི་དངོས་པོ་ལ་ལྟོས་ནས་ཞེས་གསུངས་སོ། །མངོན་སུམ་དང་དེར་སྣང་བ་ཉིད་ཀྱིས་ཐ་དད་པ་ཡང་ཕྱིའི་དངོས་པོ་ལ་ལྟོས་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི་དེས་ན་ཞེས་བྱ་བ་སྟེ་གསལ་བའི་རང་བཞིན་
གྱིས་སོ། །འགའ་ཞིག་ཅེས་བྱ་བར་རབ་རིབ་ཅན་ལ་སོགས་པའི་སྣང་བ་དང་རྗེས་སུ་དཔག་པ་ཉིད་ཀྱང་མངོན་སུམ་ལྟར་སྣང་བ་ཉིད་ཡིན་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ལ་སོགས་པའི་དབྱེ་བ་རྣམ་པར་རིག་པ་ལ་ལྟོས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། དེའི་ཕྱིར་མངོན་སུམ་བཞིན་དུ་རྗེས་

སུ་དཔག་པ་ནི་དངོས་པོའི་རང་བཞིན་སྣང་བ་མ་ཡིན་ནོ། །ཡང་ན་དེ་སྣང་བ་ཡིན་དུ་ཟིན་ཀྱང་དེ་ཙམ་གྱིས་ན་འབྱུང་བར་འགྱུར་བའི་རང་བཞིན་ལ་མི་སླུ་བ་མེད་ན་ཚད་མ་མ་ཡིན་ཏེ་རབ་རིབ་ལས་བྱུང་བ་བཞིན་ནོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །རྗེས་སུ་དཔག་པ་དེ་བདེན་པ་
ཉིད་དུ་ཇི་ལྟར་འགྱུར་བ་ཁོ་ནའོ། །གཞན་གྱིས་འགྱུར་ཏེ་ཞེས་སྨྲས་ཏེ་བདེན་པར་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་ཞེས་བྱ་བ་སྨོས་ཏེ་རྗེས་སུ་དཔག་པ་དེ་ནིའོ། །རྟོགས་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་སུམ་གྱིས་སོ། །གལ་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལ་ཞེས་བྱ་བ་ནི་
སྐྱེས་བུ་གཞན་གྱིས་ཤེས་པས་སོ། །འབྱུང་བར་འགྱུར་བའི་རང་བཞིན་དུ་ཞེས་བྱ་བ་ནི་ད་ལྟར་བ་ནི་རབ་རིབ་ལས་བྱུང་བ་ཡང་ཡོད་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་སྐྱེས་བུ་གཞན་གྱིས་ཤེས་པའོ། །དེ་ཉིད་ཀྱི་ཕྱིར་རབ་རིབ་ཅན་གྱི་ཞེས་གསུངས་སོ། །མི་བདེན་པ་ཁོ་ནར་འགྱུར་རོ་ཞེས་བྱ་བ་ནི་སྐྱེས་བུ་
གཞན་གྱི་མངོན་སུམ་མོ། །དེའི་ཕྱིར་སྐྱེས་བུ་གཞན་གྱིས་ཀྱང་འབྱུང་བར་འགྱུར་བའི་རང་བཞིན་ཉིད་དུ་རྟོགས་པར་བྱ་བ་ཡིན་ཏེ། རང་བཞིན་དེ་ལ་ནི་མངོན་སུམ་མ་ཡིན་ནོ། །དེས་ན་སྐྱེས་བུ་གཞན་གྱིས་འབྱུང་བར་འགྱུར་བ་རྟོགས་པ་ཡང་རྗེས་སུ་དཔག་པ་ཉིད་ཡིན་པས་ཇི་ལྟར་མ་གྲུབ་པ་ཉིད་ཀྱིས་མ་
གྲུབ་པ་སྒྲུབ་པ་དེའི་ཕྱིར་སྐྱེས་བུ་གཞན་གྱིས་ཤེས་པ་ལས་ནི་ཡུལ་དང་བཅས་པ་ཉིད་མ་ཡིན་ཏེ། དེས་ན་རབ་རིབ་ཅན་གྱིས་ཤེས་པ་བཞིན་དུ་ཡུལ་མེད་པ་ཁོ་ནར་འགྱུར་རོ། །འོ་ན་དེ་མ་འོངས་པའི་རང་བཞིན་གྱི་ཡུལ་ཅན་ཉིད་ཡིན་པས་ན། ཇི་ལྟར་ཡུལ་མེད་པར་འགྱུར་སྙམ་ན། འབྱུང་བར་
འགྱུར་བའི་རང་བཞིན་སྲིད་པ་ཡིན་ཡང་ཞེས་གསུངས་སོ། །འོན་ཏེ་དེ་སྲིད་པ་ནི་ཡོད་པ་ཁོ་ནའོ་ཞེ་ན། དེ་ནི་དེའི་ཚེ་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བ་ནི་མ་འོངས་པའོ། །དངོས་པོའི་ཡུལ་ཅན་ནི་དངོས་པོ་སྣང་བའོ། །གལ་ཏེ་དེ་ལྟར་རྗེས་སུ་དཔག་པ་ཡུལ་མེད་པ་ཡིན་ནམ་མངོན་སུམ་
ཡང་དེ་བཞིན་དུ་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་མངོན་སུམ་ཡང་ཞེས་བྱ་བའོ། །དེ་ཉིད་ལ་ནི་འབྱུང་བར་འགྱུར་བ་ལའོ། །འདི་ག་ལས་ཤེ་ན་འདི་ལྟར་དེ་ལས་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ད་ལྟར་བའི་རང་བཞིན་རྟོགས་པས་སོ། །དེ་ནི་ཞེས་བྱ་བ་ནི་ལན་ནོ། །དེས་ན་

ཞེས་བྱ་བ་ནི་དངོས་པོའི་རང་བཞིན་མི་སྣང་བས་སོ། །མེད་པ་ལ་ཡང་ཞེས་བྱ་བ་ནི་དངོས་པོའི་རང་བཞིན་མ་ཡིན་པ་འཛིན་པར་མཚུངས་པའོ། །མངོན་སུམ་གྱི་བློ་ཡང་དེ་ལྟ་བུ་ཉིད་ཡིན་ནམ་ཅི་སྙམ་ན། མངོན་སུམ་གྱི་བློ་ནི་ཞེས་གསུངས་སོ། །དངོས་པོ་མེད་པ་ལ་མི་འབྱུང་བ་ཞེས་བྱ་བ་ནི་དངོས་པོ་
འཛིན་པ་ཞེས་བྱ་བའི་དོན་ཏོ། །དངོས་པོ་མེད་པའི་ཡུལ་ཅན་ཁོ་ན་གཙོ་བོ་མ་ཡིན་པའི་མཚན་ཉིད་ཅེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །རྗེས་སུ་དཔག་པ་ཐམས་ཅད་བཏགས་པར་འགྱུར་རོ་ཞེས་ལན་འདེབས་པ་ནི་རྗེས་སུ་དཔག་པ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་དངོས་པོ་མེད་པའི་ཡུལ་
ཅན་ནོ། །ཅིའི་ཕྱིར་ཞེ་ན་ཕྱིན་ཅི་ལོག་ཏུ་ཞེས་གསུངས་སོ། །དངོས་པོའི་ཡུལ་ཅན་ཡང་དངོས་པོ་མ་ཡིན་པ་དང་དངོས་པོའི་ཡུལ་ཅན་ཡང་དངོས་སུ་མཐོང་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མཐོང་བ་ཉིད་གསལ་བར་བྱེད་པས་ཡོད་པ་དང་མེད་པའི་ཡུལ་ཅན་ཉིད་ནི་བཏགས་པ་དང་དངོས་པོ་ཉིད་ཀྱི་མཚན་
ཉིད་མ་ཡིན་གྱི། འོན་ཀྱང་འཁྲུལ་པ་དང་མ་འཁྲུལ་པའི་རྟོགས་པའི་ཡུལ་ཉིད་དེ། དེ་ལྟ་བུ་ཁོ་ནར་འཇིག་རྟེན་པས་རྟོགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་དཔེའོ། །མེད་པ་སྨྲ་བས་ན་མེད་པ་བརྗོད་དེ། གཙོ་བོ་ལ་སོགས་པའི་མཉན་པོའོ། །ཁྱོད་
ཀྱིས་འདོད་པ་ནི་གཙོ་བོ་ལ་སོགས་པ་དངོས་པོ་མ་ཡིན་ཏེ། ཚད་མས་གནོད་པའི་ཕྱིར་རོ། །མེད་པ་རྗོད་པར་བྱེད་པའི་མཉན་པ་དེ་ནི་གྲངས་ཅན་གྱི་སྐྱེས་བུ་ཞེས་ནུས་པ་མེད་པའི་དངོས་པོ་ལ་ཡང་བྱེད་ལ་གཙོ་བོའི་སྒྲ་ནི་འབྲས་བུ་དུ་མ་ནུས་པ་ལ་ཡང་བྱེད་པ་ཡིན་ནོ། །དེས་ནི་འབྲས་བུ་དུ་མ་རུང་བ་
ཉིད་དུ་ཁས་བླངས་པ་ཡིན་ཏེ། དེས་ན་ཡོད་པའི་ཡུལ་ཅན་ཡིན་ཡང་ཉེ་བར་བཏགས་པ་ཉིད་ཡིན་ནོ། །མེད་པའི་ཡུལ་ཅན་ལ་ཡང་དངོས་པོ་ཉིད་ཡིན་པར་བརྗོད་པ་ནི་རྟོགས་པ་ཅི་བཞིན་ཉིད་ཅེས་བྱ་བའོ། །གྲངས་ཅན་གྱི་རྟོགས་པ་དང་རྗེས་སུ་མཐུན་པའི་དངོས་པོ་མེད་ཀྱང་གཙོ་བོ་ལ་སོགས་པའི་མཉན་
པར་བྱེད་པ་བཞིན་ཞེས་འབྲེལ་ཏོ། །འཇིག་རྟེན་ནི་ཁྱོད་ཀྱི་འདོད་པ་དང་མི་མཐུན་པར་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །ཁྱོད་ཀྱི་འདོད་པས་གྲངས་ཅན་གྱི་སྐྱེས་བུ་ལ་སོགས་པའི་སྒྲ་ཕལ་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཇི་ལྟར་ཞེ་ན་དེ་དག་གི་ཞེས་སྨོས་ཏེ། གཙོ་བོ་ལ་སོགས་པ་དག་ནི་ཐལ་བ་

དག་གི་བཟློག་པ་བརྗོད་པ་ནི། དེ་ལྟ་ཡང་མ་ཡིན་ནོ་ཞེའོ། །གལ་ཏེ་བུ་ལ་སོགས་པ་དག་ལ་ནིའོ། །ལྷག་པར་སྒྲོ་བཏགས་ན་གཙོ་བོ་དང་སྐྱེས་བུ་ལ་སོགས་པའི་སྒྲ་རྣམས་འཇུག་པས་ན་དངོས་པོ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་གཞན་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་
ནི་དངོས་པོ་མ་ཡིན་པ་ཉིད་ཡིན་ལ་ལྷག་པར་སྒྲོ་མ་བཏགས་པར་འཇུག་པ་ནི་དངོས་པོ་མཚན་ཉིད་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་པོ་ལ་ཡང་གཙོ་བོ་ལ་སོགས་པ་ལྷག་པར་སྒྲོ་བཏགས་པ་ནི་མེད་པའི་ཡུལ་ཅན་ཉིད། དངོས་མ་ཡིན་པའི་མཚན་ཉིད་ཡིན་ཏེ། སྒྲོ་བཏགས་པ་མེད་པའི་
ཕྱིར་རོ་ཞེས་རྩོད་པ་བརྗོད་པ་ནི་དེ་གཞན་ཞེས་བྱ་བ་སྟེ། བུ་ལ་སོགས་པ་དེ་ལ་གཙོ་བོ་ལ་སོགས་པའོ། །དེ་ནི་བུ་ལ་སོགས་པའོ། །དེའི་ཞེས་བྱ་བ་ནི་སྒྲོ་བཏགས་པའིའོ། །དེས་ན་ཞེས་བྱ་བ་ནི་མེད་པས་ནའོ། །དེ་ཉིད་ཅེས་བྱ་བ་ནི། དངོས་པོ་དང་ཅིག་ཤོས་ཀྱི་ཡུལ་ཅན་ཉིད་དོ། །འོ་ན་ནི་
ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་ན་ཅི་ཞིག་འགྲུབ་སྙམ་ན། རྗེས་སུ་དཔག་པས་ཞེས་གསུངས་སོ། །བུམ་པ་ལ་སོགས་པའི་སྒྲ་ནི་ཉེ་བར་བཏགས་པ་འཁྲུལ་པར་རྟོགས་པའི་ཡུལ་ཉིད་ཀྱང་འདས་པ་ལ་སོགས་པ་ལ་ནི་མེད་པ་ཉིད་དོ་ཞེས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། དངོས་པོའི་ཡུལ་ཅན་མ་ཡིན་
པ་ཉིད་ཀྱི་ཕྱིར་རོ་ཞེས་པ་འདས་པ་དང་མ་འོངས་པ་ད་ལྟར་བ་ལ་སྟེ་ཡོད་པ་འམ་མེད་པ་ལ་ཡང་དེ་འདྲ་བ་ཉིད་དེ་དང་མཚུངས་པ་ཉིད་དེ། དེ་བྱས་པའི་ཁྱད་པར་ནི་ཡོད་པ་མ་ཡིན་ནོ། །མངོན་སུམ་ལ་ནི་མེད་པ་ལ་མི་འབྱུང་བ་ཉིད་དོ་ཞེས་ཁྱད་པར་བརྗོད་པ་ནི་སྣང་བ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་འདས་
པ་དང་མ་འོངས་པ་ལ་ནི་བློ་འཁྲུལ་པ་མེད་པར་འཇུག་པ་དེ་ཉིད། སྤྱི་ཙམ་འཛིན་པས་དོན་ཡོད་པའི་ཕྱིར་རོ། །གཙོ་བོ་ལ་སོགས་པའི་བློ་ཡང་ཇི་ལྟར་བཏགས་པ་ཞིག་སྤྱི་ཡུལ་ཅན་ཉིད་དོ་ཞེས་དོགས་པ་བསུ་བ་ནི། སྤྱི་ཙམ་ཞེས་བྱ་བའོ། །སེམས་གཉིས་དག་ན་ནི་ཞེས་བྱ་བ་ནི་ད་ལྟར་བ་དང་
ཅིག་ཤོས་ཀྱི་ཡུལ་ཅན་དག་གོ། །གསལ་བའི་མཐར་ཐུག་པ་མ་ཡིན་པ་ན་དེ་སྤྱི་མ་ཡིན་པ་ལ་འདས་པ་ལ་སོགས་པ་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། དེ་འབའ་ཞིག་ནི་ཞེས་བྱ་བའོ། །བཟློག་ཟིན་ཏོ་ཞེས་བྱ་བ་ནི། །དེ་མཚུངས་མིན་དང་གསལ་བ་ཡིན། །ཞེས་བྱ་བ་དེར་རོ། །འབའ་ཞིག་

འཛིན་པར་ཁས་བླངས་ནས་སུན་འབྱིན་པར་བརྗོད་པ་དེ་ནི་སྤྱི་ཙམ་ཞིག་ཅེས་བྱ་བའོ། །འབའ་ཞིག་ཅེས་བྱ་བ་ནི་འཆད་པའོ། །གལ་ཏེ་ཐ་དད་པ་དང་འབའ་ཞིག་པ་བཟུང་ན་ནི་སྤྱི་མ་ཡིན་པར་འགྱུར་རོ། །ཐ་དད་པ་མ་ཡིན་པ་ལ་ནི་ཉེས་པ་འདི་མེད་དོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་
བའོ། །ཁྱད་པར་མེད་པ་ནི་གང་གི་ཡིན་ཏེ། ཤེས་པའི་རང་བཞིན་གྱི་འམ་ཕྱི་རོལ་གྱི་ཡིན་དེ་ལ་དང་པོ་སེལ་བ་ནི་གལ་ཏེ་ཤེས་པའི་ཞེས་བྱ་བའོ། །གཉིས་པ་སློབ་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་ཁྱད་པར་མེད་འཛིན་པའོ། །རང་བཞིན་ཞེས་བྱ་བ་ནི་ངོ་བོ་ཉིད་ཅེས་བྱ་བའི་དོན་ཏོ། །གསལ་
བ་རྣམས་ཀྱི་རང་བཞིན་ནི་ཕན་ཚུན་བཟློག་པར་འདོད་པ་ཡིན་ཏེ། ལྡོག་པ་མ་ཡིན་པ་ཉིད་དུ་ནི་རྟོགས་པར་ནུས་པ་མ་ཡིན་ནོ། །དེས་ན་རྣམ་པར་རྟོག་པ་ནི་དེ་ལ་རེག་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ཡང་མ་ཡིན་ཏེ་ཞེས་བྱ་བའོ། །ཕན་ཚུན་འགལ་བ་དག་ནི་གཅིག་ཏུ་མི་འཐད་པའི་ཕྱིར་རོ་ཞེས་བྱ་
བའི་དོན་ཏོ། །འོན་ཏེ་དེ་ནི་གཉིས་ཀའི་རང་བཞིན་ཡིན་ནོ། །ངོ་བོ་ཉིད་གཉིས་ཡོད་ན་ཡང་། །ཞེས་གསུངས་སོ། །མཐོང་བ་ནི་མི་འཐད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་བ་ལང་ཞེས་བྱ་བའོ། །རྗེས་སུ་སོང་བ་ནི་མ་མཐོང་བ་ཉིད་དུ་བསྟན་པའི་ཕྱིར་གཞན་ལ་འདྲི་བ་ནི་རྗེས་སུ་སོང་བ་ཞེས་བྱ་བ་འདི་
ཞེས་བྱ་བ་ཡིན་ནོ། །གཞན་གྱི་བ་ལང་ཞེས་སྨོས་སོ། །ཅི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ལྟའོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་རྗེས་སུ་སོང་བ་ལ་ཡང་རྗེས་སུ་སོང་བ་གཞན་ཡོད་པ་དེའི་ཚེ་ཐུག་པ་མེད་དོ། །རྗེས་སུ་སོང་བ་དང་པོ་བཞིན་དུ་རྗེས་སུ་སོང་བ་དང་པོའི་རྗེས་སུ་སོང་བ་གཞན་ཁས་བླངས་
པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལ་ཡང་ངོ་། །ཐུག་པ་མེད་པར་ཐལ་བ་སྤང་བའི་དོན་དུ་ཐ་མི་དད་པའི་ཕྱོགས་ཀྱི་དོགས་པ་བསུ་བ་ནི་དེ་ནི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རྗེས་སུ་སོང་བའི་རང་བཞིན་ནོ། །དེའི་ནི་རྗེས་སུ་སོང་བ་ཅན་གྱིའོ། །ཅི་འདི་ཞེས་བྱ་བ་ནི་སུན་འབྱིན་པའོ། །གང་གིས་དེ་ནི་དེའི་
རང་བཞིན་གྱི་ངོ་བོ་ཉིད་དོ་ཞེས་བརྗོད་པར་འགྱུར་བ་ཅི་འདི་རང་གི་ངོ་བོ་ཉིད་ཀྱིས་ཞེས་བྱ་བ་གསལ་བ་ལས་ཐ་དད་པར་དམིགས་སམ་ཞེས་བྱ་བའོ། །རྟོགས་པ་ནི་མངོན་སུམ་གྱིས་སོ། །འདི་སྙམ་དུ་རྗེས་སུ་སོང་བའི་རང་བཞིན་ནི་གསལ་བའི་ངོ་བོ་ཡིན་པའི་ཕྱིར་ན་རྣམ་པ་གཉིས་མངོན་སུམ་དུ་འགྱུར་བ་མ་

ཡིན་ནོ་ཞེས་དོགས་པ་བསུ་བ་ནི་དེའི་རང་བཞིན་ནི་ཞེས་བྱ་བའོ། །དོན་གྱི་ངོ་བོ་ཉིད་ཡིན་གྱི་ངོ་བོ་ཉིད་མ་ཡིན་པ་ནི་མ་ཡིན་ནོ་ཞེ་ན་གལ་ཏེ་གསལ་བའི་རང་བཞིན་ལྡོག་པ་མེད་པ་གཅིག་ཡིན་ན་དེའི་ཚེ་གསལ་བ་ཉིད་དུ་མི་འགྱུར་རོ། །དེ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན་པའི་ཕྱིར་
རོ་ཞེས་ལན་འདེབས་པ་ནི་རང་བཞིན་ཞེས་བྱ་བ་སྟེ་གསལ་བ་རྣམས་ཀྱི་ངོ་བོའོ། །རྗེས་སུ་སོང་བ་ནི་ཕན་ཚུན་འདྲེས་པའོ། །དེ་ཉིད་ཡིན་པ་ཞེས་བྱ་བའོ། །སྤྱི་ནི་རེ་ཞིག་གསལ་བ་མེད་ཀྱང་གནས་སོ་ཞེ་ན་དེ་ལྟ་ན་ཡང་ཞེས་གསུངས་སོ། །གསལ་བ་མེད་པར་གྱུར་ན་སྤྱི་མེད་དེ་མཚུངས་པ་རྣམས་ཀྱི་ངོ་བོ་ནི་
སྤྱི་ཡིན་ནོ་ཞེས་གྲུབ་པའི་མཐའ་ཡིན་པའི་ཕྱིར་རོ། །འོན་ཏེ་ཡང་རྗེས་སུ་སོང་བའི་རང་བཞིན་གསལ་བ་རྣམས་ཀྱི་ངོ་བོ་ནི་མ་ཡིན་གྱི། འོན་ཀྱང་ཐ་དད་པ་ཡིན་ཏེ། དེས་ན་དེ་དག་མེད་པ་མ་ཡིན་ནོ་སྙམ་དུ་དོགས་པ་ནི་འོན་ཏེ་དེ་དག་ཅེས་བྱ་བའོ།