Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
ད་དུ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །གཞལ་བྱའི་དབྱེ་བ་དེ་ཉིད་བརྟགས་པའི་རང་བཞིན་ཡིན་པའི་ཕྱིར་དོན་དམ་པ་ཡིན་གྱི། དངོས་པོ་ཉིད་མ་ཡིན་ཏེ། མངོན་སུམ་བཞིན་དུ་རྗེས་སུ་དཔག་པའི་དངོས་པོའི་རང་

བཞིན་ཐོབ་པ་གང་ཞིག་པ་དེ་ནི་དོན་དམ་པ་ལས་གཞན་མིན་ཏེ། དེས་ན་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་ཡང་ཚད་མ་ཁོ་ནའོ་ཞེས་དོགས་པའོ། །གཞན་གྱིས་ཡུལ་གཅིག་མངོན་སུམ་དང་རྗེས་སུ་དཔག་པ་དག་ཐ་དད་པ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི། འོ་ན་ཞེས་བྱ་བ་སྟེ་རྗེས་སུ་དཔག་པ་མངོན་
སུམ་ལས་ཐ་དད་པ་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་གསལ་བར་བྱེད་པ་ནི། རང་གི་ངོ་བོ་དངོས་སུ་ཞེས་བྱ་བའོ། །འོན་ཏེ་གལ་ཏེ་རང་གི་ངོ་བོས་ཡུལ་དུ་བྱེད་པ་མ་ཡིན་གྱི་འོན་ཏེ། འོན་ཀྱང་གཞན་གྱི་ངོ་བོས་ཡིན་ན་ཇི་ལྟར་དེ་རྟོགས་ཏེ། དཀར་པོ་ནི་སེར་པོ་ཉིད་ཀྱིས་རྟོགས་པ་མ་ཡིན་ནོ་ཞེས་
བརྗོད་པ་ནི། རང་གི་ངོ་བོ་དེ་ལ་མ་རིག་སྟེ། མངོན་སུམ་གཟུང་གི་འོན་ཀྱང་གཞན་གྱི་རང་བཞིན་དུ་མངོན་ཞེ་ན་ཞེས་བྱ་བའོ། །དེས་ན་འཁྲུལ་པའི་ཕྱིར་དེ་ཇི་ལྟར་རྟོགས་ཤེ་ན། རྗེས་སུ་དཔག་པ་ནི་རང་གི་སྣང་བ་དོན་མེད་པ་ལ་དོན་དུ་ལྷག་པར་ཞེན་ནས་འཇུག་པའི་ཕྱིར་ན་འཁྲུལ་པར་འདོད་པ་ཉིད་དོ་ཞེས་ལན་བཏབ་པ་
ནི་ཇི་བཞིན་མངོན་ཞེ་ན་ཞེས་བྱ་བའོ། །དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་མངོན་བཞིན་ཡིན་པའི་ཕྱིར་ཏེ། ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཕྱིར་ན། མངོན་སུམ་ལ་ལྟོས་པའི་གཉིས་པ་རྗེས་སུ་དཔག་པའི་རྟོག་པ་ནི་འཁྲུལ་པ་ཉིད་ཡིན་པར་འདོད་དོ། །ཅི་ལྟར་དོན་དེ་ཞེས་བྱ་བ་ནི་འཆད་པ་སྟེ། ཡུལ་དང་
དུས་དང་རྣམ་པ་ངེས་པའི་དོན་དེའོ། །དུས་ལ་སོགས་པ་ངེས་པ་ཉིད་བཤད་པ་ནི། ད་ལྟར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་དུས་ངེས་པའོ། །དེས་ན་ཞེས་བྱ་བ་ནི་ཡུལ་ངེས་པའོ། །རྒྱུའི་དབྱེ་བས་ཐ་དད་པས་ཞེས་བྱ་བ་ནི་རང་བཞིན་དུ་མངོན་པའོ། །གལ་ཏེ་དེའི་རང་བཞིན་དུ་མངོན་པར་ཞེན་པ་མེད་ན། ཇི་
ལྟར་དེ་ལ་འཁྲུལ་པ་ཡིན་སྙམ་ན། དངོས་པོ་ལ་མ་རེག་ཀྱང་དེར་ལྷག་པར་ཞེན་པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ལ་མ་རེག་ན་ཇི་ལྟར་རེག །ལྷག་པར་ཞེན་སྙམ་ན། སྔར་མཐོང་བའི་དོན་གྱིས་ཞེས་གསུངས་སོ། །རེ་ཞིག་འཆད་པར་འགྱུར་བའི་རྣམ་འགྲེལ་གྱི་དོན་ལྡོག་པའི་སྒོ་ནས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །མི་
འགྱུར་རོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་རྗེས་སུ་དཔག་པའོ། །དེ་ཉིད་སྨྲས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཉིད་ཚད་མ་མ་ཡིན་པའོ། །གལ་ཏེ་གཞན་གྱི་ངོ་བོས་ནི་རྟོགས་ན་འོ་ན་དེ་ཚད་མ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཞེས་གསུངས་ཏེ་གཞན་རྟོགས་པ་ན་གཞན་ཐོབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་

འགྲོ་བའི་སྒོ་ནས་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཡང་ང་ཡི་རྣམ་པ་མཐོང་བ་ལ་གཞན་གྱི་ངོ་བོར་སྒྲོ་འདོགས་པ་ཡིན་ཡང་། མངོན་པར་འདོད་པ་འཐོབ་པ་ལ་ནི་བསམ་པ་ཇི་ལྟ་བ་བཞིན་མི་སླུ་བར་བྱེད་པས་ན། ཚད་མ་ཡིན་ཏེ་མངོན་སུམ་བཞིན་ནོ་ཞེས་བརྗོད་པ་འདི་ནི། ལམ་དུ་ཞེས་
བྱ་བའོ། །གལ་ཏེ་ཇི་ལྟར་བསམ་པ་ཐོབ་པ་ན། ཇི་ལྟར་གཞན་ལ་གཞན་གྱི་རྣམ་པས་རྟོག་པའམ། འཁྲུལ་པ་ཉིད་ཡིན་པར་འགྱུར་ཞེ་ན། རྣམ་གཞན་གྱིས་ཀྱང་ཞེས་གསུངས་སོ། །ཇི་ལྟར་དཀར་པོ་ལ་སེར་པོའི་རང་བཞིན་དུ་འཁྲུལ་པར་རྟོག་པ་མཐོང་བ་དེ་བཞིན་དོན་གྱི་རང་བཞིན་གསལ་བ་ཡང་མི་གསལ་
བའི་རྣམ་པར་རྟོག་པའི་ཕྱིར་འགལ་བ་མེད་དོ། །ཡང་ན་གལ་ཏེ་རྗེས་སུ་དཔག་པ་དོན་གྱི་རང་བཞིན་ལ་མ་རེག་པས་འཁྲུལ་པ་ཡིན་ན་ཇི་ལྟར་དོན་ལ་འཇུག་པར་བྱེད་པ་ཡིན་སྙམ་ན། རྣམ་གཞན་གྱིས་ཀྱང་ཞེས་གསུངས་པའོ། །རྟོག་པ་ནི་འཇུག་པ་སྟེ། སྦྱོར་བར་བྱེད་པ་ཡིན་ལ། དེ་ནི་དངོས་པོ་ལ་རེག་པ་མེད་པར་ཡང་
མཐོང་སྟེ། དཔེར་ན་ལྷ་སྦྱིན་མཆོད་སྦྱིན་དུ་རློམ་པ་ལས་འཇུག་པ་ཡིན་ནོ། །ཡང་ན་རྗེས་སུ་དཔག་པའི་རང་བཞིན་ལས་འབའ་ཞིག་ཏུ་མ་ཟད་ཀྱི། རྟོག་པའང་རྣམ་པ་གཞན་དུ་མཐོང་སྟེ། རྟོགས་པ་ནི་མངོན་སུམ་ལ་བྱའོ། །གཞན་དུ་ཞེས་བྱ་བ་འཐོབ་པར་བྱ་བའི་དངོས་པོ་ལ་མ་རེག་ཀྱང་ཚད་མ་ཉིད་ཡིན་པར་མཐོང་ངོ་། །
གལ་ཏེ་ཇི་ལྟར་བསམ་པ་ཐོབ་པ་ཡིན་ན། ཐོབ་པར་བྱ་བ་ཉིད་སྣང་བ་ཡིན་ནོ་ཞེས་ཇི་ལྟར་རྟོགས་པར་མི་བྱེད་སྙམ་ན། ཕྱོགས་འདི་ལ་ཞེས་གསུངས་སོ། །ཇི་བཞིན་མངོན་ཞེན་མིན་པའི་ཕྱིར། །ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་དངོས་པོར་འཛིན་པ་ནི་བཀག་ཟིན་ཏོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པའི་རྟོག་པ་
དོན་ཇི་ལྟ་བ་བཞིན་མ་ཡིན་པར་ལྷག་པར་ཞེན་པ་ཇི་ལྟར་ཡིན་ཏེ། མངོན་སུམ་བཞིན་དུ་མི་སླུ་བ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་ནི་བཞིན་དུ་ཞེས་བྱ་བ་སྟེ། མངོན་སུམ་ལ་ཡང་ངོ་དེ་ནི་ཞེས་བྱ་བ་ནི་བསམ་པ་ལ་སླུ་བ་མེད་པའོ། །འདི་ལ་ཡང་རྗེས་སུ་དཔག་པ་ལའོ། །རྗེས་སུ་དཔག་པ་ནི་དོན་ཅི་ལྟ་བ་བཞིན་ཞེན་པ་ཡིན་ནོ་ཞེས་བྱ་བའི་
དོན་ཏོ། །འདི་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཐ་སྙད་པ་དག་ལ་ནི་མངོན་སུམ་བཞིན་དུ་རྗེས་སུ་དཔག་པ་དོན་ཅི་ལྟ་བ་བཞིན་མངོན་པར་ཞེན་པ་ཉིད་དོ། །འོ་ན་ཇི་ལྟར་རྗེས་སུ་དཔག་པ་དོན་ཇི་བཞིན་མ་ཡིན་པ་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། འདི་ནི་འཆད་པར་བྱེད་པ་རྣམས་ཀྱིས་ཞེས་གསུངས་སོ། །རྗེས་སུ་དཔག་པའི་རྟོགས་

པ་ནི་དོན་ཅི་ལྟ་བ་བཞིན་དུ་མ་ཡིན་པར་མངོན་པར་ཞེན་པས་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་རྟོགས་པ་ནི་འཆད་པར་བྱེད་པ་རྣམ་པ་ཉིད་ཡིན་གྱི་ཐ་སྙད་བྱེད་པ་རྣམས་ཀྱི་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་ལ་བདག་གིས་མེ་ཐོབ་པར་བྱའོ་སྙམ་པའི་བསམ་པ་ཇི་ལྟར་ཡོད་དེ་རང་གི་རྣམ་པ་ཙམ་མཐོང་བའི་ཕྱིར་རོ། །
དེ་ན་བསམ་པ་མེད་པའི་ཕྱིར་ན་དེ་ལ་བསམ་པ་ལ་མི་སླུ་བ་ཡོད་པ་ཡིན་ནོ། །དེས་ན་འདི་ནི་དེ་ལ་ཡང་ཡོད་པའི་ཕྱིར་རོ་ཞེས་ཇི་ལྟར་བརྗོད་སྙམ་དུ་དོགས་པ་ནི། གཞན་མཐོང་བའི་ཕྱིར་ཞེས་བྱ་བའོ། །བུམ་པ་མཐོང་བ་ནི་སྣམ་བུ་ལ་བསམ་པ་འབྱུང་བ་མ་ཡིན་ནོ་ཞེ་ན། ཐ་སྙད་བྱེད་པ་པོའི་སྐྱེ་བོ་ལ་ལྟོས་ནས་བསམ་པ་ལ་མི་སླུ་
བ་ཡིན་ན་ཇི་ལྟར་དེ་ལས་སོ་སོར་ངེས་པའི་དོན་ལས་དོན་ནོ་ཞེས་བྱ་བའོ། །དེ་ཁོ་ན་ལ་རིགས་པ་ལ་ལྟོས་ནས་ནི་འཁྲུལ་པ་ཡིན་ལ་གཞན་ལ་ལྟོས་ནས་ནི་བསམ་པ་ལ་མི་སླུ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ཞེས་བྱ་བ་གཞན་མཐོང་བ་ན་ཡང་གཞན་ལ་བསམ་པ་བྱེད་པ་ཉིད་ནའོ། །གལ་ཏེ་རྣམ་པར་རྟོག་པ་དོན་ལ་ངེས་པ་མ་ཡིན་
ན་ནི་ཇི་ལྟར་དེ་ལས་སོ་སོར་ངེས་པའི་དོན་ལ་འཇུག་སྙམ་དུ་དོགས་པ་སེལ་བས། རྣམ་གཞན་གྱིས་ཀྱང་རྟོགས་པ་མཐོང་། །ཞེས་བྱ་བ་རྣམ་པར་འགྲེལ་པ་ནི། དེས་ན་ཞེས་བྱ་བ་སྟེ་བག་ཆགས་པ་འཐུས་སོ། །གང་གི་དེ་ཁོ་ན་ཉིད་དངོས་པོའི་རང་བཞིན་ཡོངས་སུ་མ་དཔྱད་པའི་རྗེས་སུ་དཔོག་པ་ལ་སྟེ། དངོས་པོའི་རང་བཞིན་དེ་ལའོ། །
ཅིའི་ཕྱིར་འདི་བརྩད་པར་བྱ་བ་མ་ཡིན་སྙམ་ན། མཐོང་བ་ལ་ནི་ཞེས་གསུངས་སོ། །མངོན་སུམ་ཡང་དངོས་པོའི་རང་བཞིན་མ་རེག་པ་ཁོ་ནར་རྗེས་སུ་དཔག་པ་བཞིན་དུ་འཇུག་པར་བྱེད་པ་ཡིན་ཞེས་བསྟན་པའི་ཕྱིར་མངོན་སུམ་ལ་ཡང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་ཡང་ཞེས་གསུངས་པ་སྟེ། སྒྲུབ་པར་བྱེད་པའི་མངོན་
སུམ་ལ་ཡང་ངོ་། ཇི་ལྟར་ཞེ་ན་ཉེ་བར་གནས་པ་ཞེས་གསུངས་སོ། །ཉེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་ན། ཐོབ་པར་བྱ་བ་འབྱུང་བར་འགྱུར་ལ་རེག་པ་ཡོད་པས་འཇུག་པར་བྱེད་པར་འགྱུར་གྱི། མངོན་སུམ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉེ་བར་གནས་པ་ཙམ་ནི་
ཞེས་གསུངས་སོ། །འཇུག་པ་ནི་འཐོབ་པའི་དོན་དུ་ཡིན་ན་དེ་ལ་ཡང་བྱུང་ཟིན་པ་ཞུགས་པས་ཅི་བྱ། དེར་ཡང་ཞེས་བྱ་བ་ནི་མངོན་སུམ་ལ་ཡང་ངོ་། །དེ་དང་ཞེས་བྱ་བ་ནི་ད་ལྟར་འབྱུང་བར་འགྱུར་བ་དང་ངོ་། །དེས་ན་ཞེས་བྱ་བ་ནི་གཅིག་ཏུ་ལྷན་ཅིག་ལྷག་པར་ཞེན་པས་ནའོ། །དེ་ལྟ་བུའི་དེ་ཞེས་བྱ་བ་ནི་མངོན་སུམ་བཞིན་

ཉིད་དོ། །མཚུངས་པ་ཉིད་དུ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་མངོན་སུམ་དང་ངོ་། །མཚུངས་པ་ཉིད་མི་འཐད་པར་དོགས་པ་བསུ་བ་ནི་འོན་ཀྱང་ཞེས་བྱ་བའོ། །མངོན་སུམ་ནི་གཅིག་ཏུ་ལྷག་པར་ཞེན་པའི་རྣམ་པར་རྟོག་པ་སྐྱེད་པའི་སྒོ་ནས་འཇུག་པར་བྱེད་པ་ཡིན་ལ། རྗེས་སུ་དཔག་པ་ནི་དེ་ལྟ་མ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་ལ་ཡང་དེའི་འོག་ཏུ་འབྱུང་བའི་རྣམ་པར་རྟོག་པ་གཅིག་ཉིད་དུ་ལྷག་པར་ཞེན་པ་ལས་འཇུག་པར་བྱེད་པ་ཡིན་ཏེ། མངོན་སུམ་དང་འདྲ་བར་ཡིན་ནོ་ཞེས་ལན་འདེབས་པ་ནི། དེ་ནི་མི་རིགས་ཏེ་ཞེས་བྱ་བའོ། །གང་གིས་དེ་ཡང་འཇུག་པར་བྱེད་པ་ཉིད་དུ་འགྱུར་ལ། རྗེས་སུ་དཔག་པས་ཉེ་བར་
གནས། །བཟུང་བ་ན་ནི་རྣམ་པར་རྟོག་པ་གཞན་ལྷག་པར་འབྱུང་བ་ཉིད་དུ་གདོན་མི་ཟ་བ་ཡིན་ནོ། །རྣམ་པར་རྟོག་པ་གཞན་གྱིས་ཀྱང་འཇུག་པར་བྱེད་པ་ཉིད་ཇི་ལྟར་འགྱུར་སྙམ་ན། རྣམ་རྟོག་གཞན་ནི་གནས་པར་འགྱུར། །ཞེས་གསུངས་སོ། །དེས་ན་དེའི་སྒོ་ནས་དེ་ཡང་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་རྗེས་སུ་
དཔག་པས་ཉེ་བར་གནས་པས་འཛིན་ཞེ་ན། རང་གི་ངོ་བོས་བཟུང་བའི་ཕྱིར་ཞེས་སྦྱར་རོ། །རྣམ་པར་འགྲེལ་པར་ནི་གསལ་བར་ཞེས་བྱ་བ་རང་གི་ངོ་བོའི་ཁྱད་པར་དུ་བྱས་པའི་ཡུལ་རུང་བ་གནས་པར་མི་ཤེས་པ། རང་ཉིད་ཤེས་ཕྱིར་དེ་ཤེས་ཡིན། །ཞེས་བསྟན་པར་བྱ་བའི་དོན་འདུ་བ་ཡིན་ནོ། །དེར་ཡང་ནི་རྗེས་སུ་དཔག་པ་ལ་ཡང་ངོ་། །
འོན་ཏེ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐ་དད་པ་མེད་པའོ། །དེ་ལྟ་ན་འོ་ན་དེ་ཚད་མ་ཡིན་ནོ་ཞེ་ན་དངོས་པོ་ལ་རེག་པ་མེད་པ་ཉིད་ཅེས་སྨྲས་སོ། །འོ་ན་མངོན་སུམ་ཡང་ཚད་མར་མི་འགྱུར་རོ། །མངོན་སུམ་ཞེས་བྱ་བ་སྨོས་སོ། །དངོས་པོ་ལ་རེག་པ་ནི་ཚད་མར་འགྱུར་བའི་རྒྱུ་མཚན་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ཡང་རུང་བ་མ་ཡིན་
ཏེ་ཞེས་བྱ་བའོ། །ཞེན་པ་མངོན་སུམ་ལ་ཡོད་ཡིན། །ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པ་ཡིན་པའི་ཕྱིར་རོ། །འོ་ན་རང་བཞིན་དེ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་རང་བཞིན་ནོ། །རྣམ་པར་རྟོག་པ་ལ་ཡང་འཇུག་པར་བྱེད་པ་ཉིད་མེད་པའི་ཕྱིར་ན་ཇི་ལྟར་དེའི་སྒོ་ནས་མངོན་སུམ་འཇུག་པར་བྱེད་པ་ཡིན་ཞེས་བྱ་བ་ལན་འདེབས་པ་
ནི། གང་གིས་ཞེས་བྱ་བ་སྟེ་འཇུག་པར་བྱེད་པ་གང་གིས་སོ། །འོན་ཏེ་འཇུག་པར་བྱེད་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན་དེ་ནི་མི་རིགས་ཏེ་ཅིའི་ཕྱིར་ཞེ་ན་དེ་རང་ཉིད་ཅེས་གསུངས་སོ། །འདི་སྙམ་དུ་རང་ཉིད་མི་འཇུག་པར་བྱེད་པ་མ་ཡིན་པ་ཉིད་ཡིན་ལ། འཇུག་པར་བྱེད་པའི་རྣམ་པར་

རྟོག་པ་བསྐྱེད་པའི་སྒོ་ཁོ་ནས་འཇུག་པར་བྱེད་པ་ཡིན་ནོ་ཞེས་དོགས་པར་བྱེད་པ་ནི་གལ་ཏེ་རྣམ་རྟོག་ཅེས་བྱ་བའོ། །ལན་ནི། དངོས་འཛིན་མིན་པར་འཇུག་བྱེད་དུ། །ཇི་ལྟར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །རྣམ་པར་རྟོག་པ་དངོས་པོ་འཛིན་པ་མ་ཡིན་ཡང་འཇུག་བྱེད་ཡིན་ན་ནི། རྗེས་སུ་དཔག་པ་ཡང་དེར་འགྱུར་རོ་
ཞེས་བརྗོད་པ་ནི། དེ་ལྟར་ཡིན་ཡང་ཞེས་བྱ་སྟེ། དངོས་པོ་འཛིན་པ་མ་ཡིན་ཡང་གལ་ཏེ་རྣམ་པར་རྟོག་པ་འཇུག་པ་སྟེ་ཡིན་ན། དེའི་ཚེ་རྗེས་སུ་དཔག་པ་ལ་ཡང་འཇུག་པར་བྱེད་པ་འདི་ཅིས་མི་འདོད་དེ། འདོད་པར་བྱའོ། །གལ་ཏེ་རྣམ་པར་རྟོག་པའི་འཇུག་པར་བྱེད་པ་ཉིད་ནི་ཚད་མའི་རྒྱུ་མཚན་དུ་མི་
འདོད་པ་ཁོ་ན་མ་ཡིན་ནམ། དེས་ན་རྗེས་སུ་དཔག་པ་ཡང་དེ་འདོད་པར་བྱ་བའོ་ཞེས་ཅི་སྟེ་བརྗོད་ན། གལ་ཏེ་རྣམ་པར་རྟོག་པ་ཉིད་བསྐྱེད་པའི་སྒོ་ནས་ཞེས་བྱ་བའོ། །རྣམ་པར་རྟོག་པ་ཚད་མར་མི་འདོད་ནས་མངོན་སུམ་དེ་སྐྱེད་པའི་སྒོ་ནས་ཚད་མ་མ་ཡིན་པ་ནི་ཚད་མར་ཇི་ལྟར་འགྱུར། རང་ཉིད་ཚད་མ་མ་
ཡིན་པའི་རྣམ་པར་རྟོག་པ་སྐྱེད་པའི་སྒོ་ནས་ཚད་མར་འགྱུར་རོ་ཞེས་མི་རིགས་སོ། །དེའི་ཕྱིར་མངོན་སུམ་པར་རྟོག་པ་སྐྱེད་པའི་སྒོ་ནས་འཇུག་པར་བྱེད་པ་ཉིད་དུ་འདོད་ན། དེ་ལ་ཡང་དེ་འདོད་པ་ཉིད་དོ། །དེ་ལྟ་ཡིན་ན་ཞེས་བྱ་བ་ནི་རྣམ་པར་རྟོག་པར་འཇུག་པར་བྱེད་པ་ཉིད་དུ་ཁས་ལེན་པ་ཡིན་ནའོ། །རྗེས་
སུ་དཔག་པ་ནི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འོ་ན་ཞེས་བྱ་བ་ནི་ལན་ཏེ། རྣམ་པར་རྟོག་པ་ཇི་ལྟར་ཚད་མ་ཡིན་ཞེས་འབྲེལ་ཏོ། །གཞན་གྱིས་དེར་ཞེས་སྨྲས་ཏེ། མངོན་སུམ་དང་རྣམ་པར་རྟོག་པ་དེ་གཉིས་ཀྱི་གནས་བསམ་པས་མངོན་སུམ་གྱི་དངོས་པོ་འཛིན་པའི་ཕྱིར་དེས་བསྐྱེད་པའི་རྣམ་པར་
རྟོག་པ་ཚད་མ་མ་ཡིན་ནོ་ཞེ་ན། ལན་མངོན་སུམ་གྱིས་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་འགྲེལ་ཏོ། །ཅིའི་ཕྱིར་ཞེ་ན། རྣམ་པར་རྟོག་པ་ཞེས་སྨོས་ཏེ། སྔ་མ་དང་ཕྱི་མར་གྱུར་པའི་དངོས་པོའི་རྒྱུན་རྣམ་པར་བརྟག་པར་བྱ་བ་སྟེ་དེ་ལའོ། །དེ་ཞེས་བྱ་བ་ནི་མངོན་སུམ་མོ། །དེའི་རྒྱུན་ལ་ཞེས་བྱ་བ་ནི་དོགས་པ་སྟེ།
འབྱུང་བར་འགྱུར་བའི་རྒྱུན་ལའོ། །ཇི་ལྟར་ཞེས་བྱ་བ་ནི་ལན་ནོ། །གཞན་ལ་ཞེས་བྱ་བ་ནི་ད་ལྟར་བའི་སྐད་ཅིག་ལའོ། །གཞན་ལ་ཞེས་བྱ་བ་འབྱུང་བར་འགྱུར་བ་ལའོ། །དེ་ལྟར་ཡིན་ནོ་ཞེས་བྱ་བ་ནི་སྐད་ཅིག་ལ་ཞུགས་པས་རྒྱུན་ལ་ཞུགས་པར་འགྱུར་བའོ། །བརྗོད་པ་པ་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་

བའོ། །འོན་ཏེ་ཉེ་བར་བཏགས་པས་རྗེས་སུ་དཔག་པ་ལ་དོན་ལ་ཞུགས་པས་ཐ་སྙད་བྱེད་པ་ཡིན་ནོ་ཞེས་བྱ་བའི་གཞན་གྱི་ལམ་ཟློག་པར་བྱེད་པ་ནི་དེ་ཞེས་བྱ་བའོ། །མངོན་སུམ་ཞེས་བྱ་བ་ནི་ཟློག་པར་བྱེད་པའོ། །ཡང་རྣམ་པ་གཞན་གྱི་སྒོ་ནས་མངོན་སུམ་དང་རྗེས་སུ་དཔག་པ་དག་
ཁྱད་པར་ཡོད་པར་དོགས་པ་བསུ་ནས་སེལ་བ་ནི་མངོན་སུམ་ནི་དེའི་རིགས་ལ་ཞེས་བྱ་བ་སྟེ། འབྱུང་བར་འགྱུར་བའི་རྒྱུན་གྱི་རིགས་དང་པོའི་སྐད་ཅིག་ལའོ། །དེ་ལ་ཡང་ནི་སྐད་ཅིག་དང་པོ་ལ་ཡང་ངོ་། །ཇི་ལྟར་ཞེ་ན་མངོན་སུམ་གྱི་ཞེས་སྨོས་སོ། །རྗེས་སུ་དཔག་པ་བཞིན་དུ་རྣམ་པར་རྟོག་པ་ཡང་དངོས་པོའི་
ཡུལ་ཅན་མ་ཡིན་པའི་ཕྱིར་ན་དེའི་རིགས་ཅན་ལ་མི་འཇུག་གོ། །དེ་ལྟར་ན་ཡང་ཚད་མ་ཡིན་ན་ནི་རྗེས་སུ་དཔག་པ་ལ་ཡང་བཟློག་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེའི་རིགས་ལ་མངོན་སུམ་འཇུག་པའི་ཕྱིར་རྣམ་པར་རྟོག་པ་ཚད་མ་ཡིན་ནོ་ཞེས་བྱ་བ་ལན་ཡིན་ན་དེའི་ཚེ་རྗེས་སུ་དཔག་པ་ལ་ཡང་ལན་ནི་
མཚུངས་སོ། །ཇི་ལྟར་ཞེ་ན་རྗེས་སུ་དཔག་པའི་ཡུལ་ཞེས་གསུངས་སོ། །ཚང་བང་གིས་ཞེས་བྱ་བ་ནི་དེ་ཉིད་གསལ་བར་བྱེད་པའོ། །རྗེས་སུ་དཔག་པའི་ཡུལ་ལ་ཞེས་བྱ་བ་ནི་དོགས་པའོ། །དེ་ནི་མངོན་སུམ་མོ། །ཐམས་ཅད་ཅེས་བྱ་བ་ནི་ལན་ནོ། །མཚུངས་པ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །ཇི་ལྟར་རྗེས་སུ་
དཔག་པའི་ཡུལ་ལ་མངོན་སུམ་མི་འཇུག་པ་དེ་བཞིན་དུ་མངོན་སུམ་གྱིས་ཕྱིས་འབྱུང་བའི་རྣམ་པར་རྟོག་པའི་ཡུལ་ལ་མངོན་སུམ་མི་འཇུག་པ་མ་ཡིན་ནམ་ཅི། འོན་ཀྱང་མངོན་སུམ་མི་འཇུག་པ་ཁོ་ནའོ། །དེས་ན་རྗེས་སུ་དཔག་པའི་ཡུལ་དུ་རྣམ་པར་རྟོག་པ་ཡང་ཚད་མར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞལ་བྱ་
གཞན་ལ་ཞེས་བྱ་བ་ནི་ཚང་བང་ན་གནས་པའི་མེའི་གསལ་བ་ལ་ཞུགས་པ་ཡིན་པའོ། །དེས་ན་རྗེས་སུ་དཔག་པ་འཇུག་པར་བྱེད་པ་དང་ཚད་མ་ཉིད་དུ་མངོན་སུམ་གྱིས་མི་བྱེད་པ་ན་འདི་ནི་རྣམ་པར་རྟོག་པར་བྱེད་པ་ལ་ཡང་མཚུངས་ཏེ་དེས་ན་མངོན་སུམ་དེས་ནི་རྣམ་པར་རྟོག་པ་ཡང་ཚད་མར་བྱེད་པར་མི་འགྱུར་རོ་ཞེས་
བརྗོད་པ་ནི། རྣམ་རྟོག་དེས་བསྐྱེད་མངོན་སུམ་ཅི། །ཞེས་བྱ་བའོ། །ཅི་སྟེ་ཡང་མངོན་སུམ་གྱི་ཡུལ་དང་རང་བཞིན་ཡུལ་གཅིག་ཉིད་དུ་རྣམ་པར་རྟོག་པས་ཞེན་པར་བྱེད། དེས་ན་མངོན་སུམ་གྱི་རྣམ་པར་རྟོག་པ་ཚད་མར་བྱས་པ་ཡིན་ནོ་ཞེས་དོགས་ན་གཅིག་ཏུ་ལྷག་པར་ཞེས་གསུངས་སོ། །གཉི་ག་ལ་

ནི་རྣམ་པར་རྟོག་པ་དང་རྗེས་སུ་དཔག་པ་དག་ལའོ། །རྗེས་སུ་དཔག་པ་ཡང་རང་གི་ཡུལ་ལ་མངོན་སུམ་གྱི་ཡུལ་གཅིག་པ་ཉིད་ལྷག་པར་ཞེན་པར་བྱེད་དེ། དེས་ན་མངོན་སུམ་གྱི་རྗེས་སུ་དཔག་པ་ཡང་ཅི་སྟེ་ཚད་མར་མི་བྱེད། གལ་ཏེ་རྣམ་པར་རྟོག་པ་ནི་འཐོབ་པར་བྱ་བའི་རང་བཞིན་འཛིན་པ་དེས་ན་ཚད་མ་ཡིན་
གྱི་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། དེས་ན་ཚད་མ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས་བཤད་པ། དངོས་པོ་ཐོབ་པར་བྱ་བ་དེའི་སྤྱི་ནི་རྣམ་པར་བརྟག་པར་བྱ་བ་དང་རྗེས་སུ་དཔག་པར་བྱ་བ་གཉི་གར་ཡང་རྣམ་པར་རྟོག་པ་དང་རྗེས་སུ་དཔག་པ་དག་གིས་འཛིན་པ་ཡིན་ནོ། །དེས་ན་གཉི་གར་ཐོབ་པར་ཡང་
བྱ་བའི་རང་བཞིན་ཉིད་མི་འཛིན་པའི་ཕྱིར་ཚད་མའམ་ཚད་མ་མ་ཡིན་པ་ཉིད་དུ་མཚུངས་སོ། །ལྷག་པར་བརྗོད་པའི་དོན་དུ་ཡང་དོགས་པ་བསུ་བ་ནི། རྣམ་པར་བརྟག་པར་བྱ་བའི་མེའི་སྐད་ཅིག་ཡིན་པ་དེ་དག་གི་དང་པོའི་སྐད་ཅིག་དབང་པོའི་ཡུལ་ཡིན་ནོ། །དེས་བཟུང་བ་དེའི་འཛིན་པར་འགྱུར་བ་ལ་
རྣམ་པར་རྟོག་པ་འཇུག་པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་གྱི། རྗེས་སུ་དཔག་པའི་ནི་མ་ཡིན་ཞེ་ན། ལན་ནི་གཞན་སྐད་ཅིག་དང་པོ་བཟུང་བ་ནི་གཞན་རྣམ་པར་བརྟག་པར་བྱ་བ་འབྱུང་བར་འགྱུར་བ་བཟུང་བ་མ་ཡིན་ནོ་ཞེས་དཔྱད་ཟིན་པ་ནི་མ་ཡིན་ནམ། དེ་མ་བཟུང་ན་ཡང་དེའི་ཡུལ་ཅན་གྱི་རྣམ་པར་
རྟོག་པ་རྗེས་སུ་དཔག་པ་བཞིན་ཚད་མར་མི་འགྱུར་རོ་ཞེས་དོགས་པའོ། །འོན་ཏེ་གང་ཡང་རུང་བ་གཞན་བཟུང་བས་ནི་གཞན་བཟུང་བར་མི་འགྱུར་ཏེ། བུམ་པ་བཟུང་བས་ཀྱང་སྣམ་བུ་བཟུང་བར་ཐལ་བའི་ཕྱིར་རོ། །འོན་ཀྱང་འབྲེལ་པ་ཅན་བཟུང་བས་ན་འབྱུང་བར་འགྱུར་བས་བཟུང་བ་ཡིན་ནོ་
ཞེས་དོགས་པ་ནི་དེ་དང་འབྲེལ་པ་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་དེ་དང་འབྲེལ་པ་སྐད་ཅིག་དང་པོ་སྟེ་བཟུང་བ་ན་འབྱུང་བར་འགྱུར་བ་དེ་བཟུང་བར་འདོད་ནའོ། །འབྲེལ་པ་འཛིན་པ་ཇི་ལྟར་མཚུངས་སྙམ་ན། མངོན་སུམ་ལས་བྱུང་བའི་རྣམ་པར་རྟོག་པ་ནི་འབྱུང་བར་འགྱུར་བའི་རྒྱུ་མཐོང་ཞིང་
རྗེས་སུ་དཔག་པ་ལས་ཡང་འབྲས་བུ་དུ་བ་ལ་སོགས་པའི་རྟགས་མངོན་སུམ་གྱིས་མཐོང་བ་ཡིན་ཏེ། དེས་ན་འབྲེལ་པ་འཛིན་པ་མཚུངས་སོ། །དེའི་ཕྱིར་ཇི་ལྟར་མངོན་སུམ་གྱི་འབྲེལ་པ་འཛིན་པའི་ཕྱིར་ན་མ་བཟུང་བ་ལ་འཇུག་པའི་རྣམ་པར་རྟོག་པ་ཚད་མར་བྱེད་པ་དེ་བཞིན་དུ་རྗེས་སུ་དཔག་

པ་ཡང་བྱེད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འབྲེལ་པར་ཁྱད་པར་མེད་སྙམ་ན་རྒྱུ་དང་འབྲས་བུའི་འབྲེལ་པ་ཞེས་བྱ་བ་གསུངས་སོ། །རྣམ་པར་རྟོག་པ་དང་རྗེས་སུ་དཔག་པའི་ཡུལ་འབྲས་བུ་དང་རྒྱུ་དག་གིས། རྒྱུ་དང་འབྲས་བུའི་སྒོ་ནས་འབྲེལ་པ་ནི་གཉིས་ཀྱིས་
མངོན་སུམ་གཉིས་ལས་མཚུངས་སོ། །དེས་ན་གཅིག་ནི་ཚད་མར་བྱེད་ལ་རྗེས་སུ་དཔག་པ་ནི་མ་ཡིན་ཞེས་མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་ཐོབ་པར་བྱ་བའི་རང་བཞིན་ངོ་བོ་མི་འཛིན་པ་ཉིད་ཀྱིས་ན་ཚད་མ་འམ་ཅིག་ཤོས་དག་ཏུ་མཚུངས་པ་ཡིན་ནོ་ཞེས་བསྟན་ཟིན་ཏོ། །དེ་ནི་ཁྱད་པར་གཞན་སེམས་པ་
ན་མངོན་སུམ་ཉིད་ཚད་མ་ཡིན་གྱི། རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་རྒྱུ་ལས་ཞེས་བྱ་བའོ། །རྗེས་སུ་དཔག་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་རྒྱུ་རྟོག་པའི་རང་བཞིན་ནི་ཚད་མ་མ་ཡིན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ངེས་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་མངོན་སུམ་ཉིད་ནི་ཞེས་
བྱ་བའོ། །གང་ལ་མ་ངེས་པ་བརྗོད་པ་ནི་དེ་ལ་ནི་མངོན་སུམ་མ་ཡིན་ནོ་ཞེས་བརྗོད་པ་ནི། འབྱུང་འགྱུར་བ་ལ་ནི་ཞེས་བྱ་བའོ། །འོན་ཏེ་དེ་ལ་ཡང་དེ་མངོན་སུམ་ཉིད་དོ་ཞེ་ན། དེའི་རིགས་ལ་ཞེས་སྨོས་ཏེ། འབྱུང་བའི་རིགས་རྒྱུའོ། །དེ་ལ་ཡང་ནི་འབྱུང་བར་འགྱུར་བ་ལ་ཡང་ངོ་། །ཇི་ལྟར་ན་རྩོད་སྙམ་དུ་
དོགས་ན། མེ་ལ་སོགས་པ་རྗེས་སུ་དཔག་པའི་ཡུལ་ལ་ཡང་མངོན་སུམ་ཉིད་དུ་འགྱུར་ཏེ། ཚང་བང་ལ་སོགས་པ་དེའི་རིགས་ལ་མངོན་སུམ་ཞུགས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པའི་ཡུལ་ལ་ཡང་ཞེས་གསུངས་ཏེ། རྣམ་པར་རྟོག་པའི་ཡུལ་འབའ་ཞིག་ལ་ཡིན་པར་ནི་མ་ཟད་དོ། །གང་
ཞིག་དེའི་རིགས་ཡིན་པ་དེ་ནི་ཚང་བང་ལ་སོགས་པར་མངོན་སུམ་གྱི་ཡུལ་དུ་གྱུར་པ་ཡིན་ནོ། །སྤྱིའི་ཡུལ་ཅན་ཉིད་ཡིན་ཡང་། འདི་ནི་མངོན་སུམ་གཉིས་ཀྱི་ཁྱད་པར་ཡིན་ནོ་ཞེས་བརྗོད་པ་ནི། དེར་ཞེས་བྱ་བ་རྗེས་སུ་དཔག་པ་ལའོ། །འདི་ལ་ནི་རྣམ་པར་རྟོག་པ་ལའོ། །དེས་ན་རྣམ་པར་རྟོག་པ་བཞིན་དུ་རྗེས་སུ་
དཔག་པ་ཚད་མར་འགྱུར་རོ་བསམས་པའོ། །གཞན་དག་ཁྱད་པར་བརྗོད་པ་ནི། དེར་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་ལའོ། །གསལ་བ་གཞན་ཚད་མ་ལ་སོགས་པ་ལ་ཡོད་པ་ལའོ། །འདིར་ནི་རྣམ་པར་རྟོག་པ་ལའོ། །དེ་ཉིད་ལ་ཞེས་བྱ་བ་ནི་གསལ་བ་གཅིག་ལའོ། །ལན་དུ་ཡུལ་མི་མཚུངས་པ་ཉིད་མ་ཡིན་ནོ། །ཅིའི་ཕྱིར་

ཞེ་ན། འབྱུང་བ་དང་ཞེས་གསུངས་སོ། །རྒྱུད་གཞན་ལས་ལྡོག་པ་ཡང་མཚུངས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རྣམ་པ་གཞན་གྱིས་ཀྱང་སྤྱིའི་ཡུལ་ཅན་ཉིད་དུ་ཁྱད་པར་མེད་དོ། །འབྱུང་བར་འགྱུར་བ་དང་ཞེས་བྱ་བའོ། །དེ་ལས་གཞན་ལས་བཟུང་བ་ནི་གཅིག་ཉིད་ལ་དེ་དང་རིགས་མཐུན་པའམ་མི་མཐུན་
པ་ཉིད་དུ་འཛིན་པ་མ་ཡིན་ནོ། །གཞན་དུ་ཞེས་བྱ་བ་ནི་གཞན་གྱི་ལན་གྱི་དོགས་པ་སྟེ། ཡུལ་དང་དུས་གཞན་དུ་མཐོང་བ་ལ་འབྱུང་བར་འགྱུར་བ་དང་རིགས་གཅིག་ཏུ་འཛིན་པའི་ཕྱིར་རིགས་འདྲ་བ་ཡིན་ནོ། །འདི་ལྟར་དུས་གཞན་དུ་སྔོན་པོ་བཟུང་ནས། དོན་དུ་གཉེར་ནས་འཇུག་པས་ནི་དེ་
འཐོབ་པ་ཡིན་ལ་དེའི་རྗེས་སུ་དུས་གཞན་དུ་དེ་མཐོང་བ་ཉིད་ལས་གང་དང་གང་སྔོན་པོ་ཡིན་པ་དེ་དང་དེ་ནི་འབྱུང་བར་འགྱུར་བའི་སྔོན་པོ་དང་རིགས་མཚུངས་པ་ཡིན་ཏེ། དེས་ན་སྔོན་པོ་མཐོང་བ་བཞིན་ནོ། །འདི་ཡང་སྔོན་པོ་ཡིན་ནོ་ཞེས་ངེས་པར་འགྱུར་རོ་ཞེ་ན། འདི་ཡང་ལན་དུ་འོ་ན་ནི་ཞེས་བྱ་
བའོ། །མ་ངེས་པ་ཡིན་ནོ་ཞེས་བརྗོད་པ་གང་ཡིན་པ་དེ་སྤོང་བའི་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །གང་ན་ཞེས་བྱ་བ་ནི་ལན་ནོ། །གདོན་མི་ཟ་བར་འབྱུང་བར་འགྱུར་བ་ཡིན་ན་ནི་འབྱུང་བར་འགྱུར་བ་དེ་རྒྱུ་ཡིན་ནོ་ཞེས་བརྗོད་པ་ནི་གདོན་མི་ཟ་བར་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་འབྱུང་
བར་འགྱུར་བ་རྒྱུ་ཉིད་ཡིན་པའི་གཏན་ཚིགས་དེས་ནའོ། །འཇུག་པར་བྱ་བ་ལ་ནི་ཐོབ་པར་བྱ་བ་ལའོ། །མངོན་སུམ་གྱི་དངོས་པོ་ལ་རེག་པས་ཚད་མ་ཡིན་གྱི་གཞན་མ་ཡིན་ཏེ། དེ་མེད་པའི་ཕྱིར་རོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །ཐོབ་པར་བྱ་བ་ནི་ཡུལ་མེད་ན་མདུན་ན་གནས་པའི་རྣམ་པ་
ཉིད་ནི་འཁྲུལ་པ་དག་ལ་མཚུངས་པས་ན། དེས་ནི་ཚད་མ་དང་ཅིག་ཤོས་སུ་འགྱུར་བ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་ཐོབ་པར་བྱ་བའི་ཞེས་བྱ་བའོ། །འཁྲུལ་པ་ཡང་ད་ལྟར་བ་ཁྱད་པར་མེད་དོ་ཞེས་བྱ་བའི་དོན་ཏོ། །དོན་ཡོད་པ་དང་ཞེས་བྱ་བ་ནི་ཁྱད་པར་ཡོད་པར་དོགས་པ་བསུ་བའོ། །མ་ཡིན་པ་
ཞེས་བྱ་བ་ནི་རྩོད་པ་འགོག་པའོ། །ཅིའི་ཕྱིར་ཞེ་ན། མི་སླུ་བ་མེད་པར་ཞེས་བྱ་བའོ། །མདུན་ན་གནས་པའི་རྣམ་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །རང་ཉིད་མི་སླུ་བ་མ་ཡིན་ཡང་གཞན་གྱི་མི་སླུ་བ་ལས་དངོས་པོའི་ཡུལ་ཅན་ཉིད་དོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །ལན་ནི་དེ་ཡང་ཞེས་བྱ་བ་སྟེ། །

སྐྱེས་བུ་གཞན་གྱི་མི་སླུ་བ་ལས་དངོས་པོའི་ཡུལ་ཅན་ཉིད་ཡིན་པ་དེ་ཡང་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཉིད་ཡིན་ཏེ། མངོན་སུམ་མ་ཡིན་པའི་ཕྱིར་རོ། །རྗེས་སུ་དཔག་པའི་དངོས་པོའི་ཡུལ་ཅན་མ་ཡིན་པ་ན་གཞན་དངོས་པོའི་ཡུལ་ཅན་དུ་ཇི་ལྟར་རྣམ་པར་འཇིག་པར་
བྱེད། དེ་བས་ན་མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་ཁྱད་པར་ཡོད་པ་མ་ཡིན་ནོ། །འོ་ན་ཇི་ལྟར་དངོས་པོ་ལ་མ་རེག་པ་ཚད་མ་ཡིན་ཞེ་ན། དེའི་ཕྱིར་ཞེས་གསུངས་ཏེ། སྔར་བཤད་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དངོས་པོ་འཛིན་པར་ཉེ་བ་ཁོ་ན་མ་ཡིན་ནའོ། །གལ་ཏེ་དོན་འདི་ལྟར་རྩ་
བ་དང་འགྲིབ་ཅེ་ན། དེ་ལ་འདི་ལྟར་ཞེས་གསུངས་སོ། །ཐོབ་པར་བྱ་བའི་རང་བཞིན་གྱི་ངོ་བོ་མི་འཛིན་པའི་ཕྱིར་ན་འཁྲུལ་པས་ཀྱང་རྗེས་སུ་དཔག་པའི་བདག་ཉིད་ཅན་གྱི་རྟོགས་པ་མཐོང་སྟེ་ཚད་མས་སོ། །དཔེར་ན་མངོན་སུམ་དུ་མངོན་པར་ཞེན་བཞིན་དུ་ཞེས་བྱ་བའི་དོན་ཏོ། །འདིའི་བཤད་པ་ནི་མངོན་
སུམ་ལ་ཡང་ན་འཇུག་པར་བྱེད་པ་ཉིད་ལྟར་འགྱུར་ཏེ་ཞེས་བྱ་བ་ནས་ཉིས་ན་མངོན་སུམ་ཉིད་ཚད་མ་ཡིན་པར་འགྱུར་བ་ཡིན། རྗེས་སུ་དཔག་པ་ནི་མ་ཡིན་ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པ་ཡིན་ནོ། །བཤད་པ་གཞན་གསུངས་པ་ནི་ཡང་ན་གལ་ཏེ་འཇུག་པའི་དོན་ཏོ་ཞེས་བྱ་བའོ། །འདི་ཡང་དེས་ན་ཇི་ལྟར་
དེ་ཁོ་ན་ཡོངས་སུ་མ་བཅད་པར་ཞེས་བྱ་བས་བཤད་ཟིན་ཏོ། །གལ་ཏེ་ཐོབ་པར་བྱ་བའི་རང་བཞིན་མ་རྟོགས་ན་འོ་ན་ཇི་ལྟར་འཐོབ་ཅེ་ན། ལན་དུ་དོན་ཡོད་པའི་ཕྱིར་རོ་ཞེས་བྱ་བའོ། །འདི་ཉིད་བཤད་པ་ནི་ཡོད་པ་མ་ཡིན་པ་དེ་ནི་ཞེས་བྱ་བའོ། །ཅི་དེ་ལྟར་འབའ་ཞིག་ཏུ་མཐོང་བ་ཡོད་དམ་ཞེ་ན། འདི་ལྟར་ཞེས་
གསུངས་སོ། །འདི་སྙམ་དུ་ཐོབ་པ་འདི་ནི་མ་ངེས་པ་སྟེ་ངེས་པ་ནི་དངོས་པོ་ལ་རེག་པ་མེད་པར་མི་འཐད་དོ་ཞེས་དོགས་པ་ནི་ངེས་པ་ཞེས་བྱ་བའོ། །ལན་ནི་འབྲེལ་བའི་ཞེས་བྱ་བ་སྟེ། རྟགས་དང་འབྲེལ་བའི་སྟོབས་ཀྱིས་སོ། །དེས་ན་འཐོབ་པ་འབའ་ཞིག་ཏུ་མ་ཟད་དེ་ཡོད་པ་ཉིད་ཀྱང་འབྲེལ་པ་ཅན་
རྟགས་ཡོད་པ་ལས་ཏེ། ཕྱོགས་ཀྱི་ཆོས་ཉིད་ལས་སོ་ཞེས་བྱ་བའི་དོན་ཏོ། །འབྲེལ་པ་འཛིན་པའི་རྒྱུ་མཚན་ཅན་གྱི་རྗེས་སུ་དཔག་པ་ཚད་མ་ཡིན་གྱི་དེ་མེད་པར་ནི་མི་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། ཇི་ལྟར་ཞེས་བྱ་བའོ། །མངོན་སུམ་ལ་ཡང་ཞེས་བྱ་བ་ནི་ལན་ནོ། །དོན་དམ་པར་འབྲེལ་བར་

ངེས་པར་བྱ་མི་ནུས་པའི་ཕྱིར་གཞན་དག་རྐང་པ་བརྐྱང་བ་ཙམ་གྱིས་དོགས་པར་བྱེད་པ་ནི་དེ་ལྟ་བུ་ཉིད་དུ་ཞེས་བྱ་བའོ། །གཉི་གར་ཡང་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་བུ་ཉིད་མཐོང་བའི་ཕྱིར་ཞེས་བྱ་བའི་ལན་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་འབྲེལ་པ་རྟོགས་པ་གཉི་གར་ཡང་མཚུངས་
སོ། །དེའི་ཕྱིར་གཉི་ག་ཚད་མ་ཡིན་པ་ལ་རྩོད་པ་མེད་དོ། །གལ་ཏེ་རྗེས་སུ་དཔག་པ་ལྟར། རྣམ་པར་རྟོག་པ་ནི་ཚད་མ་མ་ཡིན་པའི་ཕྱིར་ཇི་ལྟར་དེ་ཟླར་བྱས་ནས་རྗེས་སུ་དཔག་པ་ཚད་མར་སྒྲུབ་ཅེས་དོགས་པ་བསུ་བ་ནི། འོན་ཏེ་དེར་ནི་ཞེས་བྱ་བ་སྟེ། ཐོབ་པར་བྱ་བ་དེར་རོ། །དེ་ཉིད་ཅེས་བྱ་བ་ནི་རྣམ་པར་
རྟོག་པ་མ་ཡིན་པའོ། །དེས་ན་རྣམ་པར་རྟོག་པ་དེས་རྗེས་སུ་དཔག་པ་ཚད་མར་མི་གྲུབ་པོ་ཞེས་བསམས་པའོ། །ལན་ནི་རྗེས་སུ་དཔག་པ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་འབྲེལ་པ་འཛིན་པའོ། །ཁས་མི་ལེན་པའི་རྒྱུ་དོགས་པར་བྱེད་པ་ནི་དེ་ཉིད་ཅེས་བྱ་བ་སྟེ་ཁྱབ་པ་འཛིན་པའོ། །འདི་ནི་རྣམ་པར་རྟོག་
པ་ལ་ཡང་མཚུངས་སོ་ཞེས་ལན་བརྗོད་པ་ནི་རྟོག་པ་སྐྱེ་བའི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། རྒྱུ་དང་ཞེས་བྱ་བ་གསུངས་སོ། །རྒྱུ་དང་རྣམ་པ་ཐམས་ཅད་སྔར་ཡོད་མིན་ཞེས་བྱ་བ་དེར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །རྗེས་སུ་དཔག་པའི་དུས་སུ་ནི་དེའི་ཡུལ་ཅན་གྱི་མངོན་སུམ་ཡོད་པ་མ་ཡིན་ཏེ། དེས་
ན་རྗེས་སུ་དཔག་པ་སྐྱེད་པར་བྱེད་པ་དེ་ནི་ཚད་མ་མ་ཡིན་ལ། རྗེས་སུ་དཔག་པ་ཡང་དོན་སྒྲུབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ཏེ། དང་པོའི་མངོན་སུམ་གྱི་སྐད་ཅིག་ཁོ་ནར་ངེས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟ་མ་ཡིན་ན་
ཞེས་བྱ་བ་ནི་ཚད་མ་ཡིན་པའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་སྔ་མ་རྣམས་ཐོབ་པར་བྱེད་པ་ངེས་པ་སྐྱེད་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེ་ན། སྔ་མ་དག་ཅེས་གསུངས་སོ། །ཕྱི་མ་རྣམས་ཚད་མ་མ་ཡིན་པ་ནི་གྲུབ་པ་དང་བདེ་བ་མཚུངས་པའི་ཕྱིར་རོ། །ཕྱི་མ་རྣམས་ཇི་ལྟར་ཚད་མ་མ་ཡིན་ཏེ། ངེས་པར་འབྱེད་
པ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་ནས། ཐེ་ཚོམ་ཟ་བ་ནི་ཞེས་གསུངས་སོ། །གལ་ཏེ་ཤེས་པ་དང་པོ་ཡོད་ཀྱང་ཐེ་ཚོམ་ཟ་ན་ཇི་ལྟར་དེ་ལས་ངེས་པ་ཡིན་པ་ངེས་སོ་ཞེ་ན་ནི་ཐེ་ཚོམ་ཟ་བ་མ་ཡིན་ཏེ་གཉི་ག་ཕན་ཚུན་འགལ་བའི་ཕྱིར་རོ། །དེས་ན་ཕྱི་མ་རྣམས་ཉེ་བར་སྦྱོར་བ་མེད་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །

འདིས་ནི་ཇི་སྐད་དུ་ཤེས་པའི་སྐད་ཅིག་དང་པོ་ཉིད་ཀྱིས་དོན་བཟུང་ཞིང་ནང་དུ་འདུས་པའི་ཞེན་པས་ངེས་པར་ཡང་བྱས་པ་ཡིན་ཏེ་དེ་མ་ངེས་ན་ཡུལ་དེ་ལ་འཛིན་པར་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གསལ་བ་ཡིན་ཏེ། གང་གི་ཕྱིར་ཚད་མའི་བྱ་བ་ངེས་པར་མཐར་ཐུག་པས་ཡོངས་སུ་རྫོགས་
པ་ལ་ནི་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། ཐམས་ཅད་དུ་དེ་ལྟར་ཡིན་པར་ཐལ་བའི་ཕྱིར་རོ། །འོན་ཏེ་སྔ་མ་རྣམས་ཞེས་བྱ་བ་ནི་དོགས་པ་བསུ་བ་སྟེ། ཐེ་ཚོམ་གྱིས་ཟིན་པའི་བྱེད་པ་ཅན་ཡིན་པའི་ཕྱིར་རོ་ཞེ་ན། དེ་ལྟ་ཡིན་ཞེས་བྱ་བ་ནི་ཚད་མ་མ་ཡིན་པ་ཉིད་ཡིན་ནའོ། །དེ་ལས་འཇུག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་
མངོན་སུམ་སྔ་མ་ལས་སོ། །འགའ་ཡང་ཞེས་བྱ་བ་ནི་མངོན་སུམ་སྔ་མའམ་ཕྱི་མ་ཡང་སྟེ་མདུན་ན་གནས་པའི་རྣམ་པ་ཅན་ཉིད་དུ་ཁྱད་པར་ཕྱིར། རྗེས་སུ་དཔག་པ་ཡང་ཁྱེད་ཀྱི་ལྟར་ན་ཚད་མ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་འཇུག་པ་ལས་སྔར་གྱི་འཇུག་པར་བྱེད་པ་ཉིད་མ་ངེས་པའི་ཕྱིར་ན་ཐེ་
ཚོམ་ཟ་བའི་ཕྱིར་ཡུལ་ལ་འཇུག་པ་ཡང་ཚད་མ་ཁོ་ན་ལས་ཡིན་ནོ་ཞེས་བརྗོད་པ་ནི་རེ་ཞིག་ཅེས་བྱ་བའོ། །དེ་ལྟར་འཇུག་པ་ཁས་ལེན་ན་ནི་ཐེ་ཚོམ་གྱིས་འཇུག་པ་དེ་ནི་རྗེས་སུ་དཔག་པ་ལ་ཡང་མཚུངས་སོ། །དེས་ན་གང་གིས་དེ་ཁོ་ན་ཚད་མ་ཡིན་ལ། རྗེས་སུ་དཔག་པ་ནི་མ་ཡིན་པར་འགྱུར་བ། མངོན་སུམ་དང་རྗེས་སུ་
དཔག་པ་ལས་ཁྱད་དུ་འཕགས་པ་ཅི་ཞིག་ཡོད། དེ་ལྟར་རྣམ་པ་གཞན་གྱིས་ཀྱང་རྟོགས་པ་མཐོང་ཞེས་བྱ་བའི་རྒྱ་ཆེར་བཤད་ནས་མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །བཤད་པ་སྔ་མ་གཉིས་ལ་ནི་རྟོག་པ་འཁྲུལ་པའི་རྗེས་སུ་དཔག་གི་རང་བཞིན་དང་འཇུག་པའི་རང་བཞིན་དུ་བསྟན་པ་ཡིན་ལ། འདིར་ནི་མངོན་
སུམ་ཡིན་པར་འདོད་དོ། །གཞན་གྱི་རང་བཞིན་དུ་ཞེས་བྱ་བ་ནི་ཐོབ་པར་བྱ་བ་ལས་གཞན་གྱི་རང་བཞིན་དུའོ། །གཞན་ཞེས་བྱ་བ་ཐོབ་པར་བྱ་བ་ལས་གཞན་ལ་རྟོགས་པ་ཉིད་ག་ལ་ཡང་ཞེས་འབྲེལ་ཏོ། །གཞན་ཅི་འདྲ་བ་ཞིག་ཅེས་དོགས་ན། དངོས་པོའི་ངོ་བོ་ཞེས་བྱ་བ་ནི་དབང་པོས་གཟུང་བར་བྱ་བའི་སྐད་ཅིག་
དང་པོ་དང་། རང་གི་ངོ་བོ་ཞེས་བྱ་བ་རང་བཞིན་པའི་བཟུང་བ་ལ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་འབྱུང་བར་འགྱུར་བའི་དངོས་པོ་ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁྱད་པར་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡུལ་གཅིག་ཉིད་ཡིན་ན་འོ་ན་ཞེས་བྱ་བའོ། །གཉི་ག་ཐོབ་པར་བྱ་བའི་ཡུལ་གཅིག་ཉིད་ཡིན་

ན་ཚད་མའི་དབྱེ་བ་སྒྲུབ་པའི་དོན་དུ་ཉེ་བར་བཀོད་པའི་གཞལ་བྱའི་དབྱེ་བ་ཇི་ལྟར་འགྲུབ་ཅེས་བྱ་བའི་དོན་ཏོ། །ལན་ནི་གསལ་བ་ཞེས་བྱ་བའོ། །གསལ་བ་མངོན་སུམ་ལ་མི་གསལ་བ་དེའི་རང་བཞིན་གྱི་རྗེས་སུ་དཔག་པས་རྟོགས་པ་འབྱུང་བར་འགྱུར་ལ། སྒྲོ་འདོགས་ལ་ནི་གསལ་བ་རྗེས་སུ་དཔག་པ་ལ་
ཡང་དུས་ཕྱིས་འབྱུང་བའི་མངོན་སུམ་གྱིས་རྟོགས་པས་སྒྲོ་འདོགས་པ་ཡིན་ནོ། །རྣམ་པར་བརྟག་པར་བྱ་བ་ནི་མི་གསལ་བ་ཡིན་ལ། གཞན་ནི་གསལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གསལ་བ་ལ་ཡང་ཕྱི་རོལ་དུ་སྒྲོ་འདོགས་པ་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་ཏེ། རྗེས་སུ་དཔག་པ་གཞན་བཞིན་ནོ་ཞེས་
བརྗོད་པ་ནི་ཡང་ན་རྣམ་པ་གཞན་དུ་ཡིན་ཏེ་ཞེས་བྱ་བ་སྟེ་ཚད་མའི་ཡུལ་གྱི་དབྱེ་བ་བརྗོད་པར་བྱའོ་ཞེས་བྱ་བའི་ལྷག་མའོ། །དེ་ལྟར་མདུན་ན་གནས་པའི་རྣམ་པ་ཅན་གང་དུ་འབྱུང་བར་འགྱུར་བ་རྟོགས་པ་དེར་ནི་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ཚད་མ་ཡིན་ནོ། །ད་ནི་མངོན་སུམ་གང་ཡིན་སྙམ་ན། ལྷག་པས་
ཞེས་གསུངས་ཏེ་ལྷག་མ་ནི་ཁྱད་པར་དུ་འཕགས་པ་སྟེ། ཤིན་ཏུ་གོམས་པ་ལས་རྣམ་པར་རྟོག་པ་ལ་མི་ལྟོས་པ་སྟེ་དེ་མ་འོངས་པ་དོན་དུ་གཉེར་བས་ད་ལྟར་བ་ལ་འཇུག་པ་ནི་མངོན་སུམ་ཁོ་ན་ཚད་མ་མ་ཡིན་ནོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་གང་དུ་ཤིན་ཏུ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ནམ་ཞེས་བྱ་བ་ནི་རྣམ་
པར་རྟོག་པ་ལ་རག་ལས་པས་འཇུག་པར་བྱེད་པ་ཉིད་ཡིན་པའོ། །འདི་ཉིད་གསལ་བར་བྱེད་པ་ནི་གལ་ཏེ་གང་ལ་ཞེས་བྱ་བའོ། །མངོན་སུམ་ཉིད་མ་བཟུང་བ་འཛིན་པ་ཉིད་ཀྱི་ཚད་མ་ཡིན་གྱི། རྣམ་པར་རྟོག་པ་ནི་མ་ཡིན་ཏེ། བཟློག་པའི་ཕྱིར་རོ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །དཔྱད་ཟིན་ཏོ་
ཞེས་བྱ་བ་ནི་ཅི་རྣམ་པར་རྟོག་པ་ལ་འཇུག་པར་བྱེད་པ་ཉིད་ཡོད་དམ་ཞེས་བྱ་བ་དེར་རོ། །དེས་ནི་རྣམ་པར་འཇོག་པས་སོ། །ལྡན་དུ་ཟིན་ཀྱང་ནི་འབྲེལ་དུ་ཟིན་ཀྱང་ངོ་། །འོན་ཀྱང་སྟེ་ཞེས་བྱ་བ་རྣམ་པར་རྟོག་པས་སོ། །ལན་ནི་མངོན་སུམ་ཞེས་བྱ་བ་སྟེ། རྣམ་པར་རྟོག་པ་ཉིད་ཀྱིས་འཇུག་པའི་ཕྱིར་རོ་ཞེས་
བྱ་བའི་དོན་ཏོ། །དེ་མེད་ན་ཡང་ཞེས་བྱ་བ་ནི་རྟོགས་པ་སྟེ་མངོན་སུམ་མེད་ན་ཡང་ངོ་། །འོ་ན་ཞེས་བྱ་བ་ནི་ལན་ནོ། །ཕྱོགས་འདི་ལ་ཡང་ལན་བཏབ་ཟིན་ཞེས་བྱ་བ་བཤད་པའི་དོན་དུ་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འོ་ན་མངོན་སུམ་ཡང་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་ཇི་ལྟར་རྣམ་པར་རྟོག་པ་ཚད་

མ་མ་ཡིན་ཞེས་དོགས་ན། དེའི་ཕྱིར་ཞེས་བྱ་བའོ། །མངོན་སུམ་འོག་རོལ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །མངོན་སུམ་གྱི་འོག་རོལ་གྱི་དུས་སུ་འཇུག་པའི་རྣམ་པར་རྟོག་པ་འཇུག་པ་ལ་མངོན་སུམ་ནུས་པ་ཡོད་པ་ཡིན་ན་ཞེས་རྣམ་པར་དབྱེ་བ་བསྒྱུར་ཏེ་འབྲེལ་ཏོ། །
ཆོད་པས་ན་ཞེས་བྱ་བ་ནི་ལན་ནོ། །སྒྲུབ་པར་བྱེད་པ་དམ་པ་མེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཆོད་ཀྱང་ཞེས་བྱ་བ་ནི་མངོན་སུམ་མོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ནོ། །ཤེས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་དོགས་པ་སྟེ། མིག་ལ་སོགས་པ་ནི་བེམས་པོ་མ་ཡིན་པའི་ཕྱིར་ཚད་མ་མ་ཡིན་པ་
ཉིད་དོ་ཞེ་ན། མཚུངས་པ་དེ་མ་ཐག་ཏུ་ཞེས་བྱ་བ་ནི་ལན་ནོ། །གཞན་ཞེས་བྱ་བ་ནི་འཇུག་པར་བྱ་བ་མ་ཡིན་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཡུལ་མཚུངས་པ་ཉིད་ནི་ཞེས་བྱ་བ་ནི་ལན་ནོ། །དེ་ཚད་མར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོགས་པ་སྟེ། དེ་མ་ཐག་
པའི་རྐྱེན་ཡུལ་མཚུངས་པ་ཉིད་ཡིན་ན་ཚད་མར་འགྱུར་བ་ཁོ་ནའོ་ཞེ་ན་མ་ཡིན་ཏེ་ཞེས་བྱ་བའི་ལན་ཏེ། ཚད་མ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་གསུངས་སོ། །ཤེས་པ་མེད་ཕྱིར་རོ་ཞེས་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་འཇུག་པའི་ཡུལ་ཤེས་པ་མ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ཇི་ལྟར་མི་ཤེས་པ་ཞེ་ན་སྐད་ཅིག་མ་སྔ་མ་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་མངོན་སུམ་ཚད་མ་ཡིན་པ་དེའི་ཕྱིར་རོ། །ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་མ་གྲུབ་པར་དོགས་པ་བསུ་བ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །དེ་ལྟར་ན་ཡང་ཞེས་བྱ་བ་ནི་ལན་
ཏེ་ཤེས་པ་མ་ཡིན་པ་ཉིད་མ་གྲུབ་ན་ཡང་ངོ་། །གཟུང་བ་འཛིན་པས་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་འཇུག་པར་བྱེད་པའི་ཞེས་བྱ་བའོ། །རྣམ་པར་རྟོག་པ་མེད་པར་ནི་མངོན་སུམ་འཇུག་བྱེད་དུ་མ་མཐོང་ངོ་། །དེས་ན་རྣམ་པར་རྟོག་པ་ཉིད་འཇུག་པར་བྱེད་པ་ཡིན་པས་ན་ཚད་མ་ཡིན་
ནོ། །ཅི་དང་འདྲ་བ་ཞེ་ན། དཔེར་ན་ཞེས་བྱ་བ་སྟེ། སྐད་ཅིག་མ་ཉིད་རྗེས་སུ་དཔོག་པ་ནི་མངོན་སུམ་གྱི་བཟུང་བ་ལ་ཡང་ཚད་མ་ཡིན་པ་དེ་བཞིན་དུ་རྣམ་པར་རྟོག་པ་ཡང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བཟུང་བ་ལ་ཟིན་པ་འཛིན་པ་ཡང་འཇུག་པར་བྱེད་པའི་ཕྱིར་ཇི་ལྟར་ཚད་མ་ཡིན་ཞེ་ན།

སྣང་བ་ཙམ་གྱིས་ནི་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། སྐད་ཅིག་ཅེས་སྨྲས་སོ། །འགྱུར་བ་ཁོ་ནའོ་ཞེས་བྱ་བ་ནི་དོགས་པ་སྟེ། མངོན་སུམ་གྱིས་བཟུང་བར་རོ། །སྐད་ཅིག་མ་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །ལན་ནི་རྣམ་པར་རྟོག་པ་ཡང་ཞེས་བྱ་བའོ། །དེ་ལྟར་
ཞེས་བྱ་བ་ནི་ཐ་སྙད་སྒྲུབ་པའོ། །ཚད་མར་འགྱུར་རོ་ཞེས་བྱ་བ་ནི་དེའི་རང་བཞིན་རྗེས་སུ་དཔོག་པ་ཉིད་ཀྱིས་སོ། །གལ་ཏེ་དེ་ལྟ་ན་གཉི་ག་ཡུལ་གཅིག་ཡིན་པ་ཇི་ལྟར་ཡུལ་གྱི་དབྱེ་བས་ཐ་དད་པར་འགྱུར་ཞེ་ན། དེའི་ཕྱིར་ཞེས་བྱ་བའོ། །གང་གི་ཕྱིར་རྗེས་སུ་དཔག་པ་ཡང་ཚད་མ་ཡིན་པ་དེའི་ཕྱིར་རོ། །
མངོན་སུམ་དང་རྗེས་སུ་དཔག་པ་དག་འབྱུང་བར་འགྱུར་བའི་ཡུལ་འཇུག་པར་བྱེད་པ་ཉིད་དུ་མཚུངས་པ་ཡིན་པ་ཡང་བཟུང་བའི་སྣང་བ་གསལ་བ་དང་མི་གསལ་བའི་དབྱེ་བས་ཞེས་བྱ་བས་ཞེས་བྱ་བའོ། །ཅིའི་ཕྱིར། བསམ་པ་ལ་ནི་སླུ་མེད་ཕྱིར། །འཁྲུལ་པ་ཡིན་ཡང་ཚད་མ་ཉིད། །ཅེས་བྱ་
བ་ལེགས་པར་བརྗོད་པ་ཡིན་ནོ་ཞེས་བརྗོད་པ་ནི་དེས་ན་གཞན་གྱི་ཞེས་བྱ་བའོ། །གལ་ཏེ་མི་སླུ་བ་མེད་པ་ཇི་ལྟར་གཞན་གྱིས་ངོ་བོས་རྟོགས་ཤེ་ན། ཇི་ལྟར་ཞེས་བྱ་བའོ། །མི་སླུ་བ་ལས་ཚད་མ་ཡིན་ཡང་། ཚད་མ་ཡང་འཁྲུལ་པ་དང་འགལ་བ་མེད་དོ་ཞེས་བྱ་བ་དཔེར་བརྗོད་པ་ནི།
དེ་ཁོ་ན་རིག་པ་ལ་རྗེས་སུ་དཔག་པ་འཁྲུལ་པ་ཡིན་ཡང་ཐ་སྙད་པ་རྣམས་ལ་མི་སླུ་བ་ལ་ལྟོས་ནས་ཚད་མ་ཡིན་ཏེ། ནོར་བུའི་འོད་ལ་ནོར་བུར་ཤེས་པ་འཁྲུལ་པ་ཡིན་ཡང་། ཐ་སྙད་པ་ལ་མི་སླུ་བ་ཡིན་པ་བཞིན་ནོ། །སྒོ་གསེབ་ཀྱི་བུ་ག་ན་ཡོད་པའི་ནོར་བུ་དབྱིབས་ཀྱི་ཁྱད་པར་གང་ལ་ཡོད་
པ་དེ་ནི་དེ་སྐད་ཅེས་བརྗོད་དོ། །སྒྲོན་མའི་འོད་ཅེས་བྱ་བ་ལ་ཡང་སྒོ་གསེབ་ཀྱི་ཞེས་བྱ་བ་ལ་སོགས་པ་ཐམས་ཅད་རྗེས་སུ་འཇུག་གོ། །ཁྱད་པར་མེད་མོད་ཅེས་བྱ་བ་ནི་གཉི་ག་ལ་ཡང་སྒོ་གསེབ་ཀྱི་བུ་གའི་ཡུལ་ན་ནོར་བུ་མེད་པའི་ཕྱིར་རོ། །འགའ་ཞིག་ནི་ཡོད་པ་ཁོ་ནའོ་ཞེས་བྱ་བ་ནི་
ནོར་བུའི་འོད་ལའོ། །དེས་ན་ཞེས་བྱ་བ་ནི་ཐོབ་པས་བྱས་པའི་ཁྱད་པར་ཡོད་པས་སོ། །དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ཤེས་པ་ཡང་གནོད་བྱེད་མ་སྐྱེས་ན་འཇུག་བྱེད་དུ་མཐོང་ངོ་ཞེས་བརྗོད་པ་ནི་ནོར་བུ་མ་མཐོང་ཡང་ཞེས་བྱ་བ་ནི། གལ་ཏེ་འཁྲུལ་པའི་ཕྱིར་ན་ཇི་ལྟར་གཅིག་ཚད་མ་

ཡིན་ལ་གཞན་ནི་མ་ཡིན་ཞེ་ན་འཁྲུལ་ལོ་ཅོག་ནི་ཞེས་གསུངས་སོ། །ཇི་ལྟར་མི་མཚུངས་སྙམ་ན། ཚོགས་པའི་ཞེས་གསུངས་སོ། །རྒྱུ་ཐ་དད་ལས་ཐ་དད་པར་ནི་གདོན་མི་ཟ་བར་འདོད་དགོས་ཏེ། དེ་ལྟ་མ་ཡིན་ན་སྣ་ཚོགས་གཅིག་ཏུ་འགྱུར་རོ་ཞེས་
བརྗོད་པ་ནི་ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བ་སྟེ། འོན་ཀྱང་འགའ་ཞིག་ཁོ་ནའོ། །དེ་ལྟ་མ་ཡིན་ན་ཇི་ལྟར་འཁྲུལ་པའི་ཕྱིར་གཉི་ག་ཚད་མ་མ་ཡིན་པ་དེ་བཞིན་དུ་ཤེས་པ་ཉིད་དུ་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་འཁྲུལ་པར་འགྱུར་བས་ན་མངོན་སུམ་ཡང་དེ་བཞིན་དུ་འགྱུར་རོ། །
གང་གི་ཕྱིར་ཚོགས་པའི་དབྱེ་བས་ཐ་དད་པ་དེའི་ཕྱིར་རོ། །འཁྲུལ་པ་ཉིད་ཡིན་ན་ཇི་ལྟར་མི་སླུ་བས་འགྱུར་སྙམ་དུ་དོགས་པ་བསུ་བ་ནས། དཔེ་བརྗོད་པ་ནི་ཚོགས་པའི་ཞེས་བྱ་བའོ། །ཇི་ལྟར་དངོས་པོ་ཉིད་ལ་སོགས་པར་ཁྱད་པར་དང་ལྡན་པར་འགྱུར་བ་དེ་བཞིན་དུ་འཁྲུལ་པ་
ཉིད་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་ལས་འགའ་ཞིག་མི་སླུ་བ་དང་ལྡན་པར་འགྱུར་བ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་གང་གི་ཕྱིར་ཚོགས་པའི་ཁྱད་པར་ལས་ཁྱད་པར་དེ་འབྲེལ་པའི་དོན་གྱིས་བསྐྱེད་པ་ཉིད་གང་ལ་ཡོད་པ་དེ་ནི་དེ་དང་ལྡན་པ་ཡིན་ཏེ། དེས་
ན་འཁྲུལ་པ་ཉིད་ཡིན་ཡང་མི་སླུ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་འཁྲུལ་པ་ལས་གཞན་ཁྱད་པར་ཡོད་པར་བརྗོད་པ་ནི་འབྲེལ་པའི་ལས་ཞེས་བྱ་བའོ། །ཚད་མ་སྐྱེས་པ་སྟེ་མངོན་སུམ་སྐྱེ་བའི་རྒྱུ་མཚན་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་མངོན་པར་འདོད་པ་འཐོབ་པའི་རྒྱུ་ཡིན་ནོ། །
དཔེ་སྟོན་པ་ནི་འཇུག་པར་བྱད་པའི་མངོན་སུམ་སྐྱེ་བ་དེ་ནི་རྒྱུ་མཚན་དེའི་རང་བཞིན་གྱི་རྟགས་ཀྱིས་བསྐྱེད་པའི་རྗེས་སུ་དཔག་པའི་ཤེས་པ་གང་ཡིན་པ་དེ་བཞིན་ནོ། །མངོན་སུམ་གྱི་དོན་ཅན་གྱི་རྗེས་སུ་དཔག་པ་བཞིན་དུ། རྗེས་སུ་དཔག་པ་ནི་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པར་
བྱ་བ་ནི་རྣམ་པར་འགྲེལ་པ་ནི། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །མངོན་སུམ་སྐྱེ་བ་ནི་དུས་ཕྱིས་འབྱུང་བའོ། །དཔེར་རྣམ་པར་འགྲེལ་པ་ནི་མངོན་སུམ་ཡང་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་གྱི་སྔོན་པོ་ལ་རྗེས་སུ་དཔག་པ་མེད་པ་མ་ཡིན་ནམ། ཇི་ལྟར་དེ་དཔེ་ཡིན་སྙམ་ན་འདི་ལྟར་ཞེས་

གསུངས་སོ། །སྔོན་པོའི་མངོན་སུམ་ནི་མ་གོམས་པའོ། །གལ་ཏེ་ངེས་པ་ཡོད་ན་འཇུག་བྱེད་ཡིན་ལ། ངེས་པ་ཡང་དེའི་རང་བཞིན་གྱིས་རྗེས་སུ་དཔག་པ་ཡིན་ནོ། །དེས་ན་མངོན་སུམ་ཚད་མར་བྱེད་པ་རྗེས་སུ་དཔག་པ་ཚད་མར་བསྒྲུབས་སོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པའི་ཚད་མའི་རྒྱུ་མཚན་
ཅན་མི་སླུ་བའི་རང་བཞིན་གྱི་མངོན་སུམ་ཡིན་པར་བགྱིད་པ་ནི། དེ་བཞིན་རྗེས་དཔག་ཅེས་བྱ་སྟེ། འཇུག་པར་བྱེད་པ་མིན་ཞེས་བྱ་བ་རྗེས་སུ་འཇུག་པར་བྱ་བའོ། །མངོན་སུམ་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའོ། །འོ་ན་འདི་གཉིས་ལ་ཁྱད་པར་ཅི་ཡོད་སྙམ་ན་མངོན་སུམ་དང་རྗེས་སུ་དཔག་པ་གཉིས་
ཀྱི་ཁྱད་པར་ནི་འདི་ཉིད་ཡིན་ཏེ། མྱོང་བའི་རྗེས་དཔག་ཉིད་འཇུག་བྱེད་མ་ཡིན་པ་ལ་མ་ཡིན་ཡང་འཇུག་པར་བྱེད་པའི་མངོན་སུམ་ལ་ཡང་སྔར་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ལ་གདོན་མི་ཟ་བར་ལྟོས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་དེར་མི་འགྱུར་རོ། །འདས་པའི་མེ་ལ་སོགས་པ་བསྒྲུབ་པ་
མ་ཡིན་ཡང་མེ་ལ་སོགས་པ་སྒྲུབ་པའི་རྗེས་སུ་དཔག་པ་ལ་ལར་ནི་གདོན་མི་ཟ་བར་ཕྱིས་ཀྱི་མངོན་སུམ་ལ་ལྟོས་པར་བྱ་བ་ཡིན་ཏེ། དེ་ལྟ་མ་ཡིན་ན་སོ་སོར་ངེས་པའི་ཡུལ་ལ་ཐེ་ཚོམ་ཟ་བ་དང་འབྲལ་བར་མི་འགྱུར་རོ། །གཉི་ག་ལས་གཅིག་ཀྱང་གཞན་ལ་མི་ལྟོས་པ་ཞེས་བྱ་བའི་ཁྱད་པར་ནི་ཡོད་པ་
མ་ཡིན་ནོ། །ཇི་སྐད་བརྗོད་པའི་སྔ་མ་དང་ཕྱི་མའི་དངོས་པོ་འགོག་པར་བྱེད་པའི་ཕྱེད་ཕྱི་མས་ཁྱད་པར་ཡོད་པར་དོགས་པ་བསུ་བ་ནི། རྗེས་སུ་དཔག་ལས་ཞེས་བྱ་བའོ། །འདི་རྐང་པ་གཉིས་པ་འཆད་པ་ནི་ཅི་སྟེ་ཡང་ཞེས་བྱ་བའོ། །མངོན་སུམ་ནི་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་མ་ཡིན་གྱི།
རྗེས་སུ་དཔག་པ་ནི་མངོན་སུམ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་ཁྱད་པར་ཡོད་པས་ཇི་ལྟར་ཁྱད་པར་མེད་ངེས་ཞེས་བྱ་བའི་དོགས་པའི་དོན་ཏོ། །གལ་ཏེ་མངོན་སུམ་སྐྱེས་པས་ན་རྗེས་སུ་དཔག་པ་ལ་མི་ལྟོས་ཀྱང་ཐ་སྙད་ནི་ལྟོས་པ་ཁོ་ན་སྟེ། དེ་ལྟ་མ་ཡིན་ན་ཚད་མ་ཉིད་དུ་མི་འཐད་པའི་ཕྱིར་རོ་ཞེས་
གསུངས་པ་ནི། དེ་ཡང་མི་རུང་སྟེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རང་རིག་པ་ཙམ་གྱིས་སོ། །ཚད་མ་ཡིན་ཡང་ཞེས་བྱ་བ་ནི་གཉིས་སུ་མེད་པ་ལས་གཞན་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་བརྗོད་པ་ནི་མངོན་སུམ་རང་རིག་ཅེས་བྱ་བའོ། །ཐ་དད་པར་ཡང་མི་འགྲུབ་པོ་ཞེས་སྦྱར་རོ། །དེའི་

ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལ་ལྟོས་པའི་ཕྱིར་རོ། །དེ་ནི་མངོན་སུམ་མོ། །རྐང་པ་དང་པོ་འཆད་པ་ནི། མངོན་སུམ་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པའི་དབང་གིས་བྱུང་བའི་མངོན་སུམ་མོ། །མངོན་སུམ་ནི་ཐ་སྙད་ལ་རྗེས་སུ་དཔག་པ་ལ་ལྟོས་སོ་ཞེས་རིགས་ཀྱི་རྗེས་སུ་དཔག་པ་
ནི་དེ་ལ་ལྟོས་པ་མ་ཡིན་ཏེ། རང་ཉིད་ངེས་པའི་བདག་ཉིད་ཅན་ཡིན་པས་ན་ཐ་སྙད་དུ་བྱེད་པའི་ཕྱིར་རོ། །མངོན་སུམ་ལ་ལྟོས་པ་མེད་པ་ཉིད་བརྗོད་པ་ནི། འདི་ལྟར་ཞེས་བྱ་བའོ། །མངོན་སུམ་ལ་མ་ལྟོས་ན་ཇི་ལྟར་དོན་ཐོབ་སྙམ་ན། ཉིད་ལས་ཞེས་སྨོས་ཏེ། རྗེས་སུ་དཔག་པ་ལས་སོ། །དེ་མ་ཡིན་ཏེ་ཞེས་
བྱ་བ་ནི་མངོན་སུམ་ལ་མི་ལྟོས་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། མངོན་སུམ་མིན་ན་ཞེས་སྨོས་ཏེ། དུས་ཕྱིས་འབྱུང་བ་མེད་པར་རོ། །དུས་ཕྱིས་འབྱུང་བར་མངོན་སུམ་ཉིད་ཀྱིས། སོ་སོར་ངེས་པའི་ཡུལ་གྱི་ཁྱད་པར་ཅན་གྱི་མེ་མཐོང་བར་ནུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་ནི་ཕྱོགས་ཀྱི་ཆོས་
ཀྱི་སྟོབས་ཀྱི་ཡུལ་གྱི་ཁྱད་པར་ཅན་རྣམ་པར་འཇུག་པར་བྱེད་པ་ཡིན་ཡང་སོ་སོར་ངེས་པའི་ཡུལ་གྱི་ཁྱད་པར་ཅན་ཉིད་ནི་རྣམ་པར་འཇིག་པར་བྱེད་པ་མ་ཡིན་ཏེ་དེས་མངོན་སུམ་ལ་ལྟོས་པ་ཡིན་ནོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པས་ཞེས་བྱ་བའོ། །དེ་ཅིའི་ཕྱིར་སྙམ་ན། རྩིག་པ་ལ་སོགས་པས་ཞེས་གསུངས་སོ། །
གལ་ཏེ་དེ་ལྟ་ན་ཡང་རྗེས་སུ་དཔག་པ་མངོན་སུམ་ལ་ཇི་ལྟར་ལྟོས་སྙམ་ན་རྩིག་པའི་ཕྱི་རོལ་གྱི་ཞེས་གསུངས་སོ། །ཅི་སྟེ་ཡང་མེད་དེ་དེ་ནི་ཡུལ་མ་ངེས་པ་ཅན་ཁོ་ན་ཡིན་ཏེ། དེས་ན་མངོན་སུམ་གྱི་སོ་སོར་ངེས་པའི་ཡུལ་དང་འཛིན་ཅེས་དོགས་ན། ཡུལ་སོ་སོར་ཞེས་བྱ་བར་རོ། །རྗེས་སུ་དཔག་པར་རྟོགས་པར་
མི་སྐྱེ་བར་མི་འགྱུར་ཏེ། དེས་མངོན་སུམ་གྱིས་ཡུལ་གྱི་ངེས་པ་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པ་དང་ནོར་བུའི་འོད་ལ་ནོར་བུར་ཤེས་པ་དག་ནི་ཐེ་ཚོམ་དང་ཕྱིན་ཅི་ལོག་དག་གིས་སོ་སོར་ངེས་པའི་ཡུལ་མ་བཟུང་བར་མཚུངས་སོ་ཞེས་བརྗོད་པ་ནི། །ནོར་བུའི་འོད་ལ་ཞེས་བྱ་བའོ། །འོན་ཏེ་ཉེས་པ་
འདི་ནི་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཁོ་ན་ཡིན་གྱི་རྗེས་སུ་དཔག་པའི་ནི་མ་ཡིན་ནོ་ཞེ་ན། ཐེ་ཚོམ་ཟ་དང་ཞེས་གསུངས་སོ། །ནོར་བུའི་འོད་ལ་ནོར་བུའི་ཤེས་པ་ལས་རྗེས་སུ་དཔག་པའི་ཁྱད་པར་དོགས་པར་བྱེད་པ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པའི་ཡུལ་ངེས་པ་ལ་ཡང་ཐེ་ཚོམ་གྱི་བདག་ཉིད་ཡིན་

པའི་ཕྱིར་ན་དེ་ལ་འཇུག་པར་བྱེད་པ་ཉིད་དུ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་གཉི་གའི་ཆ་ལ་ཞེས་བྱ་བའོ། །ཕྱིན་ཅི་ལོག་ནི་དེ་ལྟ་མ་ཡིན་པ་དེས་ནི་འཇུག་པར་བྱེད་པར་འགྱུར་རོ་ཞེས་བརྗོད་པ་ནི་ཕྱིན་ཅི་ལོག་ནི་ཞེས་བྱ་བའོ། །ཐེ་ཚོམ་ནི་ཞེས་བྱ་བ་ནི་འཆད་པའོ། །ཆ་གཉིས་སུ་ཞེན་པ་དེས་ན་སྟོན་པར་བྱེད་པ་མ་ཡིན་
པ་དེས་ན་དེ་ལ་འཇུག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཐེ་ཚོམ་གྱིས་དེར་འཇུག་པར་བྱེད་པ་ནི་མ་ཡིན་གྱི་འོན་ཀྱང་མེ་ཙམ་ཉིད་ཡུལ་ཁྱད་པར་ཡོད་པར་སྒྲོ་འདོགས་པས་འཇུག་པར་བྱེད་པ་ཡིན་པ་དེས་ན་ཆ་ཚོད་པ་མེད་པ་དེས་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡིན་ན་མངོན་སུམ་ཉིད་ཡུལ་ངེས་
པར་བྱེད་པ་ཡིན་པའི་ཕྱིར་ཚད་མ་ཡིན་གྱི་རྗེས་སུ་དཔག་པ་ནི་མ་ཡིན་ཏེ། ཡུལ་ཉེ་བར་མ་བསྟན་པ་ཞིག་པའི་ཕྱིར་རོ་ཞེ་ན། མ་ཡིན་ཏེ་རྗེས་སུ་དཔག་པ་འབའ་ཞིག་ཡུལ་ལ་ཁྱད་པར་མེད་པ་རྟོགས་པ་དེ་ཉིད་མངོན་སུམ་གྱི་ཡུལ་ངེས་པར་རྣམ་པར་འཇིག་པར་བྱེད་པ་དེས་ན་མངོན་སུམ་དང་ལྷན་ཅིག་བྱ་བ་གཅིག་
པ་ཅན་གྱི་རྗེས་སུ་དཔག་པ་ནི་ཡུལ་ཁྱད་པར་ཡོད་པ་ལས་བྱུང་བ་ཉེས་པ་བདག་གིར་བྱེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ནོར་བུའི་འོད་ལ་ནོར་བུར་ཤེས་པའི་ཕྱིན་ཅི་ལོག་ཀྱང་རྗེས་སུ་དཔག་པ་དང་ལྷན་ཅིག་ཏུ་གྱུར་པ་ན་བྱ་བ་ཐ་དད་པའི་ཉེས་པ་དང་ལྡན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ནོར་བུའི་འོད་ལ་ཞེས་བྱ་
བའོ། །རྗེས་སུ་དཔག་པ་ལས་སྤོང་བ་ཡིན་པའི་ཞེས་འབྲེལ་ཏོ། །རྗེས་སུ་དཔག་པ་ལས་ཞེས་བྱ་བ་ནི་གང་ཞིག་ནོར་བུའི་རྣམ་པ་སྣང་བ་དེ་ནི་ཡུལ་གཞན་ན་ཡོད་པའི་ནོར་བུ་ལས་འཁྲུལ་པ་མེད་པ་ཡིན་ཏེ། དཔེར་ན་སྔོན་ཉམས་སུ་མྱོང་བ་བཞིན་ནོ། །སྒོ་གསེབ་ཀྱི་བུ་ག་ན་ཡང་ནོར་བུའི་རྣམ་པ་སྣང་བ་ཡིན་ནོ་ཞེས་
བྱ་བའི་དེ་ལྟ་བུའི་རང་བཞིན་ཅན་ལས་ཏེ། མངོན་སུམ་དང་རྗེས་སུ་དཔག་པས་ཉེ་བར་བསྟན་པ་ལས་སྔར་ཉིད་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཚད་མ་ཡིན་པ་ཉིད་ཀྱི་དཔེར་བཀོད་པ་ཡིན་ནོ་ཞེས་བརྗོད་པ་ནི། ནོར་བུའི་འོད་ལ་ཞེས་བྱ་
བའོ། །དེ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་བྱ་བའི་ལོག་པར་རྟོག་པ་ཡོད་པས་ན་དེའི་ཚད་མ་གང་ཡིན་ཞེས་རང་གི་ལུགས་གསུངས་པ་ནི་དེ་ནི་ཞེས་བྱ་བའོ། །འཁྲུལ་པ་ཉིད་ཀྱིས་མངོན་སུམ་མ་ཡིན་པར་དོགས་པས་ན་འདྲི་བ་ནི་ཇི་ལྟར་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་མ་ཡིན་ན་ཇི་ལྟར་འཁྲུལ་པ་

ཡིན་ཞེ་ན་ཡང་ཇི་ལྟར་མངོན་སུམ་ཡིན་ཞེས་བྱ་བའི་དོན་ཏོ། །ལན་ནི་ནོར་བུའི་འོད་ལ་ནོར་བུར་ཤེས་པ་དེ་ནི་དེ་འདྲ་ཉིད་ཡིན་བཞིན་དུ་མངོན་སུམ་གྱི་ཚད་མ་ཡིན་ནོ། །གལ་ཏེ་གང་གིས་མངོན་སུམ་དུ་འགྱུར་བ་མི་བདེན་པའི་འཁྲུལ་པ་ཉིད་ཡིན་ན་ཇི་ལྟར་ཚད་མ་ཡིན་ཞེས་དོགས། མི་སླུ་
བས་ཞེས་སྨོས་ཏེ། མ་འཁྲུལ་བ་ཉིད་ཀྱིས་ནི་མ་གྲུབ་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འཁྲུལ་པ་དང་མ་འཁྲུལ་ཞེས་གསུངས་སོ། །མཚན་ཉིད་མཚུངས་པའི་ཕྱིར་ན་རེ་ཞིག་ནོར་བུའི་ཤེས་པ་ཚད་མ་ནི་ཡིན་པ་ཉིད་དོ་ཞེས་གསུངས་པ་ནི་ཚད་མ་ནི་ཞེས་བྱ་བའོ། །མི་སླུ་བ་ལས་གཞན་པའི་མ་འཁྲུལ་བ་ཉིད་དེའི་རྒྱུ་
མཚན་དུ་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །དོན་གྱི་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་པའི་མ་འཁྲུལ་བ་ནི་མི་སླུ་བ་ཡིན་གྱི། དོན་གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། ཡུལ་དང་ཞེས་བྱ་བ་སྟེ། མ་འཁྲུལ་བའི་ཐ་སྙད་ནི་མི་སླུ་བའི་རྒྱུ་མཚན་ཡིན་གྱི། མི་སླུ་བ་ནི་མི་འཁྲུལ་བའི་རྒྱུ་མཚན་ཡིན་ཏེ། དེ་མེད་པར་མ་
འཁྲུལ་བ་ཉིད་མི་འཁྲུལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མ་འཁྲུལ་བའི་རྒྱུ་མཚན་གཞན་ཉིད་ཡིན་པར་དོགས་པ་ནི་གནོད་པ་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དོགས་པ་འགོད་པའོ། །ཅིའི་ཕྱིར་ཞེ་ན། མི་སླུ་བ་ཉིད་ལ་ཞེས་གསུངས་སོ། །དེ་སྐད་ཅེས་བྱ་བ་ནི་གནོད་པ་མེད་པ་ཉིད་དུ་
བརྗོད་པའི་ཕྱིར་རོ། །དེ་ཉིད་ག་ལས་སྙམ་ན་མི་སླུ་བ་མ་ཡིན་པ་ཞེས་གསུངས་སོ། །གནོད་པ་མེད་པ་ཡིན་གྱི་ཡང་ཞེས་བྱ་བ་ནི་དང་པོའོ། །དེ་ཉིད་ཅེས་བྱ་བ་ནི་མི་སླུ་བ་མ་ཡིན་པའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །ཅི་སྟེ་ཡང་མ་འཁྲུལ་བ་ཉིད་ནི་མི་སླུ་བ་ལས་མ་ཡིན་ཏེ། རྗེས་སུ་དཔག་པ་འཁྲུལ་པ་ཡིན་ཡང་མི་སླུ་བ་
ཡོད་པའི་ཕྱིར་རོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། རྗེས་སུ་དཔག་པ་མི་སླུ་བ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་རང་གི་ཕྱོགས་པའི་རྩོད་པའོ། །འཁྲུལ་པ་དང་མ་འཁྲུལ་པ་ཉིད་ལས་ཁྱད་པར་གཞན་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །མ་འཁྲུལ་བའི་དོན་ནི་མི་སླུ་བའི་དོན་ཡིན་པའི་ཕྱིར་ན་དེ་ལས་ནི་ཁྱད་པར་
ཡོད་པ་མ་ཡིན་གྱི། འོན་ཀྱང་རྣམ་པར་རྟོག་པ་དང་ཅིག་ཤོས་ཉིད་ཀྱིས་ཡིན་ནོ་ཞེས་ལན་བརྗོད་པ་ནི། སྣང་བ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །འཁྲུལ་བ་ཉིད་དུ་ཁྱད་པར་མེད་ན་ཇི་ལྟར་སྣང་བ་ཐ་དད་སྙམ་ན་འཁྲུལ་པ་ཉིད་ལས་ཡང་ཞེས་གསུངས་སོ། །ཇི་ལྟར་མངོན་སུམ་སྣང་བ་དང་རྗེས་སུ་དཔག་པ་དག་སྣང་བ་དང་

རྣམ་པར་རྟོག་པ་དང་ཅིག་ཤོས་ཉིད་ཀྱིས་ཐ་དད་པ་དེ་བཞིན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དག་ཀྱང་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ན་མ་འཁྲུལ་པ་མངོན་པར་འདོད་པ་ལ་མི་སླུ་བ་ཉིད་ན་ནི་གཉི་ག་ལ་ཡང་ཁྱད་པར་མེད་དོ་ཞེས་བསྟན་ནས། ད་ནི་མངོན་སུམ་རང་གི་ངོ་བོ་ལ་ལྟོས་ནས་མ་འཁྲུལ་པ་ཉིད་ཡིན་ལ། འགའ་
ཡང་འཁྲུལ་པ་ཉིད་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི། ཚད་མའི་ཤེས་པ་ཐམས་ཅད་ནི་ཞེས་བྱ་བའོ། །རྗེས་སུ་དཔག་པ་གཞན་གྱི་རང་བཞིན་ལ་ལྟོས་ནས། འཁྲུལ་པ་ཉིད་ཡིན་ན་ནི། མངོན་སུམ་ཡང་དེ་ལྟར་འགྱུར་རོ། །ཞེས་བརྗོད་པ་ནི་ཞེས་བྱ་བའོ། །ཇི་ལྟར་ཁྱད་པར་མེད་ཅེ་ན། འཁྲུལ་པ་ནི་ཞེས་
གསུངས་སོ། །མཚུངས་པ་ཉིད་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །གང་ཡང་དག་པའི་ཤས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ཡང་དག་པའི་ཤེས་པ་མི་སླུ་བའི་དོན་སྐབས་སུ་མི་སླུ་བའི་དོན་བརྗོད་པ་མ་འཁྲུལ་པ་སྨོས་པས་ཅི་བྱ་ཞེས་བརྗོད་པ་དེ་ཡང་སྡུད་པར་བྱེད་པའི་བདག་ཉིད་མདོར་གཞག་པའི་
ཚིག་ལ་ཉེས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རྟོག་པ་དང་བྲལ་བ་ཉིད་ཀྱང་དོན་ལ་ཤེས་པའི་སྣང་བ་གང་ཞིག་ཅེས་བྱ་བའི་རྣམ་པར་རྟོག་པ་མེད་པའི་སྐབས་སུ་གྱུར་པ་ལས་བརྗོད་ནས་བཤད་པར་བྱ་བར་འགྱུར་རོ། །གང་གི་ཕྱིར་མི་སླུ་བ་མ་འཁྲུལ་པའི་དོན་ཡིན་ལ་ཉེས་པ་འགའ་ཡང་མེད་པ་དེའི་ཕྱིར་ཞེས་བྱ་བའོ། །
འབྱུང་བར་འགྱུར་བ་དེའི་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །འདི་ནི་ཞེས་བྱ་བ་ནི་ལན་ནོ། །ནོར་བུའི་འོད་ལ་ནོར་བུའི་འཛིན་པ་ལ་གཞན་སྔོན་པོ་འཛིན་པའི་མངོན་སུམ་ལའོ། །མཚུངས་པ་ཞེས་བྱ་བ་ནི་ཐེ་ཚོམ་སེལ་བར་བྱེད་པར་འབྱུང་བར་འགྱུར་བ་རྗེས་སུ་དཔོག་པ་ཚད་མས་སྒྲུབ་པའོ། །དེར་ནི་ཞེས་བྱ་བ་ནི་དོགས་
པ་སྟེ། སྔོན་པོ་འཛིན་པའོ། །མངོན་སུམ་གྱི་རྗེས་ལ་འབྱུང་བ་དེའི་རང་བཞིན་གྱིས་རྗེས་སུ་དཔོག་པ་ཐེ་ཚོམ་སེལ་བར་བྱེད་པའོ། །ཡུལ་གང་དུ་མཐོང་བའི་ཡུལ་དེ་ཉིད་དུ་རྗེས་སུ་དཔོག་པ་ཡིན་ཏེ། དེས་ན་ཡུལ་ཐ་མི་དད་པར་རློམ་པ་ཡིན་གྱི་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ལ་ནི་དེ་ལྟ་མ་ཡིན་ནོ། །ཡུལ་གང་དུ་
གཞན་དུ་སྤྱོད་ཡུལ་ཐ་དད་པས་ཚད་མ་གཞན་དུ་སེམས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ནོར་བུའི་ཤེས་པ་ལ་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པའི་བདག་ཉིད་ལའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ཅིའི་ཕྱིར་ཞེ་ན། ཤིན་ཏུ་ཞེས་གསུངས་སོ། །འཁྲུལ་པར་རློམ་པ་ཡོད་པ་དང་མེད་པ་དག་གི་ཁྱད་

པར་ཡོད་པར་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །ནོར་བུའི་ཤེས་པ་མངོན་སུམ་གྱི་བདག་ཉིད་ཅན་ལའོ། །མངོན་སུམ་ཐམས་ཅད་ནི་ངེས་པ་ལ་ལྟོས་པའི་བྱེད་པ་ཅན་ཡིན་ནོ། །རང་གི་ཡུལ་སྤངས་ནས་རྣམ་པར་རྟོག་པའི་ཡུལ་ལ་འགྱུར་བ་ཡིན་ནོ་ཞེས་ལན་འདེབས་པ་ནི་འདི་
ལ་བརྗོད་པ་ཞེས་བྱའོ། །དོན་དམ་པར་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ཀ་བ་ལ་སོགས་པའི་ཤེས་པ་མཚུངས་པ་ཉིད་དོ། །ཇི་ལྟར་ཀ་བ་ལ་སོགས་པའི་ཤེས་པ་ངེས་པ་ལ་ལྟོས་པ་རང་གི་ཡུལ་ལས་འདས་པས་དེའི་ཡུལ་ལ་མངོན་སུམ་ཡིན་པ་དེ་བཞིན་དུ་འདི་ལ་ནོར་བུར་ཤེས་པ་ཡིན་པས་དེ་ལྟར་
མཚུངས་པས་ན། མངོན་པར་རློམ་པ་ཚད་མ་ཡིན་པ་ལས་ཁྱད་པར་དུ་འགྲུབ་པ་ནི་ལོག་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་མ་གོམས་པའི་གནས་སྐབས་ནི་ཐམས་ཅད་ལ་འཇུག་པའི་ཡུལ་སྟོན་པར་བྱེད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་སྡོམ་པ་རྩོམ་ན་ཡིན་གྱི་རེ་རེ་ནི་མ་ཡིན་ཞེས་གསུངས་པ་
ནི། དེ་ནི་གཉི་ག་ཚད་མ་ཉིད་ཅེས་བྱའོ། །སྒོ་གསེབ་ཀྱི་བུ་གའི་ཡུལ་གྱི་ནོར་བུའི་རྣམ་པ་ཅན་གྱི་ནོར་བུའི་འོད་ཀྱི་ཤེས་པ་ནི་འདི་ནོར་བུའོ་ཞེས་ངེས་པའི་ཡུལ་གྱི་ནོར་བུ་ལ་མངོན་སུམ་གྱི་ཚད་མ་ཡིན་གྱི་རྗེས་སུ་དཔག་པའི་ཚད་མ་མ་ཡིན་ནོ། །དེའི་རྗེས་སུ་གང་ཞིག་ནོར་བུའི་རྣམ་པར་སྣང་བ་ཞེས་
བྱ་བའི་རྗེས་སུ་དཔག་པ་ཡང་ནོར་བུ་དེ་ཉིད་ལ་ཕྱིན་ཅི་ལོག་ཟློག་པར་བྱེད་པའི་ཚད་མ་ཡིན་ནོ། །ཇི་ལྟར་ཀ་བ་ལ་སོགས་པའི་ཤེས་པ་མངོན་སུམ་གྱི་ཚད་མ་ཡིན་པ་དེའི་རྗེས་ལ་ཐེ་ཚོམ་ཟ་བ་ན་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ཡིན་པ་བཞིན་ནོ། །མངོན་སུམ་དང་རྗེས་སུ་དཔག་
པ་དག་ལ། ཚད་མ་གཞན་ནི་ཡོད་ལ་ཞེས་བྱ་བ་ནི་གོ་རིམས་བཞིན་དུ་རྗེས་སུ་དཔག་པ་དང་མངོན་སུམ་མོ། །མངོན་པར་རློམ་པ་མེད་པས་ཐ་དད་པ་ཡིན་ནོ་ཞེ་ན། མངོན་པར་རློམ་པ་མེད་པ་ཞེས་བྱ་བ་དེ་ཙམ་གྱིས་ནི་དངོས་པོ་ཐ་དད་པར་འགྱུར་བ་མ་ཡིན་ནོ་ཞེས་གསུངས་སོ། །མངོན་པར་རློམ་པ་དེ་
ཡོད་པ་མེད་པ་དག་ལ་ནི་འདི་ལ་ནི་འོད་ལ་ནོར་བུར་ཤེས་པ་དང་ཀ་བར་ཤེས་པ་དང་གཉིས་ཁྱད་པར་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཁྱད་པར་མེད་པ་དེའི་ཕྱིར་རོ། །མངོན་སུམ་མམ་ཞེས་བྱ་བ་ནི་རང་གི་ལུགས་སོ། །ཡང་ན་རྗེས་སུ་དཔག་པ་ཉིད་ཅེས་བྱ་བ་ནི་ཤཱཀྱ་བློའི་ལུགས་སོ། །འདི་ལྟར་

ནོར་བུའི་འོད་ལ་ནོར་བུར་ཤེས་པ་ནི་འཁྲུལ་པ་ཡིན་ལ་མི་སླུ་བས་ཚད་མ་ཡིན་ནོ། །གལ་ཏེ་དེ་ལྟ་ན་མངོན་སུམ་དང་རྗེས་སུ་དཔག་པ་ལས་གཞན་པའི་ཚད་མ་གསུམ་པར་ཐལ་བར་འགྱུར་ཏེ། འདི་ལྟར་འདི་རེ་ཞིག་མངོན་སུམ་མི་འདུ་སྟེ། འཁྲུལ་བའི་ཕྱིར་དང་རྟོག་པ་དང་བཅས་པའི་ཕྱིར།
རྗེས་སུ་དཔག་པའང་མ་ཡིན་ཏེ་རྟགས་ལས་སྐྱེས་པ་མེད་པའི་ཕྱིར་རོ། །ཚད་མ་མ་ཡིན་པ་ཡང་མ་ཡིན་ཏེ་དངོས་པོ་ལ་མི་སླུ་བའི་ཕྱིར་རོ་ཞེ་ན། འདི་ལ་བརྗོད་པ་ཚད་མ་གཞན་དུ་ཐལ་བ་མ་ཡིན་ཏེ། རྗེས་སུ་དཔག་པ་ཁོ་ནར་འདུ་བའི་ཕྱིར་རོ། །འདི་ལྟར་རྗེས་སུ་དཔག་པའི་སྤྱིའི་མཚན་ཉིད་
ནི་འབྲེལ་པ་ཅན་གྱི་དོན་གཞན་ལས་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་རྗེས་སུ་དཔག་པ་ཡིན། སྤྱིའི་མཚན་ཉིད་དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །འདིར་ནི་ནོར་བུ་དང་འབྲེལ་པའི་ནོར་བུའི་འོད་ནི་དེའི་འབྲས་བུ་ཡིན་པའི་ཕྱིར་དང་ནོར་བུའི་འོད་དེ་ལས་ཀྱང་ནོར་
བུར་འཁྲུལ་པ་སྐྱེ་བས་ན། དེའི་འབྲས་བུའི་རྟགས་ལས་སྐྱེས་པའི་ཕྱིར་རྗེས་སུ་དཔག་པ་ཁོ་ནའོ། །གལ་ཏེ་རྟགས་དུ་བ་ལས་རྟགས་ཅན་ལས་ཤེས་པ་སྐྱེ་བ་ནས་དུ་བ་ཉིད་ལ་མེ་སྒྲོན་འདོགས་པས་འཇུག་པ་ནི་མ་ཡིན་གྱི་འོན་ཀྱང་ཡུལ་ཕྱོགས་གཞན་དུ་ཡིན་ནོ། །ནོར་བུར་འཁྲུལ་པ་ནི་
རྟགས་ནོར་བུའི་འོད་ཉིད་ལ་རྟགས་ཅན་སྒྲོ་འདོགས་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལས་ཅིར་འགྱུར་འདི་ཙམ་གྱིས་ནི་འབྲེལ་པ་ཅན་ལས་སྐྱེས་པ་ཉམས་པ་མ་ཡིན་ནོ། །ཡུལ་གཞན་དུ་སྒྲོ་འདོགས་པ་ལྷག་པ་ཡོད་དོ་ཞེས་བྱ་བ་འདི་ཙམ་ཞིག་བརྗོད་པར་བྱ་བ་ཡིན་ན་ནི། ཡུལ་དེ་
ཉིད་དུ་ནོར་བུ་ཐོབ་པར་བྱེད་པ་ཉིད་ཀྱིས་ནི་ཚད་མར་འགྱུར་བ་མ་ཡིན་ནོ། །ནོར་བུ་ཙམ་ཐོབ་པས་རྗེས་སུ་དཔག་པ་ཡིན་པ་སུས་ཀྱང་བཟློག་ཏུ་མེད་དོ་ཞེས་བྱ་བ་ནི། ཐམས་ཅད་ལ་ཡང་ཡུལ་ལ་འཁྲུལ་པ་ནི་འདོད་པ་ཁོ་ནའོ། །ནོར་བུར་འཁྲུལ་པ་རྗེས་སུ་འགྲོ་བ་དང་ལྡོག་
པར་དྲན་པ་མེད་དོ་ཞེ་ན། མེད་མོད་དེ་ཙམ་གྱིས་རྗེས་སུ་དཔག་པར་མི་འགྱུར་བ་མ་ཡིན་ནོ། །གང་ཞིག་རྗེས་སུ་འགྲོ་བ་དང་ལྡོག་པ་མ་དྲན་པར་མོད་ཁོ་ནར་དུ་བ་ལས་མེ་རྟོགས་པའི་ཤེས་པ་དེ་རྗེས་སུ་དཔག་པར་མི་འདོད་དམ་ཅི་ག །ཚུལ་གསུམ་པའི་རྟགས་ལས་དེ་སྐྱེས་པ་ཡིན་

ཏེ། དེ་ཙམ་གྱིས་ན་རྗེས་སུ་དཔག་པ་ཉིད་ཡིན་ནོ། །སྒོ་གསེབ་ཀྱི་བུ་གའི་ཡུལ་གྱི་ནོར་བུའི་འོད་ཤེས་པས་ཁང་པའི་ཕུག་གི་ཡུལ་ན་ཡོད་པའི་ནོར་བུའི་རང་བཞིན་མ་བཟུང་བའི་ཕྱིར་ན་ཇི་ལྟར་མངོན་སུམ་ཡིན་ཏེ། ཀ་བ་ལ་སོགས་པའི་ཤེས་པ་ནི་འབྱུང་བར་འགྱུར་
བའི་རང་བཞིན་ཤེས་པ་མ་ཡིན་ཡང་དེའི་རང་བཞིན་འཛིན་པའི་ཕྱིར་མངོན་སུམ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་ཐོབ་པར་བྱ་བའི་རང་བཞིན་དེ་ལ་བཟུང་ན། ཤེས་པ་དང་ཤེས་བྱའི་རང་བཞིན་དེ་ནམ་གཞན་གྱི་འབྱུང་བར་འགྱུར་བ་ལས་གཞན་
འཛིན་པའི་ཤེས་པ་སྔ་མ་དེ་ནི་གཉི་ག་ལ་ཡང་མཚུངས་པ་ཉིད་དོ། །དེས་ན་གཉི་ག་ལ་ཡང་མངོན་སུམ་ཡིན་པའམ་ཡང་ན་ནི་འགའ་ཡང་མ་ཡིན་ནོ། །དེའི་རང་བཞིན་མ་བཟུང་བ་དེ་ལྟར་ཐོབ་ཅེ་ན། གཉི་ག་ལྟར་ཡང་ཞེས་གསུངས་ཏེ། དེའི་བདག་ཉིད་དམ་དེ་ལས་བྱུང་བའི་འབྲེལ་པ་
ལས་ཀྱང་ངོ་། །དེ་སྐད་དུ་ཡོད་དོ། །དེ་བདག་དེ་ལས་བྱུང་བ་ཡི། །མཐུ་ཡིས་ཞེས་པ་ཚད་མ་ཉིད། །ཅེས་བཤད་ཟིན་ཏོ། །ཐོབ་པར་བྱ་བའི་ཞེས་བྱ་བ་ནི་འཆད་པའོ། །ཇི་ལྟར་ཁྱད་པར་མེད་དེ། གང་གི་ཕྱིར་ནོར་བུ་དང་དེའི་འོད་ལ་ནི་སྣང་བ་ཐ་དད་པ་ཡོད་དོ། །དེས་ན་མིག་སེར་
པོར་ཤེས་པ་བཞིན་དུ་ནོར་བུ་སྣང་བ་ཙམ་ནི་མངོན་སུམ་ལྟར་སྣང་བ་ཡིན་ནོ་ཞེས་དོགས་ན་ནི་ནོར་བུ་སྣང་བ་ནི་ནོར་བུ་ཉིད་དང་ཞེས་གསུངས་སོ། །དེས་ན་ནོར་བུའི་འོད་ལ་ནོར་བུ་སྣང་བ་ཙམ་མ་ཡིན་ཏེ། བདེན་པའི་ནོར་བུའི་སྣང་བ་དང་ཁྱད་པར་མེད་པའི་ཕྱིར་རོ། །གལ་ཏེ་སྣང་བ་ཁྱད་
པར་མེད་ཀྱང་ནོར་བུའི་འོད་ལ་ནོར་བུར་ཤེས་པ་ནི་ཡུལ་ལ་འཁྲུལ་པ་ཡིན་ལ་ནོར་བུའི་ཤེས་པ་ནི་དེ་ལྟ་མ་ཡིན་ནོ་ཞེ་ན། དེ་ལ་ལ་ལར་ནི་ཞེས་གསུངས་སོ། །འཁྲུལ་པ་ཉིད་དུ་ཡང་ཁྱད་པར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱིའི་ཞེས་པ་ལས་སྤྱི་ནི་མེ་ཙམ་མོ། །དེའི་རྗེས་སུ་
དཔག་པ་ནི་འདིར་འགའ་ཞིག་ན་མེ་ཡོད་དོ་སྙམ་པའི་ཤེས་པ་སྟེ། དེ་ནི་གཉི་ག་ལ་ཡང་འཁྲུལ་པ་ཡིན་ནོ། །འདིས་ནི་ཚུ་རོལ་མཛེས་པ་ལ་སོགས་པ་གསལ་བ་མ་ཡིན་ནོ་ཞེས་མཇུག་སྡུད་པ་ནི། །དེས་ན་ཞེས་བྱ་བའོ། །ཇི་ལྟར་རིགས་པ་མ་ཡིན་སྙམ་ན། མངོན་སུམ་ཡང་ཞེས་བྱ་

བའོ། །རང་གི་ངོ་བོ་ལ་ལྟོས་ནས་མ་འཁྲུལ་པ་ཉིད་ཡིན་ན་ནི་ཐམས་ཅད་ཀྱང་མ་འཁྲུལ་པ་ཉིད་ཡིན་དུ་འགྱུར་བ་དེས་ན་ཚད་མ་དང་གཞན་པའི་རྣམ་པར་དབྱེ་བར་མི་འགྱུར་རོ་ཞེས་བརྗོད་པ་ནི་རང་གི་ངོ་བོ་ལ་ནི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་ལྟོས་པ་ཉིད་ཀྱིས་སོ། །གང་དེ་ལྟ་ན་
ཞེས་བྱ་བ་ནི་མངོན་སུམ་ཡང་འཁྲུལ་པ་ཡིན་པའོ། །འདི་ལ་ཞེས་བྱ་བ་ནི་དྲན་པར་བྱེད་དོ། །དེ་ལྟར་ནི་ཞེས་བྱ་བ་ནི་རྩོད་པ་སྟེ། གསལ་བ་དང་མི་གསལ་བར་རོ། །གང་ཞིག་ཅེས་བྱ་བ་ནི་ལན་ནོ། །གང་གིས་ཞེས་བྱ་བ་ནི་རང་རྒྱུད་ཉིད་ལ་སོགས་པའོ། །དེ་ཉིད་ཅེས་བྱ་བ་ནི་འཛིན་པ་
པོ་རང་དབང་ཉིད་ལ་སོགས་པའོ། །གལ་ཏེ་དོན་གྱི་ནུས་པ་ལས་བློ་སྐྱེ་བ་དེ་ནི་རང་རྒྱུད་ཉིད་དང་། བར་ཆད་མེད་པར་འཛིན་པ་ཡིན་པས་དེ་ནི་མངོན་སུམ་ཡིན་ཏེ། དོན་གྱི་ནུས་པ་ཉིད་ཇི་ལྟར་རྟོགས་སྙམ་ན། རྗེས་འགྲོ་ཞེས་བྱ་བར་སྦྱར་རོ། །དེ་ལས་ཞེས་བྱ་བ་ནི་རང་དབང་དུ་འཛིན་པའི་དོན་ལས་
གཞན་ཞེས་བྱ་བ་གཞན་གྱི་དབང་གིས་གཟུང་བར་བྱའོ། །དངོས་སུ་སྣང་བ་ཡང་ཞེས་བྱ་བའོ། །རྐང་པ་ལྷག་མ་འགྲེལ་པ་ནི། གལ་ལ་ཞེས་བྱ་བའོ། །དེ་བཞིན་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལས་སོ། །ཇི་ལྟར་དེ་དབང་པོ་ལས་འདས་པ་ཡིན་སྙམ་ན། དེ་ལ་ནི་ཞེས་གསུངས་ཏེ་གང་ཞིག་
བག་ཆགས་སད་པས་སྣང་བའི་ཡུལ་དུ་གྱུར་པའོ། །ཇི་ལྟར་རྗེས་སུ་དཔག་པའི་ཡུལ་དབང་པོ་ལས་འདས་ཏེ་དངོས་པོ་ཉིད་ལས་རྟོགས་པའི་ཕྱིར་རོ་ཞེས་ཕྱིར་རྒོལ་བ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་རྗེས་སུ་དཔག་པས་རྣམ་པར་རྟོག་ཀྱང་མེའི་རང་བཞིན་མ་རྟོགས་པའི་ཕྱིར་ལྐོག་ཏུ་གྱུར་པ་ཡིན་ནོ་སྙམ་ན། དེའི་
རྣམ་པ་ལས་ཞེས་སྨྲས་སོ། །དེས་ན་ཞེས་བྱ་བས་ནི་རྗེས་སུ་དཔག་པས་སོ། །གང་ཞིག་ཅེས་བྱ་བ་ནི་མེའི་རང་གི་མཚན་ཉིད་དོ། །འོན་ཏེ་ཞེས་བྱ་བ་ནི་རྒོལ་བའི་དོགས་པ་བསུ་བའོ། །འོངས་ཞེས་བྱ་བ་ནི་ལན་ནོ། །འོན་ཏེ་བརྒྱ་ལ་རྒོལ་བ་འདི་ལྟར་ཁས་ལེན་ནོ་སྙམ་ན། དེ་ནི་དེ་ལྟར་ཞེས་སྨྲས་ཏེ་དབང་པོའི་བྱེད་པ་མེད་
པས་ལྐོག་ཏུ་གྱུར་པ་ཉིད་ཡིན་པར་ནི་མ་ཡིན་ཏེ། ཡིད་ལ་སོགས་པའི་མངོན་སུམ་མེད་པར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་རྗེས་སུ་དཔག་པ་དངོས་པོའི་རང་བཞིན་མཐོང་བ་ཡང་ཡིན་ལ། ལྐོག་ཏུ་གྱུར་པའི་ཡུལ་ཅན་གང་ཡིན་པར་ནི་འགལ་བ་དེའི་ཕྱིར་རོ། །མི་སྣང་བ་ལྐོག་ཏུ་གྱུར་པའི་ཡུལ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་

བརྗོད་དོ། །གལ་ཏེ་རྗེས་སུ་དཔོག་པའི་རྟོག་པ་དེ་ལྟ་བུ་ཡིན་ན། དེའི་ཚེ་དངོས་མཐོང་མིན་ཏེ། དངོས་པོ་འཛིན་པར་མི་འགྱུར་རོ། །དངོས་པོ་མཐོང་བ་ཡིན་ན་ཡང་ལྐོག་ཏུ་གྱུར་པ་ཉིད་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི། རྟོག་པ་ཞེས་བྱ་བའོ། །འདི་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །དངོས་
པོ་ལ་ཞེས་བྱ་བ་ནི་ཕྱེད་སྔ་མ་འཆད་པ་སྟེ་བསྐལ་པའོ། །ཁྱེད་ཀྱི་ལུགས་ལ་ཡང་རྗེས་སུ་དཔག་པ་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་དུ་མི་འགྲུབ་པོ་ཞེས་ལན་འདེབས་པ་ནི། འོ་ན་སྤྱིའི་ཞེས་བྱ་བའོ། །འདི་ནི་འཆད་པ་ནི་དེ་ལ་སྤྱི་ནི་ཞེས་བྱ་བའོ། །བརྒྱུད་པས་དངོས་པོའི་ཡུལ་ཅན་ཉིད་དུ་དོགས་པ་བསུ་བ་ནི།
མཚན་པར་བྱས་པའི་སྤྱིས་མཚོན་པར་ངེས། དངོས་པོ་རྟོགས་པའི་ཕྱིར་རོ་ཞེ་ན། སྤྱི་དང་ཁྱད་པར་གྱི་རང་བཞིན་དག་གིས་མཚོན་པར་སྲིད་པས་ན། དྲི་བ་ནི་ཁྱད་པར་རང་བཞིན་གང་གིས་ཞེས་བྱ་བའོ། །ཁྱད་པར་གྱི་མཚོན་པ་ལས་ཉེས་པ་བརྗོད་པ་ནི། གལ་ཏེ་ཞེས་བྱ་བ་སྟེ། ཁྱད་པར་རྟོགས་པའོ། །
སྒྲ་ལ་སོགས་པ་ཉིད་ལས་ཞེས་བྱ་བ་ནི་མཚོན་པར་བྱས་པའི་རྨི་ལམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་བར་མ་དོའི་ཞེས་གསུངས་སོ། །སྤྱིས་མཚན་པ་ལ་ཡང་ཉེས་པ་བརྗོད་པ་ནི། སྤྱིའི་རང་བཞིན་གྱིས་ཞེས་བྱ་བའོ། །འོ་ན་ཁྱད་པར་ཉིད་ཀྱིས་མཚོན་ནོ་སྙམ་ན། བཤད་ཟིན་པའི་ཉེས་པ་ཚད་ཡོད་
པར་བྱས་ནས་གཞན་བརྗོད་པ་ནི་ཁྱད་པར་གྱི་ཞེས་བྱ་བའོ། །སྤྱི་སྣང་བ་དང་ཁྱད་པར་ནི་མི་སྣང་བ་ན་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་དུ་ཞེས་བྱ་བར་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འདི་ཡང་ཞེས་བྱ་བ་ནི་ལན་ཏེ། སངས་རྒྱས་པའི་ལུགས་ལའོ། །ཇི་ལྟར་ཞེས་བྱ་བ་ནི་རྩོད་པའོ། །དེ་ཡུལ་ཉིད་ཡིན་ཞེས་
བྱ་བ་ནི་ཡུལ་ཡིན་པའོ། །དེ་ལ་ཞེས་བྱ་བ་ནི་ལན་ནོ། །མ་བརྟགས་ཞེས་བྱ་བ་ནི་ལན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི་ལན་ནོ། །ཅི་ལ་ལར་དེ་ལྟར་མཐོང་ངམ་སྙམ་དུ་དོགས་ན། ལྷས་བྱིན་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ནི་དོགས་པ་སྟེ་མཚུངས་པ་མཐོང་བའོ། །འདིར་སླུ་བ་ཡིན་ན་རྗེས་སུ་དཔག་པ་
ལ་ཡང་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་སླུ་བ་ཉིད་འགོག་པའོ། །ཅིའི་ཕྱིར་ཞེ་ན། འཆད་པའི་ཕྱིར་རོ་ཞེས་གསུངས་སོ། །འཆད་པར་འགྱུར་བའི་རྒྱུ་དེས་གང་ཡིན་ཞེ་ན། འབྲེལ་པ་ལས་ཞེས་བྱ་བའོ། །གལ་ཏེ་བག་ཆགས་ཀྱི་སྟོབས་ལས་བྱུང་བའི་ཕྱིར་རྗེས་སུ་དཔག་པ་

འཁྲུལ་པ་ཉིད་ཡིན་ན་གང་གིས་མི་སླུ་བར་གྱུར་པའི་དོན་དང་འབྲེལ་པ་ནི། ཅིའི་ཕྱིར་ཞེ་ན་ཞེས་དོགས་པ་བསུ་བ་ནི་གལ་ཏེ་འདི་ཞེས་བྱ་བའོ། །དོན་ནི་རྗེས་སུ་དཔག་པར་བྱ་བའོ། །མ་ཡིན་ཞེས་བྱ་བ་ནི་བག་ཆགས་འབའ་ཞིག་དང་འབྲེལ་པ་ཞེས་བྱ་བ་ངེས་པ་འགོག་པའོ། །
ཅིའི་ཕྱིར་ཞེ་ན། བག་ཆགས་ཞེས་གསུངས་ཏེ་སད་པར་བྱེད་པའི་རྟགས་ཀྱང་ངོ་། །དེ་ལྟ་ན་ཡང་ཇི་ལྟར་དོན་དང་འབྲེལ་པ་ཡིན་སྙམ་ན། དོན་ནི་བག་ཆགས་སད་པར་བྱེད་པ་དེ་དང་འབྲེལ་པས་རྒྱུ་ཡིན་པའི་ཕྱིར་ཞེས་འབྲེལ་ཏོ། །འདི་ཉིད་ཅེས་བྱ་བ་ནི་དོན་དང་འབྲེལ་
པའོ། །གལ་ཏེ་དོན་རང་གི་གོ་བས་མ་བརྟགས་ན་ཇི་ལྟར་དེར་འབྲེལ་པ་མེད་པ་ཡིན་སྙམ་ན་མ་མཐོང་ཞེས་གསུངས་སོ། །ཡང་ན་གལ་ཏེ་ཡང་གང་ཞིག་རང་གི་ངོ་བོས་མ་རྟོགས་པ་དེ་གཞན་གྱིས་བརྟགས་ཀྱང་དེ་ཡོད་དོ་ཞེས་གང་ལས་ཡིན་ཏེ། གཙོ་བོ་ལ་སོགས་པ་ནི་དེ་ལྟར་
རྟོགས་ཀྱང་ཡོད་པ་ནི་མ་ཡིན་ནོ་ཞེས་དོགས་ན། མ་མཐོང་ཞེས་གསུངས་སོ། །རང་གི་རང་བཞིན་མཐོང་བ་གཞན་ལས་རྟོགས་པ་ཧ་ཅང་ཐལ་བ་སྤོང་བ་ནི་གལ་ཏེ་ཞེས་བྱ་བ་སྟེ། བསྒྲུབ་པར་བྱ་བ་བརྟེན་པའི་ཆོས་ཅན་ནམ། ཡང་ན་ཆོས་ཅན་དེ་དུ་བ་གང་ལ་ཡོད་པའི་སྒྲུབ་པར་བྱེད་
པའི་ཆོས་དང་འབྲེལ་པ་ཅན་དེ་ངེས་པ་ཉིད་དེ་ངེས་པར་བྱེད་པ་ཡིན་ན་དེའི་ཚེ་གཞན་གོ་བར་བྱེད་པ་ཡིན་གྱི། གང་གི་ཧ་ཅང་ཐལ་བར་འགྱུར་བ་གཞན་ཙམ་གྱིས་མ་ཡིན་ནོ། །རང་གི་ངོ་བོ་ཞེས་བྱ་བ་ནི་འཆད་པའོ། །འབྲེལ་པ་ཆོས་ཅན་དང་བསྒྲུབ་བྱ་དག་དང་ངོ་། །གང་གི་
འབྲེལ་པ་ཞེས་ཁྱད་པར་དུ་བྱེད་པ་གང་ཡང་རུང་བ་ལས་རྟོགས་པ་ཉེས་པ་ཅི་ཡོད་སྙམ་ན་གཞན་ལ་ཞེས་གསུངས་ཏེ། དེའི་ཕྱིར་འབྲེལ་པ་ཅན་ཁོ་ན་ལས་རྟོགས་པ་ཡིན་གྱི། གཞན་ཙམ་རང་གི་ངོ་བོས་ནི་མ་ཡིན་ནོ་ཞེས་གནས་སོ། །དེ་ཉིད་ཀྱི་ཕྱིར་བཤད་པ་གལ་ཏེ་རྟེན་དང་ཞེས་བྱ་བ་
ལ་ཆོས་ཅན་དང་། དེ་དང་ཞེས་བྱ་བ་ལ་བསྒྲུབ་པར་བྱ་བ་དང་ངོ་། །འདི་ལ་ཇི་ལྟར་ཞེས་བྱ་བའི་རྩོད་པ་ཉིད་འཆད་པ་ནི་འབྲེལ་པ་ལས་ཞེས་བྱ་བའོ། །འདྲ་བ་ལས་ཀྱང་ཞེས་བྱ་བ་ནི་མ་འབྲེལ་པ་ལས་སོ། །ཐལ་བ་དེ་ཉིད་དོ་ཞེས་བྱ་བ་ནི་གཞན་ཙམ་ལས་རྟོགས་པ་ལ་བརྗོད་པ་གང་ཡིན་པའོ། །

དེ་ལྟ་བུ་ཉིད་དུ་མཐོང་བའི་ཕྱིར་རོ་ཞེས་བྱ་བའི་ལན་འཆད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འཆད་པར་འགྱུར་བའི་འབད་པ་རྩོལ་བ་དང་། སོགས་པའི་སྒྲ་མ་འབྲེལ་པའི་འདྲ་བ་མཐོང་བ་ལ་སོགས་པ་སྟེ། དེ་དག་གིས་བསྐྱེད་པའི་དྲན་པ་ནི་གཞན་དུ་རྗེས་སུ་དཔག་པ་དང་
མི་མཐུན་པ་ཉིད་དུ་གྱུར་པ་ཡིན་པའི་ཕྱིར་ཏེ། སྐྱེས་པ་ཡིན་པའི་ཕྱིར་དེ་ཉིད་བརྗོད་པ་ནི། འདི་ནི་ཡུལ་འདི་ནི་ཡོད་པ་ཡིན་ནོ་ཞེས་ཡུལ་ལ་སོགས་པས་ཁྱད་པར་གྱུར་པའི་རྣམ་པར་གནས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྗེས་སུ་དཔག་པ་ནི་འདི་ལས་བཟློག་པ་ཡིན་ནོ་ཞེས་གསུངས་པ་ནི་ཡུལ་དུ་
བྱེད་ཅེས་གསུངས་ཏེ། ཁྱད་པར་ཅན་དྲན་པ་ཡིན་ནོ་ཞེས་རྗེས་སུ་འཇུག་གོ། །འདྲི་བའི་དྲན་པ་དེ་ག་ལས་ཡིན་སྙམ་ན། དེ་རྟེན་དང་ཞེས་གསུངས་སོ། །བསྒྲུབ་པར་བྱ་བ་དེ་དང་དེའི་རྟེན་དང་འབྲེལ་པའི་རྟགས་ལས་སོ། །འདི་ཉིད་འཆད་པ་ནི་ཆོས་ཅན་དང་དབང་བསྒྲུབ་བྱ་དང་ཞེས་བྱ་བའོ། །འབད་རྩོལ་ལ་
སོགས་པ་ལས་ནི་ཞེས་བྱ་བ་ནི་ཕྱེད་སྔ་མ་འཆད་པ་སྟེ། ནུས་པའི་དངོས་པོ་རྟོགས་པ་ནི་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ལྟར་ཞེས་གསུངས་སོ། །དེ་ཞེས་བྱ་བ་འབད་པར་རྩོལ་བས་ནའོ། །དེ་ནས་ཞེས་བྱ་བ་ནི་བཟུང་ཟིན་པ་འཛིན་པས་ནའོ། །འོ་ན་འདྲ་བར་མཐོང་བས་བསྐྱེད་པའི་དྲན་པ་ནི་ཚད་མ་ཡིན་
ནོ་ཞེས་དོགས་པ་འདྲ་བ་བཟུང་བ་ལས་ཞེས་གསུངས་སོ། །བ་མེན་ནི་བ་ལང་ཇི་ལྟ་བ་དེ་ལྟ་བུའོ་ཞེས་ཉེ་བར་བསྟན་པའི་ངག་ཐོས་པ་འབྲོག་ཏུ་བཟུང་ན། བ་ལང་དང་འདྲ་བའི་བ་མེན་མཐོང་བ་ལས་བ་མེན་འདི་དང་འདྲ་བ་ནི་བ་ལང་དེ་ཡིན་ནོ་ཞེས་རྟོགས་པ་ནི་ཉེ་བར་འཇལ་བའོ། །གལ་ཏེ་དེ་ལྟ་ན་ཡང་ཇི་ལྟར་ཚད་མ་མ་
ཡིན་སྙམ་ན་འདྲ་བ་ཉིད་ནི་ཞེས་གསུངས་སོ། །ཡུལ་དང་དུས་ཁྱད་པར་ཅན་ཞེས་བྱ་བ་ནི་བ་གླང་ངོ་། །ནམ་ཡང་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་པའི་ཕྱིར་ན་ཐམས་ཅད་དུ་ཞེས་བྱ་བར་ཡང་འགྱུར་རོ། །ཅིའི་ཕྱིར་ཏེ་ཡུལ་ལ་སོགས་པ་ཡང་མ་ངེས་ཤེ་ན། དུ་མ་ནི་ཞེས་གསུངས་ཏེ། ཟལ་པོ་དང་དཀར་པོ་
ཡུལ་ལ་སོགས་པ་རྣམས་སོ། །འདི་དང་འདྲ་བར་ལྐོག་ཏུ་གྱུར་པ་རྟོགས་པ་ནི་རང་གི་ངོ་བོས་ཀྱང་ངེས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་མི་འདྲ་བ་ནི་ཡུལ་ལ་སོགས་པ་ངེས་པ་ཡིན་ནོ་སྙམ་ན། གཞན་ནོ་ཞེས་གསུངས་ཏེ། བུམ་པ་དང་སྣམ་བུ་ལ་སོགས་པ་དུ་མའོ། །དེ་ལྟ་ན་ཡུལ་ལ་སོགས་པ་ཁྱད་པར་

སོ་སོར་ངེས་པ་ནི། འདྲ་བའམ་མི་འདྲ་བར་རྟོགས་པ་མ་ཡིན་པའི་གཏན་ཚིགས་དེའི་ཕྱིར་ན་འདྲ་བ་རྟོགས་པ་དེ་ནི་ཚད་མ་མ་ཡིན་ནོ། །ཇི་ལྟར་བ་མེན་ལ་ལྟོས་ནས་ནི་དུ་མ་འདྲ་བ་དང་ཇི་ལྟར་མི་འདྲ་བའི་ཤེས་པ་ཡུལ་ལ་སོགས་པའི་ཁྱད་པར་ཅན་ཉེ་བར་འཇོག་པར་བྱེད་པ་མ་ཡིན་པའི་ཕྱིར། ཚད་མ་མ་ཡིན་པ་དེ་བཞིན་
དུ་འདྲ་བའི་ཤེས་པ་ཡང་ངོ་། །མཐོང་བའི་བ་གླང་དེ་ཡང་འདི་དོན་བྱ་བ་དེ་བྱེད་པའམ། གཞན་གྱིས་འདྲ་བར་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་ཡིན་ཏེ། དེ་ལྟ་མ་ཡིན་ན་འཇུག་པ་མེད་པའི་ཕྱིར་ཞེས་གསུངས་པ་ནི་མཐོང་བཞིན་པའི་བ་མེན་དེ་དང་འདྲ་བ་སྔོན་མཐོང་བའི་བ་ལང་ངེས་པར་བྱ་བ་ནི་བ་མེན་ཞེས་བྱ་བ་ནི་
སྐབས་ཀྱིས་སོ། །དེའི་ཕྱིར་ན་མཐོང་བཞིན་པའི་བ་མེན་དོན་བྱ་བ་དེ་བྱེད་པ་དེ་ལ་གོམས་པའི་སྟོབས་ལས་བྱུང་བ་འདྲ་བ་འཛིན་པའི་མངོན་སུམ་ཚད་མ་ཉིད་དོ། །དེ་ལྟ་མ་ཡིན་པར་ཞེས་བྱ་བ་ནི་འདྲ་བ་འཛིན་པར་མེད་ནའོ། །ཚད་མ་ཡིན་ནོ་ཞེས་བྱ་བ་ནི་མངོན་སུམ་མ་ཡིན་པའོ། །འདིས་ནི་འདྲ་བ་འཛིན་
པའི་ཕྱིར་ན་རྗེས་སུ་དཔག་པ་མངོན་སུམ་དང་མཚུངས་པ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ་ཞེས་འཆད་པ་ནི་འབྲེལ་པ་ལས་ཀྱང་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་འདྲ་བ་འཛིན་པ་ཉིད་ལས་སོ། །གལ་ཏེ་ཡང་དེ་དང་འདྲ་བར་རང་གི་ངོ་བོས་མི་འཛིན་ཀྱང་དེ་དང་འབྲེལ་པ་ནི་རྟོག་པ་ཁོ་ནའོ་ཞེས་བརྗོད་པ་
ནི་འབྲལ་པ་ལས་ཀྱང་ཞེས་བྱ་བ་སྟེ། ཆོས་ཅན་དང་བསྒྲུབ་བྱ་ད