Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 7 / 23 (50.000 ký tự/trang)
།དེ་ལྟ་ན་ཡང་ཞེས་བྱ་བ་ནི་ལན་ནོ། །ཐ་དད་པར་ཁས་
བླངས་ཀྱང་སྤྱི་ཡོད་པ་མ་ཡིན་ཏེ། མངོན་སུམ་ལ་སྣང་བ་མེད་པའི་ཕྱིར་རོ། །གལ་ཏེ་ཡང་མངོན་སུམ་གྱིས་གཉི་ག་མ་ཡིན་མོད། འོན་ཀྱང་རྣམ་པར་རྟོག་པ་དང་ལྷན་ཅིག་པས་ནི་དམིགས་པར་འགྱུར་རོ་ཞེས་དོགས་པ་ནི་འོན་ཏེ་གསལ་བ་ཞེས་བྱ་བའོ། །དམིགས་པ་ཁོ་ནའོ་ཞེས་བྱ་བ་ནི་མངོན་
སུམ་གྱིས་སོ། །རྗེས་སུ་སོང་བའི་རྣམ་པ་ཅན་གྱི་ཤེས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པའོ། །གཞན་དུ་ན་ཞེས་བྱ་བ་ནི་དངོས་པོ་ལ་བདག་ཉིད་གཉིས་མེད་ནའོ། །འདི་ཞེས་བྱ་བ་ནི་སྤྱི་དང་ཁྱད་པར་གྱི་ཤེས་པའོ། །རྣམ་པར་རྟོག་པ་གཉིས་བྱས་ནས་རེ་ཞིག་དང་པོ་སེལ་བ་ནི་རྗེས་སུ་སོང་བའི་རྣམ་
པར་ཤེས་པ་ཡིན་ནོ་ཞེས་བརྗོད་ན་ཞེས་འབྲེལ་ཏོ། །དེ་ཡིས་ཞེས་བྱ་བ་ནི་ཤེས་པས་སོ། །ཅི་སྟེ་ཤེས་པའི་རྗེས་སུ་སྤོང་བ་བཞིན་དུ་མི་འཐད་པས་དོན་རྗེས་སུ་སོང་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་དོན་རྗེས་སུ་སོང་བ་ཉིད་ཀྱིས་ཞེས་བྱ་བའོ། །འདི་སྔོན་པོའི་ཞེས་བྱ་བ་བཞིན་དུ་འདི་སྤྱིའི་ཞེས་བྱ་
བར་ཡང་མཛུབ་མོས་ཅི་སྟོན་ཞེས་ལན་འདེབས་པ་ནི། དེ་ཉིད་ཅེས་པ་དོན་ཉིད་དེ་ལྟར་རྗེས་སུ་སོང་བ་ཉིད་དུ་བསྙད་པར་བྱ་སྟེ། སྔོན་པོ་ལ་སོགས་པ་བཞིན་ནོ། །གཞན་ལ་ཞེས་བྱ་བ་རྗེས་སུ་སོང་བའི་ཤེས་པ་ལ་བསྙད་པས་ཅི་ཞིག་བྱ། འོན་ཏེ་ཐམས་ཅད་གཞན་ཏེ་མི་ལ་འཐད་པའི་སྒོ་

ནས་བསྙད་པ་ཡིན་ནོ་ཞེ་ན། སྔོན་པོ་ལ་སོགས་པ་དག་ཅེས་བྱ་བའོ། །མདོ་སྡེ་པའི་ལུགས་ལ་བརྟེན་ནས་བཤད་པ་ནི་སྔོན་པོ་ལ་སོགས་པ་ལ་ཡང་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ཤེས་པ་ལ་བསྙད་པས་སོ། །འདི་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་ལན་གྱི་དོན་ནི་འདི་ཡིན་ཏེ། གལ་ཏེ་འགའ་ཞིག་དེ་
ལྟར་ཐ་སྙད་བྱེད་པ་དེ་ལྟ་ན་ཡང་འཇིག་རྟེན་ནི་མ་ཡིན་གྱི། འོན་ཀྱང་སྔོན་པོ་དང་སེར་པོ་དག་ཤེས་པ་ལས་སམ་ཕན་ཚུན་ཐ་དད་པར་རྟོགས་ཏེ་སྔོན་པོ་མཐོང་ངོ་ཞེས་བྱ་བར་རོ། །དེ་བཞིན་དུ་སྤྱི་ལ་ཡང་འདི་རྣམས་ལ་རྗེས་སུ་སོང་བ་ཡིན་ལ། འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་ཐ་དད་པར་རིགས་པར་འགྱུར་རོ། །
ཐལ་བ་ལས་ལྡོག་པར་ཁས་ལེན་པའི་དོགས་པ་བསུ་བ་ནི། དེ་ནི་ཐ་དད་དུ་བྱ་བ་མ་ཡིན་པ་ཉིད་དོ་ཞེ་ན་ཞེས་བྱ་བའོ། །འདི་བཟློག་པའི་དོན་དུ་རྒྱུ་མཚན་འདྲི་བ་ནི་འོ་ན་ད་ནི་ཞེས་བྱ་བའོ། །གཞན་རྒྱུ་མཚན་སྨྲ་བ་ནི་བསྟན་པར་མི་ནུས་པའི་ཕྱིར་ཏེ་ཞེས་བྱ་བའོ། །འགལ་བ་དམིགས་པའི་ཕྱིར་རྒྱུ་མཚན་
མེད་པར་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བ་མ་ཡིན་པ་ཉིད་དོ་ཞེ་ན། གྲུབ་ན་ཡང་ཞེས་བྱ་བ་སྨོས་པའོ། །བདེ་བ་ལ་སོགས་པ་ཡང་ཞེས་བྱ་བ་ནི་རྩོད་པའོ། །དེ་དག་ཀྱང་ནི་བདེ་བ་ལ་སོགས་པའོ། །རང་རིག་པའོ་ཞེས་བྱ་བ་ནི་ལན་ནོ། །བདེ་བ་བསྟན་པར་བྱ་བའི་རྒྱུད་ལ་ཡོད་པ་
ཞེས་བསྟན་པར་བྱ་བའི་རྒྱུད་ལ་ཡོད་པ་དེ་ནི་བསྟན་པ་དོན་མེད་དོ་ཞེས་བརྗོད་པ་ནི་ཁྱོད་ལ་ཞེས་བྱ་བའོ། །མངོན་སུམ་གྱི་དོན་ལ་ནི་ཉེ་བར་བསྟན་པ་ཆེན་པོ་མ་ཡིན་ནོ། །ཕྱོགས་གཉིས་ལ་ཡང་རྣམ་པར་རྟོག་པ་གཉིས་ཏེ་ཚིག་གམ་རྟགས་ལས་རྟོགས་པར་བྱ་བ་ཡིན་ཞེས་བྱ་བའོ། །དང་པོ་ནི་ཁྱེད་ཅེས་
བྱ་བ་ལ་སོགས་པས་དོགས་པ་བསུ་བ་ནས་མ་ཡིན་ཏེ་ཞེས་བྱ་བས་འགོག་པའོ། །གཉིས་པ་ལ་བརྗོད་པ་ནི་འོན་ཏེ་སྤུ་ལྡང་བ་ཞེས་བྱ་བའོ། །འོན་ཏེ་ཡང་དེ་ལ་བདེ་བ་ཡོད་དོ་ཞེས་མ་བརྗོད་པར་རྟགས་ལས་ནི་མི་རྟོགས་སོ་སྙམ་དུ་དོགས་པ་བསུ་བ་ནི་གང་གི་ཕྱིར་ཞེས་བྱ་བ་གསུངས་སོ། །སྤྱི་གྲུབ་པ་
ལ་ཡང་ཚུལ་འདི་འདྲ་བར་དོགས་པ་བསུ་བ་ནི་འདིར་ཡང་ཞེས་བྱ་བ་སྟེ། སྤྱི་གྲུབ་པ་ལ་ཡང་ངོ་། །ལན་ནི་དེ་ལྟར་ཞེས་བྱ་བའོ། །རྗེས་སུ་སོང་བའི་རྟོག་པ་ནི་བག་ཆགས་ལས་བྱུང་བ་ལས་ན་སྤྱི་དོན་གྱིས་འཕེན་པར་བྱེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་འོན་ཀྱང་འདི་ནི་ཞེས་བྱ་བའོ། །འདི་ཉིད་གསལ་

བར་བྱེད་པ་ནི་འདིའི་རྒྱུ་མཚན་ནི་ཞེས་བྱ་བའོ། །ཇི་ལྟར་བག་ཆགས་ཉིད་འདིའི་རྒྱུ་མཚན་ཡིན་གྱི་སྤྱི་མ་ཡིན་ཞེ་ན། ཐ་དད་པར་དང་ཞེས་གསུངས་སོ། །སྐབས་སྡུད་པར་བྱེད་པ་ནི་སྤྱི་གཞན་ཉིད་ནི་ཞེས་བྱ་བའོ། །འོ་ན་གཞན་དང་གཞན་མ་ཡིན་པར་འགྱུར་རོ་སྙམ་ན། གཞན་
དང་གཞན་པ་ཞེས་གསུངས་སོ། །རྣམ་པ་གཞན་ཡོད་པ་ཉིད་ན་འགྱུར་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་དེ་ཁས་བླངས་ཀྱང་རྣམ་པ་གཞན་སྲིད་པར་འགྱུར་ཞེ་ན། འདི་ལྟར་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ཡང་ཐ་དད་པ་མ་ཡིན་པ་ཐ་དད་པ་ཅིའི་ཕྱིར་མི་འགྱུར་ཞེ་ན། བཟློག་པས་དེ་ཉིད་
གང་ཡིན་པ། དེ་བཞིན་དུ་ཚོར་བ་མེད་པ་ཞེས་གསུངས་སོ། །བཟློག་པ་སྟེ་ཐ་དད་པས་དེ་ཉིད་གང་ཡིན་པ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཞེས་བྱ་བ་ནི་གཞན་ཉིད་དོ། །གཞན་དུ་ཞེས་བྱ་བ་ནི་གཞན་མ་ཡིན་པར་རོ། །ཚོར་བ་མེད་པ་ནི་འགལ་བའི་ཕྱིར་རོ། །དེའི་ཕྱིར་ཐ་མི་དད་པ་ནི་ཐ་དད་པ་མ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐ་དད་པ་ནི་ཐ་མི་དད་པ་ཉིད་དུ་རིགས་པ་ཉིད་དེ་མཐོང་བ་ནི་མི་འཐད་པ་ཞེས་བསམས་ནས་གཞན་དག་སློང་བར་བྱེད་པ་ནི། ལག་དུབ་ཉིད་དང་ཐ་དད་ཀྱང་ཞེས་བྱ་བའོ། །ལག་དུབ་སོགས་པས་ཞེས་བྱ་བ་ནི་ལན་ནོ། །གང་ལས་ཞེས་བྱ་བ་ནི་ཚད་མ་འདྲི་བའོ། །
བག་ཆགས་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་དོན་འཕེན་པར་བྱེད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ་ཞེས་བྱ་བར་བཤད་པ་ནི་རྗེས་སུ་འགྲོ་བར་ཞེས་བྱ་བའོ། །འདི་ནི་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་ཉིད་དོ། །མེད་པ་ཉིད་དུ་བསྟན་ཟིན་ཏོ་ཞེས་བྱ་བའོ། །སྤྱི་ཐ་དད་པ་ཡིན་ན། འབྲེལ་པ་མེད་པ་
ཉིད་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །འདི་ཉིད་རྩ་བ་དང་སྒྲིབ་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་མཚུངས་པའི་རང་བཞིན་གསལ་བ་དེ་དག་ལས་གཞན་ཉིད་ཡིན་པར་གྱུར་ན་ཞེས་འབྲེལ་ཏོ། །རྟ་ཉིད་ནི་ཁྲ་བོ་ལ་སོགས་པ་དང་འབྲེལ་པ་མེད་པ་ཁོ་ནས་ཡིན་པས་ན་ཁྱད་པར་དུ་བྱེད་པ་
ནི་དེ་དག་ཅེས་བྱ་བའོ། །དེ་དག་གི་ཞེས་བྱ་བ་ནི་ལན་ནོ། །གཞན་ལས་ལྡོག་པའི་སྤྱི་ནི་དངོས་པོ་མ་ཡིན་པས་ཐ་དད་པ་དང་ཐ་མི་དད་པའི་རྣམ་པར་རྟོག་པའོ། །བཞི་པ་ཡིན་ནོ་ཞེས་བརྗོད་པ་ནི་བཟློག་པ་ནི་ཞེས་བྱ་བའོ། །རྣམ་པར་རྟོག་པས་ནི་དངོས་པོ་དེ་མ་ཡིན་པ་ལས་ལྡོག་པར་མཚུངས་པ་བཞིན་

དུ་ཞེན་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གལ་ཏེ་དེ་དག་གི་མཚུངས་པའི་དངོས་པོ་དེ་ཡིན་པར་འདོད་ན། དེའི་ཚེ་དེ་དག་ལས་གཞན་ཉིད་ཡིན་པར་འགྱུར་ཞེས་འབྲེལ་ཏོ། །གལ་ཏེ་བུམ་པ་ནི་སྤྱིའི་རང་བཞིན་ཉིད་མ་ཡིན་པའི་ཕྱིར་ན་སྣམ་བུའི་སྤྱི་མ་ཡིན་གྱི་སྣམ་བུ་ཉིད་ནི་དེའི་རང་བཞིན་ཡིན་
པའི་ཕྱིར་དེའི་སྤྱི་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་སྤྱིའི་བདག་ཉིད་མ་ཡིན་པའི་ཕྱིར་ཞེས་བྱ་བའོ། །ལན་གྱི་དོན་ནི་འདི་ཡིན་ཏེ། སྤྱིའི་རང་བཞིན་ཉིད་ལ་ཡང་གསལ་བ་དང་འབྲེལ་པ་མེད་པ་ནི་དེའི་གནས་སྐབས་ཉིད་ཡིན་ནོ་ཞེས་བྱ་བའོ། །འབྲེལ་པ་གྲུབ་པའི་རྒྱུ་བརྗོད་པ་ནི་དེ་དང་ཞེས་བྱ་བའོ། །བསྒྲུབ་པར་བྱ་
བ་ཉིད་སྒྲུབ་བྱེད་དུ་འགྱུར་ན་ནི་ཐམས་ཅད་གྲུབ་པོ་ཞེས་བརྗོད་པ་ནི་དེ་ནི་འབྱུང་བ་ཡིན་ཏེ་ཞེས་བྱ་བའོ། །གཉུག་མ་ཉིད་ལ་ཡང་རྣམ་པ་འདི་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། འདི་ཞེས་བྱ་བའོ། །དེ་ཉིད་ནི་འབྲེལ་པ་ཉིད་དོ། །དེ་ལྟར་མ་ཡིན་ན་ཞེས་བྱ་བ་ནི་མ་གྲུབ་ཀྱང་གཏན་ཚིགས་ཉིད་ཡིན་ནའོ། །
འདིས་ནི་སྤྱིའི་རང་བཞིན་ཉིད་ཁས་བླངས་ནས་གསལ་བ་དང་འབྲེལ་པ་མ་གྲུབ་པར་བསྟན་པ་ཡིན་ནོ། །དེ་ནི་སྤྱིའི་བདག་ཉིད་ཀྱང་མ་གྲུབ་པོ་ཞེས་བརྗོད་པ་ནི་སྤྱིའི་མངོན་པར་དོགས་པ་ལས་ཡང་ཞེས་བྱ་བའོ། །འབྲེལ་པ་གྲུབ་པར་ཁས་བླངས་ནས་སྐྱོན་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །འབྲེལ་
པ་ནི་རང་བཞིན་ཉིད་མ་བཟུང་བའི་ཕྱིར་ན་ཉེས་པ་མེད་དོ་ཞེ་ན། འབྲེལ་པའི་ངོ་བོ་ཉིད་ཅེས་གསུངས་སོ། །དེའི་རང་བཞིན་ནི་གཞན་ཉིད་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་རྣམ་པ་ཞེས་བྱ་བའོ། །དེ་ལྟ་ན་ཡང་འབྲེལ་པ་ཉིད་བརྗོད་པ་ཡིན་ནོ་ཞེས་ལན་འདེབས་པ་ནི། རྣམ་པར་མཚུངས་པ་ཉིད་ཅེས་བྱ་
བའོ། །ཇི་ལྟར་ཞེ་ན། རྣམ་པ་མཚུངས་པ་ཉིད་ནི་ཞེས་བྱ་བའོ། །རང་བཞིན་གང་ཞིག་ལ་ལྟོས་པ་དེ་མ་བཟུང་བར་ནི་དེ་མི་འཛིན་ཏོ་ཞེས་བརྗོད་པ་ནི་གསལ་བ་ལ་ཞེས་བྱ་བའོ། །མི་འཛིན་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱིའིའོ། །འཛིན་ན་ཡང་གསལ་བ་མ་ལུས་པ་འཛིན་པར་ཐལ་བར་འགྱུར་རོ། །
གཞན་ལས་ལྡོག་པ་ལ་ནི་ཉེས་པ་འདི་མཚུངས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། གཞན་ལས་ལྡོག་པ་ནི་ཞེས་བྱ་བའོ། །ཇི་ལྟར་སྐྱོན་དུ་འགྱུར་བ་མེད་ཅེ་ན། ཕན་ཚུན་ཞེས་གསུངས་སོ། །གཞན་དུ་བྱེད་ཅེས་བྱ་བ་ནི་རིགས་མི་མཐུན་པར་རོ། །འོ་ན་སྤྱིའི་ཐ་སྙད་ཇི་ལྟར་སྙམ་ན། དེ་དོན་བྱ་བ་ཞེས་

བྱ་བའོ། །གལ་ཏེ་གསལ་བ་བཞིན་དུ་དོན་བྱ་བ་ཡང་ཐ་དད་པ་ཉིད་མ་ཡིན་ནམ། དེས་ན་ཇི་ལྟར་དེའི་སྒོ་ནས། དེ་ལྟར་དེ་ཐ་སྙད་བྱེད་སྙམ་དུ་དོགས་པ་བསུ་ནས། དུ་མ་ཉིད་མ་འཕྲིགས་པའི་ཞེས་གསུངས་སོ། །མི་མཚུངས་པ་དག་ལ་ཞེས་བྱ་བ་ནི་རྩོད་པའོ། །
མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་སྤྱིའི་བློ་ཉིད་ཀྱིས་སོ། །འདི་ག་ལས་ཤེ་ན་མཚུངས་པའི་རྣམ་པ་ཅན་གྱི་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་ཁྲ་བོ་ལ་སོགས་པ་ལའོ། །གང་གི་ཕྱིར་མཚུངས་པའི་རང་བཞིན་ནི་དངོས་པོ་ལས་དེ་ཉིད་དང་། གཞན་དག་ཏུ་བརྗོད་པར་
བྱ་བ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་དངོས་པོ་མེད་པ་ཡིན་ནོ་ཞེས་བརྗོད་པ་དེའི་ཕྱིར་ཞེས་བྱ་བའོ། །རྣམ་པར་རྟོག་པ་གཅིག་པུས་རྟོགས་པར་བྱ་བ་ནི་དེ་ཉིད་དང་གཞན་དག་ཏུ་མངོན་སུམ་གྱི་ཡུལ་དུ་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་གི་ཕྱིར་སྤྱིའི་རང་བཞིན་གསལ་བ་དང་འབྲེལ་པ་ཉིད་དུ་
མི་འཐད་པ་དེའི་ཕྱིར་དེ་དངོས་པོ་མེད་པ་ཁོ་ནའོ་ཞེས་བརྗོད་པ་ནི་དེའི་ཞེས་བྱ་བ་ཡིན་ནོ། །རྣམ་པར་རྟོག་པ་གཅིག་པུས་རྟོགས་པར་བྱ་བ་གསལ་བ་དང་འབྲེལ་པ་ཉིད་ནི་མངོན་སུམ་གྱི་ཡུལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོར་ཡོད་པའི་སྤྱི་ནི་འབྲས་བུ་འམ་གཞན་ཞིག་ཡིན་གྲང་། རེ་
ཞིག་འབྲས་བུ་ནི་མ་ཡིན་ཏེ་དུས་ཀྱི་དབྱེ་བས་ཐ་དད་པའི་གསལ་བའི་འབྲས་བུ་ཉིད་ཀྱི་དུ་མ་ཉིད་ཡིན་ན་སྤྱི་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་བརྗོད་པ་ནི་དེ་འབྲས་ཤེ་ན་ཞེས་བྱ་བའོ། །འབྲས་བུ་ཉིད་ཡིན་པའི་ཕྱིར་གསལ་བ་བཞིན་དུ་འཇིག་པར་གྱུར་ན། དེ་ཡང་དེ་ལྟར་འདོད་པ་ནི་མ་
ཡིན་ནོ་ཞེས་བརྗོད་པ་ནི་འཇིག་པར་འགྱུར། དེ་ཡང་འདོད་མ་ཡིན་ཞེས་བྱ་བའོ། །འབྲས་བུ་ཡང་མ་ཡིན་ལ་རྟག་པ་ཡང་མ་ཡིན་པ་ལ་ཅི་འགལ་ཞེ་ན། འཇིག་པ་དངོས་པོ་ཙམ་དང་ནི། །ཞེས་གསུངས་སོ། །དངོས་པོ་ཉིད་ནི་དོན་བྱ་བ་བྱེད་པའི་མཚན་ཉིད་ལ་ཡང་འབྲས་བུ་ཉིད་ལ་མི་རྟག་པ་
ཉིད་ཀྱིས་ཁྱབ་པ་ཡིན་ཏེ། རྟག་པ་ཉིད་ལ་ནི་འགལ་བས་ཁྱབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཉེས་པ་འདིས་འཇིག་པས་འབྲས་བུ་མ་ཡིན་ནོ་ཞེས་དོགས་པ་ཡོད་པ་ཀུན་ལ་རག་མ་ལས་ཞེས་བྱ་བའི་ཚུལ་གྱིས་ན། སྤྱི་གསལ་བ་རྣམས་དང་མ་འབྲེལ་པས་ན། ནམ་མཁའ་

བཞིན་དུ་སྤྱི་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི་རིགས་རྣམས་ཞེས་བྱ་བའོ། །མ་འབྲེལ་པ་ནི་གསལ་བ་རྣམས་དང་ངོ་། །དངོས་མེད་ནི་རི་བོང་གི་རྭ་བཞིན་དུ་ངོ་བོ་ཉིད་མེད་པའོ། །ཇི་ལྟར་མཚུངས་པ་ཉིད་དངོས་པོའི་མཚན་ཉིད་མ་ཡིན་ཞེ་ན། རྟོག་པ་འཁྲུལ་པའི་ཞེས་གསུངས་
སོ། །གང་གི་ཕྱིར་རྣམ་པར་རྟོག་པ་གཅིག་པུས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྤྱི་ནི་རྣམ་པར་རྟོག་པའི་རྣམ་པ་ལས་ཐ་དད་པར་རྟོག་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །གསལ་བ་གཉིས་ཀ་ཡོད་ན་ནི་རྣམ་པ་གཉིས་སོ། །དེ་
གཞན་ཡོད་ན་ནི་རྣམ་པ་གསུམ་པ་རྟོགས་པ་ཇི་ལྟར་བསྙོན་ཞེས་བྱ་བའོ། །དེ་ལྟ་ན་ཡང་དེ་ནི་འབྲས་བུར་ཐལ་ལོ་ཞེས་བརྗོད་པ་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །དེ་ལྟར་གྱུར་དང་ཞེས་བྱ་བ་ནི་གསལ་བ་ཉིད་དུ་གྱུར་པའོ། །དུ་མ་ཉིད་དུ་ཞེས་བྱ་བ་ནི་རྣམ་པ་གཉིས་ལ་སོགས་པར་ཐ་དད་པའི་ཕྱིར་
རོ། །འོན་ཏེ་དུ་མ་ཉིད་ནི་ངོ་ཤེས་པས་གནོད་པ་ཡིན་ནོ། །དོགས་པ་ནི་ངོ་ཤེས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །གསལ་བ་བཞིན་དུ་འཕེལ་བའི་རྣམ་པ་ཅན་གྱི་སྤྱི་ལ་ཡང་འཕེལ་བའི་རྣམ་པ་ཅན་གཞན་ཡོད་ལ། དེ་ལ་ཡང་གཞན་ཡོད་པའི་ཕྱིར་ཐུག་པ་མེད་པར་འགྱུར་རོ་ཞེས་ལན་འདེབས་པ་
ནི་སྤྱི་ལ་ཡང་ཞེས་བྱ་བའོ། །སྤྱི་ལ་སྤྱི་མ་རྟོགས་ན་ནི་གསལ་བ་ལ་ཡང་མི་རྟོགས་པས་མཚུངས་སོ་ཞེས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །གལ་ཏེ་གསལ་བ་ལ་བ་ལང་བ་ལང་ཞེས་ངོ་ཤེས་པ་ནི་སྤྱི་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་དོགས་པ་བསུ་ནས་ངོ་ཤེས་པ་ནི་ཞེས་གསུངས་སོ། །མ་
ངེས་པ་ངེས་པ་མེད་པ་ནི་སྟེ་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བ་ལང་ཉིད་དང་རྟ་ཉིད་ལ་སོགས་པའི་སྤྱི་དག་ལ་ནི། སྤྱི་གཅིག་གི་རྒྱུ་མཚན་ཅན་གྱི་ངོ་ཤེས་པ་ཡོད་པ་ཡིན་ནོ། །རྣམ་འགྲེལ་ལས། །བརྗོད་པའི་འབྲས་བུ་ཡིན་པའི་ཕྱིར། །ཞེས་
བྱ་བའི་གཏན་ཚིགས་སླ་བའི་ཕྱིར་བཞག་ནས་གཏན་ཚིགས་གཞན་བརྗོད་པ་ནི། གསལ་བ་ཞིག་ན་འཇིག་པའི་ཕྱིར་རོ་ཞེས་བྱ་བའོ། །གསལ་བ་དང་འདུས་པའི་རང་བཞིན་ནི་དེ་ཞིག་ན་གནས་པར་ཇི་ལྟར་འགྱུར། གནས་ན་ཡང་གསལ་བ་ཡང་གནས་པར་ཐལ་བའི་ཕྱིར་རོ། །ཇི་ལྟར་

ངོ་བོ་མེད་པར་འགྱུར་ཞེ་ན། དངོས་པོ་ཉིད་ནི་ཞེས་བྱ་བའོ། །དེ་ལས་ཅིར་འགྱུར་ཞེ་ན། སྤྱི་ཁྱབ་པ་ནི་ཞེས་གསུངས་སོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། དུས་ཀྱི་ཞེས་གསུངས་སོ། །གལ་ཏེ་དེ་ལྟར་མ་དམིགས་ཀྱང་དེ་ལྟར་ཡོད་པ་ཅི་སྟེ་མ་ཡིན་ཞེ་ན་དམིགས་
པ་ཉིད་ཅེས་གསུངས་སོ། །དེ་མེད་ན་ཞེས་བྱ་བ་ནི་དམིགས་པ་མེད་ནའོ། །ཡོད་པ་ནི་དམིགས་པ་ལ་གཞན་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཡོད་པ་ཉིད་དང་ཞེས་བྱ་བའོ། །དེ་ལྟ་ན་ཐུག་པ་མེད་དོ་ཞེས་ལན་འདེབས་པ་ནི། ཡོད་པ་ཉིད་ཀྱང་ཞེས་བྱ་བའོ། །འདི་ནི་ཁས་བླངས་ནས་བརྗོད་པར་
ཟད་དེ། ཁྱེད་ཀྱི་ལྟ་བ་ནི་མ་ཡིན་ཏེ། ཚིག་གི་དོན་གསུམ་ཡོད་པར་བྱེད་པ་ནི་ཡོད་པ་ཡིན་ནོ་ཞེས་བརྗོད་པའི་ཕྱིར་རོ་ཞེས་གསུངས་པ་ནི། སྤྱི་ནི་ཞེས་བྱ་བའོ། །ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་ཡོད་པར་ཁས་བླངས་པའི་ཕྱིར་རོ། །འོ་ན་དེ་ནི་རང་གི་ངོ་བོས་ཡོད་པ་ཁོ་ན་ཡོད་པ་ཡིན་སྙམ་ན།
དེ་ནི་ཞེས་གསུངས་ཏེ། རང་གི་ངོ་བོས་ཡོད་པ་དེ་ནིའོ། །དེས་ན་ཞེས་བྱ་བ་ནི་མ་དམིགས་པས་སོ། །ཡང་རང་གི་ངོ་བོས་ཡོད་པས་ཡོད་པ་ཉིད་ཡིན་པས་སུན་འབྱིན་པའི་ཕྱིར་བོང་བུའི་ཞེས་གསུངས་སོ། །ཁྱེད་ལ་ཡང་ཞེས་བྱ་བ་ནི་དོགས་པ་ནི། སངས་རྒྱས་པ་ལ་ཡང་ངོ་། །རྒྱུ་
མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་ལན་ནོ། །དེ་བཞིན་ནོ་ཞེས་བྱ་བ་ནི་གལ་ཏེ་རྒྱུ་མེད་པའི་ཕྱིར་རི་བོང་གི་རྭ་མེད་པ་ཡིན་ནོ། །དེའི་ཚེ་སྤྱི་ཡང་མེད་པར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་ཞེས་གསུངས་ཏེ། སྤྱི་ལ་ཡང་ངོ་། །ཡུལ་མེད་པར་ནི་བློ་རྣམས་མི་སྐྱེའོ་ཞེས་དོགས་པ་བསུ་བ་
ནི་སྤྱི་ནི་ཞེས་བྱ་བའོ། །རི་བོང་གི་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་རི་བོང་གི་རྭ་ལ་སོགས་པ་ནི་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནས་སྤྱི་ཡང་དེ་བཞིན་དུ་འགྱུར་རོ་ཞེས་བརྗོད་པ་ནི། ངེས་པར་བརྟགས་ན་ཞེས་བྱ་བའོ། །གལ་ཏེ་སྒྲ་ལས་བྱུང་བའི་བློ་ལ་སྣང་བ་གང་ཡིན་
པ་དེ་ཉིད་ཀྱི་སྤྱི་ཡིན། དེ་ཡང་ཁྱབ་པར་བྱེད་པ་འགལ་བ་དམིགས་པ་ཡང་དངོས་པོ་མ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །གང་ཞིག་བརྡའི་སྟོབས་ཀྱིས་སྣང་བ་དེ་ནི་དངོས་པོ་མ་ཡིན་ཏེ། དཔེར་ན་གསལ་བྱ་ལ་སོགས་པའི་སྤྱི་བཞིན་ནོ། །བ་ལང་ཉིད་ལ་སོགས་པའི་སྤྱི་

ཡང་བརྡའི་སྟོབས་ཀྱིས་སྣང་བ་ཡིན་ནོ། །གལ་ཏེ་འདི་ནི་མ་ངེས་པ་ཡིན་ཏེ། དངོས་པོ་ལ་ཡང་བརྡའི་སྟོབས་ཀྱིས་སྣང་བ་སྲིད་པའི་ཕྱིར་རོ་ཞེས་དོགས་ན། དངོས་པོ་ཉིད་ནི་བརྡའི་སྟོབས་ལ་མི་ལྟོས་པར་སྣང་བས་ཁྱབ་པ་དེ་དང་འགལ་བ་ཡོད་ན་མི་འགྱུར་རོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་
བའོ། །སྐབས་སུ་བབ་པ་ལ་ཁྱབ་པར་བྱེད་པ་དང་འགལ་བ་ཉིད་སྟོན་པ་ནི་བརྡ་ལ་མི་ལྟོས་པ་དེ་ལྟར་ནི་སྣང་བ་མེད་ཀྱི་འོན་ཀྱང་དེ་ལ་ལྟོས་པར་སྣང་ངོ་། །གལ་ཏེ་བརྡ་ལ་ལྟོས་པའི་ཤེས་པ་ལ་ཡང་དངོས་པོ་མེད་པ་ཁོ་ན་ལ་ཇི་ལྟར་འགྱུར་ཞེས་དོགས་པ་བསུ་བ་ནས་བརྡ་བྱེད་པ་ནི་ཞེས་གསུངས་
སོ། །གང་གི་ཕྱིར་དེ་ལྟར་བརྡ་བྱེད་པ་མ་ཡིན་གྱི། འོན་ཀྱང་སྔ་མ་དང་ཕྱི་མ་སྒྲོ་བཏགས་པ་ཁོ་ནས་ཡིན། དེའི་ཕྱིར་དེ་ལ་ལྟོས་པའི་ཤེས་པ་པ་ཡང་དངོས་པོ་མེད་པར་སྒྲོ་བཏགས་པ་ཁོ་ན་མ་ཡིན་ནོ། །འོན་ཏེ་ཡང་སྔ་མ་དང་ཕྱི་མ་སྒྲོ་བཏགས་པ་མེད་ཀྱང་བརྡ་བྱེད་པ་ཡིན་ཏེ། དེས་ན་དེ་ལ་ལྟོས་
པའི་རྟོགས་པ་ནི་དངོས་པོ་ལ་ཡང་འགྱུར་བ་ཡིན་ནོ་ཞེས་དོགས་ན་འདི་ལྟར་ཞེས་གསུངས་སོ། །གལ་ཏེ་ཉེ་བ་ཙམ་ལ་བརྟེན་ནས་ཀྱང་བྱེད་པ་ཡིན་ན་ནི་དེའི་ཚེ་དེའི་མཐར་ཐུག་པ་ཉིད་ཀྱིས་ཐ་སྙད་ཀྱི་དུས་སུ་རྗེས་སུ་འགྲོ་བར་འགྱུར་བ་དེས་ན་སྒྲ་ལས་དོན་རྟོགས་པར་མི་འགྱུར་རོ། །གལ་ཏེ་
བརྡ་ནི་རྗེས་སུ་འགྲོ་བ་མེད་ཀྱང་སྒྲའི་སྟོབས་ཁོ་ནས་དོན་རྟོགས་སོ་སྙམ་དུ་དོགས་པ་ནི། སྒྲའི་མཐུ་ཉིད་ཀྱིས་ཞེས་བྱ་བའོ། །བརྡའི་རྗེས་སུ་འགྲོ་བ་མེད་པར་སྒྲ་ལས་དོན་རྟོགས་པ་མི་སྲིད་དོ་ཞེས་ལན་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །གལ་ཏེ་སྤྱིའི་ཤེས་པ་བརྡ་ལ་ལྟོས་པ་ཡིན་ནོ་
ཞེས་ག་ལས་རྟོགས་ཞེས་དོགས་པ་ན། བརྡ་མེད་པར་ནི་ཞེས་བྱ་བའོ། །བྷིད་རྡི་དང་ཨཱད་ཨཻ་ཞེས་བྱ་བ་ལྟར་འདི་བ་ལང་ངོ་ཞེས་བྱ་བའི་བརྡ་ལ་ཡང་ངོ་། །འདི་ནི་བ་ལང་གི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེས་པའི་དོན་ཡིན་པའི་ཕྱིར་ན། བརྡ་མེད་པར་ནི་གང་དུ་ཡང་སྒྲ་རྗོད་བྱེད་ཉིད་མ་ཡིན་
ནོ་ཞེས་བྱ་བའི་དོན་ཏོ། །དངོས་གཉིས་མཐོང་ལ་ཞེས་བྱ་བའི་རྣམ་འགྲེལ་ཉེ་བར་བཀོད་པ་ཁོ་ནར་འཆད་པ་ནི་སྒྲ་མེད་པར་ཡང་ཞེས་བྱ་བའོ། །མཐོང་བའི་བ་ལང་གི་གསལ་བ་ལས་བ་ལང་གི་གསལ་བ་གཞན་ནི་གསལ་བ་གཞན་ཏེ། དེ་མཐོང་བ་ལས་ནིའོ། །སྒྲ་མེད་པར་ཡང་ཞེས་

བྱ་བར་ནི་བརྡ་ལ་མི་ལྟོས་པར་སྤྱིར་བློར་འགྱུར་རོ་ཞེ་ན་ལན་དེར་ཡང་ཞེས་བྱ་བ་སྟེ། གསལ་བ་གཞན་མཐོང་བར་ཡང་ངོ་། །དེ་ཉིད་ནི་གསལ་བ་གཞན་ཉིད་དེ་བརྡ་ཡིན་ནོ། །དེའི་ངོ་བོ་ཞེས་བྱ་བ་ནི་སྤྱི་ལ་ཐ་སྙད་དོ། །དངོས་པོར་འགྱུར་བའི་ངང་ཚུལ་གང་ལ་
ཡོད་པ་དེ་ནི་དེའི་ཐ་སྙད་ཀྱི་དངོས་པོ་སྟེ་དེ་ལའོ། །དེ་ལྟ་ན་ནི་འོ་ན་བརྡ་ལ་མི་ལྟོས་སོ་ཞེས་བྱ་བར་བརྗོད་པ་ནི་རིགས་སོ་ཞེས་དོགས་པ་བསུ་ནས་བརྡ་སྨོས་པ་ནི་ཞེས་གསུངས་སོ། །རྟགས་ལ་ཡང་ལྟོས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱིས་དངོས་པོའི་སྟོབས་ཀྱིས་བསྐྱེད་པའི་ཤེས་
པའོ། །ཅིའི་ཕྱིར་ཞེ་ན། རྟགས་ཀྱང་ཞེས་སྨོས་ཏེ། སྒྲ་འབའ་ཞིག་ཏུ་ནི་མ་ཟད་དེ། ཅི་ལྟར་བ་ལང་ཉིད་ལ་སོགས་པའི་རིགས་རྟགས་དང་བརྡ་ལ་སོགས་པས་བསྐྱེད་པའི་ཤེས་པ་ལ་རྟོགས་པར་བྱ་བ་ལ་ཡིན་པ་དེ་བཞིན་དུ་བྲམ་ཟེ་ཉིད་ལ་སོགས་པའི་རིགས་ཀྱང་ཡིན་ནོ་
ཞེས་བརྗོད་པ་ནི་དེ་བཞིན་དུ་གསལ་བྱ་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་བརྡ་དང་ལྷན་ཅིག་པའི་མངོན་སུམ་ནི་རིགས་ཀྱིས་གྲུབ་པར་བྱེད་པ་མ་ཡིན་པ་དེས་ན། དངོས་པོ་མེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་བྲམ་ཟེ་ལ་སོགས་པ་ལ་ཞེས་བྱ་བའོ། །མངོན་སུམ་བརྡ་ལ་ལྟོས་
པའི་ཕྱིར་ན་དེ་ལ་ལྟོས་པ་མེད་པ་ཡིན་ནོ་ཞེས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཁྱབ་པར་བྱེད་པ་འགལ་བ་དམིགས་པས་དངོས་པོ་ཡུལ་ཅན་མ་ཡིན་པ་ཉིད་དུ་བརྗོད་པ་ནི་བརྡ་ཙམ་ལ་ལྟོས་པ་ནི་ཞེས་བྱ་བའོ། །མངོན་སུམ་གྱི་ལྷན་ཅིག་བྱེད་པ་ཅན་ཡིན་པའི་ཕྱིར་ན་དམུས་ལོང་
བརྒྱུད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། ལྷན་ཅིག་བྱེད་པའི་ཞེས་བྱ་བའོ། །བཟུང་བ་ཞེ་ན་ཞེས་བྱ་བ་ནི་དེས་ན་འོ། །མ་ངེས་ན་ཡང་ཉེ་བར་བསྟན་པ་མི་འཐད་དེ། དེས་ན་རང་ཉིད་མེད་པའི་ཕྱིར་དོན་མེད་དོ་ཞེས་བརྗོད་པ་ནི། མངོན་སུམ་གྱིས་མ་བཟུང་ན་ཡང་ཞེས་བྱ་བའོ། །ཇི་ལྟར་
ནི་མི་ནུས་པ་ཞེ་ན། མཐོང་བ་ལ་ནི་ཞེས་གསུངས་སོ། །ནུས་པ་ནི་ཚད་མའོ། །འདི་གཞན་གྱིས་ཀྱང་འདོད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་སྐད་དུ་ཡང་ཞེས་བྱ་བ་སྟེ་རི་ཁྲོད་རྗེས་བཤད་པ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་དབང་པོ་ལས་འདས་པ་དག་ལ་ཉེ་བར་བསྟན་པ་སྟེ། སྐྱེས་བུ་བློས་

བསྐྱེད་པ་ནི་ཚད་མ་མ་ཡིན་པ་ཁོ་ནའོ། །བཤད་ཟིན་པའི་རྩོད་པ་ཉིད་ལྷག་པ་བརྗོད་པའི་དོན་དུ་དགོད་པ་ནི། ཅི་སྟེ་ཡང་ཞེས་བྱ་བའོ། །བྲམ་ཟེ་ཉིད་ནི་རིགས་ནི་མི་འགྱུར་ཞེས་བྱ་བ་ཇི་ལྟར་ཞེ་ན་དེ་ནི་དེ་ལྟར་ཞེས་གསུངས་ཏེ་བྲམ་ཟེ་ཉིད་དེ་ནི་བརྡ་མེད་པར་བཏགས་པའི་ཕྱིར་རོ་ཅིའི་ཕྱིར་ཞེ་ན།
བ་ལང་ཉིད་བཞིན་དུ་བྲམ་ཟེ་ཉིད་ལ་སོགས་པའི་རིགས་ནི་གསལ་བས་གསལ་བར་བྱེད་པར་མ་མཐོང་གི །འོན་ཀྱང་ཉེ་བར་བསྟན་པ་ཁོ་ནས་ཡིན་ནོ། །དེའི་གསལ་བྱེད་གསལ་སྣང་བ་ཡིན་པར་ཇི་ལྟར་རྟོགས་ཤེ་ན། བ་ལང་ཉིད་ལ་ནི་གསལ་ཏེ་འདི་བ་ལང་མ་ཡིན་ནོ་ཞེས་ངག་གཞན་
བརྗོད་པ་དེའི་ཚེ་བ་ལང་ཉིད་འདིར་འགའ་ཞིག་ཐེ་ཚོམ་འགྱུར་རམ་ཅི་སྟེ་མི་འགྱུར་བ་ཁོ་ནའོ། །དེས་འདིའི་གསལ་བར་བྱེད་པ་ནི་གསལ་བ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ། །བྲམ་ཟེ་ཉིད་ལ་ནི་རྟོགས་པ་འདི་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། བྲམ་ཟེ་ཉིད་ལ་ཞེས་བྱ་བའོ། །གཞན་
ལས་ཀྱང་ངེས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་བྱ་ལས་དེར་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་སྨོས་ཏེ། དམངས་རིགས་ལ་སོགས་པས་སོ། །བྲམ་ཟེ་ལ་སོགས་པའི་རིགས་བཞིན་དུ་གསལ་བྱ་ལ་སོགས་པའི་རིགས་ལ་ཡང་ཉེ་བར་བསྟན་པ་ཁོ་ན་གསལ་བྱེད་ཡིན་ནོ་ཞེས་
བརྗོད་པ་ནི། བསྟན་པ་མེད་པར་ཞེས་བྱ་བའོ། །གསལ་བ་ནི་མངོན་པར་གསལ་བའོ། །འདི་སྙམ་དུ་གསལ་བྱ་ལ་སོགས་པའི་རིགས་ནི་རང་གི་ངོ་བོ་མེད་པའི་ཕྱིར་དེ་ཉིད་ཀྱིས་གསལ་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་མེད་ན་ཞེས་བྱ་བ་ནི་རང་གི་ངོ་བོ་
མེད་ནའོ། །ལན་ནི་བ་ལང་དང་བྲམ་ཟེ་ལ་སོགས་པའི་རིགས་ལ་ཡང་དེ་ཅི་སྟེ་འདོད། སྒྲ་གཅིག་འཇུག་པར་བྱ་བའི་དོན་དུའོ་ཞེ་ན། འོ་ན་གསལ་བྱ་ལ་སོགས་པ་ལ་སྒྲ་གཅིག་འཇུག །སྒྲ་གཅིག་གིས་བརྗོད་པར་བྱ་བ་ཉིད་ཀྱི་རང་བཞིན་དུ་གྱུར་པའི་རིགས་ཡོད་པའི་ཕྱིར་རོ་ཞེ་ན། དེ་ལྟ་
ན་ནི་འོ་ན་ཇི་ལྟར་དབྱངས་ལ་སོགས་པ་ལ་ཞེས་བྱ་བའོ། །གལ་ཏེ་ཁྲ་བོ་ལ་སོགས་པའི་གསལ་བ་མཐའ་ཡས་པས་རིགས་གཅིག་མེད་པས་དེ་དག་སྒྲ་གཅིག་ཇི་ལྟར་སྦྱོར་ཏེ་ཁྱད་པར་རྣམས་ནི་མཐའ་ཡས་པས་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བ་ནི་ལུགས་ཡིན་པའི་ཕྱིར་ཞེས་དོགས་པ་བསུ་བ་ནི་

བ་ལང་གི་ཉིད་ཅེས་བྱ་བའོ། །དེར་ནི་གསལ་བ་མཐའ་ཡས་པ་དེར་རོ། །དེ་ཡང་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་མཐའ་ཡས་སྙམ་ན། གོང་དུ་སྤོང་སོགས་ཞེས་གསུངས་སོ། །ཅི་སྟེ་བརྡ་མ་བཟུང་བས་ཀྱང་གསལ་བྱ་ལ་སོགས་པ་ལ་དེ་ཉིད་ནི་འདིའོ་ཞེས་
མཚམས་སྦྱོར་བ་ལས་བརྡ་བྱེད་པ་ཡིན་ནོ་སྙམ་དུ་དོགས་ན་འདི་ནི་ཁྲ་བོ་ལ་སོགས་པ་ལ་ཡང་མཚུངས་སོ་ཞེས་བརྗོད་པ་ནི་ངོ་ཤེས་པ་ལས་ཞེས་བྱ་བའོ། །གང་གི་སྒྲ་གཅིག་གི་བརྗོད་བྱ་ཉིད་ལ་གཏོགས་པར་བྲམ་ཟེ་ཉིད་ལ་སོགས་པའི་རིགས་ཡོད་པ་མ་ཡིན་པ་དེའི་ཕྱིར་རོ། །ཁྲ་བོ་ལ་
སོགས་དོན་རྣམས་ཀྱི་ཉེ་བའོ། །གལ་ཏེ་རིགས་མེད་སྒྲ་དང་འཛིན་པ་གཅིག་དང་ལྡན་པ་ཇི་ལྟར་སྲིད་སྙམ་ན། དེ་མ་ཡིན་ཏེ་ཞེས་བྱ་བའོ། །ཇི་ལྟར་བ་ལང་ཉིད་རྒྱུ་མཚན་གཞན་མེད་ཀྱང་དེ་ལྟར་མཐོང་བ་ལས་ཁྲ་བོ་ལ་སོགས་པ་ཉིད་ལ་ཡོད་པ་དེ་བཞིན་དུ་དེར་འཛིན་པ་ཡང་
ཡིན་ནོ། །དེ་བཞིན་དུ་མིག་ལ་སོགས་པ་ཉིད་ལ་གཟུགས་ཀྱི་ཤེས་པ་རྒྱུ་མཚན་གཞན་མེད་པར་ངོ་བོ་ཉིད་ཀྱི་ཡོད་པ་ཡིན་གྱི། རྣ་བ་ལ་སོགས་པ་ལ་ནི་མ་ཡིན་པ་བཞིན་ནོ་ཞེས་དཔེར་བྱའོ། །མིག་ལ་སོགས་པ་རྣམས་ལ་ནི་ཉེ་བ་ཡོད་པ་ཁོ་ན་སྟེ། ལྷན་ཅིག་བྱེད་པ་ཡིན་པའི་
ཕྱིར་རོ། །ཁྲ་བོ་ལ་སོགས་པ་ལ་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། ལྷན་ཅིག་བྱེད་པ་རྣམས་ལ་ཞེས་བྱ་བའོ། །མིག་ལ་སོགས་པ་བཞིན་དུ་ཁྲ་བོ་ལ་སོགས་པ་རྣམས་ལ་ཡང་ལྷན་ཅིག་བྱེད་པ་ཉིད་ལས་བློ་གཅིག་འཇུག་པ་ཡིན་པས་སྤྱིས་ཅི་ཞིག་བྱ་ཞེས་ལན་འདེབས་པ་ནི་
དངོས་པོ་གཉིས་མཐོང་བ་ལ་ཡང་ཞེས་བྱ་བའོ། །བློ་ཡང་ཡིན་ལ་གཅིག་ཀྱང་ཡིན་པ་སྟེ། རིགས་མེད་པར་ཡང་འགྱུར་རོ་ཞེས་པའོ། །རིགས་མེད་ན་བློ་གཅིག་ཏུ་ཇི་ལྟར་འགྱུར་ཞེས་དོགས་པ་བསུ་བ་ནི། མཚུངས་པའི་རྣམ་པ་ཉིད་ཅེས་སྨྲས་ཏེ། གཞལ་བྱའི་རང་བཞིན་
ནོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་འགོག་པའོ། །ཅིའི་ཕྱིར་ཞེ་ན་གཞལ་བྱ་ཞེས་སྨོས་སོ། །བློ་གཅིག་པ་ལས་མ་གཏོགས་པར་ནི་མཚུངས་པའི་རྣམ་པ་ཉིད་ལ་དམིགས་ཏེ། དེ་བས་ན་དེ་ནི་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པ་དཔེ་ཡིན་ནོ་ཞེས་

བརྗོད་པ་ནི་དེ་ནི་ཞེས་གསུངས་ཏེ་བློ་གཅིག་བསྐྱེད་པའོ། །འདི་སྙམ་དུ་མིག་ལ་སོགས་པ་ལ་ཡང་བློ་གཅིག་སྐྱེད་པར་བྱེད་པ་ཉིད་ཀྱི་སྤྱི་ཡོད་པ་ཁོ་ནའོ། །དེས་ན་མེད་པར་བསྒྲུབ་པ་ལ་དེ་དག་དཔེ་ཉིད་དུ་ཇི་ལྟར་འགྱུར་ཞེས་དོགས་པ་བསུ་བ་ནི་དེ་དག་ལ་ཡང་ཞེས་བྱ་བའོ། །སྐྱེད་པར་བྱེད་
པ་ཉིད་ཀྱང་བློ་གཅིག་སྐྱེད་པ་ལས་གཞན་ནི་མེད་དོ་ཞེས་ལན་འདེབས་པ་ནི་ཁྲ་བོ་ལ་སོགས་པ་ལ་ཡང་ཞེས་བྱ་བའོ། །བློ་གཅིག་བསྐྱེད་པ་ཉིད་སྤྱི་ཡིན་ནོ་སྙམ་པར་དོགས་པ་ནི་གལ་ཏེ་དེ་ཉིད་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་སྐྱེད་བྱེད་ཀྱི་མཚན་ཉིད་དུ་འགྱུར་བའི་སྤྱི་མེད་ནའོ། །
རིགས་ཀྱི་སྟོབས་ཀྱིས་བློ་ངེས་ཀྱང་དེ་ཉིད་ག་ལས་ངེས་ཞེས་ལན་འདེབས་པ་ནི། འོ་ན་རིགས་ཀྱང་བྱ་བའོ། །རིགས་གཞན་ལས་ཞེས་བྱ་བར་ཁས་ལེན་ན་ནི། ཐུག་པ་མེད་དོ་ཞེས་བརྗོད་པ་ནི་དེ་ལ་ཞེས་བྱ་བ་སྟེ་རིགས་ལའོ། །རྣམ་པར་འབྱེད་པར་བྱེད་པ་ཞེས་བྱ་བ་ནི་ངེས་པའི་
གསལ་བས་གསལ་བར་བྱེད་པ་ཉིད་དང་རྟེན་དུ་བྱེད་པ་ཞེས་བྱ་བའི་དོན་ཏོ། །གསལ་བའི་རྒྱུ་ནི་ནུས་པ་ཉིད་ལས་རྣམ་པར་དབྱེ་བ་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ་ཞེས་དོགས་པ་མེད་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་རིགས་དོན་མེད་དོ་ཞེས་ལན་འདེབས་པ་
ནི་དེ་ལྟ་ན་ཡང་འོ་ན་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་རྣམས་ཀྱི་བློ་གཅིག་བསྐྱེད་པ་ཉིད་དུ་བཟློག་པར་བྱ་བ་མ་ཡིན་གྱི། འོན་ཀྱང་གཅིག་སྣང་བ་ཡིན་ནོ་ཞེས་བརྗོད་དོ་སྙམ་དུ་དོགས་ན། མིག་ལ་སོགས་པ་ལ་ཡང་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་གང་གི་ཕྱིར་རྣམ་པ་འགས་ཀྱང་སྔོན་
པོ་ལ་སོགས་པ་བཞིན་དུ་མངོན་སུམ་ལ་སྣང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མི་སྣང་བའི་ཕྱིར་སྤྱི་མེད་ན། མིག་ལ་སོགས་པ་ཡང་འགྱུར་རོ་ཞེ་ན། དབང་པོ་ནི་གཟུགས་དང་ལྡན་པ་ཡིན་པའི་ཕྱིར་ན་དབང་པོ་ལས་འདས་པ་ཐོབ་པ་ལ་སྣང་བར་འགྱུར་རོ་ཞེས་སྲིད་པར་སྟོན་
པ་ནི་གལ་ཏེ་དབང་པོ་རྣམས་ཀྱི་ལྟ་བ་པོ་ཞིག་ཡོད་ན། དེའི་ཚེ་དེའི་ལུས་ནི་སྣང་བ་ཡིན་ཏེ་གཟུགས་ཅན་ཡིན་པའི་ཕྱིར་རོ། །རིགས་རྣམས་ནི་གཟུགས་དང་ལྡན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཡན་འགར་བ་གསལ་བ་ནི་འཛིན་པ་དང་བྲལ་བ་རྣམས་མི་མཐོང་བའི་ཕྱིར་རོ། །

ཅི་སྟེ་དེ་ལྟར་མཐོང་བ་ཡོད་པ་ཁོ་ནའོ། །གསལ་བ་འཛིན་པའི་ཚེ་ནའང་གསལ་བ་དེའི་སྒྲ་དངོས་པོ་དེ་ལས་གཞན་རིགས་ཀྱི་རང་བཞིན་ནི་སྣང་བ་མེད་དོ། །མི་དམིགས་པ་མ་གྲུབ་པར་བརྗོད་པ་ནི་འབྲས་བུའི་སྒོ་ནས་ཀྱང་ཞེས་བྱ་བ་ནི་ལན་ནོ། །འབྲེལ་པ་ཡང་ཐམས་
ཅད་དུ་རང་བཞིན་གཅིག་པའི་ཕྱིར་སྤྱི་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཐམས་ཅད་དུ་གཅིག་པའི་འབྲེལ་པ་ཡང་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །འདི་ཉིད་བརྗོད་པ་ནི་དེའི་དེ་མ་ཐག་ཏུ་ཞེས་བྱ་བའོ། །དེ་ལྟར་མི་དམིགས་པ་ལ་གྲུབ་པ་ཉིད་སྤངས་པའི་དོན་དུ་མི་སྣང་ཡང་ནུས་
པ་ཞེས་བྱ་བའོ། །དེ་ལ་ནི་ཞེས་བྱ་བ་ནི་དབང་པོ་ལའོ། །དབང་པོ་བཞིན་ནོ་ཞེས་བྱ་བའི་དཔེ་ཡང་མ་གྲུབ་པོ་ཞེས་བརྗོད་པ་ནི་འབྲས་བུ་ལྡོག་པས་ནི་ཞེས་བྱ་བའོ། །ལུས་ཀྱི་ནི་དབྱེ་བ་ཞེས་བྱ་བས་ནི་གསུམ་མོ། །མིག་ལ་སོགས་པ་བག་ཆགས་ཀྱི་ཁྱད་པར་ཡིན་པའི་ལུགས་བརྗོད་
པ་ནི་གང་ཞིག་ཅེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་ལུགས་ཐ་དད་པ་ཡིན་པ་དེའི་ཕྱིར་ནའོ། །དེའི་སྒོ་ནས་ཞེས་བྱ་བ་ནི་དབང་པོ་རྗེས་སུ་དཔོག་པའི་སྒོ་ནས་སོ། །གལ་ཏེ་དབང་པོ་རྗེས་སུ་དཔག་པས་མ་གྲུབ་ན་འོ་ན་དེའི་སྒྲུབ་པར་བྱེད་པ་གང་ཡིན་ཞེ་ན། གཟུགས་དང་ལྡན་པ་ཉིད་ནི་ཞེས་བྱ་
བའོ། །ལུང་ཡིན་ཏེ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཡིན་ན་ཞེས་བྱ་བ་ནི་ལུང་ལས་གྲུབ་པའི་གཟུགས་དང་ལྡན་པ་ཉིད་ནའོ། །རིགས་རྣམས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འཆད་པ་ནི་སྤྱི་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་སྟེ། གཟུགས་དང་ལྡན་པ་ཉིད་མ་ཡིན་
ནོ། །ཇི་ལྟ་ཞེ་ན་འབའ་ཞིག་པ་ཞེས་གསུངས་སོ། །སྤྱི་འབའ་ཞིག་པ་མ་མཐོང་བ་དེ་དེའི་རང་བཞིན་ཉིད་ལས་ཉམས་པར་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་རྣལ་འབྱོར་པས་ཞེས་བྱ་བའོ། །དེའི་ནི་བློའིའོ། །འདི་ནི་སྤྱིའོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །རྣལ་འབྱོར་པ་བཞིན་དུ་ཁྱེད་
ཀྱིས་ཀྱང་སྤྱི་མཐོང་བར་འགྱུར་རོ་ཞེ་ན། བདག་གིས་ནི་ཞེས་བྱ་བའོ། །སྤྱིའི་འབའ་ཞིག་མི་མཐོང་བའི་རྒྱུ་མཚན་དུ་གཞན་གྱི་འདོད་པ་ཉིད་བརྗོད་པ་ནི། གལ་ཏེ་སྤྱི་ནི་ཞེས་བྱ་བའོ། །གཟུགས་ནི་སྣང་བ་མེད་ཀྱང་དམིགས་པར་འགྱུར་གྱི། གསལ་བ་མེད་པར་ནི་སྤྱི་དམིགས་པ་མེད་པ་

མ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ཡང་མི་རུང་སྟེ་ཞེས་བྱ་བའོ། །ཐ་དད་ཀྱང་ཡུལ་གཅིག་པའི་ཕྱིར་ཐ་དད་པ་མི་དམིགས་སོ་ཞེས་སྨྲས་པ་ནི། འོན་ཏེ་ཡུལ་ཞེས་བྱ་བའོ། །གང་ཞིག་གང་དང་ཡུལ་གཅིག་པ་དེ་ནི་དེ་དང་ཐ་དད་པར་དམིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱོད་ཀྱི་འདོད་པས་འཁྲུལ་པ་
ཡིན་ནོ་ཞེས་ལན་བརྗོད་པ་ནི་གཟུགས་དང་ཞེས་བྱ་བའོ། །གཟུགས་དང་རོ་ལ་སོགས་པ་ཡང་ཡུལ་གཅིག་པའི་ཕྱིར་ཐ་དད་དམིགས་པར་མི་འགྱུར་བ་ཞིག་མ་འགྱུར་བ་ཡང་ཡིན་ཏེ། དེས་ན་འདི་མ་ངེས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་འདྲེས་པ་ན་གང་ཞིག་གང་དང་ཡུལ་གཅིག་
པ་ཞེས་ཁྱད་པར་དུ་བྱེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། དེ་རྣམས་ནི་ཞེས་བྱ་བ་སྟེ་གཟུགས་ལ་སོགས་པ་རྣམས་སོ། །དེ་ནི་ཞེས་བྱ་བ་ནི་སྤྱི་དང་གསལ་བ་གཉིས་ལའོ། །ཤིན་ཏུ་ཞེས་བྱ་བ་ནི་ལན་ནོ། །རང་བཞིན་འདྲེས་པ་ཅི་ཞེ་ན། ཅི་ག་རང་བཞིན་
འདྲེས་པར་གྱུར་ཏམ་དེ་མ་འདྲེས་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་རང་བཞིན་འདྲེས་པར་འགྱུར་ན་ནི་སྤྱི་གང་བུ་ལས་ཐ་མི་དད་པ་ཁོ་ནར་འགྱུར་རོ། །ཅི་ལྟར་ཞེ་ན་གང་གི་ཕྱིར་འདྲེས་པར་འགྱུར་ན་ནི་སྤྱི་གང་ཕྱིར་རང་བཞིན་ཏེ་ངོ་བོ་གང་ཡིན་པ་ནི་ཐ་དད་པ་མེད་པ་ཉིད་ཡིན་པས་སོ། །འདྲེས་
པས་ཐ་དད་པར་མི་རྟོགས་ན་ནི་སྤྱི་མེད་པར་ཐལ་བར་འགྱུར་རོ། །དེས་ན་ཁྱད་པར་མེད་པ་ཉིད་དུ་ཡུལ་གཅིག་པའི་གཏན་ཚིགས་རྒྱུ་ཡིན་པས་ད་ནི་དེ་ལ་དངོས་པོ་ཉིད་ཀྱང་མ་ངེས་པ་ཉིད་དུ་ཡང་བརྗོད་པ་ནི། རང་བཞིན་གཞན་ཕྱིར་ཞེས་བྱ་བའོ། །གཏན་ཚིགས་འདི་ནི་མ་གྲུབ་པ་ཡང་ཡིན་ཏེ་
གང་གི་ཕྱིར། རང་བཞིན་ལས་ནི་གཞན་འགྱུར་བར་ཞེས་བྱ་བའོ། །ཡུལ་ཙམ་མ་གྲུབ་པ་ནི་ཤིན་ཏུ་གསལ་བར་དེའི་ཁྱད་པར་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་ལས་ཐ་དད་པར་ཞེས་བྱ་བ་ནི་འཆད་པའོ། །ཡུལ་ཐ་དད་པ་ཡིན་དུ་ཟིན་ཀྱང་དེ་ལྟ་ན་ཡང་དེ་ཐ་དད་པ་ནི་འདིར་
མ་གྲུབ་པོ་ཞེས་གསུངས་སོ། །གལ་ཏེ་དངོས་པོ་ཞེས་བྱ་བའོ། །ཡུལ་གཞན་ག་ལ་ཡོད་ཅེས་གང་བརྗོད་པ་ནི་དེ་འཐད་པ་ཉིད་དུ་དོགས་པ་བསུ་བ་ནི་གལ་ཏེ་ཡུལ་གྱི་དབྱེ་བས་སྤྱི་ལ་སོགས་པ་ཡུལ་ཅན་དང་། ཡུལ་དག་ཐ་དད་པ་ཡིན་ནོ། །ཡུལ་ནི་དངོས་པོ་ལས་ཐ་དད་པ་

གཞན་ཁོ་ན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ཐུག་པ་མེད་པར་འགྱུར་རོ་ཞེས་ལན་འདེབས་པ་ནི། དེའི་དབྱེ་བ་ག་ལས་ཡིན་ཞེས་བྱ་བའོ། །དེས་ན་ཡུལ་གཅིག་པ་ཉིད་ནི་སྒྲུབ་བྱེད་མི་རུང་ངོ་། །དེའི་ཕྱིར་ཞེས་བྱ་བའི་རྩ་བས་འཕངས་པའི་དོན་བརྗོད་པ་
ནི། གང་གི་ཕྱིར་ཞེས་བྱ་བའོ། །གཅིག་གི་བློ་ནི་གསལ་བ་རྣམས་ལ་ཡིན་ནོ་ཞེས་བྱ་བར་ཡང་བལྟ་བར་བྱ་སྟེ། དེ་ཉིད་ཀྱི་ཕྱིར་རོ་སྤྱི་ཙམ་གྱི་དོན་བྱ་བ་ལྟ་ཞིག་སྟེ། རྣམ་པར་རྟོག་པ་དང་གཞན་པའི་ཤེས་པ་ཙམ་གྱི་དོན་བྱ་བ་ལ་ཡང་སྤྱི་དེ་རུང་བ་མ་ཡིན་ནོ། །དེ་ལྟར་གྱུར་པས་
ཅི་གྲུབ་ཅེ་ན། དེ་མི་རུང་ཕྱིར་ཞེས་གསུངས་སོ། །དེ་ལྟ་ན་ཡང་ཇི་ལྟར་དེ་ལྟར་དངོས་པོ་མ་ཡིན་ཞེ་ན། གང་གི་ཕྱིར་མི་རུང་བ་ཉིད་ནུས་པ་ཐམས་ཅད་བརྗོད་པ་དང་བྲལ་བ་དེ་ནི་དངོས་མེད་མཚན་ཉིད་ཡིན་ནོ། །དེ་ལྟ་བས་ན་མི་རུང་བ་ཉིད་ཀྱིས་ན་དེ་ནི་ཉེ་བར་བརྗོད་པ་མེད་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །གལ་ཏེ་རང་གི་ངོ་བོས་སྣང་བ་མ་ཡིན་ཡང་དེ་ཤེས་པ་ཙམ་གྱི་དོན་བྱ་བ་བྱེད་པ་ཡང་ཅི་མི་རུང་བར་གོ་ཅི་ལྟར་འགྱུར་ཞེ་ན། གང་དང་གང་ཞེས་བྱ་བ་ཤེས་པ་ལས་ཐ་དད་པ་ཤེས་པའི་རྒྱུར་འགྱུར་བ་ནི་དམིགས་པའི་རྐྱེན་ནམ་བདག་པོའི་རྐྱེན་ཞིག་ཏུ་འགྱུར་བ། རེ་ཞིག་བཟུང་
བར་མངོན་པར་འདོད་པ་རང་གི་ངོ་བོས་སྣང་བ་མ་ཡིན་པ་དེ་ནི། དམིགས་པའི་རྐྱེན་མ་ཡིན་ཏེ་ཅིའི་ཕྱིར་ཞེ་ན། རང་གི་རྣམ་པ་ཞེས་པ་སྨོས་སོ། །བདག་པོའི་རྐྱེན་ཉིད་ཀྱང་དོགས་པ་བསུ་ནས་སྨོས་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་ཞེས་གསུངས་ཏེ། བདག་
པོའི་རྐྱེན་ནི་ག་ལ་ཞེས་པ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་དེ་ཉིད་ཡིན་ཏེ། དཔེར་ན་མིག་ལ་སོགས་པ་བཞིན་ནོ། །ཤེས་པ་སྤྱི་ནི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །དེས་ན་གཉིས་ཀ་ལྟར་ཡང་རྒྱུ་མ་ཡིན་པའི་ཕྱིར་ན་རུང་བ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །
དེ་ནི་དངོས་པོ་མ་ཡིན་ཏེ་བརྗོད་བྱ་ཡིན་པའི་ཕྱིར་དང་། དེ་ཉིད་དང་གཞན་དག་ཏུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དང་། ཤེས་པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་བའི་ཕྱིར་ན་སྤྱིར་མཚན་ཉིད་དོ། །དངོས་པོ་མེད་པར་ཇི་སྐད་བརྗོད་པ་དེ་ལས་བཟློག་པ་གང་ཡིན་པ་རང་གི་ངོ་བོས་སྣང་བ་དང་

བརྗོད་པར་བྱ་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་ཉིད་ཅེས་བྱ་བ་ལ་སོགས་པ་ནི། རང་གི་མཚན་ཉིད་ནི་མཚན་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། ཇི་སྐད་བརྗོད་པས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རྩོད་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །རང་དགའ་ཉིད་སྤོང་བ་ཅི་བྱ་བ་ཉིད་དང་བྱེད་
པའི་ཞེས་བྱ་བའོ། །རྟོགས་པ་ཐ་དད་པ་ཡིན་ཡང་རང་གི་རང་བཞིན་ཁོ་ནའི་མཚན་ཉིད་དུ་རིགས་ཀྱི་གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། རང་གི་ངོ་བོ་ཉིད་ཅེས་བྱ་བའོ། །ཇི་ལྟར་གཞན་མཚོན་སྙམ་ན། གཞན་གྱི་ངོ་བོས་ཞེས་བྱ་བའོ། །གལ་ཏེ་ཐམས་ཅད་དུ་རང་གི་རང་བཞིན་ཉིད་མཚན་
ཉིད་ཡིན་ན། འོ་ན་ཇི་ལྟར་སྤྱི་མཚན་ཉིད་ཡིན་ཏེ། མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རང་བཞིན་མཚན་ཉིད་ཡིན་ནོ། ཇི་ལྟར་སྤྱི་མཚན་ཉིད་མ་ཡིན་སྙམ་ན་གསལ་བ་མ་ཁྱབ་པའི་ཕྱིར་རོ་ཞེས་སྨྲས་ཏེ། ཁྲ་བོ་ལ་སོགས་པའི་གསལ་བ་ཁྱབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ན་
རང་གི་རང་བཞིན་སྤྱིའི་མཚན་ཉིད་མ་ཡིན་ནོ། །དེ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་སྣང་བའི་ཕྱིར་མངོན་པར་འདོད་པའོ། །འོ་ན་དེ་ལྟར་དེ་སྤྱི་ཡིན་ཞེ་ན། ཐ་སྙད་ལས་ཞེས་གསུངས་ཏེ། རྣམ་པར་དབྱེ་བ་མེད་པར་འཇུག་པ་ལས་དེ་ལྟར་ཞེས་བྱ་བས་སྤྱི་ཉིད་དུ་བརྗོད་པ་ཡིན། གལ་
ཏེ་རྣམ་པར་དབྱེ་བ་མེད་པར་འཇུག་པ་ལ་ཡང་ཇི་ལྟར་ཏེ་གསལ་བ་དུ་མའི་ཞེས་གསུངས་སོ། །གསལ་བའི་རང་བཞིན་དུ་ལྷག་པར་སྒྲོ་འདོགས་པ་ལ་ཡང་རྒྱུ་མཚན་ཅི་ཡོད་སྙམ་ན་དེ་ལས་སྐྱེས་པའི་ཕྱིར་རོ་ཞེས་གསུངས་སོ། །དངོས་པོ་མེད་པ་ཉིད་ཡིན་ན་ཞེས་བྱ་བ་ནི་གཞན་གྱི་སྟེ་སྐབས་ཀྱི་
སྤྱིའོ། །མངོན་སུམ་དང་རྗེས་སུ་དཔག་པ་གཉིས་བཞིན་དུ་བརྟགས་པ་རྣམས་ཐ་དད་པ་ཡིན་ནོ། །མངོན་སུམ་དང་ཞེས་སྨོས་སོ། །འདི་ལྟར་ཅི་སྟེ་མ་ཡིན་སྙམ་ན། འདི་ལྟར་ཞེས་གསུངས་སོ། །དེ་སྟེ་མཐོང་ངོ་ཞེ་ན་ཞེས་བྱ་བ་ནི། རྟགས་ཀྱི་དབྱེ་བ་ཞེས་འབྲེལ་ཏོ། །རྟགས་
ཀྱི་དབྱེ་བ་སྒྲུབ་པར་བྱེད་པ་ནི་མངོན་སུམ་ཉིད་ཡིན་པས་ཡུལ་གྱི་དབྱེ་བས་ཅི་བྱ་བ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་ཧ་ཅང་ཐལ་བར་འགྱུར་རོ་ཞེས་གསུངས་པ་ནི། །འོ་ན་རྣམ་པ་དྲུག་ཏུ་ཞེས་བྱ་བ་སྟེ། རྒྱུ་དང་འབྲས་བུ་དང་ལྡན་པ་ཅན་དང་དོན་གཅིག་ལ་འདུ་བ་ཅན་དང་འགལ་བ་

ཅན་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་རྩོད་པ་གཉིས་པའོ། །འདི་ལ་ཞེས་བྱ་བ་ནི་རྩོད་པ་གཉིས་པ་འདི་ལའོ། །སྤྱི་སྟེ་རྣམ་པ་གསུམ་ཁོ་ནའོ། །ཇི་ལྟ་ཞེ་ན། དངོས་དང་ཞེས་བྱ་བའོ། །གལ་ཏེ་སྤྱི་ལ་ཞེས་དབྱེ་བ་མེད་ན་འོ་ན་ནི་ཡུལ་གྱི་དབྱེ་བས་བརྟགས་
པ་ཐ་དད་པར་མི་འགྱུར་རོ་ཞེས་དོགས་པ་བསུ་ནས་དངོས་པོ་དང་། དངོས་པོ་མེད་པ་དང་གཉིས་ཀ་ལ་བརྟེན་པའི་སྒོ་ནས་ཞེས་གསུངས་སོ། །དངོས་པོ་ཤིང་དང་དངོས་པོ་མེད་པ་བུམ་པ་མེད་པ་དང་གཉི་ག་མེད་དེ། རང་གི་ངོ་བོས་ཡོད་པའི་ཕྱིར་དང་། དུ་བའི་ངོ་བོར་མེད་པའི་ཕྱིར་རོ། །
གང་ལ་རྟེན་དེ་དག་ཡོད་པ་དེའི་དངོས་པོ་སྟེ། དེའི་སྒོ་ནས་འབྲས་བུ་རྗེས་སུ་དཔག་པའི་ཕྱིར་རང་བཞིན་ལ་སོགས་པའི་གཏན་ཚིགས་ཐ་དད་པ་ཡིན་ནོ་ཞེས་འབྲེལ་ཏོ། །གལ་ཏེ་ཤེས་པ་དེ་གང་གིས་ཉེ་བར་ལེན་པ་ཅན་ཡིན་པ་དེ་ཐ་དད་པར་འགྱུར་མོད། རྟགས་གོ་ཅི་ལྟར་ཞེ་ན་དེ་བྱེད་
པ་ཉིད་ཀྱིས་ཞེས་གསུངས་སོ། །འདི་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །འབྲས་བུའི་རྟགས་ལས་སྐྱེས་པའི་རྣམ་པར་རྟོག་པ་རང་གི་ཉེ་བར་ལེན་པ་ཅན་ཇི་ལྟར་ཡིན་ཞེ་ན། འབྲས་བུའི་གཏན་ཚིགས་ནི་ཐ་དད་པ་ཞེས་བྱ་བའོ། །ཐ་དད་པ་ཇི་ལྟར་ཞེ་ན། ཐ་དད་པ་ནི་ཞེས་བྱ་བ་གསུངས་
སོ། །དངོས་པོའི་རང་བཞིན་ནི་རང་དང་གཞན་ཡོད་པ་དང་མེད་པ་དག་གི་གཉི་གའི་རང་བཞིན་དུ་འགྱུར་བ་ན་རང་བཞིན་ལས་ལྡོག་པ་རིགས་གཞན་དུ་ནི་མ་ཡིན་ནོ། །དངོས་པོ་མེད་པའི་ཡིན་ན་ནི་ཐ་དད་པར་མི་འགྱུར་ཏེ། རི་བོང་གི་རྭ་བཞིན་ནོ། །གཞན་གྱི་རང་བཞིན་ཡིན་ཡང་ཐ་དད་པར་མི་འགྱུར་
ཏེ་ཤིང་ཤ་པ་ལས་ཤིང་ཉིད་བཞིན་ནོ། །དེས་ན་ཐ་དད་པར་ནི་ཡོད་པ་དང་མེད་པ་དག་གིས་ཡིན་ནོ། །ཐ་དད་པ་ན་ཡང་དེའི་ཉེ་བར་ལེན་པ་ཅན་གྱི་རྣམ་པར་རྟོག་པ་གཉིས་པའི་ཉེ་བར་ལེན་པ་ཅན་ཁོ་ན་ཡིན་ནོ། །ཡང་ན་དངོས་པོ་མེད་པ་དག་ལས་ཞེས་བྱ་བ་ནི་སྣང་བ་ཐ་དད་པའི་མིང་ཅན་གྲུབ་པ་ཐ་
དད་པ་དག་གིས་སོ། །སྤྱིར་ཐ་དད་པའི་དོན་སྐབས་ལ་སྦྱོར་བ་ནི། བསྒྲུབ་པར་བྱ་བ་ཐ་དད་པ་ཡང་ཞེས་བྱ་བའོ། །གཉི་ག་ལ་བརྟེན་པའི་མ་ངེས་པ་ཉིད་བསྡུ་བའི་དོན་དུ་བཤད་པ་གཞན་གསུངས་པ་ནི་ཡང་ན་ཞེས་བྱ་བའོ། །དངོས་པོ་ནི་ཤིང་ཉིད་དང་མེའོ། །དངོས་པོ་མེད་པ་ནི་བུམ་པས་

སྟོང་པའི་ས་ཕྱོགས་རྗེས་སུ་དཔག་པའི་བདག་ཉིད་ཀྱི་རྣམ་པར་རྟོག་པ་གང་ལ་ཉེ་བར་ལེན་པ་དེ་གཉིས་ཡོད་པའི་དེའི་དངོས་པོ་ཉིད་ཀྱིས་ཉེ་བར་ལེན་པ་བརྒྱུད་པའི་རྒྱུ་མེད་པ་ལ་སོགས་པའི་ཐ་དད་པ་གང་ཡིན་པ་དེ་ལས་རྣམ་པར་རྟོག་པའི་ཐ་དད་པ་ལ་བརྟེན་ནས་མེད་པ་ལ་སོགས་པའི་ཡུལ་ཐ་དད་པ་ཡིན་
ནོ། །གལ་ཏེ་སྤྱི་དངོས་པོའི་ཉེ་བར་ལེན་པ་ཅན་ལས། འབྲས་བུ་དང་རང་བཞིན་གྱི་གཏན་ཚིགས་ཅི་ལྟར་ཐ་དད་ཅེ་ན། དངོས་པོ་གཉིས་ནི་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་གཏན་ཚིགས་རྣམ་པ་གསུམ་དུ་འདུས་པ་དེས་ན་གཉིས་ཀའི་ཞེས་བྱ་བའོ། །གལ་ཏེ་རང་གི་མཚན་
ཉིད་ཀྱིས་ནི་དངོས་པོའི་རྟེན་ཅན་མ་ཡིན་ཏེ། མི་སྣང་བའི་ཕྱིར་རོ། །སྣང་བ་ནི་འགྱུར་བ་ཡིན་ན་དེ་ལྟར་ན་ནི་སྤྱི་དངོས་པོ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི། གལ་ཏེ་དངོས་པོའི་རྟེན་ཞེས་བྱ་བའོ། །དེའི་ཚེ་དངོས་པོ་ཤེས་པར་འགྱུར་གྱི་དངོས་པོ་མེད་པའི་སྤྱི་ནི་ཤེས་པར་མི་འགྱུར་རོ། །འགྱུར་བ་
ཡང་ཡིན་ཏེ་དེས་ན་དེ་ནི་དངོས་པོ་ཁོ་ན་ལ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་འཛིན་པ་ཉིད་ཀྱིས་དེའི་འབྲས་བུར་ཡང་འགྱུར་རོ་ཞེས་བརྗོད་པ་ནི། དངོས་པོ་འབྲེལ་ཕྱིར་ཞེས་བྱ་བའོ། །ཡང་རྣམ་པར་རྟོག་པ་དངོས་པོ་ལ་བརྟེན་པའི་ཕྱོགས་ལ་ཉེ་བར་དོགས་པ་བསུ་བ་ནི། གལ་ཏེ་རྣམ་པར་
རྟོག་པ་ཅན་གྱི་ཤེས་པ་དངོས་པོ་ལ་བརྟེན་པ་ཡིན་ན་དེའི་ཚེ་དངོས་པོ་རང་གི་མཚན་ཉིད་ཤེས་པར་འགྱུར་གྱི་དངོས་པོ་མེད་པར་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་འབྲེལ་ཕྱིར་ཞེས་བྱ་བའོ། །བཤད་པ་གཉི་ག་ལ་ཡང་དོན་ནི་འདི་ཡིན་ཏེ། རང་བཞིན་དངོས་པོ་ལ་བརྟེན་པ་དེ་ནི་དངོས་པོའི་
ཡུལ་ཅན་ཡིན་ཏེ། དཔེར་ན་མངོན་སུམ་བཞིན་ནོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ཡང་དངོས་པོ་ལ་བརྟེན་པ་ཡིན་ནོ་ཞེས་བྱ་བའོ། །ལན་ནི་མིན། ལན་བཏབ་ཕྱིར་དང་ཞེས་བྱ་བའོ། །རྣམ་པ་འགས་ཀྱང་རྣམ་ཤེས་ལ། །དེ་དངོས་པོ་སྣང་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་དང་། ཤེས་
པ་ཙམ་གྱི་དོན་བྱེད་པར་ཡང་མི་རུང་ངོ་ཞེས་བྱ་བ་དང་། རང་གི་མཚན་ཉིད་སྣང་བ་ཡིན་ན་ཡང་དབང་པོའི་ཚོགས་འབྲས་བུ་མེད་པར་བསྟན་པའི་ཕྱིར་རོ། །འབྱུང་བར་འགྱུར་རོ། །འབྱུང་བར་འགྱུར་རོ་སྙམ་ན་ནི་ཤེས་པ་ཅི་ལ་དམིགས་པ་ཡང་མཐོང་བའི་ཕྱིར་འདས་པ་འམ་མ་འོངས་པ་ནི་སྤྱི་མ་

ཡིན་ནོ་ཞེས་བརྗོད་པ་ནི། རྣམ་པ་གཞན་དུ་ཞེས་བྱ་བ་སྟེ་སྤྱི་མེད་པར་ཡང་ངོ་། །དངོས་པོ་ལ་བརྟེན་པ་ཡིན་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་ནི་མི་འཐད་དོ་ཞེས་རེ་ཞིག་འཆད་པ་ནི། ཤེས་པ་དངོས་པོ་ལ་བརྟེན་པ་ཞེས་བྱ་བའོ། །དངོས་པོ་ལ་ཞེས་བྱ་བའི་
རང་གི་མཚན་ཉིད་ཀྱི་ཡུལ་ལའོ། །ཅིའི་ཕྱིར་མི་འགྱུར་སྙམ་དུ་ན་དངོས་པོའི་ཡུལ་ཉིད་ནི་ཞེས་བྱ་བའོ། །འོན་ཏེ་རང་གི་རང་བཞིན་འཛིན་པ་ཡིན་པ་ཉིད་དོ། །སྤྱིའི་ཡུལ་ཅན་གྱི་ཞེས་བྱ་བའོ། །གལ་ཏེ་གང་གི་ཉེས་པ་འདིར་འགྱུར་བ་དངོས་པོ་ལ་ཞེས་བྱ་བ་འདི་ཡུལ་གྱི་བདུན་པ་ནི་མ་ཡིན་གྱི་འོན་
ཀྱང་རྒྱུ་མཚན་གྱི་བདུན་པ་ཡིན་ནོ་ཞེས་དོགས་པ་ནི་འོན་ཏེ་དངོས་པོ་ཡོད་ན་ཞེས་བྱ་བའོ། །དེ་ལྟར་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཉིད་དུ་མི་འཐད་དོ་ཞེས་བརྗོད་ནས་སྤྱིའི་ཡུལ་ཅན་ཁོ་ན་ཉིད་ཀྱང་མ་ཡིན་ནོ་ཞེས་བརྗོད་པ་ནི། གལ་ཏེ་ཤེས་པ་དེ་ཞེས་བྱ་བའོ། །རྣམ་པར་རྟོག་པའི་
རྣམ་པར་ཤེས་པ་དེའོ། །དེའི་ཚེ་ཞེས་ཁོ་ནར་ཕྱུང་ལ་འདས་པ་ལ་སོགས་པ་ནི་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ནི་ཞེས་སྨོས་ཏེ། སྤྱིའི་རང་བཞིན་མ་ཁྱབ་པར་གྱི་རང་བཞིན་ནོ། །འོ་ན་འཇིག་རྟེན་གྱི་རྟོག་པའི་དབང་གིས་འདས་པ་ཡུལ་ཉིད་ཡིན་ནོ་སྙམ་ན་འདི་ལ་
ཞེས་གསུངས་ཏེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལའོ། །འོ་ན་ཇི་ལྟར་རྟོགས་ཤེ་ན། དངོས་པོ་མེད་པ་དང་ཞེས་བྱ་བའོ། །རང་གི་ངོ་བོར་ཞེས་བྱ་བ་ནི་ངོ་བོར་འཛིན་པར་འགྱུར་རོ། །དེ་ལྟར་འཁྲུལ་པ་ཙམ་དུ་རྟོགས་པ་ཡིན་ནོ་ཞེས་རྗེས་
སུ་འཇུག་པར་བྱ་བའོ། །གལ་ཏེ་འདི་དག་གིས་ཅི་ཞིག་སྟོན་སྙམ་ན། ལན་བཏབ་པའི་ཕྱིར་དང་ཞེས་བྱ་བས་ནི་ཞེས་གསུངས་སོ། །བཟློག་པ་སྤྱི་མེད་པ་ལ་ཚད་མ་མི་དམིགས་པ་འཇུག་པ་ཡིན་པར་རྣམ་པ་འགས་ཀྱང་རྣམ་པར་ཤེས་ལ། དེ་དངོས་པོ་སྣང་མེད་ཕྱིར་རོ་ཞེས་བྱ་བ་ལ་སོགས་
པས་བསྟན་པ་བརྗོད་པ་ཡིན་ནོ། །གཞན་གྱིས་མངོན་པར་འདོད་པའི་གཏན་ཚིགས་ནི་གང་ཞིག་དངོས་པོ་ལ་བརྟེན་ཞེས་བྱ་བ་འདིའོ། །གལ་ཏེ་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་གཉིས་ཀ་ལྟར་ཡང་འབྱུང་བའི་ཕྱིར་ན། ཇི་ལྟར་དངོས་པོ་ལ་བརྟེན་པ་ཉིད་དུ་བརྗོད་ཅེས་དོགས་པ་ནི་གལ་

ཏེ་ཞེས་བྱ་བའོ། །དེའི་ཕྱིར་བཤད་པ་ཞེས་བྱ་བ་ནི་དངོས་པོའི་ཆོས་ཉིད་ཉམས་པའི་དོན་དུའོ། །རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ནི་རྒྱུད་ནས་རང་གི་མཚན་ཉིད་ཀྱི་རང་བཞིན་ལ་བརྟེན་པ་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཤེས་ཞེས་བྱ་བར་འདིར་ངེས་པར་བཟུང་བ་བརྗོད་པར་འདོད་
པ་ཡིན་ནོ་ཞེས་བཤད་པ་ནི། དེ་ནི་ཤེས་པ་ཉིད་ཅེས་བྱ་བའོ། །ཉིད་ཀྱི་སྒྲས་ནི་སྤྱི་དམིགས་པ་ཉིད་ཡིན་པ་འགོག་པའོ། །དེ་ཉིད་བརྗོད་པ་ནི་དེ་ལ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལའོ། །ཅིའི་ཕྱིར་དམིགས་པ་མེད་པ་ཡིན་ཞེ་ན། སྤྱི་ཞེས་སྨོས་ཏེ། གཙོ་བོ་ལ་སོགས་
པ་ལྟར་མཚན་མའི་ཡུལ་མ་ཡིན་པའོ། །འདི་ལྟར་ཞེས་བྱ་བ་ནི་གསལ་བར་བྱེད་པའོ། །རང་གི་མཚན་ཉིད་ཁོ་ན་ཚད་མའི་ཡུལ་ཡིན་པའི་ཕྱིར་གཞལ་བྱ་ཡིན་ནོ་ཞེས་བརྗོད་པ་ནི་རང་གི་མཚན་ཉིད་གཅིག་ཅེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། སྤྱི་ཞེས་བྱ་བ་ནི་ཞེས་གསུངས་སོ། །འོ་ན་གང་
གཞལ་བྱ་ཡིན་སྙམ་ན། དོན་དམ་པར་ཞེས་གསུངས་སོ། །གལ་ཏེ་དངོས་པོ་ལ་ཤེས་པ་ཉིད་འཇུག་པ་ཡིན་ན་རང་གི་མཚན་ཉིད་སྣང་བ་མངོན་སུམ་དང་སྤྱིའི་མཚན་ཉིད་སྣང་བ་རྗེས་སུ་དཔག་པའོ། །དེ་སྐད་དུ་ཡང་། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་བཤད་པ་ཡིན་ནོ། །དེ་ན་
གཅིག་ཁོ་ནར་ཇི་ལྟར་འགྱུར་སྙམ་ན། དེ་ཉིད་ཡོད་པ་དང་ཞེས་གསུངས་སོ། །རྗེས་སུ་དཔག་པ་ལ་ཡང་རང་གི་མཚན་ཉིད་ཁོ་ན་དཔྱད་པར་བྱ་བ་ཡིན་གྱི། སྤྱི་ནི་མ་ཡིན་ནོ། །དེ་གང་ལས་ཞེས་བྱ་བས་དོགས་པ་བསུ་བ་ནས་དེ་ལས་གྲུབ་ཕྱིར་རོ་ཞེས་ལན་འདེབས་པ་སྟེ་རང་གི་མཚན་ཉིད་
ལས་སོ། །རང་གི་མཚན་ཉིད་ཁོ་ན་ཐུན་མོང་དུ་མཚོན་པ་ན་སྤྱིའི་མཚན་ཉིད་ཡིན་ནོ། །དེ་ལྟ་ན་ཡང་སྣང་བ་ཐ་དད་པའི་སྒོ་ནས་གཞལ་བྱ་གཉིས་སུ་འཐད་པ་ཡིན་ནོ། །རང་གི་མཚན་ཉིད་ཁོ་ན་རྗེས་སུ་དཔག་པར་ཡོད་པ་དང་མེད་པ་ཉིད་དུ་དཔྱོད་པ་ཡིན་ཏེ། རྣམ་པར་དཔྱོད་པའི་བདག་ཉིད་
ཡིན་པའི་ཕྱིར་རོ། །འཛིན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོག་པ་དང་ལྡན་པ་དག་ནི་རང་གི་མཚན་ཉིད་ཡོད་པ་དང་མེད་པ་གཏན་ལ་དབབ་པའི་དོན་དུ་ཚད་མ་དཔྱོད་པའི་བསྟན་བཅོས་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དོན་བྱ་བ་བྱེད་པའི་དངོས་པོ་ཞེས་བྱ་བའོ། །གལ་ཏེ་རང་

གི་མཚན་ཉིད་དོན་དུ་གཉེར་ན་འོ་ན་ཚད་མ་བཙལ་བས་ཅི་སྙམ་ན། ཚད་མ་ཚོལ་བ་ཡང་ཞེས་གསུངས་སོ་ཞེས་བྱ་བ་ནི་རང་གི་མཚན་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་རྟོགས་པའི་དོན་དུ་མ་ཡིན་པའོ། །གང་གི་ཕྱིར་རང་གི་མཚན་
ཉིད་རྟོགས་པའི་དོན་དུ་ཚད་མ་ཚོལ་བ་དེའི་ཕྱིར་རོ། །དོན་དང་ལྡན་པ་ཞེས་བྱ་བ་ནི་སྐྱེས་བུའི་དོན་དང་བཅས་པའོ། །གང་གི་ཕྱིར་བསྟན་བཅོས་རང་གི་མཚན་ཉིད་ཀྱི་དོན་དུ་ཡིན་པ་དེས་ན་དེ་དོན་སྟོན་པར་བྱེད་པའི་ཚད་མ་གཉི་ག་ཡང་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་བརྗོད་
པར་འགྱུར་རོ་ཞེས་བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་ཡུལ་དུ་བྱ་བ་མ་ཡིན་ནའོ། །གལ་ཏེ་གཉི་གས་ཀྱང་ཞེས་བྱ་བ་ནས་ཤེ་ན་ཞེས་བྱ་བའི་བར་ནི་རྩོད་པའོ། །རྩོད་པ་སྨྲ་བ་ཉིད་ཀྱིས་འོན་ཏེ་ཡུལ་གཅིག་ཡིན་ཡང་ཞེས་བྱ་བ་ལ་སོགས་པས་དོགས་
པ་བསུ་བ་ནས་གཞལ་བྱ་དོན་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བའོ། །འགལ་མོད་སྙམ་ན་སློབ་དཔོན་གྱིས་ཀྱང་གསུངས་སོ་ཞེས་འབྲེལ་ཏོ། །གཞུང་གང་གིས་ཤེ་ན། གང་གི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་རང་དང་སྤྱིའི་མཚན་ཉིད་གཞལ་བྱ་ཡིན་པ་དེའི་
ཕྱིར་ཚད་མ་གཉིས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་དང་འགལ་བ་ནི་རུང་བ་མ་ཡིན་ནོ་སྙམ་དུ་བསམས་པའོ། །མ་ངེས་པ་ཉིད་ཡིན་པའི་ཕྱིར་ཡང་གཏན་ཚིགས་འདི་ཚད་མའི་དབྱེ་བ་སྒྲུབ་པར་མི་ནུས་སོ་ཞེས་བྱ་བ་བརྗོད་པ་ནི། ཚོགས་པའི་དབྱེ་བས་ཞེས་བྱ་བའོ། །འོན་
ཏེ་གཞལ་བྱ་གཉིས་ཡིན་པ་ལས་ཚད་མ་ཐ་དད་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས། དེ་ཡང་མ་ངེས་པའི་ཉེས་པས་ཉེས་པ་ཆགས་པ་ཡིན་ནོ་ཞེས་བརྗོད་པ་ནི་གཞལ་བྱའི་དབྱེ་བས་ཞེས་བྱ་བའོ། །ཚད་མ་མཐའ་ཡས་པར་ཐལ་བར་འགྱུར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་
ཀྱང་ཞེས་བྱ་བ་སྟེ། །གཟུགས་དང་རོ་ལ་སོགས་པའི་ཡུལ་གྱིའོ། །གལ་ཏེ་གཅིག་ཡིན་པའི་ཕྱིར་མངོན་སུམ་ཐམས་ཅད་གཅིག་ཡིན་ན། དབང་པོ་ལ་སོགས་སྐྱེས་པ་ཉིད་ཡོད་པ་ལས་ཀྱང་ཅི་སྟེ་ཅི་ལྟར་མི་འགྱུར་ཞེས་དོགས་པ་བསུ་བ་ནི་ཚོགས་པ་ཐ་དད་པ་ཡིན་ན་ཡང་ཞེས་བྱ་བའོ། །

དབང་པོ་ལས་སྐྱེས་པ་ཉིད་ནི་མངོན་སུམ་རྗེས་སུ་དཔག་པ་ལས་ཐ་དད་པའི་རྒྱུ་མཚན་མ་ཡིན་ཏེ། དེ་མེད་ཀྱང་རིག་པ་ལ་སོགས་པ་མངོན་སུམ་ཡིན་པའི་ཕྱིར་རོ་ཞེས་ལན་བརྗོད་པ་ནི། མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟར་ཡང་ཞེས་བྱ་བ་ནི་མཚན་ཉིད་ནི་ཡིན་པའོ། །གང་གི་ཕྱིར་མངོན་སུམ་
ཐམས་ཅད་ཚད་མ་གཅིག་ཁོ་ན་ཡིན་ལ། སྒྲ་དང་ཉེ་བར་འཇལ་བ་ལ་སོགས་པ་རྗེས་སུ་དཔག་པ་ལས་ཚོགས་པ་ཐ་དད་པས་བསྐྱེད་པའི་ཚད་མ་ཡིན་ཏེ། དོན་དང་འབྲེལ་པ་མ་གྲུབ་པའི་ཕྱིར་དང་། གྲུབ་ན་ནི་རྗེས་སུ་དཔག་པ་ཉིད་དུ་འགྱུར་བའི་གཏན་ཚིགས་དེའི་ཕྱིར་གཞལ་བྱ་གཉིས་ཡིན་པ་ཉིད་ལས་
ཞེས་བྱ་བ་སྣང་བ་བཞིན་པ་རྣམ་པ་གཉིས་ཡིན་པ་ཉིད་ལས་སོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་གཞལ་བྱ་རྣམ་པ་གཉིས་ཡིན་པའོ། །དེས་ན་ཧ་ཅང་ཁྱབ་པ་ལ་སོགས་པའི་ཉེས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ནི་མི་རིགས་ཏེ། སྔོན་པོ་ལ་སོགས་པའི་རང་
བཞིན་མཐའ་ཡས་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་ཇི་ལྟར་ཞེས་བྱ་བ་སྟེ། མཐའ་ཡས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ཏེ། མཐའ་ཡས་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་པོ་ལ་སོགས་པ་ཞེས་གསུངས་སོ། །མཐའ་ཡས་པ་ཉིད་ཡིན་ན་ཇི་ལྟར་
རྣམ་པ་གཉིས་ཡིན་སྙམ་ན་འདི་ལྟར་ཞེས་གསུངས་སོ། །མངོན་སུམ་དང་གཞན་པའི་ཚད་མ་བྱེད་པ་ཐ་དད་པ་ལས་རང་གི་མཚན་ཉིད་གཅིག་པུ་རྣམ་པ་གཉིས་སུ་འཇོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་དོགས་པ་བསུ་ནས་རེ་ཞིག་རང་གི་མཚན་ཉིད་ཀྱི་རང་བཞིན་རྣམ་པར་གཞག་
པའི་ཕྱིར་སྔོན་པོ་ལ་སོགས་པའི་དབྱེ་བ་མཐའ་ཡས་པ་ཡིན་ཡང་ཞེས་གསུངས་སོ། །རང་གི་མཚན་ཉིད་ནི་དོན་དམ་པར་མི་འགྱུར་ལ། གཉི་གའི་རང་བཞིན་ཡིན་པ་ཡང་གཞལ་བྱ་གཞན་དུ་ཐལ་བར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །དོགས་པ་དེ་ཞེས་བྱ་བ་
རང་གི་མཚན་ཉིད་རྟོགས་པ་མེད་ཅིང་གཞན་ཞེས་བྱ་བ་རྗེས་སུ་དཔག་པ་རྟོགས་པའི་དུས་ནའོ། །དེ་ལྟར་རྟོགས་པ་པོ་གཅིག་ལ་ལྟོས་ནས་དོན་དམ་པ་མ་ཡིན་པ་ཉིད་དུ་བརྗོད་ནས། རྟོགས་པ་པོ་ཐ་དད་པ་ལ་ལྟོས་ཀྱང་བརྗོད་པ་ནི་དེ་བཞིན་དུ་བྱ་བའོ། །གཅིག་ལ་ཞེས་བྱ་བ་ནི་མངོན་སུམ་

མཐོང་བ་ལའོ། །གཞན་ལ་ཞེས་བྱ་བ་རྗེས་སུ་དཔོག་པ་པོ་ལའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རང་གི་མཚན་ཉིད་མ་ཡིན་པའོ། །དེ་ལྟར་འགྱུར་མོད་སྙམ་ན་རྟོགས་པ་པོ་ལ་ཞེས་སྨོས་ཏེ། དངོས་པོ་རང་བཞིན་གཅིག་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་པའོ། །
དེ་ལྟར་ཡང་ཐ་དད་ན་ནི་བརྟགས་པ་ཁོ་ནར་འགྱུར་ཞེས་གསུངས་པའོ་ནི་ལྟོས་པས་བྱས་པའི་ཞེས་བྱ་བའོ། །དེ་གཉིས་ཀའི་ཞེས་བྱ་བ་རང་སྤྱིའི་རང་བཞིན་གྱིའོ། །དེ་ལ་ཞེས་བྱ་བ་ནི་གཉིས་ཀའི་རང་བཞིན་ལའོ། །གཞན་ལ་ཞེས་བྱ་བ་གསུམ་པ་འབྱུང་བར་འགྱུར་ཏེ། འཇུག་པར་འགྱུར་རོ། །
གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་པ་ན། དེ་ནི་རང་གཞན་ངོ་བོ་ཡིན། །རྟོགས་ཕྱིར་གཞལ་བྱ་གཉིས་སུ་འདོད། །ཅེས་བྱ་བ་མི་འཐད་པའི་ཕྱིར་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་མི་རུང་ངོ་། །ཅིའི་ཕྱིར་ཞེ་ན། དོན་དམ་པ་རང་གི་མཚན་ཉིད་དེ་གཞལ་བྱ་ཉིད་དེ་གཞལ་བྱ་ཉིད་ཡིན་ན། སྔོན་
པོ་ལ་སོགས་པའི་ནང་གི་དབྱེ་བས་གཞལ་བྱ་ཉིད་ནི་མཐའ་ཡས་པར་འགྱུར་རོ། །འོན་ཏེ་གཅིག་ཉིད་ཚད་མའི་བྱེད་པ་ཐ་དད་པས་ཐ་དད་པ་ཡིན་ན་ནི་དེ་ལྟར་ན་ཐ་དད་པའི་མཚན་ཉིད་རྟོགས་པར་འགྱུར་རོ་ཞེས་བརྗོད་པ་ནི་ལྟོས་པས་བྱས་པ་ཞེས་བྱ་བའོ། །མཚན་ཉིད་མིན་པར་འགྱུར་ཞེས་བྱ་བ་ནི་
ཐ་དད་པའི་ཞེས་བྱ་བས་ཁ་བསྐང་ངོ་། །གྲུབ་པའི་མཐའ་སྨྲ་བས་དོན་དམ་པའི་མཚན་ཉིད་གསུངས་པ་ནི། དམིགས་པ་ཡིས་ནི་ཞེས་བྱ་བའོ། །གང་ཞིག་མངོན་སུམ་གྱིས་མཚོན་པ་ཉིད་དམ་པས་ཡིན་ཏེ། དེ་ལས་དོན་བྱ་བ་འཐོབ་པའི་ཕྱིར་རྗེས་སུ་དཔག་པས་དམིགས་པས་ནི་
མ་ཡིན་ཏེ། དེ་ལས་དོན་བྱ་བ་མི་འཐོབ་པའི་ཕྱིར་རོ། །གལ་ཏེ་དམིགས་པས་དོན་མཚོན་པ་ཡིན་ན། འོ་ན་ཇི་ལྟར་དམིགས་པ་ཉིད་ཡོད་པ་ཡིན་ནོ་ཞེས་བརྗོད་སྙམ་ན་དོན་དམ་དམིགས་པ་ནི་མེད་པ་ཡིན་ལ། དེ་ལས་བཟློག་པས་དམིགས་པ་ཉིད་ཡོད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་
ལན་བརྗོད་པ་ནི་དམིགས་པ་ཉིད་ནི་དངོས་པོ་རྣམས་ཀྱི་དོན་དམ་པའི་ཡོད་པ་ཡིན་ནོ་ཞེས་རྣམ་པར་གཞག་སྟེ་བཟློག་པས་དོན་དམིགས་པས་ནི་མེད་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར་རོ། །རེ་ཞིག་ཕྱེད་སྔ་མ་སྔར་རྣམ་པར་འགྲེལ་པ་ནི་དངོས་པོ་རྣམས་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་

སོགས་པས་ཕྱེད་ཕྱི་མ་འཕངས་ཏེ། རི་བོང་གི་རྭ་ལ་སོགས་པ་ཞེས་བྱ་བས་འཆད་པའོ། །གལ་ཏེ་མེད་ན་མི་དམིགས་པ་ཡིན་གྱི། མི་དམིགས་པ་ཉིད་ནི་མེད་པ་མ་ཡིན་ནོ། །དེས་ན། བཟློག་པ་ལས་འདས་དམིགས་པ་ནི། །ཡོད་པ་ཡིན་ནོ་ཞེས་ཅི་སྟེ་བརྗོད་ཅེས་དོགས་པ་བསུ་བ་ནི་
གལ་ཏེ་དེ་ལ་ཡང་ཞེས་བྱ་བ་སྟེ། རི་བོང་གི་རྭ་ལ་སོགས་པ་ལའོ། །མ་དམིགས་པ་ལས་ཞེས་བྱ་བ་ནི་ལན་ནོ། །མེད་པ་ནི་མི་དམིགས་པ་ལས་གཞན་ཁོ་ནའོ་ཞེས་དོགས་པ་བསུ་བ་ནི་མ་དམིགས་པས་ཞེས་བྱ་བའོ། །ཅི་ཞིག་ཅེས་བྱ་བའི་དྲི་བ་སྔོན་དུ་བཏང་བ་ཅན་མི་དམིགས་པ་ཉིད་
རྣམ་པ་གསུམ་དུ་རྣམ་པར་རྟོག་པ་ནི་དམིགས་པ་མེད་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཞེས་བྱ་བ་ནི་དངོས་པོ་སེལ་བའོ། །དེའི་ཚེ་ཞེས་ཁོང་ནས་དྲངས་ལ། དེ་ལས་ཅི་ལྟར་ཞེས་སྦྱར་ཏེ། ལྡོག་པའི་མཚན་ཉིད་ཀྱི་དམིགས་པ་དེ་ལས་སོ། །ཅིའི་ཕྱིར་མི་རྟོགས་སྙམ་དུ་
དོགས་པ་བསུ་བ་ནས་ཇི་ལྟར་དམིགས་པར་བྱ་བ་མེད་པར་ནི་དམིགས་པར་བྱ་བ་མ་ཡིན་པ་དེ་བཞིན་དུ་དམིགས་པ་མེད་པ་ཡང་དམིགས་པ་མ་ཡིན་པ་ཉིད་དོ་ཞེས་བརྗོད་པ་ནི། དངོས་པོ་མེད་པ་ནི་ཞེས་བྱ་བའོ། །དེ་ལྟར་དངོས་པོ་མེད་པ་ནི་འགའ་ཞིག་རྟོགས་པའམ། རྟོགས་པའི་རྒྱུ་མ་ཡིན་
ནོ་ཞེས་བྱ་བར་བསྒྲུབ་པ་ཡིན་ནོ། །དེ་ཡང་ཇི་ལྟར་རྟོགས་ཞེས་བསྟན་པའི་དོན་དུ་དངོས་པོ་མེད་པ་ཡང་ཞེས་བྱ་བ་སྨོས་ཏེ། དམིགས་པ་དངོས་པོ་མེད་པ་དེ་ཡང་ངོ་། །གལ་ཏེ་དོན་བཞིན་དུ་ཤེས་པ་ལ་ནི་དམིགས་པ་གཞན་མེད་པ་དེ་ན་དེ་མེད་པས་དམིགས་པ་མེད་པ་རྟོགས་པར་བྱ་བ་མ་ཡིན་པའི་
ཕྱིར་ཇི་ལྟར་ཐུག་པ་མེད་པར་འགྱུར་སྙམ་དུ་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དམིགས་པ་ལས་ནི་ཞེས་བྱ་བ་ནི་རྣམ་པ་མེད་པ་ལའོ། །གང་གིས་ཞེས་བྱ་བ་ནི་དམིགས་པ་མེད་པས་སོ། །དེ་ནི་ཞེས་བྱ་བ་ནི་དམིགས་པ་མེད་པའོ། །གལ་ཏེ་ཤེས་པ་ལ་དམིགས་པ་གཞན་མེད་དོ་
ཞེས་བྱ་བ་འདི་ག་ལས་ཤེ་ན། ཤེས་པ་ནི་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་ཞེས་སྨྲས་སོ། །གལ་ཏེ་ཤེས་པ་ཞེས་བྱ་བ་ནི་ལན་ནོ། །དེ་ཞེས་བྱ་བ་ནི་རྣམ་པ་མེད་པའི་ཤེས་པའོ། །ཡོད་པར་མ་རྟོགས་ན་ཉེས་པ་ཅི་ཡོད་སྙམ་ན། ཇི་ལྟར་དོན་ཞེས་བྱ་བའོ། །མི་དམིགས་པ་ལས་བྱ་

བ་ནི་ཚད་མ་ལ་ལོག་པའི་རང་བཞིན་ལས་སོ། །གལ་ཏེ་བློ་ནི་ཚད་མ་ལྔ་ལོག་པར་མ་གྲུབ་སྟེ། དོན་གྱིས་གོ་བར་ཡོད་པའི་ཕྱིར་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །དེ་ལ་ནི་སྣང་བཞིན་པའི་དོན་ལས་ཐ་དད་པའི་བློ་ལའོ། །དེས་ན་ཞེས་བྱ་བ་དོན་གྱིས་གོ་
བར་ཡོད་པས་སོ། །དེ་ལྟ་ན་དོན་གྱིས་གོ་བའི་བློ་མེད་པར་འགྱུར་ཏེ་ཚད་མ་ལྔ་མེད་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི་དོན་གྱིས་གོ་བ་ཡང་ཞེས་བྱ་བའོ། །འོན་ཏེ་དེ་ལ་ཞེས་བྱ་བ་ནི་དང་པོ་ལའོ། །གཞལ་བྱ་རྟོགས་པ་ཞེས་བྱ་བ་ནི། དོན་གྱིས་གོ་བའི་རང་བཞིན་གྱིས་ཤེས་པ་གང་
ཞིག་གྲུབ་པའི་དོན་དུ་དོན་གྱིས་གོ་བར་འགྱུར་བའི་ཤེས་པ་དེ་ནི་གཞལ་བྱ་ཡིན་ལ། དེ་རྟོགས་པ་ནི་གལ་ཏེ་གསལ་བའོ། །ཡང་དོན་གྱིས་གོ་བས་ཞེས་བྱ་བ་ནི་དེ་ལྟར་དོན་གྱིས་གོ་བའི་བློ་གཞན་དང་གཞན་གྱིས་གཞན་དང་གཞན་བསྒྲུབ་པར་བྱ་བ་ཡིན་པས་ན། ཐུག་པ་མེད་པའི་ཕྱིར་ན་
གང་དུ་ཉེ་བར་མི་གནས་པ་དེ་ཁོ་ནར་མེད་པ་ཉིད་དུ་འགྱུར་རོ། །འོན་ཏེ་མཐར་གྱིས་པའི་དོན་གྱིས་གོ་བར་ནི་དེ་གཞན་ལ་མི་ལྟོས་ཏེ། མཐོང་བའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་རྟོག་པ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བས་ན་ཅི་ཞིག་བྱ་ཞེས་བྱ་བའི་བར་ནི་ལན་ནོ། །དོན་གྱིས་
གོ་བས་ཞེས་བྱ་བ་ནི་རྩོད་པའོ། །གལ་ཏེ་དེ་ལྟར་ན་ཞེས་བྱ་བ་ནི་ལན་ནོ། །དེའི་ཕྱིར་ཤེས་པ་ལྐོག་ཏུ་གྱུར་པར་ཞེས་བྱ་བར་ནི་མི་འཐད་དེ། གལ་ཏེ་རིགས་པ་རྣམས་ནི་ཅི་ལྟར་ཤེས་པ་གཞན་གྱིས་མངོན་སུམ་དུ་བྱེད་པ་ཡིན་ན་དེའི་ཚེ་དེ་མེད་ཀྱང་དམིགས་པ་མེད་པ་གཞན་གྱིས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་
ན། ཐུག་པ་མེད་པ་ཉིད་གནས་པ་ཡིན་ནོ། །རང་རིག་པའི་ཕྱོགས་ལ་ཡང་དེ་བཟློག་ཏུ་མེད་པ་ཡིན་ནོ་ཞེས་བརྗོད་པ་ནི། གང་གི་ཚེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་མངོན་སུམ་དུ་གྱུར་པའི་བློ་བཞིན་མེད་པར་རྟོགས་པ་ལའོ། །ཇི་ལྟར་དོན་མེད་པ་དམིགས་པ་མེད་པ་གཞན་གྱིས་རྟོགས་པ་དེ་བཞིན་
དུ་དེ་མེད་པ་ཡང་གཞན་གྱིས་ཡིན་ལ་དེ་ཡང་གཞན་གྱིས་ཡིན་པའི་ཐུག་པ་མེད་དོ། །འོན་ཏེ་ཡང་ཤེས་པ་བཞིན་དུ་དེ་མེད་པར་ཡང་རང་ཉིད་ལས་འགྲུབ་པ་དེས་ན། ཐུག་པ་མེད་པ་མ་ཡིན་ན་དེ་ལྟ་ན་དོན་མེད་པ་ཡང་རང་ལས་འགྲུབ་པར་འགྱུར་ཏེ། ངོ་བོ་མེད་པར་ཁྱད་མེད་པའི་ཕྱིར་རོ། །

དེས་ན་མི་དམིགས་དོན་མེད་དོ། །དེས་ན་དོན་མེད་པ་བཞིན་དུ། །ཤེས་པ་མེད་པ་ཡང་རང་ལས་འགྲུབ་པ་མ་ཡིན་པས་ན་ཐུག་པ་མེད་པ་ཁོ་ནའོ། །གལ་ཏེ་དོན་དང་དམིགས་པ་དག་གི་མི་དམིགས་པ་གཅིག་ཡིན་པའི་ཕྱིར་ན། དེ་མེད་པར་རྟོགས་པ་ལ་ཐུག་པ་མེད་པས་མ་གྲུབ་
པ་ཉིད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེ་དག་གི་མི་དམིགས་པ་གཅིག་ཡིན་ན་ཡང་། ཇི་ལྟར་དོན་ཡོད་པར་འགྱུར་བ་དེ་བཞིན་དུ་དམིགས་པ་ཡང་ཡོད་པར་འགྱུར་རོ་ཞེས་ལན་འདེབས་པ་ནི། དེ་ལྟ་ཡིན་ན་ཞེས་བྱ་བའོ། །མ་གྲུབ་པ་ཉིད་ཀྱི་
ཉེས་པས་བཏང་སྙོམས་སུ་བྱས་ཏེ། མ་ངེས་པ་ཉིད་བརྗོད་པར་རྟོགས་པར་བྱའོ། །དེས་ན་དངོས་པོ་མེད་པ་ཐ་དད་པར་སྨྲ་བ་རྣམས་ཀྱི་ལྟར་ན། མ་དམིགས་པ་ལས་ནི་དོན་དང་དམིགས་པ་དག་ལས་གཅིག་ཀྱང་མེད་པ་མི་གྲུབ་པོ་ཞེས་དགོངས་པའོ། །མ་ངེས་པ་ཉིད་སྤོང་བའི་དོགས་པ་བསུ་
བ་ནི། དེ་ཉིད་མེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་སྟེ་དོན་རང་དམིགས་པ་དག་གི་མ་དམིགས་པ་ཉིད་མེད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་དངོས་པོ་དང་དམིགས་པ་དག་ཀྱང་དེའི་བདག་ཉིད་དུ་གྲུབ་པར་འགྱུར་རོ་ཞེས་ལན་འདེབས་པ་ནི། གལ་ཏེ་ཞེས་བྱ་བའོ། །ཤེས་པ་གཅིག་ལ་བདེ་བ་དམིགས་པས་
ཀྱང་དེ་ལས་གཞན་དམིགས་པ་མེད་པར་ངེས་པར་བྱེད་པ་ཡིན་ཏེ་མ་འདྲེས་པའི་ཕྱིར་རོ། །དེས་ན་བརྗོད་མ་ཐག་པའི་ཉེས་པའི་རྣམ་པ་དག་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། འོ་ན་གཞན་དམིགས་པ་ཉིད་ཅེས་བྱ་བའོ། །དེ་ལྟ་ན་ཡང་མ་ངེས་པའི་ཉེས་པ་ལས་མི་འགྲོལ་ལོ་
ཞེས་བརྗོད་པ་ནི་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བའོ། །མི་དམིགས་པ་ཞེས་མིང་བཏགས་པའོ། །དེ་ཞེས་བྱ་བ་ནི་དོགས་པ་སྟེ། དགག་པར་བྱ་བ་དེའོ། །གང་འདི་ལ་ལན་བཏབ་ཟིན་ཏོ་ཞེས་བྱ་བ་ནི་དངོས་པོ་མེད་པ་ནི་རྟོག་པ་མ་ཡིན་ནོ་ཞེས་བྱ་བས་སོ། །མིང་གིས་
ནི་གཞན་དམིགས་པ་ཉིད་མི་དམིགས་པ་མ་ཡིན་གྱི། འོན་ཀྱང་དགག་པར་བྱ་བ་གཞན་ལས་འཇུག་པ་མེད་པའོ། །རྩོད་པ་སློང་བ་ནི་གཞན་དམིགས་པ་དེ་ཉིད་ཅེས་བྱ་བ་སྟེ། ས་ཕྱོགས་འབའ་ཞིག་པ་ལ་སོགས་པ་དམིགས་པ་ཉིད་དེ། དེ་ལས་གཞན་མི་དམིགས་པ་ཡིན་

ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེས་དོགས་ན། གཞན་ལ་མི་འཇུག་པའི་ཕྱིར་ཞེས་སྦྱར་རོ། །དེ་ན་ཡང་མ་ངེས་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་གལ་ཏེ་གཞན་ལ་ཞེས་བྱ་བའོ། །འདི་ཡོད་པར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བ་ནས་ཞེ་ན་
ཞེས་བྱ་བའི་བར་གྱིས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། མེད་པ་མ་ཡིན་ནའོ། །དེ་ལ་ཡང་ཞེས་བྱ་བ་དགག་པར་བྱ་བ་ལ། དམིགས་པ་འཇུག་པ་ཉིད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཡང་ཞེས་སྨྲས་སོ། །དེ་བཞིན་དུ་ནི་ཞེས་བྱ་བ་ནི་ས་ཕྱོགས་བཞིན་དུའོ། །དམིགས་
པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་བཟློག་པ་བརྗོད་པའོ། །རང་གི་རིག་པ་གཞན་གྱིས་དབེན་པ་ལས་དམིགས་པ་མེད་པའི་རང་བཞིན་གྱིས་མི་དམིགས་པ་གཞན་ནི་མ་གྲུབ་སྟེ། དེས་ན་ཐུག་པ་མེད་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་མེད་པའི་མཚན་ཉིད་ཅན་ཏེ་ཞེས་བྱ་བའོ། །གང་གིས་
ཞེས་བྱ་བ་འགས་ཀྱང་མ་ཡིན་ནོ། །དམིགས་པ་མེད་པར་དེ་ཉིད་ཡིན་ནོ་ཞེས་བརྗོད་པ་ནི་ཐུག་པ་མེད་པ་དེ་ཉིད་ཞེས་བྱ་བའོ། །སོ་སོར་ཞེས་བྱ་བ་ནི་མ་གྲུབ་པ་སྤོང་བར་དོགས་པ་བསུ་བའོ། །སོ་སོར་ངེས་པའི་རྣམ་པ་དམིགས་པའི་ཕྱིར་དེ་མི་དམིགས་པར་ངེས་པ་ཡིན་ནོ་ཞེས་འབྲེལ་ཏོ། །ཅི་འདི་
ཞེས་བྱ་བ་ནི་ལན་ནོ། །ངེས་པའི་རྣམ་པར་དམིགས་པ་གཞན་དུ་ནི་མི་འཐད་པ་ནི་དམིགས་པའི་སྒྲུབ་པར་བྱེད་པ་ཡིན་ནོ། །དེ་ལྟའོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་དོན་གྱིས་གོ་བ་ཁས་ལེན་ན་དེའི་ཐུག་པ་མེད་དོ། །འདི་ལྟར་དོན་གྱིས་གོ་བ་ནི་བློ་ཡིན་ནོ། །དེ་ཡང་ལྐོག་ཏུ་གྱུར་པ་དེས་ན་དོན་གྱིས་གོ་
བ་གཞན་གྱིས་རྟོགས་པར་བྱ་བ་ཡིན་ནོ། །དེ་ཡང་དེ་ལས་གཞན་གྱི་ཡིན་ནོ་ཞེས་བརྗོད་པ་ནི་བསྟན་ཟིན་ཏོ། །འོན་ཏེ་ངེས་པའི་རྣམ་པར་དམིགས་པ་ལས་ནི་མེད་པར་འགྲུབ་པ་མ་ཡིན་གྱི། འོན་ཀྱང་རིག་པར་བྱས་པར་ནི་མི་དམིགས་པ་དེ་ཉིད་ཡིན་གྱི་དངོས་པོ་མེད་པ་ནི་མ་ཡིན་ནོ། །དེས་ན་
ཐུག་པ་མེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་སོ་སོར་ངེས་པའི་རྣམ་པ་ཞེས་བྱ་བའོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་དངོས་པོ་ནི་རང་དང་གཞན་ལ་ལྟོས་ནས་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཡིན་ཡང་དམིགས་པ་ཉིད་ཡོད་པ་ཡིན་ནོ་ཞེས་ཇི་ལྟར་

ཐ་སྙད་བྱེད་སྙམ་ན། སོ་སོར་ངེས་པའི་ཞེས་གསུངས་སོ། །དེ་ཡང་དམིགས་པ་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཞེས་བྱ་བ་ནི་སོ་སོར་ངེས་པའོ། །གལ་ཏེ་སོ་སོར་ངེས་པའི་རང་བཞིན་ནི་གཞལ་བྱ་མ་ཡིན་ནམ་དེས་ན་དེ་དམིགས་པར་ནི་གཞན་ཁོ་ན་ཡིན་པའི་ཕྱིར་ན།
ཅི་ལྟར་དམིགས་པ་ཉིད་ཡོད་པ་ཡིན་སྙམ་དུ་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ཉིད་ནི་ཞེས་བྱ་བ་ནི་དམིགས་པ་ཉིད་དོ། །ལས་ནི་གལ་ཏེ་དམིགས་པར་བྱ་བའོ། །འོ་ན་ཇི་ལྟར་སོ་སོར་ངེས་པའི་བློར་འགྱུར་ཞེ་ན། དམིགས་པ་དྲན་པ་ཉིད་ལས་ཞེས་གསུངས་སོ། །གང་གི་ཕྱིར་
དམིགས་པ་མེད་པར་ནི་སོ་སོར་ངེས་པའི་བློར་མི་འགྱུར་བ་དེས་ནའོ། །ཕྱོགས་གཉིས་པ་བསལ་བས་གསུམ་པ་ལ་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དཔྱད་ཟིན་ཏོ་ཞེས་བྱ་བ་ནི་མེད་པ་དང་མ་ཡིན་པའི་ཕྱིར་དབྱེ་བས་ཕྱོགས་གཉི་ག་ལ་ཡང་ཉེས་པ་བརྗོད་པའི་ཕྱིར་རོ། །དེ་ལྟར་དམིགས་པ་
ཉིད་དོན་དམ་པར་ཡིན་པ་ཡིན་ནོ་ཞེས་བྱ་བ་བཤད་ནས་གལ་ཏེ་རྟོགས་པའི་དབྱེ་བས་ཞེས་བྱ་བ་ལ་སོགས་པའི་རྩོད་པ་སྤང་བའི་དོན་དུ་དོགས་པ་བསུ་བ་ནི་གལ་ཏེ་དེ་ཉིད་ཅེས་བྱ་བའོ། །དེ་ཉིད་ནི་དམིགས་པ་ཉིད་དོ། །དེའི་ཚེ་རྗེས་སུ་དཔོག་པ་པོའི་སྐྱེས་བུའི་གཞན་ལ་ལྟོས། སྐྱེས་བུའི་
གཞན་ལ་ལྟོས་ནས་ཀྱང་དམིགས་པར་བྱེད་པ་དེ་ནི་དེ་ལྟ་བུ་ཁོ་ན་ཞེས་བྱ་བ་དམིགས་པར་བྱ་བ་ཁོ་ན་ཡིན་ནོ། །ལྐོག་ཏུ་གྱུར་པ་ཉིད་ཀྱིས་ཞེས་བྱ་བའི་དོགས་པ་བསུ་བ་ནི། དེ་ཉིད་ཀྱི་ཚེ་ནི་རྗེས་སུ་དཔོག་པའི་དུས་ནའོ། །དེ་ནི་དམིགས་པར་བྱ་བའོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་ལན་ནོ། །དམིགས་པར་བྱ་བ་ཉིད་ཀྱིའོ། །
དམིགས་པར་བྱ་བའི་རང་བཞིན་ཉིད་རྗེས་སུ་དཔག་པར་བྱ་བ་ཡིན་ཏེ། འོན་ཀྱང་མི་ཉེ་བ་ལས་མངོན་སུམ་དུ་སྣང་བ་ཡིན་ནོ། །འདི་ག་ལས་ཤེ་ན། གལ་ཏེ་འགས་ཀྱང་ཞེས་བྱ་བ་སྟེ་རང་ངམ་གཞན་འགས་ཀྱང་ངོ་། །དམིགས་པར་བྱ་བ་ཡང་ཡིན་པའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་
ནི་མི་སླུ་བ་མེད་པའི་ཕྱིར་ན་ཚད་མ་ཉིད་དུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པའི་དུས་སུ་དམིགས་པར་བྱ་བའི་རང་བཞིན་དུ་མ་རྟོགས་པར་དམིགས་པར་བྱ་བ་ཡིན་ནོ་ཞེས་ནི་རིགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་ཚེ་མ་རྟོགས་པ་ཞེས་བྱ་བའོ། །དེའི་ཚེ་དེ་དེ་ལྟར་

མ་ཡིན་ནོ་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་མ་ཡིན་པ་ནི་དམིགས་པ་མ་ཡིན་པའོ། །དམིགས་པ་ཞེས་བྱ་བ་ནི་དོགས་པ་དེ། རང་གི་རང་བཞིན་དུ་དམིགས་པ་མེད་པའོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་དམིགས་པར་བྱ་བ་མ་ཡིན་པའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །མ་དམིགས་
པ་ནི་མ་ངེས་པས་དངོས་པོ་མེད་པར་བསྒྲུབ་པ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཡོད་ཀྱང་ཞེས་བྱ་བའོ། །ཡོད་པ་ལས་ཞེས་བྱ་བ་ནི་ལན་ནོ། །མ་དམིགས་པའི་རང་བཞིན་གྱི་ཡུལ་ཡོད་པ་ལས་ཚད་མ་ཡོད་པ་སྟེ་སྲིད་པ་ཡིན་ན། དངོས་པོ་ཡོད་ཀྱང་མ་དམིགས་སོ་ཞེས་དེ་སྐད་བརྗོད་
པར་བྱ་བར་འགྱུར་གྱི། གང་གི་ཚེ་མ་དམིགས་པ་ཉིད་ཚད་མས་ཡུལ་དུ་མ་བྱས་པའི་ཕྱིར་ན་མི་དམིགས་པའི་རང་བཞིན་ལ་ཚད་མ་མི་སྲིད་པ་དེའི་ཚེ་ཇི་ལྟར་ཡོད་པ་ལ་ཡང་མི་དམིགས་པ་སྲིད་དོ་ཞེས་བརྗོད་དོ། །ཤ་ཟ་བ་ལ་སོགས་པ་ཚད་མའི་ཡུལ་ཉིད་དུ་སྲིད་པ་ལ་ཡང་ཡོད་ཀྱང་མ་
དམིགས་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །འོན་ཏེ་མ་དམིགས་པའི་རང་བཞིན་ལ་རྗེས་སུ་དཔག་པ་ཡོད་པ་ཉིད་དེ། དེས་ན་ཡོད་ཀྱང་མ་དམིགས་སོ་ཞེས་བརྗོད་དོ་ཞེས་དོགས་པ་ནི། རྗེས་སུ་དཔག་པ་ཞེས་བྱ་བ་ནི། དེ་ཡང་ཞེས་བྱ་བ་ལན་ཏེ། རྗེས་སུ་དཔག་པ་ཡང་མཐོང་བའི་རང་
བཞིན་ཉིད་ཀྱི་རྗེས་སུ་འབྲང་བའི་དམིགས་པར་བྱ་བའི་རང་བཞིན་ལ་ནི་མ་ཡིན་ནོ། །དེས་ན་མ་དམིགས་པའི་རང་བཞིན་ནི་མེད་པ་ཁོ་ནའོ། །གལ་ཏེ་རྗེས་སུ་དཔག་པའི་དུས་ན་དོན་ལ་བལྟ་བར་བྱ་བ་ཉིད་མེད་པ་ཉིད་མ་ཡིན་ནམ། དེས་ན་མཐོང་བའི་རང་བཞིན་ཉིད་ཀྱི་རྗེས་སུ་འབྲང་ངོ་ཞེས་བྱ་བ་ཇི་ལྟར་
བརྗོད་ཅེ་ན། དོགས་པ་བསུ་བ་ནི་ཕྱིས་ཞེས་བྱ་བ་སྟེ། མཐོང་བའི་དུས་ནའོ། །སྔར་རྗེས་སུ་དཔོག་པའི་དུས་སུའོ། །གལ་ཏེ་ཞེས་བྱ་བའི་ལན་ནོ། །དེའི་ཚེ་ཡོད་པ་ཉིད་ཇི་ལྟར་ཡིན་ཏེ་བལྟ་བར་བྱ་བ་མ་ཡིན་པ་ནི་ཡོད་པ་མི་འཐད་པའི་ཕྱིར་རོ། །དོགས་པ་བསུ་བ་ནི་ཕྱིས་ཞེས་བྱ་བ་སྟེ། མི་སླུ་བའི་
དུས་ནའོ། །ཕྱིས་ཉིད་ཅེས་བྱ་བ་ནི་ལན་ནོ། །སྔར་ཇི་ལྟར་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དུས་སུའོ། །ཕྱིས་དམིགས་པར་བྱ་བ་ཉིད་གཞན་དུ་མི་འཐད་པས་སྔར་ཡོད་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་སྔར་མེད་ན་ཞེས་བྱ་བའོ། །དམིགས་པར་བྱ་བ་ཉིད་དོ་ཞེས་བྱ་བ་ལན་ནོ། །དམིགས་པའི་

ཕྱིར་ན་ཕྱིས་ཁོ་ན་ཡོད་པ་ཡིན་གྱི་སྔར་མ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པའི་དུས་སུ་དེ་ལྟར་རྟོགས་པ་ནི་བལྟ་བར་བྱ་བ་མ་ཡིན་པ་ཁོ་ནར་འགྱུར་ཏེ་ཞེས་དོགས་པ་བསུ་བ་ནི་དམིགས་པར་བྱ་བའི་ཉིད་དུ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་པ་ནི་ཞེས་བྱ་བ་ནི་རྟོགས་པ་ནི་རྗེས་སུ་འཇུག་གོ། །གཞན་དུ་ཞེས་བྱ་བ་ནི་
དམིགས་པར་བྱ་བ་མ་ཡིན་པའོ། །གཞན་གྱི་ཚེ་ཞེས་བྱ་བ་ནི། རྗེས་སུ་དཔག་པའི་དུས་ཡང་ངོ་། །དེའི་རང་བཞིན་དུ་ནི་དམིགས་པར་བྱ་བའི་རང་བཞིན་དུའོ། །གཞན་དུ་ཞེས་བྱ་བ་ནི་དམིགས་པར་བྱ་བ་ཡིན་པར་རོ། །གཞན་དུ་ཞེས་བྱ་བ་ནི་དམིགས་པར་བྱ་བ་མ་ཡིན་པ་ཉིད་དུའོ། །དེ་ལྟར་རེ་ཞིག་
རྗེས་སུ་དཔག་པའི་དུས་སུ་ཡང་ཡོད་པ་ཉིད་ནི་དམིགས་པར་བྱ་བ་མེད་པ་ཡིན་ནོ་ཞེས་བསྟན་ནས། ད་ནི་རྗེས་སུ་དཔག་པའི་འབྱུང་བར་འགྱུར་བའི་ཡུལ་ཅན་གྱི་ཚད་མ་ཡིན་ཏེ། དེས་ན་དེའི་ཡུལ་དུ་སོང་བ་ལས་དེའི་ཡུལ་དམིགས་པར་བྱ་བ་ཉིད་བཟློག་ཏུ་མེད་དོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པ་
ནི་ཞེས་བྱ་བའོ། །འབྱུང་བར་འགྱུར་བའི་ཡོད་པ་ལ་ཞེས་བྱ་བ་ནི་ཐོབ་པའི་ཤེས་པའི་ཡུལ་ལ་ཡིན་གྱི། རྗེས་སུ་དཔག་པའི་དུས་ན་ཡོད་པའི་མ་དམིགས་པ་ལ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རྗེས་སུ་དཔག་པའི་དུས་ན་ཡོད་པ་ཉམས་སུ་མ་མྱོང་ཡང་ཡོད་པར་རྟོགས་པ་ནི་མི་འཐད་དེ། རྗེས་སུ་
དཔག་པ་ལས་ཡུལ་དུ་མ་བྱས་པའི་ཕྱིར་རོ། །གལ་ཏེ་གཉི་ག་ཡང་དམིགས་པར་བྱ་བ་ཁོ་ནའི་ཡུལ་ཅན་ཡིན་ན། འོ་ན་ཇི་ལྟར་ཞེས་བྱ་བའོ། །གཞལ་བྱ་གཉིས་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཅེས་བྱ་བ་ནི་ལན་ནོ། །དམིགས་པར་བྱ་བ་ཉིད་དོ། །གཞན་གྱི་ངོ་བོས་ཞེས་བྱ་བ་ནི་
སྔོན་མཐོང་བའི་ངོ་བོས་སམ་ཤེས་པའི་རྣམ་པའི་ངོ་བོས་སོ། །དཔེ་དང་ཞེས་བྱ་བ་ནི་དེ་ཉིད་གསལ་བར་བྱེད་པའོ། །དེ་ལྟར་ཞེས་བྱ་བ་ནི་དམིགས་པར་བྱ་བ་ཡོད་པ་ཉིད་དུའོ། །ཇི་ལྟར་གཅིག་ཉིད་དུ་མར་འགྱུར་སྙམ་ན། དེ་ཉིད་ཅེས་སྨོས་ཏེ། དམིགས་པར་བྱ་བའི་རང་བཞིན་ཉིད་དོ། །དེའི་ཞེས་
བྱ་བ་དཔེ་ལ་མཐོང་བའི་ངོ་བོར་སྒྲོ་བཏགས་པའི་ཕྱིར་རོ། །དེ་ལྟ་ན་ནི་འོ་ན་ཞེས་བྱ་བ་ལ་སོགས་པས་ལྟོས་པས་བྱས་པ་ཐ་དད་ན་དོན་དམ་མཚན་ཉིད་མིན་པར་འགྱུར་ཞེས་བརྗོད་པའི་རྩོད་པ་རྗེས་སུ་བརྗོད་པས་བདེན་ཏེ་ཞེས་བྱ་བས་ལན་འདེབས་པའོ། །འོ་ན་ཇི་ལྟར་ཞེས་ཐ་སྙད་འདོགས་སྙམ་ན།

དངོས་པོ་ལ་མི་སླུ་བའི་སྒོ་ནས་ཞེས་གསུངས་སོ། །སྣང་བ་དང་རྣམ་པར་བརྟག་པར་བྱ་བ་ཐ་དད་པ་ཉིད་དུ་གང་གིས་མ་རྟོགས་པའོ། །གང་གི་ཕྱིར་དེ་ལྟར་ཐ་སྙད་བྱེད་པའི་རྒྱུ་དེས་ན་སྣང་བ་དང་། རྣམ་པར་བརྟག་པར་བྱ་བའི་དོན་གཅིག་ཏུ་བྱེད་པར་དངོས་པོ་ཉིད་ཡིན་པ་དེ་ལ་ལྟོས་ནས་སོ། །
འོན་ཏེ་གཉི་གའི་རང་བཞིན་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་གཅིག་ཉིད་མཚན་ཉིད་དང་གཞན་ཡིན་ན་ནི་དེ་གཉི་གའི་རང་བཞིན་གྱི་གཞལ་བྱ་གཞན་ཡིན་པའི་ཕྱིར་ཞེས་བྱ་བའི། རྩོད་པ་བརྗོད་པ་ནས་དེ་ནི་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པར་བྱེད་དོ། །རྟོགས་པར་ཁས་ལེན་ན་ཡང་ཉེས་པ་ཡོད་དོ་ཞེས་
བརྗོད་པ་ནི། རྟོགས་ཡང་ཞེས་བྱ་བའོ། །གལ་ཏེ་གཞལ་བྱ་འཆོལ་ན་ཚད་མ་གཉིས་སུ་ཇི་ལྟར་འགྱུར་སྙམ་ན། རྟོགས་པའི་དབྱེ་བ་ཉིད་ཀྱིས་ཞེས་གསུངས་ཏེ། གཞལ་བྱར་བྱ་བའི་རང་གི་ངོ་བོ་ཐ་དད་པས་ནི་མ་ཡིན་ནོ། །རྗེས་སུ་དཔག་པས་ཉེ་བར་ཟིན་པའི་རང་བཞིན་ནི་མི་གསལ་བ་ཡིན་ཏེ། དེ་ན་གཉི་
གའི་རང་བཞིན་ཉིད་མེད་པའི་ཕྱིར་ན། དངོས་པོའི་མཚན་ཉིད་དང་འཆོལ་བ་མ་ཡིན་ནོ། །འདི་ཡང་རྣམ་པ་ཇི་ཞིག་ལྟར་གཅིག་ཉིད་གཉི་གའི་རང་བཞིན་ཡིན་པས་ཁས་བླངས་ནས་བརྗོད་པ་ཡིན་གྱི་དེ་ནི་དོན་དམ་པར་ནི་རིགས་པ་མ་ཡིན་ཏེ། ལྟོས་པ་བྱས་པ་ཡིན་པའི་ཕྱིར་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །
གཅིག་གི་མཚན་ཉིད་གང་ཞིག་གསལ་བ་ཐ་དད་པ་མི་གསལ་བ་ཉིད་ཀྱིས་རྟོགས་པ་ཐ་དད་པའི་ལས་ཡིན་པ་དེ་ནི་དོན་དམ་པ་མ་ཡིན་པ་ཁོ་ན་སྟེ། དེས་ན་གཅིག་ལ་མཚན་ཉིད་གཉིས་ཡོད་པ་མ་ཡིན་ནོ། །གལ་ཏེ་གཅིག་ལ་ཡང་ལྟོས་པས་ཐ་དད་པར་མཐོང་བ་ཉིད་མ་ཡིན་ནམ། དེས་ན་ཇི་ལྟར་གཅིག་གི་རང་
བཞིན་དགག་པ་ཙམ་ཡིན་སྙམ་ན། སྔོན་པོ་ལ་སོགས་པ་ནི་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སྔོན་པོ་ཉིད་ལ་སོགས་པའོ། །ཐ་དད་པ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་དུ་མ་དང་ལྡན་པ་ཡིན་པའོ། །དེའི་ཕྱིར་གང་གིས་ཚད་མ་གཞན་དུ་ཐལ་བར་འགྱུར་བ་གཅིག་ལ་ནི་རང་བཞིན་གཉིས་ཡོད་པ་མ་ཡིན་ནོ། །གལ་
ཏེ་གཞལ་བྱའི་དབྱེ་བ་དོན་དམ་པ་མ་ཡིན་ན། འོ་ན་ཇི་ལྟར་ཞེས་བྱ་བའོ། །ཚད་མ་ཉི