Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 185
Văn bản gốc(Tây Tạng)
Trang 3 / 23 (50.000 ký tự/trang)
གྱི་མཚན་ཉིད་དུ་མ་བཟོད་དེ་འཁྲུལ་པའི་ཕྱིར་རོ་ཞེས་དགོངས་པའོ། །ཡང་ན་རྟག་པར་སྨྲ་བ་ལ་སྔ་མ་དང་ཕྱི་མའི་རང་ བཞིན་སྔ་མ་འམ་ཕྱི་མའི་ཤེས་པ་ལ་སྣང་བ་མ་ཡིན་ཏེ། གཅིག་ཉིད་ཀྱིས་ཕན་ཚུན་འགལ་བའི་རང་བཞིན་གཉིས་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔ་མ་ཕྱི་མའི་ངོ་བོ་དག་ཅེས་བྱ་བ་ལ་སོགས་པའི་དོན་ཡིན་ནོ། །ཐ་དད་འདི་ནི་བྱ་བ་དང་དུས་ལ་སོགས་པའི་ཁྱད་པར་གྱིས་བྱས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ལྷན་ ཅིག་སྐྱེས་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་བོ། །ཁྱད་པར་དེ་དང་ལྡན་ལས་ཐ་དད་པ་དང་མི་དད་པར་དཔྱད་བཟོད་པ་མ་ཡིན་ཏེ། དེས་ན་སྔ་མ་དང་ཕྱི་མ་ཉིད་ནི་རྣམ་པར་རྟོག་པས་སྤྲུལ་པ་ཡིན་ནོ་ཞེས་བརྗོད་པ་ནི་གཉིས་ལ་དྲན་པ་ཞེས་བྱ་བའོ། །དྲན་པ་ནི་རྣམ་པར་རྟོག་པ་ཙམ་ཞིག་འོལ་ཕྱིར་སྨྲས་པ་ཡིན་ནོ། ། དེ་ཉིད་ཀྱི་ཕྱིར་འདི་ནི་ཚད་མ་ཉིད་མ་ཡིན་ཞེས་གསུངས་སོ། །ཡང་ན་དྲན་པར་འདོད་པའི་ངོ་ཤེས་པ་འདི་ནི་འདི་ཡིན་ནོ་ཞེས་སྔ་མ་དང་ཕྱི་མ་དག་ལ་འཇུག་པ་ཡིན་ལ། དེས་ན་མངོན་སུམ་གྱིས་བསལ་བའི་ཡུལ་ཅན་ཡིན་པའི་ཕྱིར་འདི་ནི་ཚད་མ་ཉིད་མ་ཡིན་ཞེས་བྱ་བའི་དོན་ཏོ། །འདི་ སྙམ་དུ་སྔ་མ་དང་ཕྱི་མའི་མངོན་སུམ་དག་གིས་སོ་སོར་སྔ་མ་ཕྱི་མ་ཉིད་མ་རྟོགས་མོད། སྔ་མས་ནི་སྔ་མའི་རང་བཞིན་འཛིན་ལ་ཕྱི་མས་ནི་ཕྱི་མ་ཡིན་ཏེ། དེས་ན་དེ་ལྟར་རྗེས་སུ་བྱ་བའི་ངོ་ཤེས་པ་ཇི་ལྟར་འཁྲུལ་པ་ཡིན་སྙམ་ན། གལ་ཏེ་དེ་ལྟ་ན་ཤེས་པ་སྔ་མས་ནི་ཕྱི་མ་མི་འཛིན་ལ། ཕྱི་མས་ཀྱང་སྔ་མ་འཛིན་ ནོ་ཞེས་བརྗོད་པ་ནི་རྟོགས་པ་སྔ་མ་ཞེས་བྱ་བའོ། །དེ་ལས་ནི་མྱོང་བ་གཉིས་ལས་སོ། །ཉམས་སུ་མྱོང་བ་གཉིས་སྟོབས་ལས་ནི་བྱུང་བར་འདོད་པ་ཁོ་ན་སྟེ། འོན་ཀྱང་དེ་དག་གིས་མ་བཟུང་བའི་གཅིག་ཉིད་ངེས་པར་གོ་ཇི་ལྟར་འགྱུར་བ་དེ་ཉིད་ཚད་མ་ཡིན་ནོ་ཞེ་ན། འོ་ན་སློབ་མའི་རྣམ་པར་རྟོག་པའི་ ཚོགས་ཀྱང་ཚད་མར་ཐལ་ཏེ། སློབ་དཔོན་གྱི་ང་རོ་ལྟ་བ་ལ་སོགས་པ་ལས་བྱུང་བའི་ཕྱིར་རོ། །གལ་ཏེ་ཡང་རྣམ་པར་རྟོག་པ་དེའི་གཞལ་བྱ་ལ་མངོན་སུམ་འཇུག་པར་མི་སྲིད་པར་བརྗོད་ན། འདིར་གང་གིས་ཟློག་པར་བྱེད། མིག་གཉིས་ཕྱེ་བ་ཙམ་ནི་གཉི་གར་ཡང་མཚུངས་པ་ཡིན་ནོ། །འོན་ཏེ་གནོད་པ་དང་ མི་གནོད་པ་དག་གི་ཁྱད་པར་ཡོད་ན་འབྱུང་བར་འགྱུར་བའི་དོན། སློབ་མས་རྣམ་པར་བརྟག་པ་གང་གིས་བསལ་བར་ནུས། དེ་ལྟ་མ་ཡིན་ན་མཐོ་རིས་ཀྱི་སྒྲུབ་བྱེད་མེའི་སྦྱིན་སྲེག་ལ་སོགས་པའི་ངག་ཀྱང་གནོད་པའི་དོན་ཅན་ཉིད་དུ་ཐལ་ལོ། །བསྐུལ་བའི་གདོན་མི་ཟ་བར་འབྱུང་བ་ནི་སློབ་མའི་རྣམ་པར་རྟོག་ པ་ནི་ཡུལ་མ་ཡིན་ནོ་ཞེ་ན། རྣམ་པར་དབྱེ་བ་འདི་ག་ལས་ཡིན་ཏེ། ཚད་མ་དང་ཚད་མ་མ་ཡིན་པར་ནི་བརྗོད་པར་ནུས་པ་མ་ཡིན་ནོ། །ཇི་ལྟར་གཅིག་ལ་སྒྲ་ལས་བྱུང་བ་ཚད་མ་ཡིན་པ་དེ་བཞིན་དུ་མངོན་སུམ་ཐམས་ཅད་ཀྱི་གཙོ་བོ་ཡིན་ཏེ་ངོ་ཤེས་པ་བཞིན་ནོ། །འོན་ཏེ་མངོན་སུམ་གཉིས་ཀྱིས་རང་བཞིན་རེ་རེ་ བཟུང་བའི་ཕྱིར་རོ། །འོན་ཏེ་སྔ་མ་ཉིད་འཛིན་པའི་མངོན་སུམ་གྱིས་ནི་དེ་ལ་འབྲེལ་པ་རྣམ་པར་གཅོད་པ་ཙམ་བྱས་ཀྱི་ཕྱི་མའི་ཉིད་ནི་མ་ཡིན་ཏེ། དེ་བཞིན་དུ་གཞན་དུ་ཡང་བརྗོད་པར་བྱའོ་ཞེ་ན། འོ་ན་ཕྱི་མ་ཉིད་དེ་སྔར་ཡོད་དམ་མེད། གལ་ཏེ་ཡོད་ན་ནི་གདོན་མི་ཟ་བར་ཡོངས་སུ་གཅད་པར་བྱ་བར་འགྱུར་རོ། ། དེ་ལྟ་མ་ཡིན་ན་ནི་སྔ་མ་ཉིད་ཀྱང་མི་འགྱུར་རོ། །མེད་པ་ཉིད་མ་ཡིན་ནི་ན་རྣམ་པར་གཅད་པར་གྲུབ་བོ། །དེ་བཞིན་དུ་ཕྱི་མ་ཉིད་ལ་ཡང་བརྗོད་པར་བྱའོ། །འོན་ཏེ་རང་བཞིན་གཉི་ག་ཡང་རྟགས་ཉེ་བར་གནས་པ་ཉིད་ཡིན་ཞིང་མངོན་སུམ་གཉི་གས་མངོན་སུམ་དུ་བྱས་པ་ཉིད་ཡིན་ན་དེ་ལྟ་ན་ཡང་དྲན་པ་ཙམ་གྱིས་རང་བཞིན་ཅན་ངོ་ ཤེས་པ་ཉེ་བར་དགོད་པས་ཅི་ཞིག་བྱ་ཞེས་དྲན་པའི་སྒྲས་སྟོན་པར་བྱེད་དོ། །དེའི་ཕྱིར། མ་ཤེས་ཆ་ལ་རང་བཞིན་དང་། །དབང་པོས་མཐོང་བ་དྲན་པའི་ཕྱིར། །རྟགས་ཀྱི་མ་སྐྱེས་རྣམ་རྟོག་རྣམས། །རྣམ་པ་ཀུན་དུ་ཚད་མེད་ཉིད། །གལ་ཏེ་གཟུགས་ཀྱི་ཤེས་པའི་དེ་མ་ཐག་པའི་རེག་པའི་ཤེས་པ་རང་རྒྱུད་ ཡིན་ཡང་མི་བླུ་བའི་ཕྱིར་ཚད་མ་ཡིན་པ་དེ་བཞིན་དུ། ངོ་ཤེས་པ་ཡང་ཡིན་པར་འགྱུར་རོ། །སྐྱེ་བའི་ཚོགས་པ་གཞན་དུ་གྱུར་པ་ཉིད་ཀྱང་། ཐུན་མོང་བ་ཁོ་ནའོ་ཞེས་བྱ་བ་ཡང་བརྩད་པར་མི་བྱ་སྟེ། མི་སླུ་བ་ལ་ཉིད་མེད་པའི་ཕྱིར་ཏེ། འགའ་ཞིག་ཏུ་གཅིག་པ་ཉིད་མ་རྟོགས་པའི་ཕྱིར་རོ། །ཐམས་ཅད་དུ་སྔ་ མའི་དང་ཕྱི་མའི་རང་བཞིན་འཛིན་པའི་མངོན་སུམ་གཉིས་འབྱུང་བ་ཕྱིས་ནི་མཚམས་སྦྱོར་བའི་རྣམ་པར་རྟོག་པར་འགྱུར་རོ་ཞེས་བྱ་བ་དེ་ལྟ་བུ་ཉིད་དུ་རྟོགས་པའི་ཕྱིར་རོ། །གཅིག་ཉིད་མངོན་སུམ་གྱིས་མ་བཟུང་བའི་ཕྱིར་ན་དེ་དང་འབྲེལ་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་ཡང་ཡོད་པ་མ་ཡིན་ཏེ། ། གཅིག་ཉིད་ཀྱིས་བསྒྲུབ་པར་བྱ་བའི་དོན་བྱ་བ་འགའ་ཞིག་ཀྱང་དམིགས་པ་མེད་དོ། །ཇི་ལྟར་ཤིང་ཐ་དད་པ་སྐྱེས་པ་དེ་བཞིན་དུ་ཕྱིས་འབྱུང་བའི་གྲིབ་མ་ཡང་ཐ་དད་པ་ཁོ་ན་ཡིན་ལ། ཇི་ལྟར་གྲིབ་མ་རིགས་མཐུན་པ་དེ་ལྟར་ནི་ཤིང་ཡང་ཡིན་ནོ། །དེ་བས་ན་ཐམས་ཅད་དུ་དོན་བྱ་བ་ནི་དེ་དང་འདྲ་བས་བསྒྲུབ་པར་བྱ་བས་ ཡིན་གྱི་དེ་ཉིད་ཀྱིས་བསྒྲུབ་པར་བྱ་བ་ནི་མ་ཡིན་ནོ། །གཏམས་པ་ཕྱིར་ལེན་པ་ལ་སོགས་པ་ནི། གཞན་གྱིས་དྲན་དང་ལོངས་སྤྱོད་སོགས། །ཐལ་བ་གནོད་བྱེད་མ་ཡིན་ཏེ། །དེས་འགའ་དྲན་པ་མེད་པའི་ཕྱིར། །ཉམས་སུ་མྱོང་བ་ལས་ནི་དྲན་པ་འབྱུང་། །ཞེས་བྱ་བ་དེར་བཤད་ཟིན་ཏོ། །རོ་ལ་སོགས་ པའི་ཤེས་པ་ལ་ནི་དོན་བྱ་བའི་ཁྱད་པར་གྱིས་བྱས་པའི་མི་སླུ་བ་བསྙོན་པར་རིགས་པ་མ་ཡིན་ནོ། །གཞན་ཡང་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་རྣམས་ནི་བདག་ཉིད་ཇི་ལྟ་བ་བཞིན་དབང་པོའི་རྣམ་པར་ཤེས་པ་ལ་དངོས་སུ་གསལ་བ་ཡིན་ཡང་གལ་ཏེ་ལོག་པ་ཉིད་དུ་དོགས་ན་ནི། སྲིད་པ་རང་བཞིན་མེད་པ་ཁོ་ ནར་འགྱུར་རོ། །དེའི་ཚེ་ནི་ངོ་ཤེས་པའི་གཏམ་ཡང་ག་ལ་ཡོད། ངོ་མ་ཤེས་པ་ནི་རྣམ་པར་རྟོག་པ་ཡིན་ལ། རྣམ་པར་རྟོག་པ་ཡང་དོན་དུ་ལྷག་པར་ཞེན་པ་ཙམ་གྱིས་དངོས་སུ་མྱོང་བ་ནི་མ་ཡིན་ཏེ། དེས་དེའི་ཡུལ་བཀག་ཀྱང་དངོས་པོའི་རང་བཞིན་ཉམས་པ་མེད་དོ། །དངོས་པོ་སྣང་བ་ལ་ དངོས་པོ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །གལ་ཏེ་རྣམ་པར་རྟོག་པ་ཡང་རྟགས་ཀྱིས་བསྐྱེད་པ་ཡིན་ན་ནི་དེའི་ཚེ་དེས་གྲུབ་པ་སྤངས་ན་ཐམས་ཅད་སྤངས་པར་འགྱུར་བ་ཁོ་ན་སྟེ། མངོན་སུམ་སུན་མ་ཕྱུང་བ་ནི། དེས་གྲུབ་པའི་ཚུལ་གསུམ་གྱིས་མཚོན་པའི་རྟགས་ལས་སྐྱེས་པའི་རྗེས་སུ་དཔག་པ་སུན་ དབྱུང་བར་མི་ནུས་པའི་ཕྱིར་རོ། །དེས་ན་དེའི་སྐྱེས་བུ་བྱེད་པ་ནི་མངོན་སུམ་གྱི་མཐར་ཐུག་པ་ཁོ་ནའོ། །དེས་ནི་རྗེས་སུ་དཔག་པས་ངེས་པར་བྱས་པས་ནི་དངོས་སུ་བསལ་བའི་དོན་དང་། གྲུབ་པ་དང་བདེ་བ་གཅིག་པ་ཁོ་ནའོ། །རྣམ་པར་རྟོག་པ་གཞན་གྱིས་ཞེན་པར་བྱས་པས་ན་དངོས་སུ་སྣང་བ་མ་ཡིན་ ལ། དངོས་སུ་བསལ་བ་དང་གྲུབ་པ་དང་བདེ་བ་གཅིག་པ་ཡང་མ་ཡིན་ཏེ། རྗེས་སུ་དཔག་པ་ལྟར་ནུས་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་ཡིད་ཀྱི་རྒྱལ་སྲིད་དུ་རྟོགས་པས་བརྟགས་པ་བཞིན་དུ་དེ་བཀག་ཀྱང་གནོད་པ་ཅི་ཡོད། ཁྱོད་ཀྱིས་མངོན་སུམ་གྱི་མིང་བྱས་ཀྱང་དོན་མངོན་སུམ་བསལ་བར་ ནི་བྱ་བར་མི་ནུས་ཏེ། དེས་ན་རྣམ་པར་རྟོག་པ་གཞན་ལས་འདི་ལྷག་པར་ཞེན་པ་ཙམ་ཡིན་པར་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྐྱོན་མེད་པའི་དབང་པོས་བསྐྱེད་པའི་སེམས་ལ་དངོས་སུ་སྣང་བའི་དོན་དང་། བརྟགས་པ་ཙམ་མཚུངས་པ་ཅི་ཡོད། ཡང་སྣང་བ་དང་ལྷག་པར་ཞེན་པ་དག་ གི་ཁྱད་པར་གང་ཞེ་ན། རྣམ་པར་རྟོག་པ་ཙམ་གྱིས་སྤྱོད་ཡུལ་མངོན་པར་འདོད་པའི་དངོས་པོ་སྟོང་པའམ། དངོས་སུ་ཉམས་སུ་མྱོང་བཞིན་པ་ལ་སྲོག་ཆགས་ཐམས་ཅད་ཀྱི་སོ་སོ་རང་གིས་རིག་པ་ནི་བསྙོན་པར་མི་ནུས་སོ། །ངོ་ཤེས་པ་ལ་ཡང་ཉམས་སུ་མྱོང་བའི་དོན་ཉིད་ཡོད་པ་མིན་གྱི་ལྷག་པར་ཞེན་པ་ ཙམ་ནི་མ་ཡིན་ནོ་ཞེས་ནི་བརྗོད་པར་མི་ནུས་ཏེ། བྱམས་པ་ལ་སོགས་པ་རེས་འགས་ངོ་ཤེས་པར་གྱུར་པ་ཙམ་ལ་དུས་ཐམས་ཅད་ཁྱབ་པའི་རང་བཞིན་གྱིས་ངེས་པ་དང་རྗེས་སུ་མཐུན་པར་འཇུག་པ་ལ་སོགས་པར་ཐལ་བའི་ཕྱིར་རོ། །རྣམ་པར་རྟོག་པ་ཉིད་ཀྱིས་ངེས་པའི་རང་བཞིན་ནི་དེ་སྣང་བར་ཡང་ཁས་ བླང་བར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་ངོ་ཤེས་པའི་ཐ་སྙད་ཉམས་པར་ཐལ་བའི་ཕྱིར་རོ། །གལ་ཏེ་བསལ་བའི་རང་བཞིན་ཡང་ཡིན་ལ་རྣམ་པར་རྟོག་པ་ཡང་ཡིན་པར་ཇི་ལྟར་འགྱུར་ཞེ་ན། འདི་ཡང་འདི་ཉིད་ཀྱི་ཉེས་པ་གཞན་ཡིན་ནོ། །འོན་ཏེ་གནས་སྐབས་ཙམ་དུས་གསུམ་པ་ཉིད་ཡིན་པར་ངེས་ཀྱི། གནས་སྐབས་ནི་མ་ཡིན་ཏེ། དེས་ན་འཇུག་པ་དང་ལྡོག་པ་གནས་སྐབས་དང་འབྲེལ་བ་ཡོད་པ་མ་ཡིན་ནོ་ཞེ་ན་གནས་སྐབས་ཅན་དེའང་དོན་བྱ་བར་འགའ་ཞིག་ལ་ཉེ་བར་མཁོ་བའང་མ་ཡིན། རེ་ཞིག་མ་མཁོ་བ་ཡིན་ན་ནི། གལ་ཏེ་གནས་སྐབས་དག་ལས་ཐ་དད་པར་མི་སྣང་བའི་ཤེས་པ་ཙམ་ལ་བརྗོད་ན། མིའི་རྭའི་ཤས་པ་ཉེས་པ་ཅི་བྱས། འོན་ཏེ་འགའ་ཞིག་ཏུ་ཉེ་བར་མཁོ་བར་ཁས་ལེན་ན། དེ་ཡང་མི་འཐད་དེ་གནས་ལས་ཐ་དད་པའི་རང་བཞིན་དུ་མི་སྣང་བ་ནི་མངོན་སུམ་དང་མི་དམིགས་པའི་སྒྲུབ་པར་བྱེད་པ་ཅན་གྱི་ཉེ་བར་མཁོ་བ་ཅན་དུ་ཇི་ལྟར་བརྗོད་པར་ནུས། དེ་ལྟ་ན་ནི་མཐའ་ཡས་པའི་དངོས་པོ་རྟག་ པར་ཡང་ཐལ་ལོ། །དེའི་ཕྱིར་གནས་སྐབས་ལས་ཐ་དད་པ་ནི་སྣང་བ་མ་ཡིན་ལ། དོན་བྱ་བ་དང་ལྡན་པ་ཡང་མ་ཡིན་ཏེ། དེས་ན་རུས་སྦལ་གྱི་སྤུ་དང་ཁྱད་པར་མེད་དོ། །དེའི་ཕྱིར་རྣམ་པར་འཆད་པའི་རང་བཞིན་ཅན་གནས་སྐབས་ཉིད་དུ་ཤེས་པས་གཅིག་ཏུ་བྱེད་པ་ཡིན་པའི་ཕྱིར་དེ་ཙམ་གྱིས་འཁྲུལ་ པ་ཉིད་ཡིན་ནོ། །འདས་པ་དང་མ་འོངས་པ་དེ་དག་ངེས་པར་བྱ་བར་འགྱུར་རོ་ཞེས་བྱ་བ་འདི་ལ་ནི་ལན་གྱི་སྐད་ཙམ་ཡང་ག་ལ་ཡོད། འདིས་ནི་གང་རྟགས་ལས་མ་སྐྱེས་པའི་རྣམ་པར་བརྟེན་པའི་ཤེས་པ་དེ་ཐམས་ཅད་ནི་ཚད་མ་མ་ཡིན་ཏེ། དཔེར་ན་ཡིད་ཀྱི་རྒྱལ་སྲིད་ཀྱི་རྣམ་པར་རྟོག་པ་བཞིན་ནོ། །ངོ་ཤེས་ པ་ཡང་རྟགས་ལས་མ་སྐྱེས་པའི་རྣམ་པར་རྟོག་པ་ཡིན་ནོ་ཞེས་བྱ་བ་འདི་འགལ་བས་ཁྱབ་པ་དམིགས་པའོ། །བཟློག་པ་ཚད་མ་ལ་ནི་ཁྱབ་པར་བྱེད་པ། དྲན་པ་རང་རྒྱུད་པའི་མཚན་ཉིད་མེད་པས་ན་གཏན་ཚིགས་རྟགས་ལས་མ་སྐྱེས་པའི་རྣམ་པར་རྟོག་པ་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར་རྟགས་ ལས་མ་སྐྱེས་པའི་རྣམ་པར་རྟོག་པ་ཉིད་ཚད་མ་མ་ཡིན་པ་ཉིད་ལ་གནས་པས་དེ་ཁྱབ་པ་ཡིན་ནོ། །དེའི་ཕྱིར་ངོ་ཤེས་པ་ནི་ཚད་མ་མ་ཡིན་ནོ་ཞེས་གནས་སོ། །གལ་ཏེ་མངོན་སུམ་གཉིས་ཀྱི་སྔ་མ་དང་ཕྱི་མ་གཅིག་ཉིད་མ་བཟུང་བ་དེ་ལྟ་ན་ཡང་། འཛིན་པར་བྱེད་པ་དག་ཡོད་དོ་ཞེ་ན་གལ་ཏེ་ཞེས་གསུངས་ སོ། །གཅིག་ཅེས་བྱ་བ་ནི་སྔར་དང་ཕྱིས་ཀྱི་དུས་དག་ཏུའོ། །ཤེས་པ་བཞིན་དུ་དུས་གཞན་མ་ཁྱབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ཀྱང་ཞེས་བྱ་བ་ནི་བདག་གིས་སོ། །རེ་ཞིག་གང་གི་ལྟར་ན་བདག་མེད་བེམས་པོ་ཡིན་པ་དེའི་ལྟར་ན་ནི། ཇི་ལྟར་བློ་དང་དུ་བ་ལས་རྟོགས་ པ་ཡིན་པ་དེ་བཞིན་དུ། མངོན་སུམ་ལ་སོགས་པའི་ཡུལ་མ་ཡིན་པ་ལ་མ་རྟོགས་པ་ཡང་ཡིན་ནོ། །དེས་ན་རིགས་བརྗོད་པ་ནི་དེ་ཡང་། མངོན་སུམ་ལ་སོགས་པ་ཡི་ངང་། །ཞེས་བྱ་བའོ། །སེམས་ཀྱི་རང་བཞིན་ཉིད་ལ་ནི། །མངོན་སུམ་ལ་སོགས་པའི་རང་བཞིན་ཡིན་ཡང་། ཇི་ཞིག་ལྟར་ཐ་ དད་པར་ཡང་ཁས་བླངས་པའི་ཕྱིར་ན་མི་རིགས་པར་བརྗོད་པ་མ་ཡིན་ནོ། །མངོན་སུམ་ལ་སོགས་པའི་འཇུག་པ་ཡང་དཔྱད་ཟིན་ཏོ། །དེས་བདག་ཉེ་བར་བཀོད་པས་ཅི་ཞིག་བྱ། འོན་ཏེ་ཡང་འགའ་ཞིག་ལ་བརྟེན་པའི་ཤེས་པ་ནི་བྱེད་པ་ཉིད་དུ་གྱུར་པས་ཚད་མ་ཡིན་ཏེ། བྱེད་པ་པོ་རྟེན་གྱི་གཞན་གྱི་དབང་ཡིན་ པའི་ཕྱིར་རོ། །དེ་མེད་ན་དེ་གང་གི་བྱེད་པ་ཡིན་ཏེ། དེ་ནི་ངོ་བོ་ཞེས་བྱ་བའི་ངོ་བོ་ཤེས་པ་ཡལ་བར་དོར་ན་ནི་བདག་ཡོད་པ་ཉིད་དུ་མི་འགྱུར་རོ། །དེས་ན་རྣམ་པ་ཐམས་ཅད་དུ་ངོ་ཤེས་པ་ལ་བརྙས་པར་ཇི་ལྟར་བྱེད་སྙམ་དུ་དོགས་པ་བསུ་ནས་བདག་ལ་བརྟེན་པ་ཉིད་དུ་ཚད་མ་རྗེས་སུ་འགྲོ་བ་དང་། ལྡོག་པ་མེད་པར་ སྟོན་པར་བྱེད་པ་ནི་བདག་ལ་བརྟེན་པ་ཙམ་གྱིས་ནི་ཞེས་བྱ་བའོ། །བདག་ལ་བརྟེན་པར་ཤེས་པ་ཙམ་གྱིས་ཞེས་བྱ་བར་ལྟའོ། །དེ་ལྟ་ན་ཡང་ཤེས་པ་བདག་ལ་བརྟེན་པ་ཡིན་ནོ། །ཚད་མ་གོ་ག་ལས་ངེས་ན་ཚད་མའི་ཐ་སྙད་ནི་མི་སླུ་བ་ལ་ལྟོས་པ་ཉིད་དོ། །ཤེས་པ་མི་སླུ་བ་ཡིན་པར་གྲུབ་ཀྱང་གལ་ཏེ་འདི་བདག་ ལ་བརྟེན་ན་ཚད་མར་འགྱུར་གྱི། དེ་ལྟ་མ་ཡིན་ན་ནི་མི་འགྱུར་རོ་ཞེས་བྱ་བ་འདི་ནི་རྟོགས་པ་དང་ལྡན་པ་སུས་ཀྱང་བཟོད་པ་མ་ཡིན་ནོ། །དེ་ཉིད་སྟོན་པར་བྱེད་པ་ནི་མཐོང་བས་ཕྱིས་ནས་ཞེས་བྱ་བའོ། །བྱེད་པ་པོ་དང་ལས་སུ་བརྗོད་པར་འདོད་པ་ཙམ་ནི་བདག་གིས་སྒྲུབ་པར་བྱེད་པ་མ་ཡིན་ཏེ། དེས་ནི་དངོས་པོ་ ཇི་ལྟ་བ་བཞིན་ཡིན་པར་མ་ངེས་པའི་ཕྱིར་རོ། །ཕུང་པོའི་ཚོགས་བྱེད་པ་པོར་བརྗོད་པ་དང་། དེའི་ཕྱོགས་གཅིག་ཤེས་པར་བྱེད་པར་བརྗོད་པས་འདོད་པ་ཡོད་པའི་ཕྱིར་ན་གཞན་གྱིས་ཅི་བྱ། ཤེས་པ་ཉིད་ནི་བྱེད་པ་པོ་ཡིན་ལ། འདྲ་བ་ནི་བྱེད་པ་ཡིན་ནོ་ཞེས་ཀྱང་འཆད་པར་འགྱུར་རོ། །བདག་མེད་པ་ནི་ཞེས་ བྱ་བ་ནི་གཞན་གྱིའོ། །བདག་ནི་ཡིད་དང་སྦྱོར་བར་བྱེད་ལ་ཡིད་ལ་ཡིད་ཀྱང་དབང་པོ་ཞེས་བྱ་བ་ལ་སོགས་པར་དུས་ལ་ལྡོག་པ་ལ་ལྟོས་པ་དང་བཅས་པའི་དངོས་པོ་ཤེས་པ་ནི་བདག་རྟག་པ་མེད་པར་མི་འགྱུར་རོ་སྙམ་དུ་བསམས་པའོ་ཞེས་བྱ་བ་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་ཚོགས་སོ། །འདི་ནི་སྔར་བསྟན་ པ་ད་ལྟར་བཤད་པ་ཡིན་ནོ། །མི་སླུ་བ་ལ་ལྟོས་ན་བདག་ལ་བརྟེན་པས་ཅི་ཞིག་བྱ་སྟེ། ཤེས་པ་མི་རྟག་པ་ཡང་མི་སླུ་བ་དང་ལྡན་པར་དེ་མ་ཐག་པ་ལ་སོགས་པའི་སྟོབས་ཀྱིས་སྐྱེས་པ་མི་འགལ་བའི་ཕྱིར་རོ། །དེས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁོ་ན་བདག་ཡོད་པ་དེར་ཡང་མི་སླུ་བ་དང་ལྡན་པའི་ཚད་མ་ མ་ཡིན་ནོ། །དེ་ནི་སྲིད་པར་ཡང་མི་འཐད་དོ་ཞེས་གསུངས་པ་ནི་སྔ་མ་ཕྱི་མའི་ཞེས་བྱ་བ་ནི། འདི་གང་གི་ཞར་ལས་འཕྲོས་པ་དེ་ཉིད་མཇུག་སྡུད་པ་ནི། དེས་ན་ཤེས་པ་ཞེས་བྱ་བའོ། །ཤེས་པ་ནི་རྒྱུ་དོན་གྱི་འབྲས་བུ་ཡིན་ནོ་ཞེས་བྱ་བར་མི་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རེ་ཞིག་འགའ་ཞིག་རྟོགས་ པ་ཡིན་ཏེ། དེས་ན་འབྲས་བུ་ཉིད་དུ་རྟོགས་པས་ཀྱང་ཉེས་པ་ཅི་ཞིག་བྱས་ཤེ་ན། ཤེས་པ་ཞེས་གསུངས་སོ། །བདག་དང་དེའི་རིག་པར་བྱ་བ་བདུན་དུ་སྣང་བ་རིག་པ་ཡིན་ནོ། །དེ་ཁོ་ན་རིག་པ་ཡིན་ཞེས་རྣམ་པར་བཅད་པར་བྱ་བར་བརྗོད་པ་ནི་སྔ་ཕྱིའི་བདག་ཉིད་ཅེས་གསུངས་སོ། །སྔ་མ་དང་ཕྱི་མའི་རང་ བཞིན་རྒྱུ་དང་འབྲས་བུ་ཉིད་ལ་ནི་མངོན་སུམ་འཇུག་པ་མ་ཡིན་ནོ། །མངོན་སུམ་ཙམ་འཇུག་པ་འགོག་པ་ལ་གླགས་ཡོད་པར་མཐོང་ནས་གཞན་དག་སྨྲ་བ་ནི་འོ་ན་ཞེས་བྱ་བའོ། །འབྲས་བུ་ནི་མངོན་སུམ་གྱིས་རྟོགས་ལ། དེ་ལས་སྔར་རྒྱུ་ཉིད་པར་ནི་རྗེས་སུ་དཔག་པས་དཔོག་པ་ཡིན་ཏེ། དེས་ན་སྔ་མ་ དང་ཕྱི་མ་རིག་པར་མེད་པ་མ་ཡིན་ནོ། །དེ་ལས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་རྟོགས་པ་ལས་སོ། །ལན་ནི་རྗེས་སུ་དཔག་པ་དེ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་དེ་ཡང་འཇུག་པ་ཡོད་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གང་ལ་ཞེ་ན་བསྒྲུབ་པར་བྱ་བ་མངོན་སུམ་གྱིས་རབ་ཏུ་རྟོགས་པ་མེད་པའི་ དངོས་པོ་ལའོ། །ཁྱབ་པ་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་གཞན་གྱི་ཁྱབ་པ་འཛིན་པར་འགྱུར་རོ་ཞེ་ན། སྔོན་རོལ་མངོན་སུམ་ཞེས་གསུངས་སོ། །མངོན་སུམ་འདི་ནི་བདག་གི་འབྲས་བུར་མངོན་པར་འདོད་པ་དང་། ལྷན་ཅིག་གསལ་བ་མདུན་ན་གནས་པའི་དོན་འཛིན་པར་བྱེད་ ལ། རྒྱུར་མངོན་པར་འདོད་པའི་དངོས་པོ་སྔ་མ་ལ་ནི་མངོན་སུམ་སྔ་མ་ཚད་མ་ཡིན་ནོ། །གང་གི་ཚེ་སྔ་མ་དང་ཕྱི་མ་ཉིད་ལ་མངོན་སུམ་ཚད་མ་མ་ཡིན་པ་དེའི་ཚེ་ནི་རྗེས་སུ་དཔག་པ་གཞན་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་ཁྱབ་པ་འཛིན་པ་ལ་ལྟོས་པའི་ཕྱིར་རོ། །འདི་ལ་ཡང་སྔར་རྗེས་སུ་དཔག་ པ་གཞན་ཡོད་པ་མ་ཡིན་ནོ་ཞེས་རྟོགས་པར་བྱེད་ན་ཐུག་པ་མེད་པར་འགྱུར་རོ། །དེ་ལྟར་ཤེས་པ་དང་ཤེས་བྱ་དག་རྒྱུ་དང་འབྲས་བུ་ཉིད་ཡིན་པའི་ཕྱོགས་བསལ་བ་ཡིན་ནོ། །ཤེས་བྱ་ཉིད་ཤས་པའི་འབྲས་བུ་ཡིན་པའི་ཕྱོགས་ལ་ནི། གལ་ཏེ་ཤེས་པའི་འབྲས་བུས་ཡོད་པ་མིན་ན་ནི་དེའི་ཚེ་ཉེས་པ་འདི་ཉིད་ཡིན་ནོ། ། འོན་ཏེ་དོན་གཞན་གྱིས་ཡིན་ན་དེའི་ཚེ་ཡང་། འབྲས་བུ་གཞན་སྐྱེས་མེད་པར་ནི། །འབྲས་བུའང་ཡོད་པ་ཉིད་མི་འགྱུར། །ཞེས་བྱ་བ་ཉིད་རིགས་པ་ཡིན་ནོ། །ཕལ་ཆེར་དེ་ལྟར་སྨྲ་བ་ནི་མེད་དེ་དེས་ན་ཕྱོགས་འདི་ནི་དངོས་སུ་མ་བསྟན་པར་ཡང་རྣམ་པར་རྟོག་པ་དེ་ཉིད་ལ་ཐབས་ཅིག་གིས་བསལ་བར་འདོད་ནས་འབྲས་ བུ་སོགས་གཞལ་བྱ་ཞེས་གསུངས་སོ། །ཕལ་ཆེར་འཇིག་རྟེན་གྱི་གྲགས་པས་ཕྱི་རོལ་གྱི་དངོས་པོའི་རྒྱུ་དང་འབྲས་བུ་དངོས་སེམས་པ་ཡིན་ནོ། །དེ་ནི་སྒྲུབ་པ་མ་ཡིན་ནོ་ཞེས་དགོངས་པའོ། །འབྲས་སོགས་ཞེས་བྱ་བ་ནི་ཆོས་ཀྱི་རང་བཞིན་ནོ། །ཕྱི་རོལ་གྱི་ཆོས་ཅན་གང་ལ་འབྲས་བུ་ཉིད་ལ་སོགས་པའི་ གཞལ་བྱ་དེ་ཡོད་པའོ། །ཕྱི་རོལ་དེ་ནི་རྟོགས་པ་མེད་པའོ། །དེ་ནི་མ་རྟོགས་མོད་དེ་ལྟ་ན་ཡང་འབྲས་བུ་ཉིད་ལ་སོགས་པའི་གཞལ་བྱ་ལ་ཆད་པ་ཅི་ཡོད་སྙམ་ན་གཞི་མེད་ཅེས་གསུངས་སོ། །ཆོས་ཀྱི་གཞི་ནི་ཕྱི་རོལ་གྱི་དངོས་པོ་ཉིད་ཡིན་ཏེ། དེ་མེད་པའི་ཕྱིར་དེ་ཡང་འབད་མི་དགོས་པར་མེད་པར་གྲུབ་པོ། །ཆོས་ ཅན་མ་རྟོགས་པར་ནི་ཆོས་རྟོགས་པར་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཕྱི་རོལ་གྱི་དངོས་པོ་མ་གྲུབ་སྙམ་ན། ཤེས་པ་ཞེས་སྨོས་ཏེ། གང་གི་ཚེ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། དམིགས་པ་དང་བཅས་པ་ལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་ལྟའོ། །དེ་ཉིད་ཀྱི་ཕྱིར་དམིགས་པ་དང་བཅས་པ་ཉིད་དུ་ཇི་ ལྟར་མ་གྲུབ་ཅེ་ན་ཞེས་དྲིས་པ་ཡིན་ནོ། །དེར་འགྱུར་ཞེས་བྱ་བ་ནི་དམིགས་པ་དང་བཅས་པར་འགྱུར་རོ། །མིག་ལ་སོགས་པའི་བློ་དམིགས་པའི་རྒྱུ་ཉིད་ཡིན་ན་ཐལ་བ་ཅི་ཡོད་ཅེ་ན། གང་ཞིག་ཅེས་བྱ་བའོ། །དམིགས་པ་མེད་པར་གནས་པར་འགྱུར་བ་ཡང་ཡིན་ནོ་ཞེས་བཟློག་པ་རྟོགས་པར་བྱའོ། ། ཡང་གང་གིས་བཟློག་པ་རྟོགས་པར་བྱ་བ་ཡང་འགྲུབ་པར་འགྱུར་བ་མིག་ལ་སོགས་པའི་བློ་དམིགས་པ་མེད་པ་གང་དུ་མཐོང་ཞེ་ན། །ཟླ་གཉིས་རྣམ་ཅན་ཞེས་བྱ་བའོ། །གང་གི་སྐྱེད་པས་འདི་དམིགས་པར་འགྱུར་བ་ཟླ་བ་གཉིས་ཞེས་བྱ་བའི་དངོས་པོ་འདི་འགའ་ཡང་ཡོད་པ་མ་ཡིན་ནོ། །རེ་ཞིག་ཟླ་བ་གཅིག་ནི་ ཡོད་ཅེ་ན་དེས་ཅིར་འགྱུར། ཟླ་བ་གཉིས་ཀྱི་ཤེས་པ་འདི་ནི་དེ་ལ་དམིགས་པ་མ་ཡིན་ནོ། །ཅིའི་ཕྱིར་དེ་ལ་དམིགས་པར་མི་འགྱུར་ཞེ་ན་དེ་ལྟར་ལྷག་པར་ཞེན་པ་མེད་པའི་ཕྱིར་རོ། །ལྷག་པར་ཞེན་པ་ཉིད་ཀྱི་ཉེས་པ་ཡིན་ནོ་ཞེས་བྱ་བ་ཡང་ལན་མ་ཡིན་ཏེ། དེའི་རྣམ་པ་ཅན་མ་ཡིན་པའི་ཕྱིར། གལ་ཏེ་ རྣམ་པ་འདི་ཉིད་ནི་ཟླ་བ་བརྒྱའི་ཡང་ཡིན་ལ་ཟླ་བ་གཉིས་ཀྱི་ལྟ་ཅི་སྨོས་ཤེ་ན། ཟླ་བ་དུ་མ་ཡང་རྣམ་པ་མཚུངས་པ་ཡིན་མོད། འོན་ཀྱང་གཅིག་པོ་དེ་ལ་དུ་མའི་རྣམ་པ་ཅན་གྱི་ཤེས་པ་འཛིན་པར་བྱེད་པ་ཇི་ལྟར་ཡིན་ཏེ། རང་བཞིན་འདྲ་བ་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་དོ། །དེ་ལྟ་མ་ཡིན་ན་འདི་ཡང་དག་པའི་ ཤེས་པ་ཁོ་ནར་འགྱུར་རོ། །གལ་ཏེ་ཟླ་བ་ཉིད་སྐྱེ་བར་བྱེད་པ་ཡིན་ལ། ཟླ་བ་ཉིད་དུ་སྣང་བ་ཡང་ཡིན་པའི་ཕྱིར་ཇི་ལྟར་མི་འདྲ་ལྷག་པར་མི་འཛིན་པས་མི་འཁྲུལ་པར་འགྱུར་བ་མ་ཡིན་ནོ་ཞེ་ན། དངོས་པོ་གཞན་དང་ལྡན་པའི་དངོས་པོ་རང་གི་རང་བཞིན་དུ་རྟོགས་པ་ཡིན་ན་ནི་ལྷག་པར་འཛིན་པས་འཁྲུལ་པར་མི་ འགྱུར་ཏེ་དབྱིག་པ་ཅན་ནོ་ཞེས་བྱ་བར་རིགས་ཀྱི། མེད་པའི་རང་བཞིན་གྱིས་དངོས་པོ་འགའ་ཞིག་བཟུང་ན་ནི་མ་བཟུང་བ་ཁོ་ནར་འགྱུར་རོ། །དེས་ན་ཤེས་པ་དེ་ནི་དོན་དང་ལྡན་པར་སུས་ཀྱང་སྒྲུབ་པར་མི་ནུས་སོ། །རྟ་ལ་རྭ་ཅན་དུ་འཛིན་པ་བཞིན་ནོ། །ལྡན་པ་ཅན་གྱི་རྭ་ཐ་དད་པར་བཟུང་ན་ནི་ཁྱད་པར་ངེས་པར་མ་བཟུང་ན་ནི་ཁྱད་ པར་ངེས་པར་མ་ཟིན་ཡང་རྟ་མཐོང་བ་འཁྲུལ་པར་མི་གཞག་གོ། །དེ་བཞིན་དུ་ཡལ་ག་དང་ལོ་མ་ལ་སོགས་པའི་དབྱིབས་རྟོག་པ་ལ་རྡུལ་ཐ་དད་པ་རྟོགས་པ་ན་རང་བཞིན་གྱིས་ཁྱད་པར་ངེས་པར་མ་རྟོགས་ཀྱང་འཁྲུལ་པ་མ་ཡིན་གྱི། རྒྱང་རིང་པོར་གོང་བུའི་རྣམ་པར་རྟོག་པ་ནི་འཁྲུལ་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་མེད་པ་ཐ་དད་ པར་ཟླ་བ་རྟོགས་པ་ནི་དམིགས་པ་མེད་པ་ཁོ་ན་སྟེ། གཅིག་དང་མི་འདྲ་བའི་ཕྱིར་དང་གཉིས་ནི་མེད་པས་སྐྱེད་བྱེད་མ་ཡིན་པའི་ཕྱིར་རོ། །འདིར་གཞན་དག་གི་དོགས་པ་བསུ་བ་ནི་ཅི་སྟེ་རྒྱུ་ཉིད་ཀྱིས་ཞེས་བྱ་བའོ། །གལ་ཏེ་རྒྱུ་ཉིད་ཀྱིས་དམིགས་པར་བརྗོད་ན་དེའི་ཚེ་དེ་ལྟ་བུའི་རྒྱུ་མེད་པར་ཡང་འབྲས་བུའི་ཤེས་པ་ནི་ དམིགས་པ་མེད་པར་འགྱུར་གྱི། འོན་ཀྱང་ཕྱི་རོལ་གྱི་དངོས་པོ་ནི་བཟུང་བ་ཉིད་ཀྱིས་དམིགས་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །ལམ་གྱི་དོན་ནི་འདི་ཡིན་ཏེ། དེས་སྐྱེད་པ་ཉིད་འཕངས་པའི་བཟུང་བའི་དོན་སྣང་བ་ཙམ་མིན་ནམ། མདུན་དུ་གསལ་བར་སྣང་བ་ཡིན་ཏེ། གཉི་ག་ ནི་འཁྲུལ་པ་ཁ་ཡང་ཡོད་པ་ཡིན་ནོ། །དོན་ཞེས་བྱ་བ་ལ་སོགས་པ་ལ་དོན་བྱ་བ་སྔོན་པོ་ལ་སོགས་པ་མྱོང་བ་ལས་གཞན་དོན་གྱི་བདག་ཉིད་དུ་འདོད་དམ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཅིག་གོ། །འོན་ཏེ་མྱོང་བ་ཞེས་བྱ་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་སུ་བྱེད་དེ་རིགས་མཚུངས་པའི་མྱོང་བ་དེ་ཉིད་དམ་ མིན་ཞེས་བྱ་བར་རིགས་མི་མཐུན་པ་གཞན་ཡིན། ཕྱོགས་དང་པོ་ལ་སུན་འབྱིན་པ་ནི་མེད་པས་དེ་དོན་གཞན་དུ་གྱུར་པའི་ཁྱབ་པ་དང་བྲལ་བའི་ཕྱིར་རོ། །དོན་མེད་པར་འགྱུར་བར་མི་རིགས་སོ། །དེ་མེད་པས་ན་དེ་མེད་མིན། །ཞེས་ཇི་ལྟར་བརྗོད་དོ། །གང་གི་ཕྱིར་འབྲས་བུ་མེད་པར་ནི་རྒྱུ་ཞེས་བྱ་བར་མི་ འགྱུར་རོ་ཞེ་ན་ད་ལྟར་ཡང་ཕྱོགས་གཉིས་ཏེ། འབྲས་བུ་མེད་ན་རྒྱུར་འདོད་པའི་རང་བཞིན་ཉམས་པའམ། རྒྱུའི་ཐ་སྙད་གཉིས་པའི་རྒྱུ་དེ་བྱེད་པའི་ནུས་པ་དང་བྲལ་བ་ཡིན། དེ་ལ་ཕྱོགས་དང་པོ་ལ་བརྟེན་ནས་བཤད་པ་ནི་འབྲས་བུ་ཞེས་བྱ་བའོ། །རང་གི་ངོ་བོས་གྲུབ་ཅིང་རྟོགས་འགྱུར་བ་ནི་གཞན་ མེད་པས་མེད་པ་ཞེས་བྱ་བ་ནི་བབ་ཅོལ་ཡིན་ནོ། །གཞན་མེད་ན་ནི་འབྲས་བུའོ། །གཞན་མེད་པར་ནི་རྒྱུའོ། །ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ནི་བུམ་པ་མེད་པར་ཡང་སྣམ་བུ་མེད་པར་འགྱུར་བའོ། །རྣམ་པར་རྟོག་པ་གཉིས་པའི་དབང་དུ་བྱས་ཏེ་གྲུབ་པ་གསུངས་པའོ། །གལ་ཏེ་འབྲས་བུ་ཞེས་ བྱ་བའོ། །འོ་ན་གལ་ཏེ་ནུས་པ་མེད་ཀྱང་རང་གི་ངོ་བོ་མེད་པ་མ་ཡིན་ན། ནུས་པ་ཉིད་དོན་གྱི་རང་བཞིན་དུ་ཇི་ལྟར་བརྗོད་དེ། དེས་ན་འགལ་ལོ་ཞེ་ན། མི་འགལ་ཏེ་དེ་ཉིད་ཅི་ཙམ་གྱི་མཐར་ཐུག་པ་ཡིན་ཞེས་བྱ་དཔྱོད་པར་རྩོམ་པའི་ཕྱིར་རོ། །དེ་ཡང་ཕྱིས་འཆད་པར་འགྱུར་རོ། །ཡང་ན་ཕྱི་རོལ་དུ་སྨྲ་བ་ལ་ནུས་པ་ ཉིད་ཡོད་པ་ཡིན་ཏེ་ཞེས་རྣམ་པར་འཇོག་པ་ཡིན་ཏེ། བེམས་པོ་མངོན་པར་རློམ་པ་ཙམ་དུ་ཡོད་པ་ནི་བསལ་བ་མེད་པས་ན། གལ་ཏེ་དོན་བྱ་བར་ནུས་པ་མེད་པ་ཡིན་ན། སྐྲ་ལ་སོགས་པར་སྣང་བ་དང་ཁྱད་པར་མེད་པའི་ཕྱིར་རོ། །གང་དུ་ཕྱི་རོལ་གནས་པར་འགྱུར། དེའི་ཕྱིར་ཕྱི་རོལ་ལ་ལྟོས་ནས་ནི་ནུས་པ་ ཡོད་པར་བརྗོད་པ་ཡིན། དེ་ནི་རྣམ་པར་ཤེས་པ་ལ་ཡང་ཡོད་པས་ཁོ་བོ་ཅག་གི་རྙེད་པ་ཁོ་ན་ཡིན་ནོ། །དེས་ན་གལ་ཏེ་ཤེས་པ་ནི་བསལ་བ་ཉིད་ལས་ཡོད་པར་བསྙོན་དུ་མེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་དོན་གྱིས་ནུས་པ་ཡང་ཡོད་པ་ཡིན་ཏེ་དེས་ཁྱབ་པར་ན་སྐད་ཅིག་མ་དང་སྡུག་བསྔལ་བ་ལ་སོགས་པར་ གྲུབ་པས་ཡོན་ཏན་ཉིད་ཡིན་ནོ། །རྒྱུ་དང་འབྲས་བུའི་དངོས་པོ་གསལ་བ་ལ་སྐད་ཅིག་མ་ཉིད་ཇི་ལྟར་འགྲུབ་པ་དེ་ནི་ཕྱིས་འཆད་པར་འགྱུར་རོ། །འདིས་ནི་ཕྱོགས་དང་པོ་བསལ་ནས་གཉིས་པའི་རྣམ་པར་རྟོག་པ་གཉིས་སློང་བ་ནི་ཅི་སྟེ་ཞེས་བྱ་བའོ། །རབ་རིབ་ལ་སོགས་པའི་ཤེས་པ་ནི་དེ་རབ་ཏུ་མ་ཞི་བའི་ བར་དུ་རྒྱུན་དུ་འཇུག་པ་ཁོ་ནའོ། །རྨི་ལམ་གྱི་ཤེས་པ་རྒྱུན་ཅུང་ཟད་འཇུག་པ་ཡིན་གྱི་སྐད་ཅིག་གཅིག་ཉིད་འབྱུང་བ་ནི་མ་ཡིན་ནོ། །རྒྱུན་ཅུང་ཟད་འཇུག་པ་ནི་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་ཀྱང་ངེས་པར་བྱ་མི་ནུས་ཏེ། གློག་གི་ཤེས་པ་བདེན་པའི་ཡུལ་ཅན་དུ་འདོད་པ་ཡང་། རྨི་ལམ་གྱི་ཤེས་པའི་དུས་སུ་རྗེས་སུ་ འབྲེལ་པ་ནི་མ་ཡིན་ནོ། །གློག་གི་ཐུན་མོང་ཡིན་ནོ་ཞེ་ན། རབ་རིབ་ཅན་གྱི་ཚོགས་ལ་ཟླ་བ་གཉིས་ཀྱང་ཐུན་མོང་ཁོ་ནའོ། །དེར་ནི་ཐུན་མོང་ལྷག་པར་ཞེན་པ་ཙམ་ཡིན་གྱི། ཤེས་པའི་རྣམ་པའི་དངོས་པོ་ནི་ཐུན་མོང་མ་ཡིན་པ་ཁོ་ནའོ་ཞེ་ན། གཞན་དུ་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ལ་ནི་རྟག་ཏུ་དངོས་པོ་ལ་རེག་པ་ཚད་ མ་ཡིན་ནོ། །དེའི་ཕྱིར་དེའི་རིགས་ཅན་གྱི་ཤེས་པ་སྐྱེ་བ་དོན་དམ་པ་ཡིན་ནོ་ཞེས་བྱ་བ་དེ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་ཐ་མ་བརྗོད་པ་ནི། ཅི་སྟེ་རེག་པ་ལ་སོགས་པའི་ཤེས་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྟེ་དོན་བྱ་ཞེས་འབྲེལ་ཏོ། །དེ་ཡང་མི་བདེན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སུན་འབྱིན་པ་སྟེ་གོ་བར་སླའོ། །དེ་འདི་ སྙམ་དུ་རང་ཉིད་འོལ་མ་སེའི་ཕུང་པོར་ཐེ་ཚོམ་ཟ་བའི་མེ་ནི་དུ་བ་གཞན་མཐོང་བས་ཡོད་པར་ཇི་ལྟར་མི་འགྱུར་སྙམ་ན། གཟུགས་རང་ཉིད་མྱོང་བ་ཡང་ངོ་གཞན་མྱོང་བ་ལ་ནི་རེག་བྱ་མྱོང་བ་ལའོ། །མི་ལ་ནི་ཕྱིས་ཐེ་ཚོམ་ཟ་ན་མངོན་སུམ་ཉིད་དེ་དེས་ན་དེའི་དུ་བ་ལ་ལྟོས་པར་རིགས་ཀྱི་ཐེ་ཚོམ་མེད་ན་ནི་གལ་ཏེ་རང་མྱོང་བ་ ཡང་ཡིད་ཆེས་པ་མེད་ན་གཞན་མྱོང་བ་ལ་སྨོས་སུ་ཅི་ཡོད་དེ། དུ་བ་བརྒྱ་མྱོང་ཡང་ངོ་། །དེ་མྱོང་བ་ཁྱབ་པ་འཛིན་པ་ལ་མོས་པའི་ཕྱིར་རོ། །ཡང་ན་གལ་ཏེ་མངོན་སུམ་གྱི་མེ་ལ་ཡང་ཡིད་མི་ཆེས་ན་དུ་བ་ཡང་མངོན་སུམ་ཁོ་ན་ཡིན་པས་ཡིད་ཆེས་པ་ཁོ་ནའོ། །དེའི་ཕྱིར་རིགས་པ་མཚུངས་པ་ཉིད་ཀྱིས་རང་མྱོང་བ་ ལ་ཡང་ཡིད་ཆེས་ན། གཞན་གྱི་མྱོང་བ་ལ་ཡང་སྟེ་ཤེས་པ་ལ་སྨོས་སུ་ཅི་ཡོད། གཟུགས་སྣང་བ་ལ་ཐེ་ཚོམ་མི་ཟ་སྟེ་གྲུབ་པའི་ཕྱིར་རོ། །གཞན་ནི་མ་དམིགས་པ་སྤངས་པའི་ཕྱིར་རོ། །འོན་ཏེ་གཟུགས་ཀྱི་ཕྱི་མཐོང་བ་ལས་རེག་པ་དང་ལྷན་ཅིག་རྒྱུ་བ་དང་མི་རྒྱུ་བ་ཐེ་ཚོམ་གྱི་ཡུལ་ ཡིན་ཞེ་ན། དེ་ལྟ་ན་ཡང་ཁྱད་པར་རྣམ་པར་གཞག་པ་རེག་པ་ལས་ཡིན་གྱི་གཟུགས་དེ་ཉིད་ཡོད་པར་ནི་མ་ཡིན་ནོ། །རེག་བྱ་དང་ལྷན་ཅིག་ཡོད་པའི་གཟུགས་འདི་ལ་གཟུགས་སུ་བརྗོད་དོ་ཞེ་ན། རེ་ཞིག་སྣང་བ་ནི་བསྙོན་པར་མི་ནུས་སོ། །གལ་ཏེ་གཟུགས་སོ་ཞེས་བྱ་བ་མི་བརྗོད་པ་དེ་ཙམ་གྱིས་དེ་དེ་ཉིད་ལ་ ཉམས་པར་འགྱུར་རམ། དེ་ལྟ་མ་ཡིན་ན་ཤེས་པའི་རྣམ་པ་ཉིད་ལ་གཟུགས་སུ་བརྗོད་དོ་ཞེས་སྨྲ་བར་ནུས་སོ། །དེའི་ཕྱིར་རེག་པའི་ཤེས་པ་མེད་ཀྱང་གཟུགས་ལས་ཉམས་པ་མེད་དོ། །དེ་ལྷན་ཅིག་སྤྱོད་པའི་སྤྱི་ཡོད་པ་ནི་རེག་པའི་ཤེས་པ་ལས་འགྲུབ་པའམ། ཡང་ན་དེ་ལས་དེ་ཡང་ཡོད་པར་མི་འགྲུབ་པའོ། ། ཅིའི་ཕྱིར་ཞེ་ན། དེ་མྱོང་ལ་ཡང་སྟེ་རེག་པ་མྱོང་བ་ལ་ཡང་མི་བདེན་པར་ཏེ། མི་བདེན་པའི་ཡུལ་ཅན་ཉིད་དུ་དོགས་པར་ཇི་ལྟར་མི་འགྱུར་ཏེ། རེག་པ་ཡོད་པས་རང་དང་ལྷན་ཅིག་སྤྱོད་པའི་གཟུགས་བདེན་པར་རྟོགས་པར་བྱ་བ་ཡིན་ན། རེག་པ་དེ་ཡང་ཡོད་པར་ད་རུང་མ་གྲུབ་པའི་ཕྱིར་གཞན་གྱི་སྒྲུབ་པར་བྱེད་པར་ ཇི་ལྟར་འགྱུར། དེ་ཉིད་གསལ་བར་བྱེད་པ་ནི་ལུས་ཀྱི་ཞེས་བྱ་བ་ལ་སོགས་པའོ། །ཡང་ན་རེག་པ་དེ་མྱོང་བ་ལ་ཡང་གཟུགས་མི་བདེན་པར་དོགས་པར་ཇི་ལྟར་འགྱུར་བ་མ་ཡིན་ཏེ། དོགས་པར་འགྱུར་བ་ཁོ་ནའོ། །རེག་པ་མྱོང་བ་བདེན་ན་ཡུལ་ཅན་དུ་མ་གྲུབ་པའི་ཕྱིར་རོ། །མིག་གི་ཡུལ་ལ་དོགས་པ་འདིར་ འགྱུར་གྱི། རེག་པ་ལ་ནི་མ་ཡིན་ནོ་ཞེ་ན། ལུས་ཀྱི་མྱོང་བ་ཞེས་བྱ་བའོ། །གཞན་གྱིས་སྨྲས་པ། གལ་ཏེ་རེག་པ་མྱོང་བར་འགྱུར་བ་དེར་དེ་ནི་དོན་ཡིན་ནོ་ཞེས་ཚིམ་པའམ་ཡང་དོགས་པ་སྟེ་དེས་བྱས་པས་ཚིམ་པ་སྟེ། དེས་ན་ཁྱད་པར་ཡོད་དོ་ཞེ་ན། རྒོལ་བས་སྨྲས་པ་ནི་ཡོངས་སུ་ཚིམ་པ་དེ་ག་ལས་ཞེས་བྱ་བ་ སྟེ། གཅིག་ཏུ་འགྱུར་བ་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བ་ལས་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །བྱིས་པ་བཞིན་དུ་མ་དཔྱད་པར་ཡོངས་སུ་ཚིམ་པ་ནི་འདིར་བརྗོད་པར་བྱ་བ་མ་ཡིན་ནོ། །རྣམ་པར་བརྗོད་པ་ལ་ནི་གཉི་ག་ཡང་དོན་དུ་སྣང་བར་མཚུངས་སོ། །དགོས་པའི་ཕྱོགས་ལ་ནི་ཡང་ཇི་ལྟར་མཐོང་བ་འགའ་ ཞིག་ལ་རེག་པའི་འབྲས་བུའི་མཐར་ཐུག་པ་མེད་པ་དེ་བཞིན་དུ་རེག་པ་འགའ་ཞིག་ལ་ཡང་མཐོང་བ་ཡོད་པ་མ་ཡིན་པའི་ཕྱིར་མཚུངས་སོ། །དབང་པོའི་སྒོ་ནས་ཁྱད་པར་ཡོད་པ་ཡིན་ནོ་ཞེས་རྣམ་པར་འགྲེལ་པ་བཤད་པ་ནི་ཇི་ལྟར་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའོ། །གལ་ཏེ་མིག་ལ་རབ་རིབ་ལ་སོགས་ པ་ཡོད་པ་ལྟར་རེག་པར་བྱེད་པ་ལ་ནི་མ་ཡིན་ཏེ། དེས་ན་མཚུངས་པ་ཇི་ལྟར་རྟོགས་སྙམ་ན། རབ་རིབ་ལ་སོགས་པས་ཞེས་སོགས་པའི་སྒྲས་བསྡུས་པ་ཉིད་འཆད་པ་ནི་མཁྲིས་པའི་རིམས་ཀྱིས་ཞེས་བྱ་བའོ། །དེས་ན་མིག་དང་ལུས་ཀྱི་མྱོང་བ་གཉིས་ལ་ཁྱད་པར་ཅི་ཡང་མེད་དོ། །གལ་ཏེ་དོན་དེར་ཚིམ་ཞེ་ན་ ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་ཡོངས་སུ་ཚིམ་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་སྟེ། ཁྱད་པར་ཡོད་དོ་ཞེས་བྱ་བ་བསམས་པའོ། །ལམ་གྱི་གྲང་བའི་དུས་སུ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་ཉེས་པ་གཞན་སོགས་པའོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་པར་རྟོག་པ་དང་པོ་ལ་ནི་དོན་མེད་པ་ཉིད་ བཤད་པའོ། །རྣམ་པར་རྟོག་པ་གཉིས་པ་ལ་ནི་ཕྱེད་ཕྱི་མས་བསྟན་པའི་ནུས་པ་མེད་པ་ཉིད་མྱོང་བས་གྲུབ་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པས་བཅད་དོ། །འདིར་ཡང་གཞན་པའི་ཞེས་བྱ་བ་ལ་སོགས་པ་རྣམ་པར་འགྲེལ་པ་ནི་མྱོང་བ་ལས་ཐ་དད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་ པ་ཡིན་ནོ། །ཡོངས་སུ་ཚ་བ་མྱོང་བའི་བདག་ཉིད་ཡིན་ན་ནི་ལྷག་པར་ཅུང་ཟད་ཀྱང་མ་བརྗོད་པར་འགྱུར་རོ། །དེས་ན་གཞན་གྱིས་ཡོངས་སུ་ཚིམ་པ་དེ་ལས་གཞན་ཁོ་ནར་ཁས་བླངས་དགོས་སོ། །དེ་ཡང་ཅི་དགོས་དྲིས་པ་ན་གཞན་གྱི་དོན་སྒྲུབ་པར་བྱེད་དོ་ཞེས་སྨྲས་ཏེ་དགོས་སོ་ཞེས་འབྲེལ་ཏོ། །ལམ་དུ་ཇི་ལྟར་ གཞན་གྱིས་གཞན་འགྲུབ་ཅེས་གསུངས་སོ། །ཇི་ལྟར་ཡོངས་སུ་ཚིམ་པ་གཞན་དོན་གཞན་གྱི་གྲུབ་པའི་རང་བཞིན་ནམ་གྲུབ་པའི་རང་བཞིན་ཇི་ལྟར་འགྱུར། རིགས་པ་ནི་རང་ཉིད་གྲུབ་པའི་ངོ་བོ་ཉིད་ཡིན་ན་ཚད་མའི་འབྲས་བུ་རྣམ་པར་གནས་པའི་སྒྲུབ་པར་བྱེད་པ་ཡང་ཡིན་ནོ། །ཐ་དད་པ་མེད་པར་སྨྲ་ བ་ལ་ནི་གཞལ་བྱ་ཡང་དེ་ཉིད་ཡིན་ནོ་སྙམ་དུ་དགོངས་པའོ། །འོ་ན་ཡོངས་སུ་ཚིམ་པ་ཡང་དངོས་པོ་མེད་ན་མི་འབྱུང་བས་དེའི་གྲུབ་པར་བྱེད་པར་འགྱུར་རོ། །འདི་ལྟར་རིགས་པ་ཡང་དངོས་པོ་དང་མེད་ན་མི་འབྱུང་བ་ཉིད་ཀྱིས་དེ་ལྟར་འགྱུར་བ་ཡིན་ནོ་སྙམ་དུ་དོགས་པ་ནི་འབྲེལ་པའི་ཕྱིར་རོ། །ལན་ནི་ འབྲེལ་པ་གང་གིས་འགྲུབ་ཅེས་བྱ་སྟེ། ཡོངས་སུ་ཚིམ་པའམ་རིགས་པ་ལས་ཡིན་ཞེས་བྱ་བར་བསམས་པའོ། །ཕྱོགས་དང་པོའི་དོགས་པ་བསུ་ནས་ཡོངས་སུ་ཚིམ་པ་དེའི་འབྲེལ་པ་གང་ཡོངས་སུ་ཚིམ་པ་གཞན་ལས་ཡིན་ནོ་ཞེས་ཐུག་པ་མེད་པ་ཉིད་གསལ་བར་བྱས་པ་ཡིན་ནོ། ། ཕྱོགས་གཉིས་པ་ལ་ཡོངས་སུ་ཚིམ་པ་མེད་པར་མྱོང་བ་ཉིད་དོན་དང་འབྲེལ་པའི་གྲུབ་པར་བྱེད་པ་ཡིན་པའི་ཕྱིར། མྱོང་བའི་ནུས་པ་ལ་གེགས་བྱེད་པ་སུ་བྱེད། དེས་ན་ཡོངས་སུ་ཚིམ་པ་དང་པོ་ལ་དོན་མེད་དོ། །དེ་ལྟ་ཡིན་མོད་སྙམ་ན། དེ་ལ་ཡང་ཞེས་སྨོས་སོ། །དེ་གང་ཡང་ཡིན་སྙམ་ན་གལ་ཏེ་ཉམས་ སུ་མྱོང་བ་ལས་ཞེས་བྱ་བའོ། །སྔར་ཉམས་སུ་མྱོང་བ་ལས་ཞེས་བྱ་བ་ནི། གཟུགས་རིག་པ་ལས་སོ། །དེས་ན་འཁྲུལ་པ་དང་། མ་འཁྲུལ་པ་ཁྱད་པར་མེད་དོ་ཞེས་བྱ་བར་འགྲུབ་པོ། །གལ་ཏེ་འཁྲུལ་པ་ལ་ཡང་ཡོད་པའི་ཕྱིར་ཡོངས་སུ་ཚིམ་པ་ཉིད་དེ་སྒྲུབ་པར་བྱེད་པ་མ་ཡིན་ནོ། །ཡོངས་སུ་ཚིམ་པ་མ་ ཡིན་པའི་རྒྱུ་སྦྲུལ་ལ་སོགས་པ་དངོས་པོ་མེད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དོན་སྒྲུབ་པར་བྱེད་པ་ནི་ལྷག་པར་མོས་པ་ཡིན་ནོ། །ཇི་སྲིད་དུ་འདི་ནི་དོན་ཉིད་དོ་སྙམ་དུ་ལྷག་པར་ཞེན་པ་བརྟན་པ་དེ་ཐམས་ཅད་ནི་དོན་ཉིད་ཡིན་ལ། དེ་ནི་གནས་སྐབས་ཀྱི་ཁྱད་པར་ལ་ལྟོས་ནས་ཕན་པ་དང་གནོད་པ་དང་། གཉི་ ག་མ་ཡིན་པར་སྒྲུབ་པར་བྱེད་པ་ཐམས་ཅད་ལ་མཐོང་བ་ཡིན་ནོ། །དེས་ན་འདི་ལ་ཡོངས་སུ་ཚིམ་པའམ། དོན་མྱོང་བས་ཅི་ཞིག་བྱ་སྙམ་ན་འདི་ནི་ཞེས་གསུངས་སོ། །མོས་པར་མྱོང་བ་ལས་གཞན་ནམ་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་རྟོགས་པར་སླའོ། །འོན་ཏེ་མྱོང་བ་ནི་སྤྱི་ཡིན་ལ། ལྷག་པར་ ཞེན་པ་བརྟན་པའི་མོས་པ་ནི་ཁྱད་པར་གྱི་རང་བཞིན་ནོ་ཞེ་ན། རང་གི་རང་བཞིན་མྱོང་བ་ལས་མ་གཏོགས་པའི་བརྟན་པ་ཞེས་བྱ་བ་འདི་ཅི་ཞིག་གཡོ་བ་མེད་པའོ་ཞེ་ན་གཡོ་བ་ཡང་རང་གི་ངོ་བོ་རིག་པ་ལས་གཞན་མ་ཡིན་པ་མ་ཡིན་ནམ། དེ་ཡང་རེ་ཞིག་སྔ་མའི་ནི་མ་ཡིན་ཏེ། དེ་ལ་ནི་རང་གི་ངོ་བོའི་རིག་པ་ ལས་རྣམ་པ་གཞན་མེད་པའི་ཕྱིར་རོ། །ཕྱི་མའི་ཡང་དེ་ཡང་རང་གི་ཡུལ་འཛིན་པ་ལས་ཉམས་པ་མེད་པའི་ཕྱིར་རོ། །འདི་གཡོས་ཀྱང་སྔ་མ་ལས་ཅིས་ཡང་མི་འགྱུར་རོ། །ཕྱིས་གཞན་དུ་རིག་པ་ན་དེ་ལ་གཡོ་བ་ཉིད་དུ་འཇོག་ན། སྔ་མས་གཞན་དུ་རིག་པས་ཕྱི་མ་ཡང་དེ་ལྟར་འགྱུར། འཁྲུལ་ པ་དང་མ་འཁྲུལ་པ་དག་རིམ་གྱིས་འབྱུང་བའི་ངེས་པ་ཡང་མེད་པའི་ཕྱིར་ཏེ། ཕྱིས་རབ་རིབ་ཅན་དུ་གྱུར་པ་བཞིན་ནོ། །འདིས་ནི་གནོད་པར་བྱ་བ་དང་། གནོད་པར་བྱེད་པའི་དངོས་པོ་སྐབས་སུ་བྱེད་པ་ཡང་གསལ་བ་ཡིན་ནོ། །རྒྱས་པར་ནི་ལེའུ་དང་པོར་བཤད་ཟིན་པའི་ཕྱིར་ན་རེ་ཞིག་གཞག་གོ། ། དེས་རྣམ་པ་འདི་ལྟ་བུ་དག་ལ་ནི་ལྷག་པར་མོས་པ་ལ་བརྟེན། གཞན་མད་ཀྱང་དེས་ཡང་དཔྱད་པ་ཡིན་ནོ། །གཞན་ཡང་རང་གི་ངོ་བོ་མངོན་སུམ་དུ་བྱེད་པའི་མྱོང་བ་ནི་གཡོ་བ་ཡིན་ལ་དོན་གྱིས་སྟོང་པའི་རྣམ་པར་རྟོག་པ་ལྷག་པར་མོས་པའི་སྒྲས་བརྗོད་པར་བྱ་བ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ལ་སུ་ཞིག་དད་པར་བྱེད་ དེ། ཚད་མས་བསལ་བའི་བདག་ལ་སོགས་པ་ལ་ཡང་ལྷག་པར་མོས་པ་སྲིད་པའི་ཕྱིར་རོ། །དེའི་ཕྱིར་མོས་པ་ཉིད་དོན་ཐམས་ཅད་ཀྱིས་སྒྲུབ་པར་བྱེད་པ་ཡིན་གྱི། ཡོངས་སུ་ཚིམ་པ་ལ་སོགས་པ་གཞན་གྱི་མ་ཡིན་ནོ་ཞེས་བྱ་བ་ནི་རིག་པར་བརྗོད་པ་ཡིན་ནོ། །ཡང་ན་མྱོང་བ་ཀུན་དོན་གྱིས་སྒྲུབ་པར་བྱེད་ པ་ཁོ་ན་ཡིན་ཏེ། གཞན་འགས་ཀྱང་གནོད་པ་འམ་ཕན་འདོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་ཞེས་བྱ་བ་ལ་སོགས་པས་འཁྲུལ་པ་དང་མ་འཁྲུལ་པའི་ཐུན་མོང་དུ་གྱུར་པ་རྣམ་པར་རྟོག་པའི་ཁྱད་པར་གྱི་བདག་ཉིད་ཀྱང་མ་འཁྲུལ་པར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གཞན་ཡང་ཞེས་བྱ་བ་ ལ་སོགས་པའི་དོན་འདི་ཡིན་ཏེ། གང་གིས་དེ་དག་ཉིད་དོན་རྣམ་པར་འཇོག་པར་བྱེད་པ་ཡིན་ལ་མྱོང་བ་ནི་བྱ་བ་མེད་པར་འགྱུར་རོ། །དོན་མྱོང་བ་ལ་སྔར་ནི་འདོད་པ་ལ་སོགས་པ་ཡོད་པ་མ་ཡིན་ནོ། །འོན་ཀྱང་མྱོང་བས་དོན་གནས་པར་བྱས་ལ་དེ་དག་སྐྱེ་བ་ཡིན་ནོ། །གང་ཡང་སློབ་དཔོན་ཆོས་མཆོག་གིས་ཕྱི་ རོལ་གྱི་དོན་ཡོད་པར་གྲུབ་པར་རྒྱུན་གྱིས་འཇུག་པའི་དོན་བྱེད་པར་མ་འཁྲུལ་པའི་གྲུབ་བྱེད་དུ་བསྟན་པ་དེ་ཡང་འདི་ཉིད་ཀྱིས་གསལ་བ་ཡིན་ཏེ། དོན་བྱ་བ་ཅི་དོན་གྱི་བདག་ཉིད་ཡིན་ནམ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་གསུམ་བསལ་བས་ན་དོན་བྱེད་པ་ལྷག་པར་མོས་པ་ཙམ་དུ་གནས་པར་འགྱུར་ བའི་ཕྱིར་རོ། །དེ་ལྟར་དམིགས་པ་མེད་པའི་ཤེས་པ་དང་ཁྱད་པར་བྱེད་པ་ཁོ་ན་ཡིན་ནོ། །མེད་མེད་པའི་ཕྱིར་རྣམ་པར་ཤེས་པ་འགའ་ཞིག་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་བཟློག་པ་ཡིན་ནོ། །ད་ནི་གཞན་དག་རྣམ་པར་ཤེས་པ་ཐམས་ཅད་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་སྨྲས་པ་ནི་ ཅི་སྟེ་ཡང་ཞེས་བྱ་བའོ། །དེ་ཉིད་རྒོལ་བའི་དོགས་པ་བསུ་བ་ནི་ཚད་མ་དང་ཞེས་བྱ་བའོ། །འཇིག་རྟེན་ཞེས་བྱ་བ་ནི་ལན་ནོ། །རྣམ་པར་དབྱེ་བ་འདི་ནི་ཅི་ལྟར་ཤེས་ཞེས་བྱ་བའི་རྒོལ་བའིའོ། །གང་ལས་འཇིག་རྟེན་པའི་དོན་གྱི་ཡུལ་ཅན་ནི་ཚད་མ་ཡིན་ལ། གཞན་ནི་ཚད་མ་མ་ཡིན་ ནོ་ཞེས་ངེས་པར་འགྱུར་བ། ཐམས་ཅད་དམིགས་པ་དང་བཅས་པ་ཉིད་ལ་འདི་ནི་འཇིག་རྟེན་པ་ལ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་ཇི་ལྟར་འགྱུར། གཞན་གྱི་གནོད་བྱེད་ཅིག་ཤོས་དང་བཅས་འབྲེལ་ཕྱིར་ཞེས་སྨྲས་སོ། །གང་ལ་གནོད་པ་ཡོད་པ་དེ་ནི་འཇིག་རྟེན་པ་མ་ཡིན་པ་ཡིན་ལ། གང་ལ་ སྒྲུབ་པའི་ཚད་མ་གཞན་ནམ། རྗེས་ལས་སྐྱེས་པའི་ནི་ལྷག་པར་ཞེན་པར་མི་འགྱུར་བ་ཡོད་པ་དེ་ནི་འཇིག་རྟེན་པ་ཡིན་ནོ། །གང་གིས་ཞེས་བྱ་བ་ནི་རྒོལ་བའིའོ། །སྨིག་རྒྱུའི་ཚོགས་ཐོབ་པའི་མཚན་ཉིད་ཆུར་སྒྲོ་འདོགས་པ་ལ་གནོད་པར་བྱེད་པའི་ཤེས་པ་གང་ཡིན་པ་དེ་ཉིད་གནོད་པར་བྱེད་པ་ག་ལས་ ཡིན་ན་དེ་བཞིན་དུ་གཅིག་ཤེས་པ་ལ་ཡང་བརྗོད་པར་བྱའོ། །དེ་ལ་གལ་ཏེ་གནོད་བྱེད་ཅིག་ཤོས་ཡོད་པ་ལས་སོ་ཞེ་ན་དེའི་ཚེ་ཐུག་པ་མེད་དོ། །ཇི་ལྟར་སྒྲུབ་པར་བྱེད་པར་རིགས་མཐུན་པའམ་མི་མཐུན་པའི་སྒྲུབ་པར་བྱེད་པ་གཞན་ལ་ལྟོས་ནས་སྒྲུབ་པར་བྱེད་པ་ཉིད་དུ་ངེས་པར་བྱེད་པ་དེ་བཞིན་དུ། གནོད་ པར་བྱེད་པ་ཡང་རིགས་མཐུན་པའམ་མི་མཐུན་པའི་གནོད་པར་བྱེད་པ་གཞན་ལ་ལྟོས་ནས་གནོད་པར་བྱེད་པ་ཡིན་པར་འགྱུར་ལ། དེ་ཡང་དེ་བཞིན་དུ་སྒྲུབ་པར་བྱེད་པ་དང་གནོད་པར་བྱེད་པ་གཞན་ལ་ལྟོས་ནས་དེ་འདྲ་བར་འགྱུར་རོ། །དེ་བཞིན་དུ་གཞན་དང་གཞན་ལ་ལྟོས་པ་ན་མཐར་ཐུག་པ་མེད་དོ། ། དོན་བྱ་བ་སྣང་བས་ཀྱང་མཐར་ཐུག་པ་མ་ཡིན་ཏེ། དེ་ལ་ཡང་འཇིག་རྟེན་པ་མ་ཡིན་པའི་དོན་སྣང་བ་མཐོང་བའི་ཕྱིར་ཇི་ལྟར་ཐེ་ཚོམ་ལྡོག །དེས་ན་གལ་ཏེ་ལྷག་པར་མོས་པ་ཙམ་ལ་མི་བརྟེན་ན་དེའི་ཚེ་སྒྲུབ་པར་བྱེད་པ་དང་། གནོད་པར་བྱེད་པ་གཞན་ཚོལ་བས་ཐུག་པ་མེད་པ་ཁོ་ནའོ། །ད་ནི་ཐུན་མོང་ དང་ཐུན་མོང་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་དང་ཅིག་ཤོས་གནས་པར་བྱེད་པའི་དོགས་པ་བསུ་བ་ནི། གལ་ཏེ་ཐུན་མོང་བ་ཞེས་བྱ་བའོ། །སུན་འབྱིན་པར་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་རིག་པ་སྟེ། ངེས་པ་ཡོད་པ་མ་ཡིན་ཏེ་དེས་ན་མ་གྲུབ་པའི་ཕྱིར་དེ་ཡང་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ཅིའི་ཕྱིར་ཞེ་ན། གང་ཕྱིར་ཐུན་མོང་བ་ལ་སོགས་པ་ལ་མངོན་སུམ་དང་རྗེས་སུ་དཔག་པ་ཡོད་པ་མ་ཡིན་པས་སོ། །འདི་ལ་ཡང་གཏན་ཚིགས་སུ་མངོན་སུམ་གྱིས་ཞེས་བྱ་བའོ། །རྗེས་སུ་དཔག་པ་མི་འཇུག་པའི་རྒྱུ་མཚན་ཡང་འདི་ཉིད་ཡིན་ནོ་ཞེས་གཞུང་ཕྱི་མ་འཆད་པ་ཡིན་ནོ། །རང་དང་གཞན་གྱིས་ རིག་པར་བྱ་བ་མངོན་སུམ་གྱིས་མ་བཟུང་བར་བསྟན་ནས་རྗེས་སུ་དཔག་པས་ཀྱང་མ་བཟུང་བར་སྟོན་པ་གསུམ་པ་ནི་རྗེས་སུ་དཔག་པས་ཞེས་བྱ་བའོ། །གཞན་གྱི་སྤུ་ལྡང་ལ་སོགས་པ། །འབྲས་མཐོང་ཕྱིར་ན་ཞེས་བྱ་བ་གསུངས་སོ། །སྡུ་གུ་གང་ཞིག་བདག་གིས་མཐོང་བ་དེ་ཉིད་འདིས་ཀྱང་མཐོང་ངོ་ཞེས་ ཐུན་མོང་པ་ཉིད་ནི་འབྲས་བུ་སྤུ་ལྡང་བ་ལ་རྗེས་སུ་དཔག་པས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །ལན་ནི་རང་ཉིད་མཐོང་ལ་རྗེས་སུ་དཔག་པ་མེད་ཅེས་བྱ་བའོ། །འབྲས་བུ་སྤུ་ལྡང་བ་ལས་ནི་ཇི་ལྟར་འདིས་མཐོང་བ་དེ་བཞིན་དུ་འདིས་ཀྱང་མཐོང་ངོ་ཞེས་གྲུབ་ཏུ་ཆུག །ངས་མཐོང་བ་གང་ཡིན་པ་དེ་ཉིད་འདིས་ཀྱང་ མཐོང་ངོ་ཞེས་ནི་རྟོགས་པར་མི་ནུས་ཏེ། དེ་དང་འདྲ་བར་མཐོང་བ་ལས་ཀྱང་སྤུ་ལྡང་བ་སྐྱེ་བའི་ཕྱིར་རོ། །གལ་ཏེ་ཡུལ་དེ་ལ་གནས་པའི་ལུས་མཛེས་པ་གཞན་དག་རེ་རེ་ཁོ་ནས་མཐོང་བར་ཇི་ལྟར་འགྱུར་སྙམ་ན། འོ་ན་རབ་རིབ་ལ་སོགས་པ་ལྟར་བག་ཆགས་མཚུངས་པར་སད་པའི་སྐྱེས་པ་བདག་ཉིད་ སོ་སོར་ངེས་པའི་ཤེས་པའི་རྣམ་པ་ཉིད་ཡིན་མོད་དེ་ཇི་ལྟར་ཐུན་མོང་བ་ཉིད་ཡིན། ཚུལ་འདི་ནི་རབ་ཏུ་གྲགས་པའི་འབྲས་བུའི་རྗེས་སུ་དཔག་པ་ལ་ཡོད་པ་མ་ཡིན་ནོ་ཞེས་སྟོན་པ་ནི། འབྲས་བུ་དུ་བ་མཐོང་བ་ལས་ཞེས་བྱ་བའོ། །དཔེ་ལ་མཐོང་བའི་རང་གི་མཚན་ཉིད་ཀྱི་བདག་ཉིད་དེ་ཉིད་དོ། །ཁྱད་པར་ རིག་པ་མིན་ཞེས་བྱ་བ་ནི་མཐོང་བའི་རང་གི་མཚན་ཉིད་རིག་པ་མ་ཡིན་པའོ། །གལ་ཏེ་དཔེ་ལ་ཡོད་པ་དང་ཕྱོགས་ལ་ཡོད་པའི་དུ་བ་གང་ཡིན་པ་དེ་གཉིས་ཐ་དད་པ་ཡིན་པ་དེས་ན་ཕྱོགས་ལ་ཡོད་པའི་མེ་མི་སྒྲུབ་སྟེ་འོན་ཀྱང་སྤྱི་ཡིན་ནོ་སྙམ་དུ་དོགས་པ་ནི། དེར་དུ་བ་ཞེས་བྱའོ། །ལན་ནི་སྤུ་ལྡང་བ་ འདི་ཞེས་བྱ་བའོ། །སྤུ་ལྡང་བ་ཡང་ཐ་སྙད་པ་ཉིད་པས་ཇི་ལྟར་དེ་ལས་ཀྱང་རང་གིས་མཐོང་བ་འགྲུབ་ཅེས་བྱ་བའི་དོན་ཏོ། །འོ་ན་གཅིག་ཏུ་མངོན་པར་ཞེན་པ་ལས་ཐུན་མོང་པ་ཉིད་དུ་འགྲུབ་པོ་ཞེས་གཅིག་ཏུ་མངོན་པར་ཞེན་པ་ཡང་གསུངས་སོ། །གཅིག་ཉིད་དུ་མངོན་པར་ཞེན་པ་ཡང་ཤེས་ པ་ལས་གཞན་མ་ཡིན་ཏེ། འོན་ཀྱང་དེ་གཅིག་ཏུ་མངོན་པར་ཞེན་པ་དེ་ནི་རིག་པ་སྟེ། ཤེས་པ་ཁོ་ནའོ། །དེ་ནི་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལ་ཡང་ཡོད་པའི་ཕྱིར་དེ་ལས་ཀྱང་ཐུན་མོང་བ་ཉིད་ཀྱང་ཇི་ལྟར་འགྲུབ་སྙམ་ན་དགོངས་པའོ། །ཚིག་ལེའུར་ བྱས་པ་འདི་ཉིད་བཤད་པའི་ཕྱིར་དོགས་པ་བསྡུ་བ་ནི་གལ་ཏེ་ག་ལ་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་ལན་ནོ། །འདི་ཉིད་བསལ་བར་བྱེད་པ་ནི་དེ་ལ་ཡང་ཞེས་བྱ་བ་སྟེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལ་ཡང་། གལ་ཏེ་དེ་ལྟར་ན་ཡང་རབ་རིབ་ཅན་གྱིས་དམིགས་པ་ནི་ བུམ་པ་ལ་སོགས་པ་ནི་ཐམས་ཅད་ཀྱི་ཐུན་མོང་ཡིན་ནོ་སྙམ་དུ་དོགས་པ་ན་གཞན་ཡང་ཞེས་གསུངས་སོ། །གཞན་ཞིག་གིས་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་སོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིས་དོགས་པའོ། །འདི་ལ་ཚད་མ་མེད་དོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །སྐྱེས་བུ་གཉིས་པས་ཀྱང་ དེ་ཉིད་ཇིག་པའོ་ཞེས་བྱ་བ་འདི་ལ་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཐམས་ཅད་ཀྱིས་ལྟ་ཅི་སྨོས་བུམ་པ་ལ་སོགས་པ་ནི་ཐུན་མོང་དུ་གྲུབ་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི་རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཚབས་ཆེར་ཉམས་པར་གྱུར་ན་ཐམས་ཅད་ལ་མདོག་དང་དབྱིབས་མི་ མངོན་པར་དུད་ཁའི་རྣམ་པ་ཉིད་དུ་མཐོང་བ་ཡིན་ཏེ། དཔེར་ན་བུམ་པ་ལ་སོགས་པ། ཐུན་མོང་སྣང་བ་མ་ཡིན་ནོ། །ཞེས་བྱ་བར་དགོངས་པའོ། །གལ་ཏེ་དབང་པོ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཐུན་མོང་བ་ཉིད་མ་ཡིན་པའི་སྐྱོན་མེད་དོ་ཞེ་ན། དབང་པོའི་ཞེས་བྱ་བ་ནི་ལན་ནོ། །མི་བདེན་ པའི་ལན་ཞེས་བྱ་བ་ནི་གཞན་གྱིའོ། །འདི་ནི་ཞེས་བྱ་བ་ནི་སུན་འབྱིན་པའོ་སྙམ་པ་མིན་ན་ཞེས་བྱ་བ་ནི་དེ་ཉིད་བསལ་བར་བྱེད་པའོ། །གང་གི་ཕྱིར་དེ་ལྟ་བུར་ཐུན་མོང་བ་ཉིད་མ་གྲུབ་པ་དེས་ནའོ། །ཅུང་ཟད་ཀྱང་ཞེས་བྱ་བ་ནི་གཞན་གྱིས་དམིགས་པར་བྱ་བ་ལ་ལྟོས་པའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། ། གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །མངོན་སུམ་ཉིད་ཀྱིས་དམིགས་པར་བྱ་བ་ལ་སོགས་པ་ཡིན་ནོ། །ཅིའི་ཕྱིར་གང་ཞིག་གིས་ཀྱང་ཞེ་ན། གཞན་གྱིས་དམིགས་པར་བྱ་བས་ཞེས་བྱ་བ་ལ་སོགས་པའོ། །འདིར་དོན་ནི་འདི་ཡིན་ཏེ། གང་ཞིག་གང་གིས་རང་བཞིན་དུ་མ་དམིགས་པ་ དེ་ནི་དེའི་རང་བཞིན་དུ་རྣམ་པར་གཞག་པར་བྱ་བ་ཡིན་ཏེ། དཔེར་ན་སྔོན་པོ་ལ་སེར་པོའི་རང་བཞིན་བཞིན་ནོ། །སྣང་བ་ཡང་གཞན་གྱིས་དམིགས་པར་བྱ་བ་ཉིད་དུ་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དམིགས་པའོ། །མ་གྲུབ་པ་ནི་མ་ཡིན་ཏེ། ཆོས་ཅན་སྣང་བ་ལ་གཞན་གྱིས་དམིགས་པར་བྱ་བ་ཉིད་ མ་དམིགས་པར་གྲུབ་པའི་ཕྱིར་རོ། །དེས་ན་མེད་པར་ངེས་པ་ཉིད་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ནི་རྟོགས་པའོ། །ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་བལྟ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་གཞན་གྱིས་དམིགས་པར་བྱ་བའི་རང་བཞིན་གཞན་གྱི་ཡུལ་མ་ཡིན་ནོ། །འོ་ན་གཞན་ དེས་གཞན་གྱིས་དམིགས་པར་བྱ་བའི་རང་བཞིན་དམིགས་པར་ཇི་ལྟར་འགྱུར་ཏེ་མི་དམིགས་པ་ཁོ་ནའོ། །དེའི་ངོ་བོར་ཞེས་བྱ་བ་ནི་གཞན་གྱིས་དམིགས་པར་བྱ་བའི་རང་བཞིན་གྱིས་ཐ་དད་པའི་ངོ་བོའོ། །འོ་ན་ཅི་ཞིག་མི་དམིགས་ཤེ་ན། གཞན་གྱིས་དམིགས་བྱ་ཉིད་དུ་ནི། །ཞེས་གསུངས་སོ། ། འདི་བཟློག་པའི་རྣམ་པར་རྟོག་པ་ནི་དེའི་ངོ་བོ་ལས་ནི་དངོས་པོའི་ངོ་བོ་ལས་སོ། །ཕྱོགས་གཉིས་པ་ལ་བརྗོད་པ་ནི་དེའི་ངོ་བོ་ཉིད་ཡིན་ན་ཞེས་བྱ་བ་སྟེ། གཞན་གྱིས་དམིགས་པར་བྱ་བ་ཉིད་དངོས་པོའི་རང་བཞིན་ཉིད་ཡིན་ན་དངོས་པོ་དམིགས་པ་ན་ཇི་ལྟར་མ་དམིགས། དེས་ན་གཞན་གྱིས་དམིགས་པར་ བྱ་བ་ཉིད་དུ་མ་དམིགས་སོ་ཞེས་བྱ་བར་མི་འཐད་དོ་སྙམ་དུ་དགོངས་པའོ། །ཕྱོགས་དང་པོ་ལ་བརྗོད་པ་ནི་ཞེས་བྱ་བ་སྟེ་གཞན་གྱི་ངོ་བོ་ཡིན་ན་ཞེས་བྱ་བ་སྟེ་གཞན་གྱི་ངོ་བོ་དམིགས་པར་བྱ་བ་ཉིད་དོན་གྱི་རང་བཞིན་ལས་གཞན་དུ་གྱུར་པའི་ངོ་བོ་ཉིད་ཡིན་ན། དོན་གྱི་ངོ་བོ་དེ་གཞན་གྱིས་དམིགས་པར་ཇི་ལྟར་འགྱུར་ ཏེ་མི་འགྱུར་བ་ཉིད་དོ། །གལ་ཏེ་དེས་དངོས་པོའི་དངོས་པོ་ཉིད་མ་དམིགས་ན་འོ་ན་ཅི་ཞིག་དམིགས་སྙམ་ན། དམིགས་པར་བྱ་བ་ཉིད་ཅེས་སྨོས་སོ། །གང་གི་ཕྱིར་གཞན་གྱིས་ནི་དམིགས་པར་བྱ་བ་ཉིད་དམིགས་ཀྱི་དོན་དེ་ནི་མ་ཡིན་པ་དེའི་ཕྱིར་རོ། །མི་དམིགས་པ་དེ་ཡང་གང་ཞིག་ཡིན་སྙམ་ན། གང་ཞིག་ ཅེས་བྱ་བའོ། །དེ་ཉིད་མི་དམིགས་པ་ཡིན་གྱི། གཞན་ནི་མ་ཡིན་ཏེ། དེ་ལས་གཞན་ཡིན་པའི་ཕྱིར་རོ། །འོ་ན་གཞན་གྱིས་དམིགས་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ཡང་ཞེས་གསུངས་སོ། །དམིགས་པ་ཉིད་ལས་ཐ་དད་པར་འགྱུར་ནའོ། །འོ་ན་གང་ཞིག་དམིགས་ཤེ་ན། རང་རང་གིས་ཞེས་བྱ་བ་ལ་སོགས་ པའོ། །གང་གི་ཕྱིར་དེ་ནི་ཐམས་ཅད་ཀྱིས་དམིགས་པ་མ་ཡིན་པ་དང་། དམིགས་པར་བྱ་བ་ཡང་རང་རང་ལ་ངེས་པ་ཡིན་པའི་ཕྱིར་ན། ཐུན་མོང་དུ་དམིགས་པ་ནི་མེད་དོ། །མ་དམིགས་པའི་ཕྱིར་ན་དེ་ཉིད་དོན་ཡིན་གྱི་གཞན་ནི་མེད་དོ་ཞེས་བྱ་བ་གསུངས་སོ། །དམིགས་པ་ལས་ཐ་དད་པའི་ ཞེས་བྱ་བའོ། །བདེན་ཏེ་ཕྱི་རོལ་གྱི་དོན་ནི་དོན་བྱེད་པར་ནུས་པ་མ་ཡིན་གྱི། འོན་ཀྱང་སྔོན་པོ་ལ་སོགས་པར་སྣང་བ་ཡང་རིགས་པ་འགའ་ཞིག་ཉིད་ནི་འདོད་ཆགས་པ་རིགས་པའི་རང་བཞིན་གྱི་དོན་བྱེད་པ་ཡིན། དོན་བྱེད་ལ་འགའ་ཞིག་ནི་མ་ཡིན་ནོ། །དེས་ན་ནུས་པ་དང་མི་ནུས་པའི་དབང་གིས་ཡོད་པ་དང་ མེད་པར་རྣམ་པར་འཇོག་པ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །རྣམ་པར་རིག་པ་ཙམ་གྱི་ཕྱོགས་ལ་ནི་ཤེས་པ་རང་རིག་པ་ལ་ལྐོག་ཏུ་གྱུར་པ་ཉིད་མེད་པའི་ཕྱིར་དེའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་མེད་པས་གཉིས་ཉིད་ཉམས་སོ་ཞེས་བརྗོད་པ་ནི་རང་རིག་ཙམ་གྱིས་ཞེས་བྱ་བའོ། །གལ་ཏེ་ རྒྱུད་གཞན་གྱིས་ཤེས་པ་ལྐོག་ཏུ་གྱུར་པ་ན་དེའི་ཡུལ་ཅན་གྱི་རྗེས་སུ་དཔག་པར་འགྱུར་རོ་སྙམ་དུ་དོགས་པ་བསུ་ནས་ཤེས་གཉིས་ཞེས་བྱ་བའོ། །རང་གི་རྒྱུད་ལ་ནི་ལུས་ཀྱི་རྣམ་པར་རིག་བྱེད་ལ་སོགས་པར་སྣང་བ་དང་། འདོད་པ་ལ་སོགས་པའི་མཚན་ཉིད་ཀྱི་ཤེས་པ་གཉིས་རྒྱུ་དང་འབྲས་བུའི་ དངོས་པོར་བཟུང་བར་བྱས་པ་ཡིན་ཏེ། དེ་ན་གཞན་ལ་འབྲས་བུ་མཐོང་བ་ལས་ཤེས་པ་དེ་རྗེས་སུ་དཔོག་པ་ཡིན་ན། དེ་ཡང་ཇི་ལྟར་ཞེས་བྱ་བར་ཚད་མ་སྙམ་དུ་གང་གིས་འཛིན་ཏེ། ཅི་རིགས་པ་གཉིས་པོ་དེ་ཉིད་ཀྱིས་ཡིན་ནམ། འོན་ཏེ་དེའི་རྗེས་ལས་བྱུང་བའི་དྲན་པས་ཡིན། རེ་ཞིག་རིག་པ་གཉིས་པོ་དེ་ ཉིད་ཀྱིས་ནི་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། རང་ཙམ་ཞེས་གསུངས་སོ། །འདི་ཉིད་བརྗོད་པ་ནི་གང་གི་ཚེ་རྒྱུ་ནི་ཞེས་བྱ་བའོ། །སྔར་མངོན་སུམ་གྱི་རིག་པའི་རྒྱུ་ནི་ཉམས་སུ་མྱོང་བའི་བག་ཆགས་ལས་བྱུང་བའི་དྲན་པས་ཕྱི་ནས་ཤེས་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་བ་ནི། གལ་ཏེ་རྒྱུ་ནི་ཞེས་བྱ་ བའོ། །རྗེས་དཔག་པའི་ཞེས་བྱ་བ་ནི་དྲན་པས་སོ། །ལན་ནི་དེ་ཚེ་ཞེས་བྱ་བ་ནི། ཉམས་སུ་མྱོང་བའི་དུས་སུ་ནི་མངོན་པར་འདོད་པའི་རྒྱུ་ཉིད་དུ་མ་ཤེས་ན། ད་ལྟར་རྗེས་སུ་དཔག་པ་ལས་ཤེས་པ་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཉིད་དོ་གལ་ཏེ་དྲན་པ་དེ་ད་ལྟར་ཡོད་པ་མ་ཡིན་ནམ། དེས་ན་དེ་ཡང་དེ་ཁོ་ན་ལྟར་ཡིན་ ནོ་ཞེས་དོགས་པ་བསུ་བ་ནི། སྔར་ནི་ཞེས་བྱ་བའོ་གསུངས་སོ་དེའི་ཤེས་པ་ད་ལྟར་ཡོད་པ་ཡིན་གྱི་དེ་ནི་མ་ཡིན་ནོ། །ཤེས་པ་ཡོད་པ་ཙམ་གྱིས་ནི་ཤེས་བྱ་ཡང་དེ་ལྟར་འགྱུར་བ་མ་ཡིན་ནོ་ཞེས་ལམ་བརྗོད་པ་ནི་ཤེས་ཏེ་ཞེས་གསུངས་སོ། །རྒྱུའི་ཤེས་པ་དེའི་རྒྱུར་མངོན་པར་འདོད་པ་ཇི་ལྟར་རིག་པར་འགྱུར་ཏེ། མ་ ཡིན་པ་ཉིད་དོ། །འོན་ཏེ་གང་གི་ཚེ་ཡོད་པ་དེའི་ཚེ་རྗེས་སུ་དཔོག་པ་མ་ཡིན་ནོ་སྙམ་དུ་དོགས་པ་ནི་སྔ་མ་ཉིད་དུ་ཞེས་བྱའིའོ། །གལ་ཏེ་ཡོད་པ་ཉིད་དུ་རྗེས་སུ་དཔོག་པ་ཉེས་པ་འདིར་འགྱུར་བ་ཞིག་ན། མངོན་སུམ་གྱིས་རིག་པ་ལ་རྗེས་སུ་དཔོག་པ་དོན་མེད་དོ་ཞེས་ལན་འདེབས་པ་ནི་མ་ཡིན་ཏེ་མངོན་སུམ་གྱིས་ རིག་ཕྱིར་ཞེས་བྱའོ། །འོན་ཏེ་སྔོན་གྱི་རིག་པ་ལ་ཡང་མངོན་སུམ་གྱིས་མ་རིག་པའི་སྔ་མ་ཉིད་ཡོད་པས་རྗེས་སུ་དཔག་པའི་ཡུལ་ཡིན་ནོ་སྙམ་དུ་དགོངས་པ་ནི། དེའི་སྔ་མ་ཉིད་ཅེས་བྱ་བའོ། །དེའི་སྔ་མ་ཉིད་རྗེས་སུ་དཔག་གིས་རིག་པ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ། །ཇི་ལྟར་སྔ་མ་ཉིད་མི་སྲིད་ཅེ་ན། མངོན་ སུམ་གྱིས་ནི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་མངོན་སུམ་གྱིས་གནོད་པའི་ཕྱིར་རོ། །དེར་ནི་སྔ་མ་ཉིད་ལའོ། །འོ་ན་དེ་ཉིད་ལས་དེ་འགྲུབ་པོ་ཞེ་ན། དེས་ཞེས་སྨོས་ཏེ། དྲན་པ་ནི་ཚད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་རང་རིག་ཕྱིར་ནའོ། །དེ་ལྟར་དྲན་པས་རྒྱུ་ཉིད་དུ་ངེས་པ་གསལ་ནས། འབྲས་བུ་ཉིད་དུ་ཤེས་པ་ ཡང་སེལ་བ་ནི་གང་གི་ཕྱིར་བ་ཙམ་དེ་རང་རིག་པ་ཙམ་ལ་མངོན་སུམ་ཡིན་ནོ། །རང་རིག་ལ་ནི་བདག་ཉིད་རིག་པ་ལའོ། །དེའི་ཕྱིར་དྲན་པ་དེས་ད་ལྟར་བ་དེ་རིག་པ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། གཞན་གྱི་འབྲས་ཞེས་གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་གཞན་གྱི་འབྲས་བུ་ཉིད་དུ་མ་གྲུབ་པའི་ཕྱིར་རོ། ། ད་ནི་རྟོག་གེ་བ་དགའ་བར་བྱ་བའི་གཞལ་བྱའི་རྣམ་པར་རྟོག་པ་བརྗོད་པ་ནི། རྒྱུ་དང་འབྲས་བུའི་དངོས་པོ་འདི་ཞེས་བྱ་བའོ། །གཉི་ག་ཡོད་པའམ་མེད་པ་ལ་ཡང་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རེ་ཞིག་འབྲས་བུ་མེད་པའི་ཕྱོགས་ལ་ནི། རྒྱུ་གཉི་ག་འགའ་ཡང་ཡོད་པ་མ་ ཡིན་ནོ་ཞེས་སྟོན་པ་ནི། མེད་པ་རྟ་ཡི་རྭ་ཉིད་ལ། །ཞེས་བྱ་བའོ། །འདིར་གཞན་གྱི་ཚིག་གི་དོགས་པ་བསུ་བ་ནི། གལ་ཏེ་དེ་ནི་གཏན་མེད་ཕྱིར། །ཞེས་བྱ་བའོ། །རྟའི་རྭ་དེ་ལའོ། །འོ་ན་འབྲས་བུ་གང་ཞེ་ན། བཤད་པ་སྔར་མེད་པ་ནི་འབྲས་བུ་མིན་པ་མིན་ཏེ། འབྲས་བུ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། ། ལན་འདི་ཡང་ལན་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། ཡོད་ན་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བ་ནི་འབྲས་བུའོ། །ཅིའི་ཕྱིར་མེད་པ་ལ་སྔ་ན་མེད་པ་མི་རུང་ཞེ་ན། མེད་པའི་རི་བོང་རྭ་ལ་ནི། །ཞེས་གསུངས་སོ། །རི་བོང་གི་རྭ་ནི་མེད་པ་ཉིད་ཀྱིས་སྔར་མེད་པ་དང་བྲལ་བ་ཡིན་ ནོ། །འབྲས་བུ་ཡང་མེད་པ་ཉིད་ཡིན་པ་དེས་ན་སྔ་མ་མེད་པ་དང་བྲལ་བར་འགྱུར་རོ། །མཐོང་བ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འབྲས་བུ་ཡོད་པ་ཉིད་དུ་ཤེས་པས་ན་སྔ་མ་མེད་པར་རྟོགས་པ་ཡིན་གྱི། གཞན་དུ་ནི་མ་ཡིན་ཞེ་ན། ལན་ནི་ཕན་ཚུན་བསྟེན་པར་ཞེས་བྱ་བའོ། །དེ་ཉིད་གསལ་བར་བྱེད་པ་ནི་ཇི་ སྲིད་ཅེས་བྱའོ། །ཇི་སྲིད་དུ་ཞེས་བྱ་བ་ནི་རྣམ་པར་འབྲེལ་པའོ། །གལ་ཏེ་འཇིམ་གོང་དང་། དབྱུག་པ་ལ་སོགས་པ་རྒྱུར་འདོད་པའོ། །འབྲས་བུ་སྟོང་པའི་མཚན་ཉིད་ཀྱི་མེད་པ་ཁྱབ་པར་མེད་པ་ནི། རྒྱུ་རྟོགས་པ་ཉིད་ཀྱི་རྟོགས་པ་ཡིན་ཏེ། དེས་ཕན་ཚུན་བསྟེན་པ་ཉིད་མ་ཡིན་ནོ་སྙམ་དུ་དོགས་པ་བསུ་བ་ ནི་གལ་ཏེ་ཞེས་བྱ་བའོ། །འདི་ཡང་སྔར་བཤད་པའི་ཉེས་པ་ལས་མི་འདའོ། །དེ་ལྟ་ན་ཡང་དེ་ཡལ་བར་དོར་ནས། སུན་འབྱིན་པ་གཞན་བརྗོད་པ་ནི། སྟོང་ཉིད་དེ་ནི་ཞེས་བྱ་བའོ། །དེ་དང་ཡང་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་དང་ངོ་། །དེའི་ནི་རྒྱུ་མ་ཡིན་པ་དེའི་འོ། །གཞན་པ་དག་ཀྱང་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་ དག་གོ། །དེ་དང་ཡང་ནི་རྒྱུ་མ་ཡིན་པ་དང་ཡང་ངོ་། །དེའི་རྗེས་སུ་འགྲོ་བའི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །བཤད་ཟིན་ཏོ་ཞེས་བྱ་བ་ནི་སྐད་ཅིག་མ་དང་གཞན་གྱི་ཕྱོགས་དག་ལ་རྗེས་སུ་འགྲོ་བ་དང་ལྡོག་པ་མེད་དོ་ཞེས་སོ། །འདིས་ནི་འབྲས་བུ་སྟོང་པའི་རང་བཞིན་སྔ་ན་མེད་པ་ཉིད་ཡིན་པ་ལ། འབྲས་ བུ་ཉིད་ཧ་ཅང་ཐལ་བ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ད་ནི་སྔ་ན་མེད་པ་དེ་ནི་ཚད་མས་བསལ་བ་ཡིན་ནོ་ཞེས་བརྗོད་པ་ནི་སྔ་ན་མེད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་སྔ་ན་མེད་པར་འགྱུར་རོ། །དེ་ཡང་ཞེས་བྱ་བ་འདིས་འབྲས་བུ་ཡང་ངོ་། །འབྲས་བུ་ཉིད་ལ་སོགས་པ་མེད་ན་ཐམས་ཅད་མེད་ པར་ཐལ་བའི་ཕྱིར་ན། རྟོག་པ་དང་འགལ་བ་མ་ཡིན་ཏེ། རྟོག་པ་ནི་སྔོན་པོ་ལ་སོགས་པ་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེའི་ཕྱིར་ཚད་ཡོངས་སུ་ཞེས་བྱ་བའོ། །རང་བཞིན་སྔོན་པོ་ཉིད་ལ་སོགས་པར་རོ། །སྔོན་པོ་ལ་སོགས་པ་དེ་ལའོ། །མངོན་སུམ་ནི་སྔ་ན་མེད་པ་ལ་ སོགས་པ་རྣམ་པར་འཇིག་པར་བྱེད་པ་ཉིད་དུ་མི་རིགས་སོ་ཞེས་བརྗོད་པ་ནི། སྔ་མ་དང་ཕྱི་མའི་ཞེས་བྱ་བའོ། །དེ་ལྟར་མེད་པ་འབྲས་བུ་ཉིད་ཡིན་པ་བསལ་ནས། ཡོད་པ་ཡང་ཁོ་ན་འབྲས་བུ་ཡིན་ཞེས་གཞན་གྱིས་བསལ་བའོ། །རྒྱུའི་ནུས་པ་འགའ་ཞིག་ལ་ཡོད་པ་དང་མེད་པ་ཁོ་ན་ཉེ་བར་གནས་ པ་ཡིན་ཏེ་གཞན་ནི་མེད་དོ་ཞེས་ལན་གདབ་པ་ནི། བལྟས་མཉན་ཞེས་བྱ་བའོ། །བལྟས་ཞེས་བྱ་བ་ནི་མིག་གི་དབང་པོས་སོ། །མཉན་པ་ནི་རྣ་བའི་དབང་པོས་སོ། །ཤེས་བྱས་ནས་ཞེས་བྱ་བ་ནི་དེ་ལས་གཞན་པའི་དབང་པོའམ། རྗེས་སུ་དཔག་པ་མཐོང་བྱེད་ལ་ཅི་སྟེ་མེད་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན་བླུན་ ཕྱིར་རོ། །དེ་ནས་བརྟགས་ནས་མི་བྱེད་པའི་ཕྱིར་འབྲས་བུ་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །གལ་ཏེ་དེ་ལྟ་ན་ཡང་མེད་པ་སྐྱེ་ན་མེད་པར་ཁྱད་པར་མེད་པའི་ཕྱིར་མེད་པ་ཐམས་ཅད་སྐྱེ་བར་འགྱུར་ན་དེ་ལྟར་ན་ཡང་མ་ཡིན་ཏེ། དེའི་ཕྱིར་རྒྱུ་ལས་འབྲས་བུ་ཡོད་པ་ཡིན་ནོ་ཞེ་ན་བཤད་པ། རྒྱུའི་རང་བཞིན་དེ་ འདྲ་བ་གང་ཡིན་པ་དེ་ནི་རྒྱུ་ལ་རག་ལས་པ་ཡིན་པར་བྱེད་དོ། །དེ་འདྲ་བ་ཞེས་བྱ་བ་འབྲས་བུ་མེད་པ་འགའ་ཞིག་གི་རྒྱུ་ཡིན་གྱི། ཐམས་ཅད་ཀྱི་མ་ཡིན་པའོ། །དེས་ན་ཧ་ཅང་ཐལ་བ་མེད་པའི་ཕྱིར་ན་འབྲས་བུ་སྔ་ན་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །ཡང་ན་འབྲས་བུའི་རང་བཞིན་རྒྱུ་ལ་རག་ལས་པར་ མཐོང་བ་གང་ཡིན་པའོ། །དེ་འདྲ་བ་ཞེས་བྱ་བ་ནི། རྒྱུའི་བདག་ཉིད་ལ་མེད་པ་ཉིད་དོ། །འདོད་པ་ནི་ཤེས་པ་སྟེ་ངེས་པ་ཞེས་བྱ་བའི་དོན་ཏོ། །འོ་མ་ལ་ནི་ཞོའི་རང་བཞིན་མེད་པ་ཉིད་དུ་ངེས་པ་ཡིན་ནོ། །ནུས་པའི་རང་བཞིན་དུ་གནས་པ་ཡང་དེ་ཉིད་གནས་པ་མ་ཡིན་ནོ་ཞེས་བྱ་བ་ནི་བརྟགས་ཟིན་ཏོ། །མེད་ པར་ཁྱབ་པར་མེད་པའི་ཕྱིར་ན་མེད་པ་ཐམས་ཅད་སྐྱེ་བ་ཡང་མ་ཡིན་ཏེ། རྒྱུའི་ནུས་པ་རང་གི་རྒྱུ་ལ་རག་ལས་པ་ཅན་ཡིན་པའི་ཕྱིར་རོ། །དེས་ན་མེད་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་འདིའི་དོན་ནི། མེད་དོ་ཅོག་གང་ཡིན་པ་དེ་སྐྱེས་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་གྱི་འོན་ཀྱང་སྐྱེ་བ་གང་ཡིན་པ་དེ་ནི་མེད་པ་ཁོ་ན་ཡིན་ནོ་ ཞེས་བྱ་བ་ཡིན་ནོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་དོ་ཞེ་ན་ནི་འབྲས་བུ་མེད་པར་སྨྲ་བ་ཉིད་བླའོ། །གལ་ཏེ་དབང་ཕྱུག་རྒྱུ་ཡིན་པའི་ཕྱོགས་ལས་འབྲས་བུ་མེད་ན་མཐོང་ནས་བྱེད་པ་མི་སྲིད་པའི་ཕྱིར་འབྲས་བུ་ཡོད་པ་ཁོ་ན་ཡིན་ནོ་སྙམ་ན། གལ་ཏེ་དབང་ཕྱུག་རྒྱུ་ཡིན་ཡང་ཞེས་བྱ་བའོ། ། གལ་ཏེ་མེད་པ་ལ་ཤེས་པ་མེད་པའི་ཕྱིར་ཇི་ལྟར་དེའི་རྒྱུའི་སྦྱོར་བྱེད་ཡིན་ཞེ་ན། མེད་པ་ཤེས་པར་མི་འདོད་མིན། །ཞེས་སྨོས་ཏེ། མེད་པ་ཡང་ཤེས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གང་ཕྱིར་དབང་པོ་ལས་འདས་བློ། །ཞེས་གསུངས་ཏེ། དེས་ན་འབྲས་བུ་མེད་པ་ཡང་ དབང་པོ་ལས་འདས་པའི་ལྟ་བས་མཐོང་ནས་ངེས་པའི་རྒྱུ་ངེས་པར་སྦྱར་ནས་བྱེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ཡང་མེད་པ་ཡང་བྱེད་པ་སྲིད་པས་འབྲས་བུ་ཡོད་པར་སྨྲ་བས་ཅི་བྱ་ཞེས་བརྗོད་པ་ནི་འདིར་འབྲས་བུ་ཞེས་བྱ་བའོ། །འདི་ཉིད་རྣམ་པར་འབྲེལ་པ་ནི་ཅི་ཐམས་ཅད་ཅེས་བྱ་བ་སྟེ། དབང་ཕྱུག་མེད་པ་འགོག་པའོ། །ཅིའི་ཕྱིར་འདི་མ་ཡིན་ཞེ་ན། ཡོད་པ་ཉིད་ཅེས་བྱ་བའོ། །དབང་ཕྱུག་དང་བཅས་པ་འགོག་པ་ནི་གཅིག་ཡོད་པ་ཉིད་ལ་བརྟེན་ནས་ཞེས་བྱ་བའོ། །དབང་ཕྱུག་དང་བཅས་པ་དང་ཅིག་ཤོས་དག་མཚུངས་པར་དོགས་པ་བསུ་བ་ནི། ཐམས་ཅད་སྔ་ན་ཡོད་དོ་ཞེ་ན་ནི་ཞེས་ བྱ་བའོ། །ཕྱོགས་གཉི་ག་ལ་ལན་ཡང་མཚུངས་པར་བརྗོད་པ་ནི་ཐམས་ཅད་ཀྱི་ཚེ་དམིགས་པར་ཞེས་གསུངས་སོ། །ཐམས་ཅད་ཀྱི་ཚེ་ཞེས་བྱ་བ་ནི་ཐམས་ཅད་དུ་ཞེས་བྱ་བ་འདི་ཉེ་བར་མཚོན་བྱེད་ཡིན་ནོ། །གལ་ཏེ་རྒྱུ་ངེས་པའི་ཕྱིར་ན་འབྲས་བུ་རྣམས་ཡུལ་ལ་སོགས་པར་ངེས་པ་ཡིན་ཏེ་དེས་ ན་འགྲོ་བ་འཆོལ་བ་གནས་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བཤད་པ་ནི། དམིགས་པར་བྱེད་པ་རྣམས་ཞེས་བྱ་བ་ལ་སོགས་པའོ། །དམིགས་པར་བྱེད་པ་ནི་རྒྱུ་སྟེ། འབྲས་བུ་དམིགས་པ་ཉིད་དུ་བྱེད་པ་ཞེས་བྱ་བས་སོ། །དེ་ལྟར་འབྲས་བུ་ཡོད་པ་དང་མེད་པ་ཉིད་དུ་རྣམ་པར་བརྟགས་ནས་ རྒྱུ་རྣམ་པར་རྟོག་པར་བྱེད་པ་ནི། གཞན་ཡང་ཞེས་བྱ་བ་ནིའོ། །མེད་པའི་རྒྱུ་ལས་ཞེས་བྱ་བ་ནི་ཞིག་པ་ལས་སོ། །རྣམ་པར་རྟོག་པ་དང་པོ་སུན་འབྱིན་པ་ནི་མེད་པའི་རྒྱུ་ལས་ཞེས་བྱ་བའོ། །མེད་པ་ཐམས་ཅད་འབྲས་བུ་བྱེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྔར་བྱུང་བ་ལས་འབྲས་བུ་ སྐྱེའོ། །གཏན་མེད་ལས་ནི་མ་ཡིན་ནོ་ཞེ་ན་ཞིག་ནས་ཞེས་བྱ་བའོ། །ཞིག་ནས་མེད་པ་ནི་འབྲས་བུའི་སྔོན་དུ་རྒྱུ་ཞིག་པའི་ཕྱིར་རོ། །གཏན་ནས་མེད་པ་ནི་རི་བོང་གི་རྭའོ། །ཁྱད་པར་ཡོད་པས་དོགས་པ་བསུ་བ་ནི། གལ་ཏེ་སྔོན་ཡོད་མྱོང་བ་ཞེས་བྱ་བའོ། །གང་གི་ཚེ་ཞེས་བྱ་བ་ནི་ལན་ནོ། །གཞན་ གྱི་ཚེ་ཞེས་བྱ་བ་ནི་མེད་པའི་ཚེའོ། །གཞན་གྱི་ཚེ་རྒྱུ་ཡིན་ན་ནི་མེད་པ་ལ་ཡང་རྒྱུ་ཉིད་དུ་ཐལ་བའོ། །དེ་ཉིད་ཀྱི་ཕྱིར་ལེགས་པར་སྨྲས་པ་ཡིན་ནོ་ཞེ་ན་གཏན་ཚིགས་སུ་བྱས་སོ། །ཇི་ལྟར་འདི་ལེགས་པར་སྨྲས་པ་ཡིན་ཞེ་ན། གང་གི་ཕྱིར་འདི་ལྟར་འགྱུར་ཏེ་ཞེས་བྱ་བའོ། །ཡོད་པ་ནི་རང་གི་དུས་བཞིན་དུ་དུས་ གཞན་དུ་ཡང་རྒྱུ་མ་ཡིན་གྱི། མེད་པ་ནི་སྔར་ཞིག་པ་བཞིན་དུ་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་བྱེད་པ་ཡོད་པའི་ཕྱིར་ཡོད་པ་རྣམས་ཁོ་ན་རྒྱུ་ཉིད་ཡིན་གྱི་མེད་པ་དག་ནི་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ་ཞེ་ན། དེ་དང་ཞེས་གསུངས་སོ། །འདི་དག་རྣམས་ནི་སྔར་བྱུང་བའི་རྒྱུར་འདོད་པ་རྣམས་སོ། །དེས་ ན་གཉི་ག་ལ་བྱེད་པ་མི་སྲིད་པའི་ཕྱིར་བྱེད་པ་ཡོད་པ་ལས་ཡོད་པ་རྒྱུ་ཡིན་པར་ཇི་ལྟར་འགྱུར། བྱེད་པ་ཡོད་པ་དེ་ལྟ་ན་ཡང་ཡོད་པ་དག་ནི་རྒྱུར་མི་འཐད་དོ་ཞེས་བརྗོད་པ་ནི་གལ་ཏེ་བྱེད་པས་ཞེས་བྱ་བའོ། །གང་ལས་འགྱུར་ཞེས་བྱ་བ་ནི་རྒྱུ་འདྲི་བའོ། །གང་ལས་བྱུང་བ་དེ་ལས་སྐྱེད་པར་དོགས་པ་བསུ་བ་ནི་ བྱེད་པ་ན་ཡང་ཡིན་ལ། དོན་ཡང་ཡིན་པའི་ཕྱིར་དེ་སྐད་ཅེས་བྱ་བ་ནི་དེ་ལས་སོ། །འདི་སུན་དབྱུང་བའི་ཕྱིར་དེར་ཅི་ཞེས་གསུངས་སོ། །བྱེད་པ་བསྐྱེད་པར་བྱ་བ་དེར་བྱེད་པ་ལྡན་པའི་དོན་ལས་བྱེད་པ་གཞན་ཐ་དད་པ་ཡིན་ནམ་ཅི། གཞན་མ་ཡིན་པ་ཉིད་ནས་མདུན་ནས་སེལ་བར་འགྱུར་རོ། །གཞན་ཁོ་ནའོ་ ཞེ་ན་གལ་ཏེ་དེ་ལའང་ཞེས་གསུངས་སོ། །གལ་ཏེ་བྱེད་པ་བསྐྱེད་པའི་བྱེད་པ་དེ་ལ་ཡང་བྱེད་པ་གཞན་ཡོད་ན་དེའི་ཚེ་དོན་ཏེ། ཆོད་པར་འགྱུར་བ་ཡིན་ཏེ། འབྲས་བུ་བྱེད་པ་པོ་ཉིད་དུ་མི་འགྱུར་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོགས་པ་བསུ་བ་ནི། བྱེད་པ་ཉིད་ལས་ཞེས་བྱ་བ་སྟེ། དོན་ལས་ནི་མ་ཡིན་པའི་ ལམ་ནི་ཤི་ཡང་ཞེས་བྱ་བའོ། །འདི་ཁས་ལེན་སུན་འབྱིན་པ་གཞན་ཡང་འཇུག་གོ་ཞེས་གསུངས་པ་ནི་དེ་ལྟར་ཞེས་བྱ་བའོ། །འོན་ཏེ་འབྲས་བུའི་དུས་ན་རྒྱུ་ཡོད་པ་ཡིན་ན་དེ་ནས་ཇི་ལྟར་ཞིག་པ་ལས་འབྲས་བུ་འབྱུང་ཞེ་ན་བྱེད་འཕྲེང་འདི་ནི་ཞེས་གསུངས་སོ། །དེ་ལྟར་བྱེད་པ་ཐ་དད་པ་བསལ་ནས་ འདི་དག་རྣམས་ཀྱི་འབྱུང་བ་གང་དེ་ཉིད་བྱ་བ་ཡིན་ཞེས་བྱ་བའི་ཚུལ་གྱིས་བྱེད་པ་ཐ་དད་པ་ཡིན་པ་བཟློག་པའི་ཕྱིར་དོགས་པ་བསུ་བ་ནི། དེ་སྟེ་རང་བཞིན་ཞེས་བྱ་བའོ། །དེ་ཚེ་ཞེས་བྱ་བ་ནི་རང་བཞིན་གྱི་དུས་སུའོ། །དེས་ན། ཤི་ན་འབྲས་བུ་འབྱུང་བར་མི་ཐལ་ལོ། །ཞེས་བྱ་བ་ནི་གཞན་གྱི་བསམ་ པའོ། །རྩོད་པ་རྗེས་སུ་བརྗོད་ནས་སུན་འབྱིན་པ་རྗོད་པར་བྱེད་པའི་དུས་སུ་བྱ་བའོ། །རྒྱུ་ཡོད་པའི་དུས་སུ་འབྲས་བུ་ཡོད་པ་མ་ཡིན་ན་ཞེས་འབྲེལ་ཏོ། །གྲུབ་པའི་མཐའ་གསུང་བ་ནི་གནའ་ཞིག་ཅེས་བྱ་བའོ། །འདིའི་ལན་གྱི་དོགས་པ་བསུ་བ་ནི། དེའི་དེ་མ་ཐག་པ་འབྱུང་བ་ ཞེས་བྱ་བའོ། །དེའི་དེ་མ་ཐག་ཏུ་འབྱུང་བའི་འབྲས་བུ་སྐྱེ་བའི་དུས་སུ་རྒྱུ་ཡོད་པ་དེ། དེས་ན་ཞིག་ནས་རིང་དུ་ལོན་པ་ལས་འབྲས་བུ་འབྱུང་བ་མ་ཡིན་ཞེས་བྱ་བར་དོགས་པའོ། །ལན་བཤད་པ་ནི་སྐྱེ་བ་ཞེས་བྱ་བའོ། །དུས་མཉམ་པ་དག་ནི་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ཏེ། འབྲས་བུའི་ དུས་ན་མེད་པ་ནི་རྒྱུ་ཉིད་དུ་མི་འཐད་པའི་ཕྱིར་རོ། །དེའི་དུས་ན་ཡོད་པ་ཡིན་ན་ཡང་ཇི་ལྟར་རྒྱུ་ཉིད་དུ་འགྱུར་ཏེ། རྒྱུ་བཞིན་དུ་འབྲས་བུ་ཡང་ལྟོས་པ་མེད་པའི་ཕྱིར་རོ་ཞེས་དཔྱོད་པར་འགྱུར་རོ། །དེས་ན་རྒྱུ་དང་འབྲས་བུའི་དངོས་པོ་ནི། །ཡོད་མེད་ཉིད་ལ་རྟོགས་པ་མེད། །ཅེས་བྱ་བ་འདི་གནས་སོ། ། གཉི་ག་ཡང་ཡོད་པ་མ་ཡིན་ཏེ། གཉི་གའི་རང་བཞིན་ནི་འཆད་པར་འགྱུར་བས་བཟློག་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ཅི་ཡང་ཡིན་སྨྲ་སུན་འབྱིན་པས། །ཞེས་བྱ་བས་སོ། །གལ་ཏེ་སྔོན་པོར་སྣང་བའི་ཤེས་པ་རེས་འགའ་བ་དབང་པོ་ལ་སོགས་པ་ལས་སྐྱེ་བ་རང་དང་རྗེས་སུ་མཐུན་པའི་རྒྱུ་གོ་ བར་བྱེད་དོ། །ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཅི་སྟེ་ཡང་ཞེས་བྱ་བའོ། །སྔ་མར་ཞེས་བྱ་བ་ནི་སྔོན་འབྱུང་བར་རོ། །མངོན་སུམ་གྱིས་མཐོང་བའི་དངོས་པོ་འདི་ནི་མངོན་སུམ་གྱི་རྒྱུ་ཡིན་ནོ། །རྗེས་སུ་དཔག་པས་ངེས་པས་གཟུང་བར་མི་ནུས་སོ་ཞེས་ལན་འདེབས་པ་ནི་རྣམ་པར་ཤེས་པའི་མཚན་ཉིད་ ཀྱི་འབྲས་བུ་ལྡོག་པའི་སྟོབས་ལས་བྱུང་བའི་རྗེས་སུ་དཔག་པ་ལས་རིག་པ་སྔ་མ་དང་། མངོན་སུམ་ལ་ནི་སྣང་གྱུར་པ་སྟེ། རང་གི་རྣམ་པར་གནོད་པས་མངོན་སུམ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པ་ཐུན་མོང་མ་ཡིན་པ་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ཕན་ཚུན་འདྲེ་བ་མེད་པ་ན་སྟེ། འཆོལ་པ་མེད་པ་ནའོ། །འཆོལ་བ་ན་ནི་རྗེས་སུ་དཔག་པ་མངོན་སུམ་དུ་འགྱུར་རོ། །དེ་ལྟར་གྱུར་པ་དེའི་ཚེ་རྗེས་སུ་དཔག་པ་དེ་ལས་ནི་རྗེས་སུ་དཔག་པར་གྱུར་པ་ཉིད་མངོན་སུམ་གྱི་འབྲས་བུ་ཅན་དུ་རྟོགས་པར་འགྱུར་གྱི་མངོན་སུམ་ལ་སྣང་བ། མངོན་སུམ་དེ་ཉིད་ཀྱི་འབྲས་བུ་ག་ལ་ཡོད་པ་དེའི་འབྲས་ བུ་ཇི་ལྟར་རྟོགས་པར་འགྱུར། གལ་ཏེ་ཞེས་བྱ་བ་འདི་འཆད་པའོ། །འོན་ཏེ་འདི་ཡང་རྗེས་སུ་དཔག་པས་རྟོགས་སོ་ཞེ་ན། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་རྗེས་སུ་དཔག་པས་དེ་ལྟར་མི་རྟོགས་སྙམ་པའི་དོགས་པ་སེལ་བས་ཕན་ཚུན་འདྲེ་བ་མེད་པ་ནི་ཞེས་བྱ་བ་འགྲེལ་པ་བྱེད་པས་ན། ཉམས་སུ་ མྱོང་བ་ཉིད་ལ་ནི་ཞེས་བྱ་བ་སྟེ། ཐུན་མོང་མ་ཡིན་པ་མྱོང་བ་ཉིད་ལའོ། །ཅིའི་ཕྱིར་ཞེ་ན། དེའི་ཡུལ་ནི་ཞེས་གསུངས་སོ། །འོ་ན་མངོན་སུམ་རྗེས་སུ་དཔག་པ་ལ་འཇུག་པ་ན་རྗེས་སུ་དཔག་པ་དང་། ཅིག་ཤོས་ཀྱི་རྒྱུ་ཡིན་པར་རྟོགས་པར་ནུས་སོ་ཞེས་དོགས་པ་བསུ་ནས་རྗེས་སུ་དཔག་པར་བྱ་བ་ལ་ཞེས་ གསུངས་སོ། །དེས་ན་རྗེས་སུ་དཔག་པར་བྱ་བ་ནི་མངོན་སུམ་གྱི་རྒྱུ་ཡིན་པར་རྟོགས་པར་མི་ནུས་སོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པས་དོན་གྱི་རང་བཞིན་རྟོགས་ན་ནི། ལྐོག་གྱུར་ཉིད་དུ་མི་འཐད་དོ། །ཞེས་གསུངས་པ་ནི་རྟོགས་པར་འགྱུར་བ་ཉིད་ནི་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་ཉིད་དུ་ཞེས་བྱ་ བ་ནི་དོགས་པ་བསུ་བའོ། །དེ་ནི་མེད་དེ་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་རྗེས་སུ་དཔག་པས་དོན་རང་གི་ངོ་བོ་རྟོགས་ན་དེའི་ཚེ་ལྐོག་ཏུ་གྱུར་པ་ཉིད་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ངོ་བོ་ལ་གསལ་བ་དང་མི་གསལ་བའི་རང་བཞིན་གཉིས་ཡོད་པ་ཡིན་ནོ། །དེ་ལ་མི་གསལ་བ་ནི་རྗེས་སུ་དཔག་ པའི་ཡུལ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། རྣམ་པར་མི་གསལ་སྣང་ཡིན་ན། །ཞེས་བྱ་བའོ། །མི་གསལ་བ་སྣང་བའི་རྣམ་པ་གང་ལ་ཡོད་པའི་དོན་དེ་ནི་ལྐོག་ཏུ་གྱུར་པ་ཡིན་ཏེ། དེས་ལྐོག་ཏུ་གྱུར་པ་ཉིད་མེད་པར་ཇི་ལྟར་འགྱུར་སྙམ་དུ་བསམས་པའོ། །འདིར་ཡང་མངོན་སུམ་གྱི་རང་བཞིན་ཉིད་ཡིན་ཏེ་ དེས་ན་མངོན་སུམ་ལ་རང་བཞིན་གཉིས་སྣང་བར་འགྱུར་རོ་ཞེས་ལན་འདེབས་པ་ནི་མངོན་སུམ་དེ་ལྟ་ན་ཅིས་མི་འདོད་ཅེས་བྱ་བའོ། །མི་གསལ་བར་སྣང་བའི་དོན་གང་ཡིན་པ་དེ་མངོན་སུམ་དུ་ཅི་སྟེ་མི་འདོད་དེ་འོན་ཀྱང་འདི་ནི་མངོན་སུམ་ཉིད་ཡིན་ནོ། །དེས་ན་དེའི་རང་བཞིན་འཛིན་པའི་མངོན་སུམ་ཡང་རྗེས་སུ་ དཔག་པར་ཐལ་བར་འགྱུར་རོ་ཞེས་དགོངས་པའོ། །གལ་ཏེ་ཡང་གཉིས་ཅིག་ཅར་མི་སྣང་བ་དེ་ལྟ་ན་ཡང་ཚུ་རོལ་དང་ཕ་རོལ་གྱི་ཆ་འཛིན་པ་བཞིན་དུ་རིམ་གྱིས་རྟོགས་པ་ཡང་མངོན་སུམ་ཁོ་ན་ཡིན་ནོ། །བཤད་པ་ནི། རང་བཞིན་གཉིས་ནི་ཞེས་བྱའོ། །རྗེས་སུ་དཔག་པ་ཡང་མི་གསལ་བའི་དངོས་པོ་ རང་བཞིན་རེག་པའི་ཕྱིར་ན་མངོན་སུམ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །ཁྱད་པར་གཞན་གྱི་དབང་གིས་ཞེས་བྱ་བ་ནི་ཐག་ཉེ་བར་རིང་བ་ལ་སོགས་པའི་ཁྱད་པར་གཞན་གྱི་མཐུས་སོ། །རང་བཞིན་ན་ཡང་མ་རྟོགས་པའི་དངོས་པོའི་རང་བཞིན་ཉིད་རྟོགས་པ་མེད་དོ་ཞེས་ལན་འདེབས་པ་ནི་ གལ་ཏེ་ཁྱད་པར་ཞེས་བྱ་བའོ། །ཅི་སྟེ་སྔོ་ལ་སོགས་པའི་ཞེས་བྱ་བའོ། །གཞན་གྱིའོ་རང་གི་རང་བཞིན་ཞེས་བྱ་བ་ནི་ལན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ཉིད་ཀྱང་མངོན་སུམ་དུ་འགྱུར་རོ། །རྗེས་སུ་དཔག་པ་ལ་དོན་མངོན་སུམ་དུ་བྱེད་པ་དང་། སྤོང་བའི་དོགས་པ་བསུ་བ་ནི་རྗེས་སུ་དཔག་པ་ ཉིད་ནི་དབང་པོ་དང་ཞེས་བྱ་བའོ། །ཡུལ་དབང་པོ་དང་མ་ཕྲད་པའི་ཕྱིར་རྗེས་སུ་དཔག་པ་མངོན་སུམ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་ཡུལ་དབང་པོ་དང་ལྡན་པ་ཡང་མངོན་སུམ་བཞིན་དུ་དངོས་པོའི་རང་བཞིན་འཛིན་པ་ལས་རྗེས་སུ་དཔག་པས་ཅི་མི་དཔོག་སྟེ། འོན་ཀྱང་དཔོག་པ་ཁོ་ནའོ་ཞེས་ བྱ་བའི་དོན་ཏོ། །འོན་ཏེ་དེ་ལས་བཟློག་པར་འགྲུབ་པ་ན་འདི་ཇི་ལྟར་རྗེས་སུ་དཔག་སྙམ་ན། དབང་པོ་དང་བྲལ་བ་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། རྗེས་སུ་དཔག་པས་ཞེས་སྨོས་སོ། །དེའི་ནི་དོན་གྱིའོ། །འོན་ཏེ་དངོས་པོ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཡུལ་ལོ། །དབང་པོའི་ ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་ཇི་ལྟར་ཤེས་པ་དབང་པོ་ལ་སོགས་པ་རྟག་པར་རྗེས་སུ་དཔག་པར་བྱ་བ་དཔོག་པ་ན། དབང་པོ་དང་འབྲེལ་པ་རྗེས་སུ་དཔོག་པ་དེ་བཞིན་དུ་འཇུག་པའི་ཡུལ་འདི་ལ་ཡང་རྗེས་སུ་དཔོག་པ་ཡིན་པ་ཁོ་ནའོ་སྙམ་དུ་དོགས་པ་བསུ་བ་ནི། ཅི་སྟེ་དབང་པོ་དང་འབྲེལ་པར་ཞེས་བྱ་ བའོ། །རྟག་ཏུ་རྗེས་སུ་དཔག་པར་བྱ་བ་བཞིན་དུ་རྗེས་སུ་དཔག་པར་བྱ་ཡུལ་གཞན་ཡང་འཇུག་པའི་ཡུལ་དུ་མི་འགྱུར་ལ་དེས་ན་འཇུག་པར་བྱེད་པ་མ་ཡིན་པའི་རྗེས་སུ་དཔག་པ་ཚད་མར་མི་འགྱུར་རོ་ཞེས་ལན་འདེབས་པར་ནི་འདིས་ནི་ཞེས་བྱ་བའོ། །གང་གི་ཕྱིར་རྗེས་སུ་དཔག་པས་འཇུག་པར་མི་བྱེད་ པས་ན་དོན་མེད་དོ། །ཅིའི་ཕྱིར་འཇུག་པར་མི་བྱེད་སྙམ་ན་ལྷ་མིན་ཞེས་གསུངས་སོ། །དེ་ལྟ་ན་ཡང་འཇུག་པར་འགྱུར་རོ་སྙམ་ན། དོན་མེད་ཉིད་ཅེས་སྨོས་ཏེ། འབྲས་བུ་མེད་པ་ཉིད་དོ། །འོ་ན་ཇི་ལྟར་འཇུག་སྙམ་ན། མཁོ་བ་དོན་དུ་གཉེར་བར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚད་མ་མ་ཡིན་ པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སྐབས་ཀྱི་རྗེས་སུ་དཔོག་པའོ། །དེ་དང་ཞེས་བྱ་བ་ནི་ཕྱིས་འབྱུང་བས་སོ། །ལན་ནི་དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །དབང་པོ་དང་འབྲེལ་པར་འགྱུར་བར་འཛིན་ན། དེའི་ཁྱད་པར་ཅན་གྱི་དོན་གྱི་རང་བཞིན་ཉིད་རྗེས་སུ་དཔག་པ་ལས་རྟོགས་པ་ཡིན་གྱི་སྔ་མའི་རང་བཞིན་ ནི་མ་ཡིན་ཏེ། དེས་རྒྱུ་ཉིད་དུ་རྟོགས་པར་མི་འགྱུར་རོ། །དེ་རྟོགས་པའི་དོན་དུ་རྗེས་སུ་དཔག་པ་ཉེ་བར་ལེན་པ་ཡིན་ན། དེ་མི་བྱེད་ན་ཇི་ལྟར་དོན་མེད་པར་མི་འགྱུར། དེས་ན་འབྲལ་བར་འགྱུར་བ་ནི་རྗེས་སུ་དཔོག་པ་མ་ཡིན་ནོ། །རང་གི་ངོ་བོས་རྟོགས་བཞིན་པ་ནི་འབྱུང་བར་འགྱུར་བ་ཉིད་དུ་འཐད་ པ་ཡང་མ་ཡིན་ཏེ་ཞེས་གསུངས་པ་ནི་དེའི་ཚེ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །རང་གི་ངོ་བོས་སྣང་ཡང་ད་ལྟར་བ་ཉིད་མ་ཡིན་ཏེ། འདས་པ་ལ་སོགས་པའི་རང་བཞིན་དུ་སྣང་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་གྱིས་མཐོང་བ་ལ་རྗེས་སུ་དཔག་པ་དྲན་པའི་རང་བཞིན་ གྱིས་འཇུག་པ་ན་འདས་པ་ཉིད་རྗེས་སུ་དཔག་པའི་ཡུལ་དུ་འགྱུར་བ་མ་ཡིན་ཏེ། དེའི་ཡུལ་མ་ཡིན་པའི་ཕྱིར་ཞེས་ལན་འདེབས་པ་ནི་རྗེས་སུ་དཔག་པས་ཞེས་བྱ་བའོ། །ཅི་སྟེ་མི་རྟོགས་སྙམ་ན་འདི་ལྟར་ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་དྲན་པའི་རང་བཞིན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ པའོ། །འོན་ཏེ་དེ་ལ་དེ་འཇུག་པ་ཡོད་དོ་ཞེ་ན། མངོན་སུམ་ཡང་ཞེས་གསུངས་སོ། །གང་གི་ཚེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་ལྟར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་ནའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་ནོ། །དེ་ལ་ཞེས་བྱ་བ་ནི་འདས་པའི་རང་བཞིན་ནོ། །དེ་ལྟ་ན་ཡིན་མོད་ཅི་སྐྱོན་ཞེ་ ན། དེ་ལ་ཡང་ཞེས་གསུངས་སོ། །འདས་པའི་རང་བཞིན་སྐྱེས་པ་ལ་ནི་ནམ་ཡང་མངོན་སུམ་ཡོད་པ་མ་ཡིན་ནོ། །གཏན་ཚིགས་དེའི་ཕྱིར་ཇི་ལྟར་རྗེས་སུ་དཔོག་པ་གང་ཞིག་ལ་ཡང་མངོན་སུམ་གྱི་ཡུལ་མ་ཡིན་པ་དེ་ནི་དྲན་པ་མེད་དེ། ཉམས་མྱོང་ལས་ནི་དྲན་པ་འབྱུང་བ་ཞེས་བྱ་བ་ལུགས་ཡིན་ པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་དྲན་པ་ཡིན་པས་ཇི་ལྟར་མངོན་སུམ་གྱིས་མ་རྟོགས་པ་ལ་འབྱུང་བར་འགྱུར། འབྱུང་བར་འགྱུར་བ་ལ་ཡང་རྗེས་སུ་དཔོག་པ་མ་ཡིན་ཏེ། ནམ་ཡང་མངོན་སུམ་མ་ཡིན་པའི་ཕྱིར་རོ་ཞེས་གསུངས་པ་ནི་གང་ཡང་ཞེས་བྱ་བའོ། །དེ་ནི་འབྱུང་བར་འགྱུར་བ་ལའོ། ། མཚུངས་པ་ནི་འདས་པ་ཉིད་དང་འབྱུང་བར་འགྱུར་བ་ཉིད་དོ། །གཉི་ག་ཡང་ནམ་གྱི་ཚེ་ཡང་ཡུལ་མངོན་སུམ་གྱི་ཡུལ་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་པ་ལ་ཡང་མངོན་སུམ་གྱི་རང་གི་ཡུལ་འདས་པའམ། མ་འོངས་པར་རིག་པ་མ་ཡིན་ཏེ། རང་གི་ཡུལ་ན་ཡོད་པ་ ཉིད་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་རྗེས་སུ་དཔག་པ་དེའི་རྣམ་པ་ཅན་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་འདི་འདས་པ་ཉིད་ལ་སོགས་པར་རོ། །དེའི་རྣམ་པ་ནི་འདས་པ་ལ་སོགས་པའི་རྣམ་པར་རོ། །སྣང་བ་ནི་རྗེས་སུ་དཔག་པའི་བདག་ཉིད་ཀྱི་ཤེས་པའོ། ། ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །སངས་རྒྱས་པ་དེ་ནིའོ། །དེ་ལྟ་ནི་འདས་པ་ལ་སོགས་པ་ཉིད་དུའོ། །གཞན་ཡང་ལས་ཀྱང་ནི་ཆགས་པ་ལ་སོགས་པས་སོ། །གང་གི་ཕྱིར་དེ་ལྟར་འཆད་པར་འགྱུར་བའི་རྒྱུ་དེས་ན་དོན་འཛིན་པར་འདོད་པའི་ཤེས་པ་ཡིན་ནོ། །རྣམ་པ་གཞན་དུ་ནི་འདས་པ་ལ་སོགས་ པའི་རྣམ་པའོ། །གལ་ཏེ་དེ་ལྟ་ན་ཡང་འདས་པ་སྣང་བར་ཇི་ལྟར་འགྱུར་ཞེ་ན་བག་ཆགས་དང་འབྲེལ་པ་དེས་ནའོ། །འདས་པའི་དུས་ཀྱི་རང་བཞིན་ལ་ནི་མངོན་མཐོང་བ་ལས་སོ། །འོངས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །འདས་པར་ཞེས་པ་ནི་དོན་དམ་པ་ལ