Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 185
Văn bản gốc(Tây Tạng)
Trang 10 / 23 (50.000 ký tự/trang)
བར་བའི་གཟུགས་ཅན་གྱིས་སོ། །འདི་ཉིད་བརྗོད་པ་ནི་དེ་ལ་ཚོགས་པ་གཅིག་ལ་ཞེས་བྱ་བའོ། །དེ་ཡང་ནི་དྲོ་བའི་རེག་པའོ། །དེ་མི་དམིགས་པ་ཉིད་ནི་ཞེས་ བྱ་བ་ནི་དྲོ་བའི་རེག་པ་དམིགས་པ་ཉིད་ནའོ། །གང་གི་ཕྱིར་དེ་ལྟར་སྤུ་ལངས་པ་མེད་པར་སྒྲུབ་པར་བྱེད་པའི་རྒྱུ་ངེས་ནའོ། །དྲོ་བའི་རེག་པ་གྲང་བ་མེད་པའི་རང་བཞིན་ཅན་བསྒྲུབ་པར་བྱ་བ་ལ་གཟུགས་ནི་འབྲས་བུའི་གཏན་ཚིགས་ཡིན་ལ། སྤུ་ལངས་པ་མེད་པའི་བསྒྲུབ་པར་བྱ་བ་ལ་གྲང་བ་མེད་པར་ནི་རྒྱུ་མི་ དམིགས་པ་ཡིན་ཏེ། དེ་གཉིས་སྤུ་ལངས་པ་མེད་པའི་མཚན་ཉིད་ཀྱི་བསྒྲུབ་པར་བྱ་བ་གཅིག་ལ་འཇུག་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་འགལ་བ་རྟགས་ཅན་གཞན་མ་ཡིན་པས་ནའོ། །གྲང་བའི་མེད་པའི་རང་བཞིན་ཅན་དྲོ་བའི་རེག་པ་ལ་ནི་གཟུགས་འབྲས་བུའི་གཏན་ཚིགས་ཡིན་ལ། དེའི་འབྲས་བུ་ མེད་པ་ལ་གྲང་བ་མེད་པ་རྒྱུ་མི་དམིགས་པ་ཡིན་ནོ་ཞེས་བརྗོད་པར་ནི་དེའི་ཕྱིར་དེ་ནི་ཞེས་བྱ་བའོ། །གང་ཡང་འབྲེལ་པ་འཛིན་པའི་མངོན་སུམ་རྗེས་སུ་དཔག་པ་ཉིད་ལས་རྗེས་སུ་དཔག་པར་གྲུབ་པ་ན། རྗེས་སུ་དཔག་པ་མེད་པར་ཟློག་པར་བྱེད་པ་དེ་ཡང་མི་འཐད་དེ། མངོན་སུམ་ལས་རྗེས་སུ་དཔག་པར་བྱ་བ་ཐ་དད་པར་ མེད་པ་ཡིན་ན། དེ་གྲུབ་ན་རྗེས་སུ་དཔག་པར་བྱ་བ་ཉིད་གྲུབ་པ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གལ་ཏེ་དེ་ལྟ་ན་ནི་ཞེས་བྱ་བ་ནས་རྗེས་སུ་དཔག་པར་དངོས་པོའི་ཡུལ་ཅན་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དམིགས་པ་ཡོད་ན་དེའི་ཚེ་མི་དམིགས་པ་མེད་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི། མི་དམིགས་པ་ ཉིད་ཅེས་བྱ་བའོ། །ཡིན་མོད་ཅེས་བྱ་བ་ནི་ལན་ནོ། །མི་དམིགས་པ་ཉིད་མེད་པ་ཡིན་པར་ཁས་ལེན་ན། མི་དམིགས་པ་ལས་མེད་པར་བསྒྲུབ་པོ་ཞེས་བྱ་བའི་ཕྱོགས་ཉམས་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་མེས་ཞེས་བྱ་བའོ། །མི་དམིགས་པ་ལས་མེད་པ་ཐ་དད་པ་མ་ཡིན་ན། གང་ཞིག་གང་གིས་སྒྲུབ་ ཅེས་ལན་འདེབས་པ་ནི་མེ་ཉིད་ཅེས་བྱ་བའོ། །འོན་ཏེ་ཡང་མེ་ཉིད་ནི་གྲང་བ་མེད་པ་མ་ཡིན་གྱི། འོན་ཀྱང་དེ་ལས་གཞན་ཡིན་ནོ་སྙམ་ན། དྲོ་བས་ཞེས་བྱ་བའོ། །མེ་གྲང་བ་མེད་པའི་རང་བཞིན་ཡིན་ན་ནི་རང་བཞིན་གྱི་གཏན་ཚིགས་ཉིད་དུ་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་ཞེས་བྱ་བའོ། །མི་དམིགས་པ་ནི་ཞེས་ བྱ་བ་ནི་ལན་ནོ། །ཇི་ལྟར་དམིགས་པ་ལས་མེད་པ་ཉིད་ཐ་མི་དད་པ་དེ་བཞིན་དུ་གཞན་དམིགས་པའི་རང་བཞིན་གྱི་མི་དམིགས་པ་ལས་ཀྱང་ཐ་མི་དད་དེ་དེས་ན་ཐ་སྙད་ལས་མི་རྟོགས་པའི་བསྒྲུབ་པར་བྱ་བ་ནི། མེད་དོ་གང་གི་ཕྱིར་གྲང་བ་མེད་པའི་ཐ་སྙད་བསྒྲུབ་པར་བྱ་བ་ལས་མེ་རང་བཞིན་གྱི་གཏན་ཚིགས་ ཡིན་པ་དེས་ན་འདི་ན་ཞེས་བྱ་བའོ། །གང་གི་ཕྱིར་ཇི་སྙེད་བསྒྲུབ་པར་བྱ་བ་ལས་མེ་རང་བཞིན་མི་དམིགས་པ་ཉིད་དངོས་པོ་མེད་པར་བསྒྲུབ་པར་བྱ་བ་ཡིན་པ་དེའི་ཕྱིར་མི་དམིགས་པ་ཞེས་བྱ་བ་རང་སྒྲས་བརྗོད་ན་ཡང་ངོ་། །ཡང་གི་སྒྲས་ནི་འགལ་བ་དམིགས་པར་རང་གི་སྒྲ་མ་ཡིན་པས་བརྗོད་པ་ཡང་ངོ་། །ཁ་ ཅིག་ན་རེ་ཡང་སྒྲ་ནི་མ་བརྗོད་ན་ཡང་ཞེས་བྱ་བ་ཡིན་ནོ་ཞེའོ། །བཤད་པར་ནི་འགལ་བའི་སྐབས་ཡིན་པའི་ཕྱིར་རང་གི་སྒྲ་ནི་དེའི་སྒྲ་ལ་བྱའོ་ཞེའོ། །རྒོལ་བ་གང་ལ་གཞན་དམིགས་པའི་རང་བཞིན་མ་དམིགས་པ་མངོན་སུམ་མམ་རྗེས་སུ་དཔག་པ་ལས་གྲུབ་པ་ནི་མེད་པའི་ཐ་སྙད་སྒྲུབ་པའི་ཚད་མར་མི་ འདོད་ཀྱི། འོན་ཀྱང་དངོས་པོ་རྣམས་ཀྱི་མེད་པ་ཉིད་འགའ་ཞིག་ལས་བསྒྲུབ་པར་བྱ་བར་འདོད་པ་དེས་ན་དགག་པ་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི། གང་ལ་ཞེས་བྱ་བའོ། །རྣམ་ཀུན་ཞེས་བྱ་བ་ནི་འགལ་བ་ཉེ་བར་བསྟན་པའམ། ཚད་མ་གཞན་གྱིས་ཀྱང་རུང་བའི་ཕྱིར་རོ། །ད་ནི་ཕྱེད་ཕྱི་མ་འཆད་ དེ་གང་ལ་དེ་ཞེས་བྱ་བའོ། །གལ་ཏེ་རྣམ་པ་གཞན་དུ་ཡང་དགག་པ་རྟོགས་པ་ཡིན་ནོ་ཞེ་ན། དཔག་པ་ལ་ནི་ཞེས་བྱ་བའོ། །དེས་ནི་ཞེས་བྱ་བ་ནི་འགལ་བ་དམིགས་པ་ཉེ་བར་བསྟན་པའི་ཚུལ་གྱིས་སོ། །དགག་པར་བྱ་བ་དེ་དང་འགལ་བ་མེད་པ་ལ་སོགས་པའི་དོན་དེའི་འབྲས་བུ་དུ་བ་དེ་བརྗོད་པ་ཡང་ བཤད་པ་ཡིན་ནོ། །འོ་ན་འགལ་བ་དམིགས་པ་ལ་སོགས་པའི་དབྱེ་བ་ཇི་ལྟ་ཞེ་ན་སྦྱོར་བ་ཉིད་ཅེས་གསུངས་སོ། །འོ་ན་རང་བཞིན་མི་དམིགས་པའི་ནང་དུ་ཇི་ལྟར་འདུ་ཤེས་ན། ཐམས་ཅད་དུ་ནི་ཞེས་གསུངས་ཏེ་རང་བཞིན་འགལ་ལ་སོགས་པ་དམིགས་པར་རོ། །གང་གི་ཕྱིར་དོན་དེ་རང་བཞིན་མི་དམིགས་པའི་ ངོ་བོ་ཉིད་དང་། བསྒྲུབ་པར་བྱ་བས་གྱུར་པ་ཐ་སྙད་ཀྱི་ངོ་བོ་ཉིད་ཐ་དད་པ་མེད་པ་དེས་ན་ཁོངས་སུ་འདུས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལ་ཡང་ཞེས་བྱ་བ་ན་འགལ་བའི་འབྲེལ་ལ་ཡང་ངོ་། །ཇི་ལྟར་རྗེས་སུ་དཔག་པ་ཡིན་ཞེས་དོགས་པ་བསུ་བ་ན། དེས་ནི་འདི་ལྟར་ཡིན་ནོ་ཞེས་བརྗོད་པ་ནི་འདི་ ལྟར་ཞེས་བྱ་བའོ། །སྔར་བཤད་ཚུལ་གྱིས་ཞེས་བྱ་བ་ནི་དྲོ་བའི་རེག་པ་ནི་གྲང་བ་མི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་དུ་ཞེས་བྱ་བ་ནི་འགལ་བའི་སྟེ་དྲོ་བའི་རེག་པ་མེད་པའི་རང་བཞིན་མ་ཡིན་ན་དེའི་ཚེ་གྲང་བ་མེད་པ་མི་འགྲུབ་པ་ཞིག་ན་འགྲུབ་པ་ཡང་ཡིན་ཏེ། དེས་ན་འགལ་བའི་འབྲས་བུ་ དམིགས་པ་དེར་ཡང་བརྒྱུད་པ་ཁོ་ནས་གྲང་བ་ལ་སོགས་པ་མེད་པར་འགྲུབ་པ་ཡིན་ནོ། །དུ་བ་ལས་ཞེས་བྱ་བ་ནི་འཆད་པའོ། །དུ་བ་ལས་རབ་ཏུ་འགྲུབ་པ་གྲང་བའི་རེག་པ་མེད་པའི་རང་བཞིན་ཅན་མེ་ལས་དེ་མེད་པའི་ཐ་སྙད་འགྲུབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཐམས་ཅད་ལ་དོན་ཐ་མི་དད་པ་ དེས་ནའོ། །ཇི་ལྟར་བརྗོད་པའི་མི་དམིགས་པ་དང་བྲལ་བའི་སྦྱོར་བ་ལ་ནི་མེད་པ་འགྲུབ་པ་མེད་དོ་ཞེས་བརྗོད་པ་ནི་འགལ་བ་དང་ཞེས་བྱ་བ་སྟེ། འགལ་བ་མ་གྲུབ་པར་དགག་པ་བསྒྲུབ་པར་བྱ་བ་ལ་ཚད་མར་སྨྲ་བ་གང་ཡིན་པ་དེ་ནི་རིགས་པའི་རྗེས་སུ་འབྲང་བ་ཅན་མ་ཡིན་ནོ། །འགལ་བ་དེ་ཡང་ཐམས་ཅད་མཁྱེན་ པ་མ་ཡིན་པ་ཉིད་ལ་སོགས་པའི་ཐབས་དང་འདི་ལྷན་ཅིག་ཏུ་འཇུག་པས་ཐབས་དང་བཅས་པར་བཀག་པར་ཏེ་བསྟན་པ་མེད་པར་རོ། །དངོས་སུ་འགལ་བ་མེད་པའི་ཕྱིར་ན་དེའི་རྒྱུའི་སྒོ་ནས་ཚིག་དགག་པར་བྱ་བ་དང་འགལ་བ་མ་བསྟན་པ་དགག་པ་བརྗོད་པ་ནི་མི་འཐད་དོ་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བརྗོད་པའི་མི་ དམིགས་པ་དང་བྲལ་བའི་སྦྱོར་བའི་དཔེ་བརྗོད་པ་ནི་སྨྲ་བ་ནི་ཚིག་གོ། །དེ་ལ་སོགས་པ་འཆི་བའི་སེམས་ཉིད་ལ་སོགས་པ་གང་ཡིན་པ་དེས་ཀུན་མཁྱེན་དང་། འཇིག་རྟེན་གཞན་ཞེས་བྱ་བ་མཚམས་སྦྱོར་བ་ལ་སོགས་པ་འགོག་པའོ། །དེ་ཡང་རྣམ་པ་གཞན་མི་སྲིད་པའི་ཕྱིར་ན་འགལ་བ་སྒྲུབ་པ་ལས་འགྱུར་ གྲང་ན། སྨྲ་བ་ཉིད་ལ་སོགས་པ་ཡོད་ན་ཐམས་ཅད་མཁྱེན་པ་ཉིད་ལ་སོགས་པ་མེད་པའམ་སྤངས་པས་གནས་པར་རྟོགས་པ་ཡང་ཡོད་པ་མ་ཡིན་ཏེ་དབང་པོ་ལས་འདས་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དབང་པོ་ལས་འདས་ཞེས་བྱའོ། །སྐད་ཅིག་མ་མ་ཡིན་པ་ཉིད་ནི་སྔོན་པོ་ལ་སོགས་པའི་རང་བཞིན་དུ་སྒྲོ་ བཏགས་པས་ན། བལྟར་རུང་བ་ཡིན་པའི་སྐད་ཅིག་སྨྲ་བ་ཉིད་རང་འགལ་བ་ཁོ་ནའོ་ཞེས་དོགས་པའོ། །ཚིག་ནི་ཐམས་ཅད་རིག་པ་དང་འགལ་བ་མ་ཡིན་ཏེ། དེས་ན་དེ་བསྒྲུབ་པས་ནི་དེ་མེད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། སྨྲ་བ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལས་འདས་ཞེས་གསུངས་སོ། ། འབྲས་བུས་རྒྱུ་མེད་པར་གོ་བར་བྱེད་པ་ཡང་མི་འཐད་དོ་ཞེས་བརྗོད་པ་ནི་ཚིག་ནི་ཞེས་བྱ་བའོ། །དེ་མེད་པར་ནི་ཤེས་པ་མེད་པའོ། །གལ་ཏེ་ཤེས་པ་ཙམ་དང་ནི་མི་འགལ་གྱི། འོན་ཀྱང་ཐམས་ཅད་ཤེས་པ་དང་ངོ་ཞེས་དོགས་པ་ནི་ཐམས་ཅད་ཤེས་པ་ཞེས་བྱ་བའོ། །འགལ་བ་འཛིན་པའི་ཚད་མ་འགའ་ ཡང་མེད་དོ་ཞེས་ལན་བརྗོད་པ་ནི་གང་གིས་ཞེས་བྱ་བའོ། །གལ་ཏེ་ཉོན་མོངས་པ་དང་ལམ་ཤིན་ཏུ་འགལ་བ་ཡིན་ཏེ། ལམ་ཡོད་པ་དེ་འོག་ནས་འོག་ཏུ་འགྲིབ་པའི་ཕྱིར་རོ། །དེ་བཞིན་དུ་རིགས་པ་དང་ཚིག་དག་ཀྱང་བརྟག་པར་བྱ་བ་ཡིན་ནོ་ཞེས་བྱ་བར་ནི་མི་འཐད་དེ། རིགས་པ་འཕེལ་ན་ཚིག་འཕེལ་ བས་ཕྱིན་ཅི་ལོག་ཏུ་འགྲུབ་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལ་ལེགས་པ་ཅི་ཡོད་སྙམ་ན། ཐམས་ཅད་ཤེས་པ་ལ་ཞེས་གསུངས་སོ། །དེ་ལྟར་ཡིན་པ་ཁོ་ནའོ་ཞེ་ན། དེ་ལྟར་ནི་ཞེས་གསུངས་སོ། །ཚིག་ནི་རིགས་པའི་རྒྱུ་ཅན་ཡིན་ཏེ། དེས་འཕེལ་ན་འཕེལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། ། གལ་ཏེ་ཐམས་ཅད་རིགས་པ་དང་ཚིག་གཉིས་ལྷན་ཅིག་འཇུག་པ་མ་མཐོང་བའི་ཕྱིར་དེ་དང་སྨྲ་བ་འགལ་བ་ཡིན་ནོ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ཡིན་ན་ཚིག་ལས་ཐམས་ཅད་རྨོངས་པ་ཉིད་དུ་རྗེས་སུ་དཔོག་པར་ཐལ་ལོ་ཞེས་ལན་འདེབས་པ་ནི་སྨྲ་བས་སོ་ཞེས་བྱ་བའོ། །མཁས་པ་མཐོང་ བས་དེ་རྗེས་སུ་དཔོག་པ་ལ་གནོད་དོ་ཞེས་དོགས་པ་ནི་སྨྲ་བའོ་ཞེས་བྱ་བའོ། །ལན་ནི་དེ་ཡང་ཞེས་བྱ་བ་སྟེ་ཐམས་ཅད་རིག་པ་ཡང་ངོ་། །གལ་ཏེ་ད་ལྟ་ཐམས་ཅད་རིག་པ་དང་སྨྲ་བ་གཉིས་ལྷན་ཅིག་རིགས་པ་མེད་པའི་ཕྱིར་ན་ཕྱིས་ཅི་སྟེ་མི་འགལ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །འགལ་བའི་སྒྲུབ་བྱེད་དེ་ འཕེལ་ན་འགྲིབ་པ་ཉིད་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་འདྲ་བ་མི་དམིགས་པའི་ཁྱད་པར་ཅན་གྱི་སྨྲ་བ་པོ་ཉིད་ནི་གྲང་བ་མ་དམིགས་པའི་ཁྱད་པར་ཅན་གྱི་དྲོ་བའི་རེག་པ་བཞིན་དུ་འགལ་བ་ཁོ་ན་མ་ཡིན་ནམ་ཞེས་དོགས་པ་བསུ་བ་ནི་དེ་འདྲ་བ་མི་དམིགས་ཕྱིར་ཞེ་ན་ཞེས་བྱ་བའོ། །འོ་ན་མི་དམིགས་ པ་དེ་ཉིད་ཐམས་ཅད་རིགས་པ་མེད་པར་གྲུབ་པ་ལ་བརྗོད་པར་བྱ་བའི་དེའི་ཁྱད་པར་ཅན་གྱི་སྨྲ་བ་ཉིད་ཀྱིས་ཅི་ཞིག་བྱ། རེ་ཞིག་ཕྱེད་སྔ་མ་འཆད་པ་ནི་དཔེར་ན་ཞེས་བྱ་བའོ། །དེ་མེད་ཀྱང་ནི་རྨོངས་པ་ཉིད་མེད་ཀྱང་ངོ་། །གང་གི་ཚེ་ཞེ་ན་མཁས་པའི་དུས་སུའོ། །དེ་བཞིན་དུ་གལ་ཏེ་ ཞེས་བྱ་བ་ནི་གནས་སུ་ཡང་ཁྱད་པར་དུ་གྱུར་ན་ཞེས་འབྲེལ་ཏོ། །དེའི་ཚེ་ཅི་འགལ་ཏེ་ཅི་ཡང་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་འཕེལ་བ་དང་ནི་མི་འགལ་མོད་ཀྱི་འོན་ཀྱང་ཐམས་ཅད་རིག་པ་དང་འགལ་བ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་ཤིན་ཏུ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། ། ད་ནི་ཕྱེད་ཕྱི་མ་འཆད་དེ། དེ་ལྟ་བུའི་ཞེས་བྱ་བའོ། །སྣང་བ་མི་དམིགས་པ་ཁོ་ན་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་སྙམ་ན། མི་དམིགས་པ་ནི་དེ་ལྟ་བུ་ཞེས་བྱ་བ་གསུངས་ཏེ། བལྟར་རུང་བའི་ཁྱད་པར་དང་བྲལ་བའོ། །གལ་ཏེ་མི་དམིགས་པ་ཙམ་ལས་མེད་པར་མི་ངེས་ན་འོ་ན་ཡོད་པར་ ངེས་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་དེའི་ཕྱིར་ཞེས་གསུངས་སོ། །རེས་འགའ་ལྐོག་ཏུ་གྱུར་པ་ནི་ཚད་མ་དག་གིས་ཡོད་པའམ། མེད་པར་ངེས་པ་ཡིན་ནོ། །དབང་པོ་ནི་རྟག་ཏུ་ལྐོག་ཏུ་གྱུར་པ་ཡིན་ཡང་དོན་གྱིས་གོ་བས་རྟོགས་པ་ཡིན་ན་ཐམས་ཅད་མཁྱེན་པ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་ གཞན་གྱིས་ཁས་བླངས་པ་ཡིན་ནོ། །དེ་ལྟར་འགལ་བ་མ་བསྒྲུབས་པར་དགག་པ་བརྗོད་པའི་རིགས་པའི་རྗེས་སུ་འབྲང་བ་ཅན་མ་ཡིན་ནོ་ཞེས་བྱ་བ་བཤད་པ་ནས། དེ་ནི་ཐབས་བཅས་པར་ཞེས་བྱ་བར་བཤད་པའི་དོན་དུ་ཐམས་ཅད་རིག་པ་གསལ་བར་དོན་ཐམས་ཅད་མཐོང་བ་ནི་རྣམ་པར་རྟོག་པ་དང་འགལ་བ་ ཡིན་ལ་དེའི་འབྲས་བུ་ཚིག་དང་ཡང་འགལ་བ་ཡིན་ཏེ། དེས་ན་སྨྲ་བ་ཉིད་ནི་འགལ་བའི་འབྲས་བུ་ཡིན་ཏེ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཡང་ཞེས་བྱ་བའོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་གསལ་བར་རོ། །འོ་ན་ཚིག་ཇི་ལྟར་འབྱུང་བ་ཡིན་ཞེ་ན། སྔ་མ་དང་ཞེས་བྱ་བའོ། །སྨྲ་བ་པོ་གཞན་བཞིན་དུ་ཐམས་ ཅད་མཁྱེན་པ་ཡང་རྟོགས་པས་འཇུག་པ་ཡིན་ཏེ། མ་བརྟགས་མ་དཔྱད་པར་ནི་ཚིག་མི་སྨྲ་བའོ་ཞེས་ལུང་ལས་གསུངས་པའི་ཕྱིར་རོ། །ཡང་ན་དེ་མེད་ཀྱང་སྔོན་གྱི་བརྗོད་པར་འདོད་པའི་འཕེན་ཤུགས་ཡོད་པ་དེས་ན་གཅིག་མི་སྲིད་པར་ཇི་ལྟར་འགྱུར་ཞེས་བྱ་བ་གཉིས་པོ་འདི་ལྷན་ཅིག་བརྗོད་པས་ཚིགས་སུ་བཅད་ པ་གཅིག་གིས་བརྗོད་པས་ནི་དོན་ཀུན་ཞེས་བྱ་བའོ། །བརྗོད་འཇུག་པར་གྱུར་ཏེ། གོམས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཕྱོགས་དང་པོ་ལའོ། །སྔོན་གྱི་དུས་ན་ཡོད་པའི་བརྗོད་པར་འདོད་པ་གོམས་པ་ལས་བརྗོད་འཇུག་པ་ཞེས་བྱ་བ་ནི་ཕྱོགས་གཉིས་པ་ལའོ། །དེའི་ཕྱིར་ཐམས་ཅད་མཁྱེན་པ་དེ་ལ་རྣམ་པ་གཉིས་ཀ་ལྟར་ ཡང་ཚིག་མེད་པར་ཇི་ལྟར་འགྱུར། གལ་ཏེ་མཐོང་བའི་དུས་ན་རྣམ་པར་རྟོག་པ་མེད་པའི་ཕྱིར་ཇི་ལྟར་སྨྲ་སྙམ་ན་བསྒོམས་སྟོབས་ལ་ཞེས་བྱ་བའོ། །བསྒོམས་པའི་སྟོབས་ལ་བརྟེན་ནས་དོན་དཔག་ཏུ་མེད་པའི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་གང་ཡིན་པ་དེ་དང་དུས་མཚུངས་བརྗོད་པར་འདོད་པ་མི་འབྱུང་ བ་ནི་མ་ཡིན་ཏེ། འདི་ག་ལས་སྙམ་ན། ཉེ་བར་གནས་པའི་ཞེས་གསུངས་སོ། །ཅི་དེ་ལྟར་འགའ་ཞིག་ཏུ་མཐོང་བ་སྙམ་དུ་དོགས་པ་བསུ་ནས་འདིར་མཐོང་བ་ཁོ་ནའོ་ཞེས་བརྗོད་པ་ནི། ཡིད་གཞན་དུ་ཞེས་བྱ་བའོ། །མཐོང་བ་གཞན་ཡང་བརྗོད་པ་ནི་སྔར་གོམས་པ་ཞེས་བྱ་བའོ། །ཉེ་ བར་གནས་པ་ལ་ཞེས་བྱ་བ་ནི་སྔོན་ལ་མཐོང་བ་དང་པོ་ཉིད་ཉེ་བར་གནས་པ་ལ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདིས་འདི་གསལ་བ་ཡིན་ཞེ་ན། འགལ་ཏེ་ཞེས་བྱ་བའོ། །གཞན་གྱི་འགལ་བ་གཞན་ཏེ་དཔེར་ན་གྲང་བ་དང་མེ་བཞིན་ནོ། །གཞན་གྱིས་ཐ་མི་དད་པར་སྒྲོ་བཏགས་པའི་འགལ་བ་ཡང་འགལ་བ་ ཡིན་ནོ་ཞེས་བརྗོད་པ་ནི་ཐ་མི་དད་ལ་ཞེས་བྱ་བའོ། །འགལ་བ་གཉིས་པོ་འདི་ཉིད་ཁྱད་པར་གྱི་མཐར་ཐུག་པར་བྱེད་པ་ནི་ཁ་བ་མེད་ལ་ཞེས་བྱ་བ་སྟེ་གྲང་བ་མེད་པའོ། །དེ་དང་ཐ་མི་དད་པར་ཁས་བླངས་པའི་སྐྱེ་བ་ལ་ཡོད་པ་ཉིད་གནོད་པར་བྱེད་པ་ཡིན་པ་བཞིན་ནོ། །ཅི་ཐ་དད་པ་མེད་པ་ལ་ལྷན་ཅིག་མི་ གནས་པའི་མཚན་ཉིད་ཀྱི་འགལ་བ་ཡོད་ན་ཞེས་དོགས་ན་ཡོད་པ་དང་ཞེས་གསུངས་ཏེ། ཡོད་པ་དང་སྐྱེ་བ་དག་ནི་འགལ་བ་ཡིན་ནོ་ཞེས་འབྲེལ་ཏོ། །རྣམ་པ་ཅི་འདྲ་བར་ཞེ་ན་ཕན་ཚུན་ཞེན་པ་གསུངས་སོ། །ཐ་དད་པ་མེད་པ་ནི་ཡོད་པ་དང་སྐྱེ་བ་དང་ཁས་བླངས་པའི་ཡུལ་ཡིན་ནོ། །གཞན་གྱིས་ ཁས་བླངས་པ་དེ་ཉིད་སྟོན་པ་ནི་སྐྱེ་བ་ནི་ཞེས་བྱ་བའོ། །ཡོད་པ་དང་སྐྱེ་བ་དག་ནི་འགལ་བ་ཡང་ཡིན་ནོ། །འགལ་བ་ཉིད་བརྗོད་པ་ནི་ཡོད་པ་ཉིད་ནི་ཞེས་བྱ་བའོ། །ཐ་དད་པ་ལ་འགལ་བ་ཉིད་མེད་པར་དོགས་པ་བསུ་བ་ནི་ཐ་དད་པ་མེད་པ་དག་ཅེས་བྱ་བའོ། །གཞན་གྱིས་ཞེས་བྱ་བ་ནི་ལན་ཏེ་གྲངས་ཅན་གྱིས་ སོ། །འགལ་བའི་རང་བཞིན་མ་རྟོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །བཟློག་པར་བྱ་བ་ནི་ལན་ནོ། །འགལ་བའི་རང་བཞིན་འདི་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །འབྱུང་བ་ཞེས་བྱ་བ་ནི་རྒྱུན་གྱིས་འཇུག་པའོ། །མེད་པར་འགྱུར་བ་ནི་དེའི་ཚེ་དེ་གཉིས་བཟློག་པར་བྱ་ བ་དང་ཟློག་པར་བྱེད་པ་ཡིན་པའི་མཚན་ཉིད་ཀྱི་འགལ་བ་དེ་མཐོང་བར་འགྱུར་རོ། །གང་ལ་ཞེ་ན་མེ་དང་གྲང་བའི་བདག་ཉིད་ལའོ། །རེ་ཞིག་འགལ་ན་འདི་ཉིད་རྣམ་པར་སྤྱོད་པ་ནི་གལ་ཏེ་ཞེས་བྱ་བའོ། །སྐད་ཅིག་མའི་ཕྱོགས་ལ་ཡང་གཞན་གྱིས་གཞན་འཇིག་པ་མ་ཡིན་པ་ཞེས་བརྗོད་པ་ནི་སྐད་ ནི་ཞེས་བྱ་བའོ། །མ་སྐྱེས་པ་ལ་འཇིག་པ་ཇི་ལྟར་མི་འཐད་སྙམ་ན་མ་སྐྱེས་པ་ནི་ཞེས་བྱ་བའོ། །འོ་ན་སྐྱེས་པ་ལ་ཡང་དེ་ཅི་ལྟར་མི་འཐད་སྙམ་ན་སྐྱེས་པ་ཡང་ཞེས་གསུངས་སོ། །འོ་ན་གཞན་གྱིས་དུས་གཞན་དུ་འཇིག་པར་བྱེད་དོ་སྙམ་དུ་གཞན་གྱིས་དུས་སུ་ནི་ཞེས་གསུངས་སོ། །དེ་ལས་ཞེས་བྱ་བ་ ནི་སྐད་ཅིག་ལའོ། །འོ་ན་རྒྱུན་གཞན་མེད་མོད། འོན་ཀྱང་སྐད་ཅིག་ཡོད་པ་ཡིན་ལ་དེའི་འཇིག་པ་ཡང་སྐད་ཅིག་བརྒྱུད་པ་ཕྱི་མའི་གེགས་བྱས་པ་ལས་གཞན་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཕྱི་མའི་ཞེས་བྱ་བའོ། །རྒྱུ་ཡོད་པ་དང་མེད་པའི་ཕྱོགས་དག་ལ་རྒྱུན་གཞན་གྱིས་གེགས་བྱེད་པ་མ་ ཡིན་ནོ་ཞེས་ལན་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །སྐད་ཅིག་བརྒྱུད་པ་ཕྱི་མའི་རྒྱུ་ཡོད་ནའོ། །རྒྱུ་མེད་པ་ལ་ནི་འབྲས་བུ་མ་སྐྱེས་པ་འགལ་བས་བྱས་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་སྟེ་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །གལ་ཏེ་རྒྱུ་ཡོད་པའམ། མེད་པ་ལ་ཡང་འགལ་བས་འབྲས་བུ་བཟློག་པར་ མི་ནུས་ན། འོ་ན་འགལ་བས་རྒྱུ་མ་ཚང་བར་བྱས་པའི་སྒོ་ནས་འབྲས་བུ་འགོག་པར་བྱེད་པ་ཡིན་ནོ་ཞེས་དོགས་པ་ནི། ཅི་སྟེ་འགལ་བས་ཞེས་བྱ་བའོ། །རྒྱུ་མེད་པས་ནི་འགལ་བས་མ་ཚང་བར་བྱེད་སྲིད་དེ་རང་ཉིད་ཁོ་ན་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གལ་ཏེ་མེད་པ་ཞེས་བྱའོ། །རང་གི་ངོ་བོས་ཡོད་པ་ལ་ འགལ་བས་ཕྱིན་ཅི་ལོག་ཏུ་བྱ་བར་མི་ནུས་སོ་ཞེས་བརྗོད་པ་ནི། རང་གི་ངོ་བོས་ཞེས་བྱ་བའོ། །ཇི་ལྟར་བྱེད་དེ་མི་བྱེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །རྒྱུ་མ་ཚང་བ་མེད་པར་ཡོད་ན་རྒྱུ་ཡང་སུ་དང་ཡང་འགལ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་གལ་ཏེ་དེ་ལ་ཞེས་བྱ་སྟེ་རྒྱུ་ལའོ། །དེ་ནི་རྒྱུའོ། །གང་གིས་ འབྲས་བུ་ལྡོག་པར་འགྱུར་བ་ཅི་སྟེ་དེ་མེད་པར་འགྱུར། དེ་མེད་ན་ཡང་འགལ་བ་ཅི་ཡང་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། འོན་ཏེ་མ་ཚང་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་རྒྱུའི་བདག་ཉིད་དོ། །དེ་མ་ཐག་པའི་ཚིག་ལེའུར་བྱས་པའི་ཕྱེད་སྔ་མ་འཆད་པ་ནི་མ་ཚང་བ་ཞེས་བྱ་བའོ། །ཕྱེད་ཕྱི་མ་འཆད་པ་ནི་ དེའི་རྒྱུ་ཞེས་བྱ་བའོ། །དེའི་ཕྱིར་རྣམ་པར་དཔྱད་ན་ནི་འགལ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཏོ། །བསྡད་ནས་བྱེད་པའི་རྒྱུ་དང་འབྲས་བུའི་ཁྱད་པར་ཉིད་འགལ་བ་ཡིན་ནོ་ཞེས་ལན་འདེབས་པ་ནི། མེ་ནི་ཞེས་བྱ་བའོ། །གང་ལ་ལྷན་ཅིག་བྱེད་པ་མེད་པའི་གྲང་བ་དེས་ནི་གྲང་བ་གཞན་སྐྱེད་དེ། ལྷན་ཅིག་ བྱེད་པ་མེད་པའི་གྲང་བ་ནི་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལྷན་ཅིག་བྱེད་དང་ཞེས་བྱ་བ་ནི་མེ་དང་ངོ་། །དེ་ནི་ཞེས་བྱ་བ་གྲང་བའོ། །ཕྱེད་ཕྱི་མ་ཉིད་རྣམ་པར་འབྲེལ་པ་ནི་གྲང་བའི་ཞེས་བྱ་བའོ། །གྲང་བའི་རེག་པ་སྔ་མ་ནི་མེའི་ལྷན་ཅིག་བྱེད་པ་ཉིད་ཀྱི་ཕྱིར་ཅི་སྲིད་དུ་གཞན་པ་དང་ཆེས་གཞན་པ་ལ་སོགས་ པའི་གྲང་བའི་རེག་པ་ནས་སྐྱེད་པར་བྱེད་པ་ནས་གྲང་བའི་རེག་པ་གཞན་སྐྱེད་པར་བྱེད་པ་མ་ཡིན་པ་དེ་སྲིད་ཀྱི་བར་དུ་འགྱུར་རོ་ཞེས་ཇི་སྲིད་གོང་དུ་བཏོན་ལ་དེ་སྲིད་ཀྱང་ཁོང་ནས་ཕྱུང་སྟེ་སྦྱར་བར་བྱ་བའོ། །དེ་ལྟ་ན་ཡང་གང་གིས་འགལ་བར་འགྱུར་བ་གྲང་བའི་ཟློག་པར་བྱེད་པ་ཇི་ལྟར་ཡིན་ཞེ་ན། དེ་ཞེས་སྨོས་ཏེ་སྐྱེད་བྱེད་མ་ཡིན་ པའི་གྲང་བའི་རེག་པའོ། །གཞན་ཡང་ཞེས་བྱ་བ་ནི་གྲང་བའི་རེག་པའོ། །གལ་ཏེ་དེའི་རྒྱུ་ནུས་པ་མེད་པས་སྐྱེད་པ་ལས་སྐྱེད་བྱེད་ཉིད་ཡིན་པའི་ཕྱིར་ཇི་ལྟར་ལྡོག་པར་བྱེད་པ་ཡིན་ཞེ་ན། དེས་བྱས་པ་ཞེས་སྨོས་ཏེ། མེ་དེས་བྱེད་པ་གྲང་བའི་རེག་པའི་དེའི་རྒྱུ་ནུས་པ་ལ་མེད་པ་སྐྱེ་བ་ཞེས་བྱ་བས་སོ། །དེ་ལ་ཞེས་བྱ་བ་ནུས་པ་ མེད་པའི་སྐད་ཅིག་ལས་སོ། །ཇི་ལྟ་བུར་གྱུར་པ་སྐྱེ་བ་མེད་པ་ཞེ་ན་སྔ་ན་མེད་པའི་མཚན་ཉིད་གང་ལ་ཡོད་པ་དེ་སྟེ་མྱུ་གུ་སྐྱེ་བ་མེད་པ་བཞིན་ནོ། །གལ་ཏེ་ཕྱི་མའི་སྐད་ཅིག་ལྡོག་པ་ཉིད་དེས་བྱས་པར་ཅི་ཁས་མི་ལེན་ཞེ་ན། རྒྱུའི་བྱེད་པ་ནི་ཞེས་བྱ་བའོ། །དེའི་ཕྱིར་ནུས་པ་མེད་པའི་སྐད་ཅིག་སྐྱེ་བས་མེ་གྲང་བའི་ཟློག་པར་ བྱེད་པ་ཡིན་ཏེ། གཞན་དུ་ནི་མི་འཐད་པའི་ཕྱིར་རོ་ཞེས་གནས་སོ། །ཡང་ན་སྲོད་པ་མེད་པར་དེའི་ཁྱད་པར་འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི་གྲང་བའི་ཞེས་བྱ་བའོ། །གང་གིས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སོ། །གལ་ཏེ་རང་གི་ངོ་བོ་དེ་མེ་ཉེ་བ་ཁོ་ན་ཡིན་གྱི་གཞན་གྱི་ཚེ་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཞེ་ན། དངོས་པོ་ རྣམས་ཀྱི་ནུས་པ་ནི་ཞེས་བྱ་བའོ། །འགལ་བ་དག་ཚོགས་པ་མི་སྲིད་པར་དོགས་པ་ནི་འགལ་བ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ལན་ཏེ། གཅིག་ལ་ཚིག་པ་ཉིད་དུ་གྱུར་པ་ཡིན་ནའོ། །གཞན་དུ་ནི་ཞེས་བྱ་བ་ནི་ཚོགས་པ་ཡིན་པར་རོ། །སྡོད་པའི་ཕྱོགས་ལ་ནི་མེ་དང་གྲང་བ་སྐད་ཅིག་དང་ པོར་ཚོགས་པ་གཉིས་མི་འགལ་ལོ་ཞེས་བརྗོད་པ་ནི་སྐད་ཅིག་ཅེས་བྱ་བའོ། །ཇི་ལྟར་འདི་གཉིས་དེའི་ཚེ་མི་འགལ་བ་ངེས་ཤེ་ན་མེ་ཞེས་བྱ་བའོ། །ཤིན་ཏུ་གསལ་བའི་སྣང་བ་དང་མི་ཉེ་བས་མུན་པ་དང་ཁ་བ་དག་འཇིག་པ་ཁོ་ནར་བྱེད་དོ་ཞེས་དོགས་པ་ནི་ཤིན་ཏུ་གསལ་བའི་ཞེས་བྱ་བའོ། །དེ་ཉིད་ལ་ཞེས་བྱ་བ་ནི་ སྣང་བ་ཚོགས་པའི་དུས་པ་ཉིད་ལའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་དགག་པའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཡང་ཞེས་བྱ་བ་ཤིན་ཏུ་གསལ་བའི་སྣང་བ་ཡོད་པ་ལ་ཡང་ངོ་། །གསལ་བའི་དེའི་རྒྱུ་དང་ལྷན་ཅིག་པའི་མུན་པ་ནིའོ། །ཤིན་ཏུ་གསལ་བའི་མེ་དང་སྣང་བ་ཉེ་བ་ན་ནི་དེ་འདྲ་བའི་རྒྱུ་དང་ལྷན་ཅིག་པ་ ནི་མུན་པ་དང་ཁ་བའི་རྒྱུ་ཉིད་མ་ཡིན་ནོ། །སྐྱེས་ཟིན་པ་སེལ་བ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྱེས་ཟིན་པ་ཉིད་བཟློག་པ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། དེ་ཉིད་ཅེས་བྱ་བ་སྟེ། སྣང་བའི་རྒྱུ་དང་ལྷན་ཅིག་པ་གང་ཡིན་པའོ། །ལན་ནི་དེ་ཉིད་ཞིག་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྣང་བའི་རྒྱུ་དང་ལྷན་ཅིག་ པའི་མུན་པ་དེ་ནིའོ། །སྐྱེས་ཀྱང་དེ་ཉིད་མི་འཛིན་པ་དེ་ལྟར་ཞེ་ན། རང་བཞིན་གང་གིས་ཞེས་གསུངས་སོ། །སྣང་བའི་ཡུལ་ཅན་ནི་མ་སྐྱེས་པ་ཉིད་ཀྱིས་འཇིག་པ་མ་ཡིན་ནོ་ཞེས་གསུངས་པ་ནི། རང་བཞིན་གང་དུ་ཞེས་བྱ་བའོ། །གང་གི་ཕྱིར་སྐྱེས་པ་དང་མ་སྐྱེས་པ་དག་འཇིག་པ་མ་ཡིན་པ་དེའི་ཕྱིར་དེ་ཉིད་ ནི་ཞེས་བྱ་བའོ། །མཐོང་བ་ཉིད་དེ་ཞིག་པ་ཡིན་པར་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །གང་གི་ཚེ་མཐོང་བ་མེད་པ་དེའི་ཚེ་དེ་མ་རྟོགས་པའི་ཕྱིར་དེ་ཞེས་བྱ་བའི་བློ་ཇི་ལྟར་དོན་དམ་པ་ཡིན་ཞེས་ལན་འདེབས་པ་ནི་ཞིག་པའི་གནས་སྐབས་སུ་ཞེས་བྱ་བའོ། །ཇི་ལྟར་མི་སྲིད་སྙམ་ན། གང་གི་ཞེས་བྱ་བའོ། ། དེས་དེའོ་སྙམ་པའི་བློ་ནི་དོན་དམ་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་ཆོད་པའོ། །གལ་ཏེ་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་མ་དམིགས་པ་ཞིག་པ་ཡིན་ན། དེའི་ཚེ་བུམ་པ་དང་བྲལ་བའི་ལས་ཕྱོགས་སུ་དེ་མ་དམིགས་པས་ན་བུམ་པ་དེ་ཡང་ཞིག་པར་འགྱུར་རོ། །མ་ཡིན་ ཀྱང་ཞིག་གོ་ཞེས་བྱ་བར་ཐ་སྙད་བྱེད་པ་ནི་མ་ཡིན་ནོ། །འོན་ཏེ་ཁྱད་པར་ཅན་གྱི་མ་དམིགས་པ་ཞིག་པ་ཡིན་པ་དེས་ན། ཉེས་པ་འདི་མེད་དོ་སྙམ་པར་དོགས་པ་ནི་གང་ཞིག་སྔར་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་ནི་ལན་ཏེ། ཡུལ་གཞན་དུ་སོང་བའི་བུམ་པའོ། །གང་དུ་མཐོང་བ་ཞེས་བྱ་བ་ལ་སོགས་པ་ ནི་རྩོད་པའོ། །དེ་ཉིད་ཀྱི་ཚེ་ནི་མཐོང་བ་ཉིད་ཀྱི་ཚེ། དེ་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ལན་ནོ། །འགལ་བ་ཉིད་སྤོང་བའི་དོགས་པ་བསུ་བ་ནི་དེ་མ་ཐག་པའི་ཞེས་བྱ་བའོ། །སྔར་དམིགས་པ་དེའི་ཡོད་པ་མ་དམིགས་པ་ནི་ཞིག་པ་ཡིན་པ་དེས་ན་མི་འགལ་ལོ་ཞེས་བྱ་བའི་དོན་ཏོ། །བར་དུ་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་ དེ་མ་ཐག་པར་ཡུལ་གཞན་དུ་མ་དམིགས་པར་ཞིག་པ་དེ་བཞིན་དུ་བར་དུ་མ་ཆོད་པར་ཡུལ་གཞན་དུ་མི་དམིགས་པ་ཇི་ལྟར་ཞིག་པ་མ་ཡིན་ཏེ། རིགས་པ་མཚུངས་པའི་ཕྱིར་ཞིག་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡུལ་གཞན་དུ་མི་དམིགས་པ་ནི་དེ་ཉིད་ཀྱི་ཚེ་ཡུལ་གཞན་ན་ཡོད་པ་མ་ཡིན་གྱི་དུས་གཞན་ན་ ཡོད་པ་ནི་དེ་ཉིད་ཀྱི་ཚེ་དུས་གཞན་ན་ཡོད་པ་མ་ཡིན་ནོ་ཞེས་དོགས་པ་དུས་གཞན་ཞེས་གསུངས་སོ། །གང་ཞིག་སྔར་མཐོང་བ་ལ་སོགས་པའི་དུས་གཞན་དུ་མ་མཐོང་བ་དེ་གལ་ཏེ་ཞིག་པ་ཡིན་ན་དེའི་ཚེ་ཡུལ་དུ་མ་མཐོང་བ་ཅི་སྟེ་ཞིག་པ་མ་ཡིན་ནོ། །འོན་ཏེ་ཡུལ་ཁྱབ་པའི་དོན་གཞན་དུ་མཐོང་བ་ནི་གཞན་ དུ་མ་མཐོང་བ་ལས་འཇིག་པར་འགྱུར་བ་ཡིན་ན། དེ་ཁྱད་པར་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་གཞན་དུ་མཐོང་བ་གཞན་དུ་མ་མཐོང་བས་ཞིག་པར་ཇི་ལྟར་འགྱུར་སྙམ་དུ་དོགས་པ་ནི་ཡུལ་གཞན་ཁྱབ་པ་ཞེས་བྱ་བ་སྟེ་བུམ་པའོ། །དུས་གཞན་ལ་ནི་ཇི་ལྟར་ཡོད་ཅེས་བྱ་བ་ནི་ལན་ཏེ། ཡུལ་གཞན་ བཞིན་དུ་དུས་གཞན་ཁྱབ་པ་ཡང་འགའ་ཡང་ཡོད་པ་མ་ཡིན་ན་དེ་ཇི་ལྟར་དུས་གཞན་དུ་མཐོང་བ་དུས་གཞན་དུ་ཞིག་པ་ཡིན། གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །དེ་ཉིད་ཅེས་བྱ་བ་ནི་ཡུལ་གཞན་དུ་སོང་བའོ། །དེ་ཡང་ཞེས་བྱ་བ་ནི་དུས་གཞན་དང་འབྲེལ་པའོ། །ཡུལ་གཞན་དུ་ཞེས་བྱ་བ་ནི་རྩོད་པའོ། ། ཡུལ་གཞན་བཞིན་དུ་ཞེས་བྱ་བ་ནི་ལན་ནོ། །དུས་གཞན་དུ་ཞེས་བྱ་བ་ནི་དོགས་པའོ། །མ་དམིགས་པ་འདི་ནི་ཡུལ་དང་དུས་གཉིས་ཀ་ལ་ཡང་མཚུངས་པའོ། །གང་གི་ཕྱིར་ཁྱབ་པ་མ་དམིགས་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་མ་ཁྱབ་པ་ཉིད་དུའོ། །དེ་ལྟ་ཉིད་ཡིན་ཞེས་བྱ་བ་ནི་མ་ཁྱབ་པ་ཉིད་དོ། ། གཞན་དུ་མིན་ཏེ་བྱས་པ་ཉིད་ནི་མ་ཡིན་ནོ། །དཔེ་གསུངས་པ་ནི་སྔོན་པོ་ཉིད་དུ་ཞེས་བྱ་བའོ། །དེས་ན་དེ་ཉིད་ཅེས་བྱ་བ་ནི་སྐབས་ཉེ་བར་སྡུད་པའོ། །གཞན་ཞེས་བྱ་བ་ནི་མུན་པ་དང་གྲངས་ལ་སོགས་པའི་སྐད་ཅིག་གོ། །ཅི་སྟེ་མི་སྐྱེ་ཞེ་ན། རྒྱུ་མེད་པས་སོ། །དེས་ན་སུས་ཀྱང་སུ་ཡང་ གཞིག་པ་མ་ཡིན་གྱི་འོན་ཀྱང་འདི་ནི་ཐ་སྙད་ཙམ་ཡིན་ནོ་ཞེས་མཇུག་སྡུད་པ་དེ་མ་མཐོང་བ་ན་ཞེས་བྱ་བའོ། །ཡུལ་དེ་ལྟ་བུ་ཞེས་བྱ་བ་ནི་རྒྱུ་མེད་པས་མ་སྐྱེས་པའི་ཡུལ་ལའོ། །འོ་ན་དེ་ཁོ་ན་ཉིད་འགལ་བ་ཅི་འདྲ་བ་ཡིན་ཞེ་ན། དོན་དམ་པར་ནི་ཞེས་བྱ་བའོ། །གྲང་བས་གྲང་བ་གཞན་སྐྱེད་པ་ནི་མེ་དང་ལྷན་ ཅིག་སྐྱེས་པའི་སྐྱེད་པར་མི་ནུས་པས་ནི་རྒྱུ་དང་འབྲས་བུའི་ཁྱད་པར་ཉིད་འགལ་བ་ཡིན་ནོ། །འོ་ན་ཕན་ཚུན་སྤངས་ཏེ་གནས་པའི་འགལ་བ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ཡང་ཚུལ་འདི་ལས་འདའ་བ་ཡིན་ནོ་ཞེས་བརྗོད་པ་ནི། ཕན་ཚུན་ཞེས་བྱ་བའོ། །མེ་དང་ལྷན་ཅིག་པའི་གྲང་བས་གྲང་བ་གཞན་མི་སྐྱེད་པ་བཞིན་ དུ་སྐད་ཅིག་མའི་རང་བཞིན་དང་བྲལ་བ་བརྟག་པའི་རང་བཞིན་སྐྱེད་པར་བྱེད་པ་མ་ཡིན་པའོ། །འདིར་བརྗོད་པ་ནི་སྐད་ཅིག་ཅེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་མི་ནུས་པ་དེའོ། །མི་སྐྱེད་པ་ཉིད་དོ་ཞེས་བྱ་བ་ནི་འགལ་བ་ཡིན་ནོ་ཞེས་སྐབས་ཀྱིས་སོ། །འོ་ན་སྔོན་པོ་དང་སྔོན་པོ་མ་ཡིན་པ་དག་ལ་འགལ་བ་འདི་ཇི་ལྟར་ ཞེ་ན། ཇི་ལྟར་ཞེས་བྱ་བའོ། །སྔོན་པོ་ཉིད་ལ་སོགས་པ་ནི་སྔོན་པོའི་རང་བཞིན་འབའ་ཞིག་པ་ཉིད་སྐྱེད་པར་བྱེད་པ་ཡིན་གྱི། སེར་པོ་ལ་སོགས་པ་དང་ལྷན་ཅིག་པའི་རང་བཞིན་ནི་སྐྱེད་པར་ནུས་པ་མ་ཡིན་ནོ། །འོ་ན་ཇི་ལྟར་སློབ་དཔོན་ཆོས་མཆོག་གི་ལུགས་བཞིན་དུ་ཐ་དད་པར་འགྱུར་ཞེ་ན། འགལ་བ་འདི་གཉིས་ ནི་ཞེས་བྱ་བའོ། །གལ་ཏེ་འདི་གཉིས་ལ་རྣམ་པ་ཅི་ཞིག་ལྟར་ཁྱད་པར་ཡོད་དུ་ཆུག་པ་དེ་ལྟ་ན་ཡང་སྐྱེ་བ་མེད་པས་བྱས་པའི་ཁྱད་པར་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེར་པོ་དང་སྔོན་པོ་བཞིན་དུ་མེ་དང་བཅས་པས་དེ་དང་བྲལ་བ་འགལ་བ་ཡིན་ནོ་ཞེས་བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །རྒྱུའི་ དབང་གིས་ཞེས་བྱ་བ་ནི་ཇི་སྐད་བཤད་པ་ལས་སོ། །དེ་ཡང་ཞེས་བྱ་བ་ནི་མི་མཐུན་པའི་མཚན་ཉིད་ཀྱི་རང་བཞིན་ཉིད་དོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དོན་གྱི་རང་བཞིན་མ་ཡིན་ན་མེ་ལ་སོགས་པའི་དོན་རྣམས་ཀྱི་ངེས་པའི་རང་བཞིན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་འགལ་བའི་དོན་གྱི་རང་བཞིན་ཡིན་ན་ གང་གིས་མི་དམིགས་པ་ཉིད་མི་དམིགས་པ་ཇི་ལྟར་ཡིན་ཞེ་ན། དེ་དག་ནི་ཞེས་གསུངས་སོ། །དབང་པོ་ལས་འདས་པ་ནི་འགའ་ཡང་ལྷན་ཅིག་འགལ་བ་ཡོད་པར་མི་འགྲུབ་པ་དེས་ན་འགལ་བ་དམིགས་པ་སྲིད་པ་ལ་ཡིན་ནོ་ཞེས་བརྗོད་པ་ནི། དབང་པོ་ལས་འདས་པ་ཞེས་བྱ་བའོ། །མི་དམིགས་པ་ཙམ་གྱིས་ཀྱང་ མེད་པ་མི་འགྲུབ་པོ་ཞེས་སྦྱར་རོ། །དེ་ག་ལས་ཤེ་ན། མ་དམིགས་སོ་ཞེས་བྱ་བས་སོ། །འོ་ན་མི་དམིགས་པ་ལས་མེད་པར་བརྗོད་པ་ནི་མཛེས་པར་འགྱུར་བ་དེ་གང་ཡིན་ཞེ་ན། གང་གི་ཞེས་སྨོས་སོ། །འོ་ན་དེ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་ཉིད་འགོག་པར་འགྱུར་རོ་ཞེ་ན། དེའི་ཚེ་ཡང་ཞེས་བྱ་བའོ། །འོ་ན་ཐམས་ ཅད་མཁྱེན་པ་མི་སྤོང་མོད། འཇིག་རྟེན་ཕ་རོལ་ལ་སོགས་པར་འགྱུར་རོ་ཞེ་ན་འཇིག་རྟེན་ཕ་རོལ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་གསུངས་སོ། །དེ་ལྟར་གནོད་བྱེད་མེད་པ་བརྗོད་ནས། སྒྲུབ་པར་བྱེད་པ་ཡོད་པ་བརྗོད་པ་ནི། བཟློག་པ་ལ་ནི་ཞེས་བྱ་བ་སྟེ། ཐམས་ཅད་རིག་པ་དང་། འཇིག་ རྟེན་ཕ་རོལ་ཡོད་པའི་ཚད་མ་ནི་ཚད་མ་གྲུབ་པའི་ལེའུར་བཤད་ཟིན་ཏོ།། །།གང་གི་ཕྱིར་ལྐོག་ཏུ་གྱུར་པ་རྣམས་ལ་དམིགས་པ་ལས་མེད་པར་ངེས་པ་དེའི་ཕྱིར་རོ། །ཡང་ན་ཇི་ལྟར་དམིགས་པ་ལས་ཡོད་པར་གྲུབ་པ་དེ་བཞིན་དུ་མ་དམིགས་པ་ལས་ཀྱང་མེད་པ་འགྲུབ་པོ། །དེས་ན་མ་དམིགས་ པར་ངེས་བྱེད་ཇི་ལྟར་མ་ཡིན་ཞེས་དོགས་པ་བསུ་ནས་ཇི་ལྟར་ཞེས་གསུངས་ཏེ། དཔེར་ན་དུ་བ་ལ་སོགས་པའི་དངོས་པོ་ཉིད་ལྐོག་ཏུ་གྱུར་པའི་དངོས་པོ་རྣམས་ཀྱིས་གྲུབ་པ་སྟེ། ངེས་པ་ལ་སྒྲུབ་པར་བྱེད་པར་འདོད་པའི་དམིགས་པ་ནི་མ་ཡིན་པ་དེ་བཞིན་དུ་དངོས་པོ་ཉིད་རང་ལོག་པ་ན་དངོས་པོ་རྣམས་ཀྱི་ལྡོག་ བྱེད་དུ་འདོད་ཀྱི། མི་དམིགས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །ལྡོག་པ་བརྗོད་པ་ནི་འབྲེལ་པ་མེད་པ་ནི་ཞེས་བྱ་བ་ནི། དེ་བཞིན་དུ་ཞེས་བྱ་བ་ནི་འབྲེལ་པས་སོ། །ཅིའི་ཕྱིར་ཞེ་ན། འབྲེལ་པ་མེད་པར་ནི་ཞེས་གསུངས་སོ། །སྤྱིར་བརྗོད་པའི་དོན་ ཁྱད་པར་གྱི་མཐར་ཐུག་པར་བྱེད་པ་ནི་དཔེར་ན་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བའོ། །གལ་ཏེ་ཁྱབ་པར་བྱེད་པ་མེད་པས་ཁྱབ་པར་བྱ་བ་མེད་པར་མི་འགྱུར་ན། དེའི་ཚེ་འབྲེལ་པ་དེ་ཡིན་ནོ། །དངོས་པོ་སྒྲུབ་བྱེད་ཉིད་དུ་བསྟན་པའི་ཞར་ལ་དངོས་པོ་མེད་པར་འདོད་པ་ཙམ་ལས་བྱུང་བའི་སྒྲུབ་པར་ བྱེད་པ་ཡིན་པ་ཉིད་དོ། །བརྗོད་པ་ནི་འདིས་ནི་ཞེས་བྱ་བ་སྟེ། དངོས་པོ་ཉིད་སྒྲུབ་པར་བྱེད་པར་བསྟན་པ་ལས་སོ། །སོགས་པའི་མི་མཐུན་པའི་ཕྱོགས་མ་ཡིན་པ་ཉིད་ཀྱི་ཆོས་བསྒྲུབ་པར་བྱ་བ་རྟག་པའམ་མི་རྟག་པ་ཉིད་ཅི་ཡང་རུང་བ་ ལ་མི་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་དེ་ལྟར་སྲིད་སྙམ་ན། གང་གི་ཕྱིར་རྟོགས་པས་སྦྱར་བའི་ཆོས་ཡིན་པས་སོ། །དངོས་པོའི་ཆོས་མ་ཡིན་པ་ཁོ་ན་སྒྲུབ་པར་བྱེད་པ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་འདིས་འདི་གསལ་ཞེ་ན། ཕྱོགས་ དང་ཞེས་གསུངས་སོ། །ཇི་ལྟར་ན་གཉིས་ལས་གཅིག་དང་མ་འབྲེལ་བ་ཞེ་ན། ཕྱོགས་ནི་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི་འདོད་པས་བྱས་པ་ཁོ་ནའོ། །འདི་ལྟར་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་ཕྱོགས་དང་མཐུན་པའི་ཕྱོགས་ཡིན་ནོ། །དེ་ཡང་ན་ཇི་ལྟར་དེ་དང་དེ་ ལས་མཐུན་པའི་ཕྱོགས་མཚུངས་པ་དོན་དམ་པ་མ་ཡིན་པར་འགྱུར། དངོས་པོ་ཞེས་བྱ་བ་ནི་ལས་སོ། །ཇི་ལྟར་གོ་བར་བྱེད་པ་མ་ཡིན་ནོ་ཞེས་དོགས་པ་བསུ་ནས། རྗེས་སུ་འགྲོ་བ་དང་ལྡོག་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གཞན་དུ་ཞེས་གསུངས་སོ་ཞེས་ འདོད་པ་ལའོ། །གཞན་ནི་དངོས་པོའོ། །རྗེས་སུ་འགྲོ་བ་མེད་པ་བརྗོད་ནས་ལྡོག་པ་མེད་པ་བརྗོད་པ་ནི་གང་གིས་ཞེས་བྱ་བ་སྟེ། ལྡོག་པར་བྱེད་པས་སོ། །དེ་ཞེས་བྱ་བ་ནི་རྟག་པ་དང་མི་རྟག་པ་དག་གོ། །འགའ་ཞིག་ལས་ཞེས་བྱ་བ་ནི་རྟག་པའམ་མི་རྟག་ པ་ལས་སོ། །གང་གི་ཕྱིར་དེ་ལྟར་དངོས་པོ་དང་འབྲེལ་པ་མ་ཡིན་པ་དེས་ནའོ། །འོ་ན་ཇི་ལྟར་སྒྲུབ་པ་དགག་པ་འགྲུབ་ཅེ་ན། བཤད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཅི་དངོས་པོ་མཐའ་དག་དང་ལྡོག་པ་ན་དངོས་པོ་མཐའ་དག་གི་ལྡོག་པར་བྱེད་པ་ཡིན་ནམ། འོན་ཏེ་ འགའ་ཁོ་ན་ཡིན་ཞེ་ན། དེ་ལ་ཡང་ཞེས་བྱ་བ་སྟེ་དངོས་པོ་རྣམས་ལའོ། །ཁྱབ་པར་བྱེད་པ་ལྡོག་པ་གཅིག་ཁྱབ་པར་བྱ་བ་ལྡོག་པ་གོ་བར་བྱེད་པ་ཡིན་གྱི་ཁྱབ་པར་བྱེད་པ་ཡིན་པ་ནི་མ་ཡིན་ནོ། །གང་གི་ཚེ་ཞེས་གལ་ཏེ་ཞེས་བྱ་བའོ། །འདིས་ནི་ཐམས་ཅད་ནི་སྒྲུབ་པར་བྱེད་པ་མ་ཡིན་གྱི་ འོན་ཀྱང་ཁྱབ་པར་བྱེད་པ་ཁོ་ན་མ་ཡིན་ཏེ། དེས་ན་དངོས་པོ་རྣམས་བསྒྲུབས་ལ། །དངོས་ཉིད་སྒྲུབ་པར་བྱེད་པར་འདོད། །ཅེས་བྱ་བ་ཡང་ཐམས་ཅད་ལ་ནི་མ་ཡིན་ནོ་ཞེས་བརྗོད་པར་འགྱུར་རོ། །སྤྱིར་བརྗོད་པ་ཚིགས་སུ་བཅད་པ་སྔ་མའི་དོན་འདིར་བསྡུས་ཏེ་འཛིན་པས་བསྡུ་བ་སྟེ། ཁྱད་པར་དུ་རྣམ་པར་ འཇོག་པར་བྱེད་པ་ཞེས་བྱ་བའི་དོན་ཏོ། །རང་བཞིན་མི་དམིགས་པ་ལ་ཡང་ཞེས་བྱ་བའི་རྩོད་པའི་དོན་ནི་འདི་ཡིན་ཏེ། དམིགས་པ་ལོག་པ་སྣང་བ་མི་དམིགས་པའི་རང་བཞིན་ཡང་དངོས་པོའི་བྱེད་པ་ཞེས་ལྡོག་པར་བྱེད་པ་ཡིན་ནོ་ཞེས་ནི་ཅི་སྟེ་བརྗོད་ཅེས་བྱ་བ་ཡིན་ནོ། །རང་བཞིན་མི་དམིགས་པ་ནི་ དངོས་པོ་མེད་པའི་གོ་བར་བྱེད་པ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་ལ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དམིགས་པའི་ཞེས་བྱ་བའོ། །སྐབས་ཀྱི་རྩོད་པ་བསལ་ནས་གལ་ཏེ་རང་གི་ལྡོག་པ་ནི་ཞེས་བྱ་བ་འཆད་པ་ནི་དེས་ན་ཞེས་བྱ་བའོ། །སྒྲུབ་པ་དེས་ཞེས་བྱ་བ་ནི། ཁྱབ་པ་མེད་པས་སོ། །དེ་བས་ན་དངོས་པོ་ ཉིད་ལྡོག་པ་ན་དངོས་པོ་མེད་པ་སྒྲུབ་པར་བྱེད་པ་ཡིན་ནོ། །གལ་ཏེ་ཁྱབ་པར་བྱེད་པ་ལྡོག་པ་ནི་གཞན་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་ན་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནམ་དེས་ན་རྣམ་འདྲར་ཞེས་ཅི་སྟེ་བརྗོད་ཅེ་ན། བཤད་པ་གང་གི་ཕྱིར་མེད་པར་བསྒྲུབ་པར་བྱ་བ་ལ་ཁྱབ་པར་བྱེད་པ་དེ་ཉིད་ཀྱི་ཚད་མ་མེད་པ་སྟེ་ མི་དམིགས་པ་རྟགས་སུ་བརྗོད་པ་གང་ཡིན་པ་དེ་ནི་ཤིན་ཏུ་རྨོངས་པའི་དོན་དུ་ཡིན་ཏེ། དེས་ན་དེ་ལྟར་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་རྨོངས་པ་རྣམས་ལ་ཡང་རྟགས་ཉིད་ཅི་སྟེ་ཡིན་ཞེ་ན། གནག་རྫི་མོ་བར་ཞེས་གསུངས་སོ། །དམིགས་པར་དམིགས་པ་མ་ཡིན་མ་དམིགས་པར་ནི་མེད་པའི་ཐ་སྙད་ ཀྱི་ཡུལ་ཡིན་པར་བྱིས་པ་རྣམས་ཀྱིས་ཀྱང་ངེས་པ་དེས་ན་དེ་ངེས་པའི་དོན་དུ་ཁྱབ་བྱེད་མི་དམིགས་པ་ལ་སོགས་པའི་རྗེས་སུ་འབྲང་བའི་ནི་དམིགས་པ་འགལ་བ་ཡིན་ནོ། །ཡང་བརྗོད་པ་གང་ཡིན་དེ་ནི་ཤིན་ཏུ་རྨོངས་ཏེ་ཞེས་གང་གི་དོན་འཛིན་པའོ། །ཤེས་པ་གཅིག་ལ་འདྲེ་བ་ཅན་གང་གི་ཚད་མ་མེད་པ་མི་ དམིགས་པ་དེ་ཉིད་ཀྱི་མེད་པ་ལ་སྟེ། མེད་པའི་ཐ་སྙད་ལ་རྟགས་སུ་བརྗོད་པ་ནི་ཤིན་ཏུ་རྨོངས་པའི་དོན་དུ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་མི་དམིགས་པ་ལ་ཞེས་བྱ་བ་ནི་འཆད་པའོ། །གལ་ཏེ་གནག་རྫི་ལ་སོགས་པ་སྤྱོད་པ་དང་བྲལ་བ་ཡང་འདིར་མ་རྨོངས་པ་ཡིན་ན། འོ་ན་རྨོངས་པ་དེ་གང་ཡིན་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །ཇི་ལྟར་རྟོགས་པར་བྱེད་ཅེ་ན་མེད་པའི་ཐ་སྙད་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་མི་དམིགས་པའི་རྒྱུ་མཚན་ཅན་དུ་ཁས་མི་ལེན་པའོ། །བདག་དང་བདེ་བ་ལ་སོགས་པ་ཐ་དད་པར་རྟོགས་པའི་རྒྱུ་ནི། བསྟན་བཅོས་འདི་མིན་ན་ཞེས་བྱ་བའོ་མ་ཡིན་ཏེ། བསྟན་བཅོས་ནི་དོན་དང་འབྲེལ་པ་མེད་པས་ཚད་མ་ཡིན་པའི་ཕྱིར་རོ། །བསྟན་བཅོས་ཉིད་དང་ཞེས་བྱ་བ་ནི་བདེ་བ་ལ་སོགས་པར་མ་ཟད་པའོ། །བསྟན་བཅོས་གཞན་ཁོ་ན་ལས་ཐ་དད་པ་ཡིན་ན་ནི་ཐུག་པ་མེད་པར་འགྱུར་རོ། །གལ་ཏེ་ཕན་ཚུན་ཐ་དད་པར་དམིགས་པ་ནི་ཐ་དད་པའི་སྒྲུབ་པར་བྱེད་པའི་འདོད་པ་ཉིད་ཡིན་གྱི་ མི་དམིགས་པ་ནི་མ་ཡིན་ཞེས་དོགས་ན། ཐ་དད་པར་ཞེས་གསུངས་སོ། །མི་དམིགས་པ་ཁས་མི་ལེན་པ་ལ་ཡང་ཉེས་པ་གཞན་དག་བརྗོད་པ་ནི། གསལ་བ་ནི་ཞེས་བྱ་བ་སྟེ་གསལ་བ་ནི་ཆེན་པོ་པ་ཉིད་ལ་སོགས་པའི་འབྲས་བུའོ། །དམིགས་པ་ལ་ནི་གཙོ་བོའོ། །དེས་དམིགས་པ་གདོན་མི་ཟ་བར་ཚད་མར་ བྱས་པ་ཡིན་ནོ། །གལ་ཏེ། དངོས་པོའི་རང་བཞིན་གང་ལ་ནི། །དངོས་པོ་ཡོད་པར་རྟོགས་དོན་ཅན། །ཚད་མ་ལྔ་པོ་མ་སྐྱེས་པ། །དེར་ནི་དངོས་མེད་ཚད་མ་མེད། །ཅེས་བརྗོད་པའི་ཕྱིར་ཚད་མ་ལྔ་པོ་མེད་པ་ཡང་ཚད་མར་ཅིའི་ཕྱིར་ཁས་མི་ལེན་ཞེ་ན་མི་དམིགས་པ་ནི་ཞེས་གསུངས་སོ། །མི་དམིགས་པའི་ཚད་མ་འདི་ ཁོ་ན་ཙམ་ཞིག་བསྒྲུབ་པར་བྱ་བ་མེད་པ་ལ་དངོས་སུ་མེད་པའི་འབྲས་བུ་ཅན་ཡིན་གྱི། ཚད་མ་རྟོགས་པ་ནི་མ་ཡིན་ཏེ་སྔར་ཉིད་བཀག་ཟིན་པའི་ཕྱིར་རོ། །དེ་གང་ཡིན་ཞེ་ན་དེ་ཡང་ངོ་། །དགག་བྱའི་རྒྱུའམ་རང་བཞིན་དེ་ཁྱབ་པར་བྱེད་པ་སྣང་བར་འདོད་པ་སྣང་མེད་ཉིད་དེ་མི་དམིགས་པ་ཉིད་དོ། །ཅིའི་ཕྱིར་འདི་ཙམ་ ཉིད་མི་དམིགས་པ་ཉིད་ཅེ་ན། ཡང་ཞེས་གསུངས་ཏེ། རྒྱུ་ལ་སོགས་པ་ཡང་ངོ་། །གཞན་དང་ཞེས་བྱ་བ་ནི་རྒྱུ་མ་ཡིན་པ་ལ་སོགས་པ་ནི། རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་རུང་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་ལ་སོགས་པ་མེད་པ་ལ་ངེས་པའི་ཕྱིར་རོ། །མི་དམིགས་པ་ལ་སོགས་པ་དེ་དག་གིས་ བསྐྱེད་པའོ། །དེས་ན་ཞེས་བྱ་བ་ནི་མི་སླུ་བའི་ཕྱིར་རོ། །དེས་ནི་རྟགས་ཅན་གྱི་ཤེས་པས་སོ། །དེ་ལྟར་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པ་ནི་མི་རྟག་པའོ་ཞེས་བྱ་བར་རོ། །དེས་ན་མི་རྟག་པ་ལ་སོགས་པ་ནི་དངོས་པོའི་ཆོས་མ་ཡིན་ན། འདིས་ནི་མི་རྟག་པ་ཉིད་ཁ་དོག་གི་སྤྱི་ལ་སྦྱོར་བའི་ཕྱིར་ན་མི་རྟག་པ་ཉིད་དངོས་ པོའི་ཆོས་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི་གང་ཡིན་པ་དེ་སྤངས་པ་ཡིན་ནོ། །གལ་ཏེ་དངོས་པོ་མེད་ངོ་བོ་ཡིན་ཏེ། །རང་གི་མཚན་ཉིད་གྲུབ་པར་གྲུབ་ཕྱིར་རོ། །ཞེས་བྱ་བས་རྗེས་སུ་དཔག་པས་དང་། མངོན་སུམ་གྱི་རྗེས་ལས་འབྱུང་བའི་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་བསྟན་པ་མ་ ཡིན་ནམ། ད་ནི་གང་ལ་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ། །ཞེས་བརྗོད་ལ། མི་རྟག་པ་ཉིད་ཀྱི་སྤྱི་དང་སྦྱར་བའི་ཁ་དོག་གི་སྤྱི་སྣང་བ་དེ་དང་ཡིན་སྙམ་དུ་དོགས་པ་ནི། གལ་ཏེ་ཁ་དོག་འདི་ཞེས་བྱ་བ་ལ་སོགས་པ་ལ་ནི་རྗེས་སུ་དཔག་པས་ཞེས་བྱ་བ་ལ་སོགས་པའོ། །རྣམ་པར་རྟོག་པ་ནི་ལྷག་པར་ཞེན་པས་རང་གི་ མཚན་ཉིད་ཀྱི་ཡུལ་ཅན་ཡིན་ཡང་དངོས་པོའི་འཇུག་པ་ལ་དེའི་རང་བཞིན་ལ་མ་རེག་པའི་ཕྱིར་ན་སྤྱིའི་ཡུལ་ཅན་ཁོ་ན་ཡིན་ནོ། །དེས་ན་རྗེས་སུ་དཔག་པས་མི་རྟག་པ་ལ་སོགས་པ་འཛིན་ན་ཁ་དོག་སྤྱི་ལ་སྦྱོར་ཕྱིར་རོ་ཞེས་བྱ་བའི་ཚུལ་འདི་ཡིན་པར་འདོད་པ་ཉིད་དོ། །གལ་ཏེ་རྗེས་སུ་དཔག་པས་ཀྱང་ཁ་དོག་ཉིད་ སྤྱི་ལ་མི་རྟག་པ་ཉིད་རྟོག་པ་ཡིན་ན་ཆོས་ཅན་གྱི་དེ་ཚད་མ་གཞན་གྱིས་རྟོགས་པར་བྱ་བ་ཡིན་ཏེ་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་དང་རྗེས་སུ་དཔག་པས་རྟོགས་ན་ཡང་ཐུག་པ་མེད་པའི་ཕྱིར་རོ། །རྣམ་པར་དཔྱོད་པ་དང་ལྡན་པའི་མངོན་སུམ་གྱི་དེ་མ་ཐག་ཏུ་ཁ་དོག་ལ་སོགས་པ་འདི་ནི་མི་རྟག་པའོ་སྙམ་པའི་ ཤེས་པ་གང་ཡིན་པ་ཡང་ཚད་མ་གཞན་ཡིན་ཏེ། རང་གི་མཚན་ཉིད་ལ་སྦྱོར་བའི་ཕྱིར་རོ་སྙམ་ན། གཞན་དུ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། ངེས་པར་སྐྱེས་པར་ནུས་པའི་མངོན་སུམ་གྱིས་བཟུང་བའི་ཁ་དོག་ཉིད་ལ་སོགས་པ་ལ་འདི་ནི་སྔོན་པོ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པས་འཛིན་ པའི་ཕྱིར་ན། དེ་ནི་ཚད་མ་གཞན་ཉིད་དུ་འདོད་པ་མ་ཡིན་ནོ། །ཕྱེད་སྔ་མ་འཆད་པ་ནི་རང་དང་ཞེས་བྱ་བའོ། །རང་གི་མཚན་ཉིད་བརྗོད་པར་བྱ་བ་མ་ཡིན་པ་དང་། སྤྱིའི་མཚན་ཉིད་ཁ་དོག་ཉིད་དེ། རྣམ་པ་དེ་དག་ཏུ་ཁ་དོག་ལ་སོགས་པ་མངོན་སུམ་གྱིས་བཟུང་ཞིང་ངོ་། །རྣམ་ པ་གཞན་ཡང་བཤད་པ་ནི། མི་རྟག་པ་ཉིད་དུ་ཡང་ཞེས་བྱ་བ་སྟེ། མངོན་སུམ་གྱིས་བཟུང་ནས་སོ། །འདི་ཙམ་གྱིས་ནི་དང་པོར་ཡོད་པའི་ཚད་མའི་བྱེད་པ་བསྟན་པ་ཡིན་ནོ། །དེའི་འོག་ཏུ་ཡིད་ཀྱིས་མཚམས་སྦྱོར་བར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ནི། ཁ་དོག་ལ་སོགས་པ་ མི་རྟག་པ་སྟེ་ཞེས་བྱ་བའོ། །ཡིད་ཀྱིས་ཞེས་བྱ་བ་ནི་རྣམ་པར་དཔྱོད་པའི་བློ་ཅན་ལ་ལྟོས་ཏེ། མངོན་སུམ་གྱི་རྗེས་ལས་བྱུང་བ་དང་། བློ་དམན་པ་ལ་ལྟོས་ཏེ་དེ་ནི་རྗེས་སུ་དཔག་པ་ལས་སོ་ཞེས་བྱ་བའི་དོན་ཏོ། །སློབ་དཔོན་གྱིས་ཞེས་བྱ་བ་ནི་ཕྱོགས་ཀྱི་གླང་པོས་སོ། །ཚད་མར་ཐལ་བ་ ནི་དགག་པར་འོས་པ་ཡིན་པ་དེས་ན་ཐལ་བ་བརྗོད་པ་ནི་ཁ་དོག་གི་སྤྱི་ལ་ཞེས་བྱ་བའོ། །དེ་ལྟར་ཚད་མ་གཞན་ཡོད་པར་འགྱུར་སྙམ་ན། ཆོས་ཅན་སྤྱིར་ཐུག་པ་མེད་པར་འགྱུར་བས་ན། རྗེས་སུ་དཔག་པས་ནི་མི་འཛིན་ཏོ། །མངོན་སུམ་གྱིས་ཀྱང་མ་ཡིན་ཏེ། དེའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེས་ན་དེའི་ ཡུལ་ཅན་གྱི་ཤེས་པ་ཚད་མར་གཞན་དུ་འགྱུར་རོ་ཞེས་བརྗོད་པ་ནི། ཆོས་ཅན་གྱི་དེ་ཞེས་བྱ་བའོ་རྣམ་པར་རྟོག་པའི་ཤེས་པ་ཚད་མ་གཞན་དུ་ཐལ་བར་འགྱུར་རོ་ཞེས་གསུངས་པ་ནི། གང་གི་ཚེ་ཞེས་བྱ་བའོ། །ཐལ་ཟིན་པའི་རྩོད་པ་གཉིས་ཀ་ལ་ཡང་ངོ་། །དེ་ལ་རྣམ་པར་རྟོག་པ་ལའོ། །གལ་ཏེ་རེ་ ཞིག་ཁ་དོག་ལ་སོགས་པ་གཟུགས་དང་རོ་ལ་སོགས་པ་ནི་དངོས་པོ་ཡིན་པའི་ཕྱིར་མངོན་སུམ་གྱིས་འགྲུབ་པར་འགྱུར་བ་མིན་ན། དངོས་པོ་མེད་པའི་རང་བཞིན་ཡིན་པའི་ཕྱིར་མི་རྟག་པ་ཉིད་དེས་འགྲུབ་པར་ཇི་ལྟར་འགྱུར་སྙམ་ནས་བརྗོད་པ་ནི་མི་རྟག་པ་ཉིད་ཅེས་བྱ་བའོ། །འདི་ལྟར་ཞེས་བྱ་བ་ནི་ལན་ནོ། །སྔོན་པོ་ ལ་སོགས་པའི་དངོས་པོ་ལས་མི་རྟག་པ་ཉིད་གཞན་ཡོད་པ་མ་ཡིན་ཏེ། ཐ་མའི་སྐད་ཅིག་མཐོང་བ་ན་ཐ་དད་པར་ངེས་པའི་ཕྱིར་རོ། །སྔར་ཡང་དངོས་པོ་དམིགས་པ་ནི་མི་རྟག་པ་ཉིད་ཀྱི་སྙིང་པོ་ཅན་ཡིན་ཏེ། ཐ་དད་པ་མེད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེ་ཡང་ཞེས་བྱ་བའོ། །སྔར་ཞེས་བྱ་བའི་རྣམ་པར་རྟོག་པ་ སྟོས་ནས་སོ། །གལ་ཏེ་མི་རྟག་པ་ཉིད་ཁ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ན། དེའི་ཚེ་བརྗོད་ཅེས་པར་བྱ་བ་ཐ་དད་པ་མེད་པའི་ཕྱིར་ཁ་དོག་ལ་སོགས་པ་མི་རྟག་པའོ་ཞེས་བྱ་བ་གཞི་མཐུན་པ་ཉིད་དུ་མི་འགྱུར་གྱི། འོན་ཀྱང་རྣམ་གྲངས་པར་འགྱུར་རོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི། དུ་མའི་དངོས་དེ་ཞེས་ བྱ་བའོ། །བརྗོད་པར་བྱ་བ་ཐ་དད་པ་ལྡོག་པ་ཐ་དད་པའི་རྒྱུ་མཚན་ཅན་ཡིན་པའི་ཕྱིར་ཏེ་ཉེས་པ་འདི་མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཐུན་མོང་མ་ཡིན་པའི་ཕྱིར་ན་དངོས་པོའི་རང་བཞིན་ཇི་ལྟར་སྤྱི་ཡིན་ཞེས་དོགས་པ་བསུ་ནས། རྣམ་པར་རྟོག་པས་ཞེས་གསུངས་སོ། །དེ་ཉིད་ཅེས་བྱ་བ་ནི་དངོས་པོའི་རང་བཞིན་ ཉིད་དོ། །ཅིའི་ཕྱིར་ཞེ་ན། མི་ནུས་པའི་ཕྱིར་རྣམ་པར་རྟོག་པས་དངོས་པོའི་རང་བཞིན་འཛིན་པར་མི་ནུས་པ་དེའི་ཕྱིར་ན་རང་བཞིན་ནོ། །དེ་བས་ན་སྤྱི་ནི་འཛིན་པའི་བྱེད་པའམ། དངོས་པོ་ལས་གཞན་ནི་མེད་དོ། །གལ་ཏེ་རྣམ་པར་རྟོག་པ་ལ་སྤྱི་ཐ་དད་པར་སྣང་བ་མ་ཡིན་ནམ། དེས་ན་གཞན་ནི་མེད་དོ་ཞེས་ཇི་ལྟར་ བརྗོད་སྙམ་ན། འདིས་ནི་ཞེས་བྱ་བའོ། །མངོན་སུམ་ལས་སྣང་བའི་རང་བཞིན་གྱི་རྣམ་པར་བརྗོད་པ་ནི། འདི་ནི་སྔོན་པོ་ཞེས་བྱ་བའོ། །དེ་ཉིད་ལ་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལའོ། །དེ་ལྟར་ཞེས་བྱ་བ་ནི་འདི་ནི་སྔོན་པོའོ་ཞེས་བྱ་བར་སྦྱར་རོ། །མངོན་སུམ་གྱིས་མ་བཟུང་བའི་སྤྱི་ཉིད་རྣམ་པར་རྟོག་པས་འཛིན་པ་ ཡིན་ནོ་ཞེས་དོགས་པ་བསུ་བ་ནི། འོན་ཏེ་ཞེས་བྱ་བའོ། །འདིར་ཡང་ལན་འདི་ཉིད་ཡིན་ནོ་ཞེས་བརྗོད་པ་ནི། དེ་ནི་མི་རིགས་ཏེ་ཞེས་བྱ་བའོ། །དེ་ནི་རྣམ་པར་རྟོག་པས་སོ། །གལ་ཏེ་སྤྱི་མེད་པར་ཐ་སྙད་འདིར་ཇི་ལྟར་འགྱུར་སྙམ་ན། ཐ་སྙད་ཀྱི་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བས་དོན་དམ་པའི་དུ་མ་ཉིད་ དུ་དོགས་པའོ། །དེ་ནི་དོན་དམ་པ་མ་ཡིན་ཞེས་ལན་འདེབས་པའི་དོན་དུ་རང་གི་མཚན་ཉིད་ནི་རེ་ཞིག་བརྗོད་པར་བྱ་བ་མ་ཡིན་ན་ཞེས་གསུངས་པ་ནི། འདི་ལ་བརྗོད་པ་ཞེས་བྱ་བའོ། །བརྗོད་པར་བྱ་བ་ཉིད་ནི་བརྟགས་པའི་ཐ་དད་པ་མིན་ནོ་ཞེས་བརྗོད་པ་ནི་ཐ་དད་པ་ནི་ཞེས་བྱ་བའོ། །ཡང་ན་དོན་དམ་པའི་ཆོས་ཐ་དད་ པ་མེད་པར་རྣམ་པར་རྟོག་པ་ཐ་དད་པར་ཇི་ལྟར་སྙམ་ན། ཐ་དད་ན་ནི་ཞེས་བྱ་བའོ། །ཇི་ལྟར་ཐོག་མ་མེད་པའི་བག་ཆགས་ཀྱི་རྒྱུ་ཅན་ཡིན་སྙམ་ན་རྣམ་པར་རྟོག་པ་ནི་ཞེས་བྱ་བའོ། །གལ་ཏེ་རྣམ་པར་རྟོག་པའི་སྤྱི་ལ་གཞི་མཐུན་པ་ཡིན་པ་དེ་ཅི་ལྟར་ན་རྣམ་པར་རྟོག་པར་གཟུང་བ་འཛིན་པར་འགྱུར་སྙམ་ན་བཤད་པ་སྤྱིའི་ ཆོས་ཀྱི་རྟེན་དང་དེ་ལས་ལྡོག་པའི་དངོས་པོ་དེ་ངེས་པ་བསྐྱེད་པར་ནུས་པའི་མངོན་སུམ་གྱིས་གྲུབ་པ་ན་སྤྱི་དེ་ཉིད་ནི་གྲུབ་པ་ཁོ་ན་ཡིན་ཏེ། སྐད་ཅིག་མ་མཐོང་བ་རྣམས་ཀྱིས་ངེས་པའི་ཕྱིར་རོ། །དེས་ན་རྣམ་པར་རྟོག་པ་གཟུང་བ་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དེས་སྟོང་པའི་དོན་མཐོང་ཡང་ གལ་ཏེ་ཐ་མའི་སྐད་ཅིག་མཐོང་སྤངས་ཡིན་པས་མི་ངེས་ན་དེ་ངེས་པར་བྱེད་པའི་དོན་རྗེས་སུ་དཔག་པར་འདོད་པར་བྱ་དགོས་སོ་ཞེས་བརྗོད་པ་ནི། དེ་མ་གྲུབ་པ་ཞེས་བྱ་བ་སྟེ་སྤྱི་སྟེ་མ་གྲུབ་ན་ནི་དེ་ལྟར་དེ་རྒྱུ་མཚན་རབ་ཏུ་བསྟན་པས་རབ་ཏུ་གྲུབ་ཕྱིར་ཞེས་བྱ་བ་དངོས་པོ་རབ་ཏུ་གྲུབ་པའི་ཕྱིར་ནི་མ་ཡིན་པའོ། །ཕྱེད་སྔ་མ་ འཆད་པ་ནི་སྤྱི་ནི་ཞེས་བྱ་བའོ། །གཞི་མཐུན་པར་ཞེས་བྱ་བ་ནི་སྒྲ་མི་རྟག་པའོ་ཞེས་སོ། །གཞན་དུ་ཞེས་བྱ་བ་ནི་གཞི་ཐ་དད་པར་ཏེ་སྒྲའི་མི་རྟག་པའོ་ཞེས་བྱ་བར་རོ། །ཐ་སྙད་མ་གྲུབ་ན་ནི་ཞེས་བྱ་བ་ནི་ཕྱེད་ཕྱི་མ་རྣམ་པར་འགྲེལ་པའོ། །ཐ་སྙད་ཡུལ་གྱི་དངོས་པོ་ཉིད་དུ་དྲན་པར་བྱེད་པ་ ཡིན་ནོ་ཞེས་འབྲེལ་ཏོ། །ཇི་ལྟར་ཞེ་ན་རྒྱུ་མཚན་དྲན་པའི་སྒོ་ནས་སོ། །ཇི་ལྟར་རྒྱུ་མཚན་བསྟན་པས་ཞེས་བྱ་བའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་དངོས་པོ་ཉིད་དོ། །གལ་ཏེ་མཐོང་བའི་དངོས་པོ་ལ་དེའི་རྣམ་པར་རྟོག་པ་ཐ་སྙད་སྒྲུབ་པ་ཡིན་ཏེ། འདི་ལྐོག་ཤལ་ལ་སོགས་པ་དང་ལྡན་པའི་ཕྱིར་ན་བ་ལང་ངོ་ ཞེས་བྱ་བ་བཞིན་ནོ། །འདི་མེ་དང་ལྡན་པ་ཡིན་ཏེ་དེ་དུ་བ་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་ཡིན་ཏེ། མེ་དང་ལྡན་པ་ཉིད་མ་མཐོང་བའི་ཕྱིར་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །འབྲས་བུའི་རྗེས་སུ་དཔག་པ་ལ་ནི་དངོས་པོ་མ་མཐོང་བ་ཉིད་ཀྱིས་ཐ་སྙད་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ ཡང་མི་འཐད་དེ་ཞེས་བྱ་བའོ། །དེ་ཉིད་ལ་ནི་ཞེས་བྱ་བ་རྗེས་དཔག་རྟོགས་པ་ཉིད་ལའོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །གལ་ཏེ་རྗེས་སུ་དཔག་པ་བདག་ཉིད་ཐམས་ཅད་ཀྱིས་དངོས་པོ་རྟོག་པ་ཡིན་ནོ་ཞེས་བྱ་བ་ནི་མི་སྲིད་པ་དང་འགལ་བ་དག་གིས་སྐྱོན་དང་བཅས་པ་ཡིན་ནོ་ཞེས་དོགས་པ་བསུ་ནས། གལ་ཏེ་ཞེས་བྱ་བའོ། །རུང་བའི་རྒྱུ་ལས་ཞེས་བྱ་བ་ནི་དཔེ་གསུམ་བརྗོད་པའོ། །དོན་གསུམ་བརྗོད་པ་ནི་དེ་ལ་ཞེས་བྱ་བ་ལ་སོགས་པའོ། །དཔེར་ན་ཚོགས་པའི་དབང་གིས་རུང་བའི་སྐྱེས་པའི་རྒྱུ་ནི་གདོན་མི་ཟ་བར་འབྲས་བུ་སྐྱེད་པར་བྱེད་པ་དེ་བཞིན་དུ་རང་གི་རྒྱུ་ལས་སྐྱེས་པའི་སྔོན་བདག་ཉིད་ཐམས་ ཅད་ཀྱིས་དངོས་པོ་འཛིན་པ་ཡིན་ནོ། །ཇི་ལྟར་རྒྱུ་མེད་པས་འབྲས་བུ་མི་སྐྱེ་བས་དེ་བཞིན་དུ་དེ་མེད་པའི་ཕྱིར་རྗེས་སུ་དཔག་པ་བདག་ཉིད་ཐམས་ཅད་འཛིན་པར་བྱེད་པ་ཡིན་ནོ། །ཡང་དཔེར་ན་མེ་གྲང་བ་ཞེས་བྱ་བ་ནི་ཚད་མ་དང་འགལ་བ་ཡིན་པ་དེ་བཞིན་དུ་རྗེས་སུ་དཔག་པར་བདག་ཉིད་ཐམས་ཅད་ འཛིན་པ་ཡིན་ནོ་ཞེས་བྱ་བ་དེ་དང་འགལ་བ་ཡིན་ཏེ། ཚད་མ་གཞན་འཇུག་པའི་ཕྱིར་ཏེ། ཚད་མ་གཞན་ལ་ལྟོས་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མི་སྲིད་པ་དང་འགལ་བ་ཁས་ལེན་ན་ནི་རྗེས་སུ་དཔག་པ་དངོས་པོ་མི་འཛིན་ཏོ་ཞེས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཞེས་ལན་བརྗོད་པ་ནི་འདི་ནི་ ཞེས་བྱ་བའོ། །རྗེས་སུ་དཔག་པ་དང་བདག་ཉིད་ཐམས་ཅད་འཛིན་པ་མི་སྲིད་པ་དང་། ཚད་མ་གཞན་འཇུག་པ་ནི་མཚན་ཉིད་ཀྱི་འགལ་བ་ཡིན་ན་དངོས་པོ་འཛིན་པ་གང་ལས་ཡིན་ཏེ་མ་ཡིན་པ་ཁོ་ནའོ། །འོན་ཏེ་དེ་ལྟ་ཡང་དངོས་པོ་འཛིན་པར་འདོད་ན་དེའི་ཚེ། འཛིན་པ་དང་མི་འཛིན་པ་འདི་གཉིས་གཅིག་ གི་ཡིན་པར་ཐལ་ན་འགལ་བ་དང་ལྡན་པ་དེ་ཡང་རིགས་པ་མ་ཡིན་ནོ། །ཕྱེད་སྔ་མ་བཤད་ནས་ཕྱེད་ཕྱི་མ་འཆད་པ་ནི། དེ་འཛིན་ན་ཞེས་བྱ་བ་སྟེ། མི་ངེས་ན་དེ་དང་ཐ་མི་དད་པའི་ཁྱད་པར་མི་འཛིན་པར་ཇི་ལྟར་འགྱུར། ཇི་ལྟར་མི་འགྱུར་ཞེ་ན། དེ་ཉིད་ཀྱི་ཚེ་ཞེས་བྱ་བའོ། །གཟུགས་པར་རྟོགས་པ་མི་ འཐད་པ་ཉིད་བརྗོད་ནས། འཛིན་པར་རྟོགས་པ་གསུངས་པ་ནི་དེ་བཞིན་དུ་བྱ་བའོ། །མེའི་ཁྱད་པར་ལས་མ་རྟོགས་པ་དེ་ཉིད་ནི་ཡོད་པ་ཡང་མ་ཡིན་ཏེ། དེ་མི་འཛིན་པ་ཐམས་ཅད་མི་འཛིན་པ་ཉིད་དོ། །དེས་ན་གཅིག་ལ་འཛིན་པ་དང་མི་འཛིན་པ་ནི་འཐད་པ་མ་ཡིན་ནོ། །དེའི་ཕྱིར་རྗེས་སུ་དཔག་པ་ནི་ཐ་ སྙད་སྒྲུབ་པར་བྱེད་པ་ཉིད་དོ་ཞེས་དགོངས་པའོ། །གལ་ཏེ་རྟགས་མེད་ལ་མི་འཁྲུལ་བ་ཞེས་བྱ་བ་དེ་འཛིན་པའི་རྒྱུ་ཡིན་གྱི་རྣམ་པ་ཐམས་ཅད་འཛིན་པ་ནི་མ་ཡིན་ཏེ། འཁྲུལ་པའི་ཕྱིར་རོ་ཞེས་དོགས་པ་ནི་ཅི་སྟེ་འདུ་སྙམ་དུ་ཞེས་བྱ་བའོ། །ཕྱིར་རྒྱུ་མ་ཡིན་ཞེ་ན། ལོ་མ་ལས་བྱུང་བ་ལ་སོགས་པ་ཁྱད་པར་རབ་ཏུ་ འགྲུབ་པར་མི་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་འགྲུབ་པར་མི་འགྱུར་ཞེ་ན། འཁྲུལ་ཕྱིར་ཞེས་བྱ་བའོ། །དེ་གཉིས་ག་ལས་ཤེ་ན། སྤྱི་ལ་ཞེས་གསུངས་ཏེ། གསལ་བ་ཐམས་ཅད་ལ་ཐུན་མོང་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ན་རྗེས་སུ་དཔག་པ་དེ་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་ལན་ བརྗོད་པ་ནི་གལ་ཏེ་དེ་ལྟ་ན་ནི་ཞེས་བྱ་བའོ། །དེའི་ཚེ་ཇི་ལྟར་ཁྱད་པར་འཛིན་པ་ཡིན་ཏེ་མ་ཡིན་པ་ཉིད་དོ། །ཁྱད་པར་འཛིན་པ་ཉིད་ཡིན་པ་ཉིད་དོ་ཞེ་ན། འདི་ན་ཞེས་བྱ་བའོ། །འོ་ན་ཅི་ཞིག་རྟོགས་ཤེ་ན། མེ་ཙམ་ཞེས་སྨོས་སོ། །གང་གི་ཕྱིར་དེ་ལྟར་ཁྱབ་པར་འཛིན་པ་མིན་པ་དེས་ན་དངོས་པོ་འཛིན་ན་མ་ཡིན་ ནོ་ཞེས་བརྗོད་པ་ནི་སྔར་དུ་མ་ཞེས་བྱ་བའོ། །གལ་ཏེ་ཁྱད་པར་གྱི་ཐེ་ཚོམ་ཡོད་ཀྱང་རྗེས་སུ་དཔག་པ་དངོས་པོ་ལ་དགེ་བ་ཡིན་ནོ་ཞེ་ན། མངོན་སུམ་དུ་ཞེས་གསུངས་སོ། །མངོན་སུམ་བཞིན་དུ་དངོས་པོ་ལ་རེག་པ་ཡིན་ན་ནི་རྗེས་སུ་དཔག་པ་ལ་ཡང་ཁྱད་པར་ལ་ཐེ་ཚོམ་ཟ་བ་ཡོད་པར་མི་འགྱུར་ལ། ཡོད་པ་མ་ ཡིན་ཏེ་དེས་ན་དངོས་པོ་འཛིན་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཐོབ་པ་གཞན་དུ་མི་འཐད་པས་ཐེ་ཚོམ་མི་སྲིད་པར་དོགས་པ་ནི་ཐེ་ཚོམ་ཟ་ན་ཞེས་བྱ་བའོ། །ཐེ་ཚོམ་ནི་ཐོབ་པ་དང་འགལ་བ་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་ཐོབ་པ་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་སྐབས་ཉེ་ བར་སྡུད་པའོ། །རང་བཞིན་གྱི་ཞེས་བྱ་བ་རྩོད་པའོ། །ལན་དུ་དོན་ནི་ཞེས་བྱ་བ་འོ་ན་ཇི་ལྟར་ཐོབ་ཅེ་ན་ཀུན་ཚེ་ཞེས་བྱ་བའོ། །གང་གིས་འཐོབ་པ་དངོས་པོ་མ་བཟུང་བར་དེར་འཇུག་པར་ཇི་ལྟར་འགྱུར་ཞེ་ན། འཁྲུས་པས་ཀྱང་ཞེས་བྱ་བའོ། །དེ་དོན་དོན་གཉེར་རྣམས་ནི་དོན་དུ་གཉེར་བ་རྣམས་སོ། །དེ་ཉིད་ གསལ་བར་བྱེད་པ་ནི་སྐྲ་ཤད་ལ་སོགས་པ་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་དམིགས་པ་དག་ལའོ། །ཀུན་ཚེ་ཡོད་པ་ལས་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་གང་དུ་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་ན་ཐམས་ཅད་དུ་འཇུག་པའི་ཡུལ་འཛིན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་མངོན་སུམ་དང་ཞེས་བྱ་ བའོ། །འབྱུང་བར་འགྱུར་བའི་ཞེས་བྱ་བ་ནི་དོགས་པའོ། །རང་བཞིན་གྱིས་བསྟན་གྱི་གཏན་ཚིགས་ལ་སོགས་པ་དག་ཏུ་ནི་དངོས་པོ་འབྱུང་བར་འགྱུར་བའི་རང་བཞིན་ཉིད་དུ་འཛིན་པ་ཡིན་ཏེ། དེས་ན་མ་བཟུང་བ་ཐོབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་འབྱུང་བར་འགྱུར་བའི་རང་བཞིན་གྱིས་ ནི་འཛིན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་ལྟར་ཞེས་སྨོས་སོ། །བྱུང་བར་གྱུར་པ་ཉིད་དུ་དངོས་པོ་ལ་རྟོགས་པའི་ཕྱིར་རོ། །དེའི་རང་བཞིན་དུ་རྟོགས་ན་ཡང་སྐྱོན་ཡོད་དོ་ཞེས་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་ཐོབ་པའི་དུས་ན་ད་ལྟར་བྱུང་བ་ཉིད་དུའོ། །དེའི་ཚེ་ཡང་འབྱུང་བར་ འགྱུར་བ་ཉིད་དུ་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སྤྱིའི་ཡུལ་ཅན་ཉིད་ཀྱིས་དངོས་པོ་འཛིན་པར་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་འོ་ན་མ་རྟོགས་པའི་ཁྱད་པར་ཇི་ལྟར་འཐོབ་ཅེས་བརྗོད་པ་ནི་སྤྱི་རྟོགས་པ་ན་ཞེས་བྱ་བའོ། །ཐོབ་པའི་རྒྱུ་མཚན་དོགས་པར་བྱེད་པ་ནི་ཡོད་ པའི་ཞེས་བྱ་བའོ། །ཇི་ལྟར་གཞན་རྟོགས་པ་ནི་གཞན་ཡོད་སྙམ་ན་འདི་ལྟར་ཞེས་བྱ་བའོ། །ལན་ནི་འོ་ན་ཞེས་བྱ་བའོ། །དེ་ཉིད་ལས་ཞེས་བྱ་བ་ནི་རྟགས་ཉིད་ལས་སོ། །གཞན་ཞེས་བྱ་བ་ནི་རྩོད་པའོ། །སྤྱི་ཡང་ཞེས་བྱ་བ་ནི་ལན་ནོ། །དེས་ན་བརྒལ་ཞིང་བརྟག་པ་མཚུངས་ཀྱང་གཅིག་ལ་ནི་བརྒལ་ཞིང་ བརྟག་པར་བྱ་བ་ཡིན་ལ། གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་འདི་ཅི་ཞིག་ཡིན། གང་གིས་བརྟག་ཅིང་བརྒལ་བ་མཚུངས་པ་ཉིད་དུ་འགྱུར་བ། དུ་བ་བཞིན་དུ་ཐ་དད་ནི་མ་ཡིན་པ་ཁོ་ནའོ་ཞེས་དོགས་པར་བྱེད་པ་ནི་གལ་ཏེ་སྤྱི་ནི་ཞེས་བྱ་བའོ། །གལ་ཏེ་གཞན་ཁོ་ནར་གཅིག་ཏུ་ངེས་པ་མ་ཡིན་གྱི། འོན་ ཀྱང་གཞན་མ་ཡིན་པ་ཁོ་ན་ཡིན་གྱི། དེའི་ཚེ་སྤྱི་ནི་གཟུང་བ་དང་དེ་ཉིད་ཅེས་བྱ་བ་སྤྱི་གཟུང་བ་ཉིད་དོན་ནི་གཟུང་བར་འགྱུར་རོ། །དེ་ལྟ་ཡིན་ན་ཅི་ཡོད་སྙམ་ན། དེ་ལྟ་ཡིན་ན་ཞེས་གསུངས་ཏེ་དོན་བཟུང་བ་ཡིན་ནའོ། །ཅིའི་ཕྱིར་ཞེ་ན། གཟུང་བ་ཞེས་སྨོས་སོ། །དེའི་ཐེ་ཚོམ་མོ། །སྤྱིའི་ཚུལ་གྱིས་ཞེས་བྱ་ བ་ནི་དོགས་པའོ། །ཁྱད་པར་གྱི་རང་བཞིན་ལས་ཞེས་བྱ་བ་ནི་ལན་ནོ། །དེ་ཡང་ཞེས་བྱ་བ་ནི་དོགས་པ་སྟེ། ཁྱད་པར་གྱི་རང་བཞིན་ནོ། །ཅིའི་དོན་དུ་ཞེས་བྱ་བ་ནི་ལན་ནོ། །མངོན་པར་འདོད་པ་གྲུབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་ནི་དོགས་པའོ། །འགའ་ཞིག་གིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ ཁྱད་པར་གྱི་རང་བཞིན་གྱིས་སོ། །ཕྱོགས་འདི་གཉིས་ཀ་ལ་ཡང་ཡོད་པ་དང་མི་ནུས་པའི་སྐྱོན་རིམ་པ་བཞིན་བརྗོད་པར་ནི་ཚུལ་གང་གིས་ཞེས་སྦྱར་རོ། །ཅིའི་ཕྱིར་ཞེ་ན། མི་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྟེ། ཁྱོད་ཀྱི་འདོད་པས་ནི་མ་ཤེས་པ་ལ་འཇུག་པར་ནུས་པ་འགའ་ཡང་མེད་དོ། །ཐེ་ཚོམ་ལས་ འཇུག་པ་ཡིན་ནོ་ཞེ་ན། སྤྱི་ཤེས་པ་ལ་ནི་ཐེ་ཚོམ་མི་ཟའོ། །འོ་ན་མི་ཤེས་པ་ལ་ཐེ་ཚོམ་གྱིས་འཇུག་པ་ཡིན་ནོ་སྙམ་ན། བཤད་པ་ཁྱད་པར་གྱི་རང་བཞིན་མ་ཤེས་པ་ལ་ཡང་ཐེ་ཚོམ་ཟ་བ་མ་ཡིན་ནོ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། ཐེ་ཚོམ་ནི་ཞེས་གསུངས་སོ། །གཞན་གྱི་ལྟར་ན་ནི་ཐེ་ཚོམ་ཡང་དངོས་ པོ་ལ་རེག་པ་ཡིན་ཏེ། དེས་ན་དངོས་པོའི་གནས་ལུགས་ཀྱི་ཁྱད་པར་མ་རྟོགས་པས་ན་དེ་ལ་ཞེན་པའི་ཐེ་ཚོམ་དུ་མི་འགྱུར་རོ། །རྟོགས་པ་ལ་ཡང་ཐེ་ཚོམ་ཡོད་པ་མ་ཡིན་ཏེ། གཉིས་ཀ་ཡང་རང་གི་ངོ་བོ་རྟོགས་པའི་ཕྱིར་རོ། །དེའི་ཕྱིར་ཐེ་ཚོམ་ལས་འཇུག་པ་ཞེས་བྱ་བ་ནི་ཐེག་པ་མ་ཡིན་ནོ། །རྟོགས་ པའི་སྤྱི་ལ་འཇུག་པ་ཉིད་ནི་དེ་དང་ཐ་མི་དད་པའི་ན་མ་རྟོགས་པའི་ཁྱད་པར་ལ་ཡང་འཇུག་པ་ཡིན་གྱི་ཐེ་ཚོམ་ལས་ནི་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་སྤྱི་དང་ཞེས་བྱ་བའོ། །ཁྱོད་ཀྱི་ལུགས་ཀྱིས་ཡུལ་དུ་མ་བྱས་པ་ལ་འཇུག་པ་མི་འཐད་དོ་ཞེས་ལན་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ངོ་བོ་གཅིག་པའི་ ཕྱིར་ཞེས་བྱ་བ་ཡང་མ་གྲུབ་ཅེས་བརྗོད་པ་ནི། རྟོགས་པ་དང་ཞེས་བྱ་བའོ། །རྟོགས་པ་ནི་སྤྱིའོ། །མ་རྟོགས་པ་ནི་ཁྱད་པར་རོ། །ཇི་ལྟར་དེ་གཉིས་གཅིག་མ་ཡིན་པར་བརྗོད་སྙམ་ན། སྔར་བཤད་ཟིན་པ་དྲན་པར་བྱེད་པ་ནི་ཤེས་པ་ཞེས་བྱ་བ་སྟེ། སྤྱི་དང་ཁྱད་པར་དག་ལ་རང་བཞིན་གཅིག་ ཉིད་ཀྱིས་རྟོགས་པའི་སྐྱེས་བུ་ནི་དེ་དག་གིས་གཅིག་ཉིད་རྟོགས་པར་འགྱུར་བ་ཡིན་གྱི་གཉིས་ཀ་མ་རྟོགས་པར་ནི་མ་ཡིན་ནོ། །རྗེས་སུ་དཔག་པའི་དུས་ན་ནི་ཁྱད་པར་རྟོགས་པ་ཡང་མ་ཡིན་ཏེ། སྤྱི་འབའ་ཞིག་རྟོགས་པའི་ཕྱིར་རོ་ཞེས་དོགས་པའོ། །འོན་ཏེ་ཞེས་བྱ་བ་ལ་སྤྱི་རྟོགས་པས་གཞན་པའི་དུས་ནི་ དུས་གཞན་ནི་དེར་མངོན་སུམ་གྱིས་རྟོགས་པའི་ཁྱད་པར་སྔར་རྟོགས་པའི་སྤྱི་དང་གཅིག་ཏུ་རྟོགས་པའི་སྐྱེས་བུའོ། །གྲུབ་པའི་མཐར་ནི་སྔོན་གྱི་དུས་སུ་རྟོགས་པའི་སྤྱི་དུས་གཞན་དུ་མངོན་སུམ་དང་རྗེས་སུ་དཔག་པ་དག་མེད་པས་མ་རྟོགས་པའི་ཕྱིར་ཇི་ལྟར་དེ་དང་གཅིག་ཉིད་རྟོགས་ཞེས་བརྗོད་པ་ནི། དུས་ གཞན་ལ་ཞེས་བྱ་བའོ། །བསྟན་ཟིན་ཏོ་ཞེས་བྱ་བ་ནི། དེ་དང་གཅིག་ལ་ཚད་མེད་མིན། །ཞེས་བྱ་བ་དེར་རོ། །གལ་ཏེ་མི་རྟག་པ་ཉིད་དངོས་པོའི་ཆོས་ཉིད་ཡིན་ན་ཆག་པའི་བུམ་པ་བཞིན་དུ་རྡོ་རྗེའི་རྡོ་རྗེ་བ་ལ་སོགས་པ་དག་ཀྱང་རྟོགས་པར་འགྱུར་རོ་ཞེས་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །ངེས་པ་ཡོད་པ་ ཡང་མ་ཡིན་ཏེ། དེས་ན་མི་རྟག་པ་ཉིད་ནི་དངོས་པོའི་ཆོས་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེས་པ་མེད་ཀྱང་དེའི་ངོ་བོར་མི་འགལ་ལོ་ཞེས་ལན་གསུངས་པ་ནི་འདི་ནི་ཞེས་བྱ་བའོ། །ལ་ལར་ཞེས་བྱ་བ་ནི་རྡོ་རྗེ་ལ་སོགས་པ་ལའོ། །དེ་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཡོངས་སུ་མི་ཤེས་ཏེ་མི་ངེས་སོ། །འདྲ་བ་ གཞན་རྒྱུན་འཇུག་པར་ཡོད་པའི་ཕྱིར་རོ། །རིགས་མི་མཐུན་པར་སྐྱེ་བ་མེད་པའི་ཕྱིར་རོ། །འཁྲུལ་པ་ཡིན་ཏེ་དེས་ན་ཐ་དད་པ་ལ་ངེས་པ་བསལ་བ་མེད་པའི་ཕྱིར་མཐོང་ཡང་མཐོང་བ་ཁོ་ནའོ་ཞེས་བརྗོད་པ་ནི། ཐ་དད་མཐོང་བ་མེད་ཕྱིར་རོ་ཞེས་བྱ་བ་སྟེ། དཔེར་ན་སྒོང་གི་ཐ་དད་པ་བཞིན་ནོ། །རྒྱུ་མ་བྱེད་པ་ དག་ནི་སྒོང་གཅིག་བསྟན་ནས་དེ་ལས་གཞན་སྟོན་པར་བྱེད་དོ། །དེ་དག་ཀྱང་ཐ་དད་པར་མཐོང་ཡང་དེ་ཉིད་དུ་རྟོགས་པས་མ་མཐོང་བ་དང་འདྲ་བ་ཡིན་ནོ། །མ་ངེས་པའི་ཕྱིར་རོ། །སྒོང་དེ་ལ་སྒོང་གཞན་ཉིད་དུ་རྟོགས་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནས་ཅི་ཡིན་ཞེ་ནའི་བར་ནི་རྩོད་པའོ། །རྩོད་པ་པོ་ཉིད་ཀྱིས་ གལ་ཏེ་སྒྲིབ་པར་ཞེས་བྱ་བ་ལ་སོགས་པས་བསྐལ་པར་དོགས་པ་བསུ་ནས། བསྒྲིབས་པ་ཞེས་བྱ་བ་ཞེས་ལན་བརྗོད་པའོ། །ཅིའི་ཕྱིར་ཡོད་པ་མ་ཡིན་ཞེ་ན། རང་གི་ངོ་བོས་ཞེས་གསུངས་སོ། །དེ་ལྟ་ན་ཡང་སྟེ་ཁས་ལེན་ན་ནི་གཉི་ག་ཡང་དེ་འགྱུར་རོ་ཞེས་བརྗོད་པ་ནི་ཡང་ན་ཞེས་བྱ་བའོ། །ཇི་ལྟར་གཉི་ག་ བསྒྲིབས་པར་འགྱུར་ཞེ་ན། ཕན་ཚུན་ཞེས་བྱ་བའོ། །འོན་ཏེ་སེམས་ཞེས་བྱ་བ་ནི་དོགས་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་ལན་ནོ། །སྐབས་ཀྱི་དོན་ནི་འདི་ཡིན་ནོ། །གལ་ཏེ་ཐ་དད་པར་བཟུང་ནས་བསྒྲིབས་པའི་དོན་ཅི་ཡིན། དེ་འཛིན་པ་མེད་ན་ཡང་ཐ་དད་པར་མཐོང་བ་མ་འཁྲུལ་བར་གནས་པ་ཉིད་ དོ་ཞེས་བྱ་བའོ། །སྔོན་གྱི་རིག་པ་དང་དེའི་ཡུལ་མེད་པའི་ཕྱིར་དེས་ནི་རྣམ་པར་རྟོག་པ་མ་ཡིན་གྱི་འོན་ཀྱང་རྗེས་སུ་མཐུན་པའི་ཐ་སྙད་ཀྱི་གེགས་བྱེད་པའི་ཕྱིར་ན། དེ་ནི་རྣམ་པར་རྟོག་པས་བསྒྲིབས་པར་འགྱུར་རོ་ཞེས་ལན་བརྗོད་པ་ནི། འདིར་སྨྲས་པ་ཞེས་བྱ་བའོ། །མཐོང་བ་དང་བལྟ་བར་བྱ་བ་དེ་ཐ་ དད་པར་སྐྱེ་བོས་མཐོང་བ་མེད་དོ། །ཅིའི་ཕྱིར་ཞེ་ན་ཞིག་ཕྱིར་རོ། །འོ་ན་ཅི་མཐོང་སྙམ་ན། རྟག་པ་ཉིད་དུ་ཞེས་བྱ་བའོ། །སྔར་གྱི་ཞེས་བྱ་བ་ནི་ཆད་པའོ། །འོ་ན་འདས་པ་ཉིད་དུ་ཐ་སྙད་གང་གིས་དགོས་སོ་སྙམ་ན། ཐ་སྙད་ཀྱང་ཞེས་བྱ་བའོ། །གང་གི་ཕྱིར་གཉིས་ཀ་འདས་པ་དང་། ཐ་སྙད་ཀྱང་རྟག་པ་ ཉིད་དུ་བྱེད་པ་དེས་ནའོ། །འདི་ཞེས་བྱ་བ་ནི་རྟག་པ་ཉིད་ཀྱི་ཐ་སྙད་དོ། །གལ་ཏེ་མཐོང་བ་བཞིན་དུ་རྣམ་པར་རྟོག་པ་ཡང་ཇི་ལྟར་ཐ་སྙད་བྱེད་པ་ཡིན་ཞེ་ན། ཕྱིན་ཅི་ལོག་ཏུ་གསུངས་སོ། །དེས་ན་ཞེས་བྱ་བ་ནི་ཡོད་པས་སོ། །གལ་ཏེ་དེ་དེ་ལྟ་ན་ཡང་དེ་མཐོང་བ་ཇི་ལྟར་བསྒྲིབས་ཏེ་ཅི་ཡང་མ་བྱས་པའི་ ཕྱིར་རོ་ཞེ་ན། དེས་ན་ཞེས་བྱ་བའོ། །ཇི་ལྟར་ཐ་སྙད་མེད་པ་ཡིན་ཞེ་ན་གཞན་ཞེས་གསུངས་ཏེ། སྐད་ཅིག་ཕྱི་མ་སྐད་ཅིག་སྔ་མ་ལས་ཐ་དད་པར་ཉེ་བར་མ་མཚོན་པའི་ཕྱིར་རོ། །དེ་ལས་ནི་ཞེས་བྱ་བ་ནི་སྔ་མ་ལས་སོ། །གལ་ཏེ་མཁས་པས་སྒོང་ལ་སོགས་པ་ཐ་དད་པར་རྟོགས་པ་ཉིད་མ་ཡིན་ནམ་ རིགས་མཐུན་པའི་སྐད་ཅིག་མ་སྐྱེས་པར་ནི་དོན་གྱི་རྒྱུ་འགལ་ཡང་ནི་ཐ་དད་པར་རྟོགས་པ་མ་ཡིན་ནོ། །དེས་དེ་བཞིན་ནོ། །འདིར་ཡང་ཐ་དད་པ་ཇི་ལྟར་ཡིན་ཞེ་ན། རིགས་མི་མཐུན་པ་ལས་སྐྱེས་ཀྱང་དེ་དམིགས་པ་བརྗོད་པ་ནི་དེ་ལྟར་ཞེས་བྱ་བ་སྟེ་མཁས་པ་ལྟ་ཞོག་སྟེ་རྟགས་མེད་དེ་རྟགས་མེད་པ་ཁོ་ ནར་འཇིག་རྟེན་བྱིས་པའི་བར་གྱི་སྐྱེ་བོས་ཀྱང་ངོ་། །ཕྱིས་འབྱུང་བ་དང་སྔ་མ་འབྲེལ་པ་མེད་པ་གང་ཡིན་པ་དེ་ལྟར་མར་མེ་ལ་སོགས་པའི་དངོས་པོ་འདིའི་གནས་སྐབས་མ་ཡིན་པར་མཐོང་ངོ་། །འཇིག་པ་ཡོངས་སུ་གཅོད་པ་ནི་འཛིན་པའོ། །འཇིག་པ་དང་དེའི་གནས་སྐབས་མ་ཡིན་པ་ དག་ནི་དོན་གཞན་མ་ཡིན་པའི་ཕྱིར་དེས་ན་སྒྱུ་མའི་སྒོང་བཞིན་དུ་འདིར་ཡང་ཐ་དད་པར་དམིགས་པ་ཡོད་པ་ཉིད་དོ། །ཕྱིས་འབྱུང་བ་དང་མི་འབྲེལ་མེད་དེ་འབྲེལ་པ་མེད་པ་གང་ཡིན་པ་དེའི་ཐ་མའི་སྐད་ཅིག་དེས་ཞེས་སྦྱོར་བ་ནི། ལ་ལར་དེའི་ས་མི་ཤེས་ཏེ་ཞེས་བྱ་བ་ལ་སོགས་པའི་ཁྱད་པར་བརྗོད་པ་ཉིད་ཀྱིས་དོན་ གོ་བ་ཡིན་ནོ། །བཀོད་པའི་རྣམ་འགྲེལ་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ངེས་པར་རྟོགས་པར་བྱེད་པས་ནི་དབང་པོའི་ཤེས་པས་ཀྱང་སྐད་ཅིག་ཉིད་འཛིན་པ་ཡིན་ནོ་ཞེས་ལན་འདེབས་པ་ནི་འདི་ལྟར་ཞེས་བྱའོ། །ཅི་སྟེ་ཡང་སྒྲོན་མ་ལ་སོགས་པ་ནི་དེའི་གནས་སྐབས་ཁོ་ན་ ཡིན་ཏེ། དེས་ན་སྐད་ཅིག་མ་ཉིད་ཇི་ལྟར་འཛིན་ཞེ་ན། སྒྲོན་མ་ལ་སོགས་པ་ནི་ཞེས་བྱ་བའོ། །འོ་ན་ཇི་ལྟར་དེ་ཉིད་ཡིན་ནོ་ཞེས་རྟོགས་སྙམ་ན། དེ་ལྟ་མོད་ཀྱི་ཞེས་གསུངས་སོ། །འདྲིའི་ཞེས་བྱ་བ་ནི་རང་གི་ངོ་བོས་སོ། །ཚོགས་པ་མཚུངས་པ་ཞེས་བྱ་བ་ནི་རྒྱུའི་སྒོ་ནས་སོ། །གཅིག་ཉིད་ཀྱི་ཚེ་ཞེས་བྱ་བ་ནི་ མར་མེ་འབར་བ་གཞན་དང་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཡིན་ན་མར་མེ་ལ་སོགས་པ་ཕྱི་མ་དོན་མེད་དོ་ཞེས་ལན་འདེབས་པ་ནི་གལ་ཏེ་དེ་ནི་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་ཏིལ་ཚིགས་མ་དང་པོ་ལས་གཞན་པའི་མར་ཁུ་ལ་སོགས་པ་དོན་མེད་དོ། །རག་ལས་པ་མེད་པའི་ཕྱིར་ཞེས་ བྱ་བ་ནི་རང་དབང་ཡིན་པའི་ཕྱིར་རོ། །རང་དབང་ཇི་ལྟར་ཞེ་ན་གྲུབ་ཟིན་པས་ཞེས་བྱ་བའོ། །དུས་གཞན་དུ་གནས་པར་སྐྱེ་ནས་ཚོགས་པ་གཞན་དོན་མེད་པར་བརྗོད་ནས། དུས་གཞན་མི་གནས་པར་སྐྱེ་བ་ལ་མ་ནུས་པ་མེད་པ་བརྗོད་པ་ནི་དུས་གཞན་དུ་མི་གནས་པར་ཞེས་བྱ་བའོ། །ཚོགས་པ་གཞན་གྱིས་གཞན་ སྐྱེད་པའི་ཕྱིར་ཇི་ལྟར་དོན་མེད་པ་ཡིན་ཞེ་ན་བཤད་པ་གཞན་སྐྱེད་ནས་ནི་དེ་ཉིད་ཅེས་བྱ་བའོ། །དེ་ལྟར་སྒྲོན་མ་ལ་སོགས་པ་སྐད་ཅིག་དང་པོ་ཉིད་ལས་དུས་གཞན་དུ་གནས་པར་སྐྱེས་པ་ལ་སྒོང་བུ་དང་རས་བལ་ལ་སོགས་པའི་ཚོགས་པ་མེད་པར་བརྗོད་ནས། མིག་ལ་སོགས་པས་ཀྱང་སྐད་ཅིག་དང་པོ་ཉིད་ལ་ བདག་ཉིད་ཐམས་ཅད་བཟུང་བའི་ཕྱིར་རྗེས་སུ་འཇུག་པའི་མིག་ལ་སོགས་པ་དོན་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་དེ་བཞིན་དུ་ཞེས་བྱ་བའོ། །རྣམ་པ་འཛིན་པ་རྣམ་པ་གཉིས་སུ་དོགས་པ་བསུ་ནས་ནི་འོན་ཏེ་ཞེས་བྱ་སྟེ། དུས་གཞན་དུས་གནས་པའི་དེ་ཡིན་ལ་འཛིན་པའི་ཡིན་པ་དེ་ཞེས་བྱ་སྟེ་རྣམ་ པར་རྟོག་པ་གཉིས་པའོ། །ལན་ནི་དེ་ལྟར་གྱུར་ན་ཞེས་བྱ་བ་སྟེ། མཐོང་བ་གཞན་དང་གཞན་གྱིས་འཛིན་ནའོ། །རྣམ་པར་རྟོག་པ་གཉིས་པ་ལ་བརྗོད་པ་ནི་འཛིན་པ་ཞེས་བྱ་བའོ། །ཅིག་ཅར་ཚེ་ན་ཞེས་བྱ་བ་ནི་སྐད་ཅིག་གཅིག་ལའོ། །དེ་ལྟར་ཞེས་བྱ་བ་ནི་རྟག་པ་ཉིད་དུའོ། །གང་གི་ཕྱིར་དེ་ལྟར་ དུས་གཞན་དུ་གནས་པ་ཉིད་འཛིན་པར་མི་འཐད་པ་དེའི་ཕྱིར་རོ། །གལ་ཏེ་ལན་མཐོང་བར་གྱུར་པ་ནི་དུས་ཡུན་རིང་པོར་གྱུར་ན། དེའི་ཚེ་གློག་ལ་སོགས་པ་ཐམས་ཅད་ཀྱང་དེ་ལྟར་འགྱུར་ཏེ། དུས་རིང་པོར་འགྱུར་སྙམ་ན། མཐོང་བ་ཞེས་གསུངས་སོ། །འདི་ནི་གཞན་གྱི་ལུགས་ཀྱིས་བརྗོད་པར་ཟད་ ཀྱི་འདི་འཐད་པར་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཇི་ལྟ་ཇི་ལྟར་ཞེས་བྱ་བ་ཕྱེད་ཕྱི་མ་འཆད་པའོ། །ཕྱེད་སྔ་མ་རྣམ་པར་འབྲེལ་པ་ནི་དུས་གཅིག་ཉིད་དུ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དུས་ཡུན་རིང་པོར་མ་མཐོང་བས་ནའོ། །འོ་ན་ཇི་ལྟར་རྨོངས་སྙམ་ན་ནི་གལ་ཏེ་ཞེས་བྱ་བའོ། །མཐོང་བ་ ཡིན་ཡང་གསལ་བ་མེད་པའི་ཕྱིར། མཐོང་བ་མ་ངེས་པར་ཡིན་ནོ་ཞེས་ལན་བརྗོད་པ་ནི་ནུས་པ་དངོས་པོ་ལས་ཐ་མི་དད་པས་བཟུང་བཞིན་དུ་ཡང་རྨོངས་འགྱུར་ཏེ་ངེས་པ་མེད་པར་འགྱུར་རོ། །གང་ལས་ཞེས་ངེས་གསལ་མེད་ཕྱིར་རོ། །གསལ་བ་མེད་པ་ཉིད་ཇི་ལྟར་ཞེ་ན་འབྲས་བུ་མཐོང་བ་མེད་པའི་ ཕྱིར་རོ། །ཇི་ལྟར་མཐོང་བ་མེད་སྙམ་ན་དེ་མ་ཐག་མེད་པས་ཞེས་བྱ་བའོ། །དེ་བཞིན་དུ་མི་རྟག་པ་ཉིད་དེ་ལས་ཐ་མི་དད་པས་དེ་བཟུང་བས་བཟུང་ཉིད་ཡིན་བཞིན་དུ་ཡང་རྨོངས་པ་ནི་ངེས་པ་གསལ་བ་མེད་པའི་ཕྱིར་དེ་ཆོད་པས་ན་སྐད་ཅིག་ཐ་མའི་འབྲས་བུ་མ་མཐོང་བའི་ཕྱིར་རོ། །འདིའི་རིགས་མི་ མཐུན་པའི་རྒྱུ་རྟག་ཏུ་ཉེ་བ་ནི་མ་ཡིན་ཞེས་བྱ་བ་དཔེའི་དོན་ཅི་ཤུགས་ཀྱིས་འཕངས་པ་ཡིན་ནོ་ཞེས་སྟོན་པ་ནི། དཔེར་ན་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་རྨོངས་པ་བཟློག་པའི་ཆེད་དུ་ཡོད་པའི་ཕྱིར་སྐད་ཅིག་མ་ཡིན་ནོ་ཞེས་བྱ་བའི་རྗེས་སུ་དཔག་པ་བརྗོད་པ་ཡིན་གྱི་དངོས་པོའི་རང་བཞིན་གྲུབ་པའི་དོན་ནི་མ་ ཡིན་ནོ། །བགོམས་པ་ལས་དེའི་རང་བཞིན་ཉེ་བར་མཚོན་པའི་མཐོང་བ་ཉིད་ལས་ནི་མཐའ་སྐད་ཅིག་མཐོང་བ་མེད་ཀྱང་ངེས་པ་ཡིན་ནོ་ཞེས་བརྗོད་པ་ནི་བློ་གྲོས་ཆེན་པོ་ཞེས་བྱ་སྟེ། གང་ལ་བློ་གྲོས་ཆེན་པོ་མངའ་བའོ། །བློ་གྲོས་ཆེན་པོ་ཡང་བགོམས་པ་ལས་གསལ་བ་ཉིད་དོ་རྣམ་པ་ཡང་ཡིན་ལ་ ཐམས་ཅད་ཀྱང་ཡིན་པས་རྣམ་པ་ཐམས་ཅད་དེ། མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་དང་སྟོང་པའི་རང་བཞིན་རྣམས་སོ། །དེ་དག་ནི་མཐོང་བ་ཉིད་ལས་ངེས་པར་བྱེད་དོ། །དེས་ན་ནི་རྨོངས་པས་ནའོ། །དེའི་ཕྱིར་ནི་མ་ངེས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་སྐབས་ཀྱི་དོན་ཉེ་བར་སྡུད་པའོ། །གང་ ལས་ཞེས་བྱ་བ་ནི་མི་འདྲ་བའི་སྐད་ཅིག་མཚམས་སྦྱོར་བ་ལའོ། །དངོས་པོ་གཅིག་གི་རྗེས་སུ་འབྲང་བ་ཡིན་ལ་ཇི་ལྟར་ཆོས་ཐ་དད་པའི་རྗེས་སུ་འབྲང་བར་མི་འགྱུར་སྙམ་ན། སྔོན་པོ་ཉམས་སུ་མྱོང་བ་ཞེས་གསུངས་སོ། །རྗེས་སུ་འབྲང་བ་ན་ཡང་ངེས་པར་བརྟེན་པའི་རྗེས་སུ་དཔག་པ་བརྟག་པའི་ཡུལ་ཅན་དུ་འགྱུར་ རོ། །འདོད་པ་ཙམ་ལས་བྱུང་བའི་རྟོགས་པས་ནི་ཐམས་ཅད་ལ་དཀའ་བ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་པའོ། །འདི་དངོས་པོའི་རང་བཞིན་གཅིག་གི་རྗེས་སུ་འབྲང་བའམ། འདོད་པ་ཙམ་ལས་བྱུང་བ་ནི་མ་ཡིན་གྱི་འོན་ཀྱང་དེ་དང་དེ་ལས་ལྡོག་པའི་རྒྱུ་མཚན་ཅན་ཡིན་ནོ་ཞེས་བརྗོད་པ་ནི། འདི་ལ་ལན་དུ་ ཞེས་བྱ་བའོ། །དེ་དང་དེ་ལས་བཟློག་པའི་རྒྱུ་མཚན་ཅན་གྱི་ཆོས་དང་ཉེ་བར་སྟོན་པར་བྱེད་པའི་བློས་ནི་ཐ་དད་པའི་རྟེན་ཅན་བཞིན་དུ་རྗེས་སུ་དཔག་པ་འཇུག་པར་འགྱུར་ཏེ། འདིས་ནི་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་དག་ཐ་དད་པར་བརྗོད་པ་ཡིན་ནོ། །བརྡ་ཡོད་པ་ན་སྒྲས་ཀྱང་ཐ་དད་པ་འདི་ནི་བརྗོད་པ་ཡིན་ནོ་ཞེས་ བརྗོད་པ་ནི་ཇི་ལྟར་བརྟགས་པའི་སྒྲ་ཞེས་བྱ་བའོ། །གལ་ཏེ་དངོས་པོ་ཐམས་ཅད་ལས་ལྡོག་པ་ཡིན་ན། ཇི་ལྟར་འགའ་ཞིག་ལས་ལྡོག་པ་ཉིད་དུ་ངེས་ཤེ་ན། འཁྲུལ་རྒྱུ་མེད་ན་ཞེས་གསུངས་ཏེ། གོམས་པ་བསལ་བའི་ཕྱིར་འཁྲུལ་པའི་རྒྱུ་མེད་ན་ནི་དོན་མེད་རང་དང་རྗེས་སུ་མཐུན་པའི་བློ་བསྐྱེད་པར་འགྱུར་རོ། ། སྐད་ཅིག་ཡིན་པ་ལས་ལྡོག་པའི་རང་བཞིན་ལས་ནི་མ་ཡིན་ཏེ། འཁྲུལ་པའི་རྒྱུ་མཚན་སྲིད་པའི་ཕྱིར་རོ། །དེས་ན་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་མི་འགལ་ལོ་ཞེས་བྱ་བར་དགོངས་པའོ། །རྣམ་པར་བཤད་པ་ཡང་མེད་བཞིན་དུ་གྲང་བར་བྱ་བའོ། །ཐབས་གཅིག་ཉིད་ཀྱིས་ཞེས་བྱ་བ་ནི་འཛིན་པའི་བདག་ཉིད་ཀྱི་བྱ་ བ་གཅིག་ཉིད་ཀྱིས་སོ། །ཇི་ལྟར་ཐམས་ཅད་ལས་ལྡོག་པ་མི་ངེས་ཏེ། ངེས་པ་ཁོ་ནར་འགྱུར་རོ། །དེས་ན་མི་རྟག་པ་ཉིད་ལ་སོགས་པ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པས་ཅི་ཞིག་བྱ་ཞེ་ན། དེའི་རྒྱུ་མཚན་གསུངས་པ་ནི་འཁྲུལ་པའི་ཞེས་བྱ་བའོ། །འཁྲུལ་པའི་རྒྱུ་མཚན་དེ་བས་ཡིན་ཞེ་ན། ནང་གི་འཁྲུལ་ པའི་རྒྱུ་མཚན་གསུངས་པ་ནི། སྔར་མཐོང་བ་ཞེས་བྱ་བའོ། །གལ་ཏེ་སྔར་མཐོང་བའི་སྐད་ཅིག་སྐད་ཅིག་ཕྱི་མའི་དུས་ན་དེ་ཁོ་ན་ཉིད་བཞིན་དུ་དྲན་པར་འགྱུར་ན་ནི་མི་རྟག་པ་ཉིད་དུ་ངེས་པར་གྱུར་པ་ཞིག་ན། དེ་ལྟར་དྲན་པ་ནི་མ་ཡིན་ཏེ། དེས་ན་འཁྲུལ་པའི་རྒྱུ་མཚན་སྲིད་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དྲན་པ་ ཉམས་པ་མེད་ན་རྟག་ཏུ་ལྡོག་པ་དྲན་པར་འགྱུར་རོ་ཞེས་བརྗོད་པ་ནི། སྔར་འདི་མཐོང་ཞེས་བྱ་བའོ། །གལ་ཏེ་སྔོན་མཐོང་བ་ཉིད་ཀྱིས་དྲན་པ་ཡིན་ཡང་ཇི་ལྟར་ངེས་ཤེ་ན། འདི་ལྟར་ཞེས་གསུངས་སོ། །གང་ཞིག་ཉམས་སུ་མྱོང་བ་འདི་དྲན་པ་སྐྱེ་བ་འདི་ཉིད་ནི་ཉམས་སུ་མྱོང་བ་ངེས་པ་ཡིན་ན། དེ་ཡོད་ན་ལྡོག་ པ་ལས་ལྡོག་པ་མི་ངེས་པར་ཇི་ལྟར་འགྱུར། ཇི་ལྟར་འདི་ཉིད་ངེས་པ་ཡིན་ཞེ་ན། བཤད་པ་ཉམས་སུ་མྱོང་བ་ལས་གཞན་དུ་དྲན་པ་སྐྱེ་བ་གཅིག་ཏུ་ངེས་པར་གྱུར་ན་ཕྱིན་ཅི་ལོག་ཡིན་ཞེ་ན། ལོག་པ་ཉིད་དུ་ཡིན་ནོ། །དཔེར་ན་སྨིག་རྒྱུ་དག་ལ་ཆུར་ལྷག་པར་ཞེན་པ་བཞིན་ནོ། །ཉམས་སུ་མྱོང་བ་དང་དེ་ལས་ བཟློག་པ་དག་ལ་ངེས་པ་མེད་པར་དྲན་པ་སྐྱེ་བ་ནི་ངེས་པ་ཡིན་ནོ། །ལྡོག་པ་བརྗོད་པ་ནི་ཉམས་སུ་མྱོང་བ་ཞེས་བྱ་བའོ། །རྗེས་སུ་འགྲོ་བ་བརྗོད་པ་ནི་ཇི་ལྟ་བ་བཞིན་དུ་ཞེས་བྱ་བའོ། །གང་གིས་ལྡོག་པ་ཐམས་ཅད་ངེས་པར་འགྱུར་བ་ཇི་ལྟར་ནི་དེ་ཁོ་ན་བཞིན་དྲན་པར་འགྱུར་ཞེ་ན། ཇི་ལྟ་བ་བཞིན་དུ་གསུངས་སོ། ། དེས་ན་ཞས་བྱ་བ་ནི་འཁྲུལ་པའི་རྒྱུ་མི་སྲིད་པས་སོ། །གལ་ཏེ་ཚུ་རོལ་མཐོང་བ་རྣམས་ལ་རྣམ་པ་གཞན་དུ་དྲན་པ་འབྱུང་བའི་ཕྱིར་ན། ཇི་ལྟར་མི་རྟག་པ་ཉིད་དུ་ངེས་ཤེ་ན། དེ་ལྟ་མ་ཡིན་པ་མ་མཐོང་བའོ། །དེ་མ་ཐག་ཏུ་ངེས་པར་མི་བྱེད་ན་ནི་མི་དྲན་པ་སྟེ་ཕྱིན་ཅི་ལོག་ཏུ་དྲན་པའོ། །དེ་ལྟར་མི་རྟག་པ་ཉིད་ རང་གི་ངོ་བོར་གྱུར་པ་ཡིན་པའི་ཕྱོགས་ལ་ཚད་མ་གཞན་དུ་ཐལ་བར་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ད་ནི་མི་རྟག་པ་ཉིད་དངོས་པོའི་ངོ་བོ་མ་ཡིན་པའི་ཕྱོགས་ལ་ཡང་ཐལ་བ་དེར་མི་འགྱུར་རོ་ཞེས་རང་གི་ཕྱོགས་པ་དག་ཁོ་ནས་བརྗོད་པ་ནི་གཞན་དག་ཅེས་བྱ་བ་སྟེ་མི་རྟག་པ་ཉིད་དངོས་པོའི་རང་བཞིན་དུ་སྨྲ་ བ་ལས་གཞན་པ་རང་གི་ཕྱོགས་པ་དག་གོ། །ཇི་སྐད་སྨྲ་ཞེ་ན། ཡང་ན་ཞེས་བྱ་བའོ། །དངོས་པོ་ཉིད་མི་རྟག་པ་ཉིད་དུ་མངོན་སུམ་གྱིས་མ་གྲུབ་པའམ། འཇིག་པ་གཞན་མི་རྟག་པ་ཡིན་པར་འགྱུར་མོད། དེ་ལྟ་ན་ཡང་མཐའི་སྐད་ཅིག་འདིར་མི་དམིགས་པའི་རྟག་པ་ལས་ འཇིག་པ་གྲུབ་པ་ཁོ་ནའོ། །དམིགས་པའི་མཚན་ཉིད་དུ་གྱུར་པ་དེ་མ་ཐག་པ་ནི་ཕྱིས་མི་དམིགས་པའི་ཕྱིར་ན་སྔར་གྱི་དངོས་པོ་ཡང་མི་རྟག་པ་ཡིན་པར་འགྲུབ་པོ། །སྐད་ཅིག་སོ་སོར་མི་འཇིག་ན་མཐའི་སྐད་ཅིག་ལ་ཡང་རང་བཞིན་དེ་ཉིད་ཡིན་ཏེ། དེས་ན་སྔར་བཞིན་དུ་ཕྱིས་ཀྱང་མི་འཇིག་པར་འགྱུར་རོ། ། མཐར་འཇིག་པའི་ཕྱིར་ན་སྔར་ཡང་འདི་དེའི་ཆོས་ཅན་ཁོ་ན་ཡིན་ནོ་ཞེས་ངེས་པར་བྱེད་དོ། །མི་གསལ་བ་ལ་ནི་དགག་པར་བྱ་བ་མི་དམིགས་པའི་རང་བཞིན་བཟློག་ཟླའི་མངོན་སུམ་ལས་དགག་པ་འགྲུབ་པ་ཡིན་ལ་དེ་ལྟ་ན་ཡང་ཚད་མ་གཞན་དུ་ཐལ་བ་མ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འཆད་པ་ནི་དངོས་ པོ་ཐམས་ཅད་ཅེས་བྱ་བའོ། །མངོན་སུམ་ཞེས་བྱ་བ་ནི་བསྒྲུབ་པར་ལྷག་པར་ཞེན་པ་སྟེ། དགག་པར་ལྷག་པར་ཞེན་པ་ནི་མེད་པར་སྒྲུབ་པར་བྱེད་པར་མི་འགལ་བའི་ཕྱིར་ཏེ། དཔེར་ན་རང་བཞིན་འགལ་བ་དམིགས་པ་ལ་སོགས་པ་བཞིན་ནོ། །རིགས་པ་པའི་འདོད་པ་ལས་འདི་ཁྱད་པར་དུ་འཕགས་པར་ བསྟན་པའི་དོན་དུ་དེའི་དོན་དུ་བའི་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ཡོད་པ་སྒྲུབ་པར་བྱེད་པའི་ཚད་མ་ཉིད་ཀྱིས་ཞེས་བྱ་བ་ནི་སྒྲུབ་པར་ཞེན་པ་ཡིན་པའི་ཕྱིར་མི་དམིགས་པས་མ་ཡིན་པའོ། །རང་གི་ངོ་བོ་ཙམ་གྱིས་ནི་མི་རྟག་པ་མ་ཡིན་ནོ་ཞེས་བྱ་བ་ནི་རིགས་པའི་ལྟར་ན་སྟེ། ནམ་མཁའ་ལ་སོགས་པ་ ཡང་མི་རྟག་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་མི་རྟག་པ་ཡིན་ཞེ་ན། འོ་ན་ཅི་ཞེ་ན་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཚད་མ་གཞན་དུ་ཐལ་བར་ཇི་ལྟར་མི་འགྱུར་ཞེ་ན། དངོས་པོ་མེད་པ་ནི་ཞེས་བྱ་བའོ། །རྒོལ་བ་གཞན་གྱི་ལྟར་ན་ཞེས་བྱ་བ་ནི་སྣང་བྱེད་ཀྱི་ལྟར་ནའོ། །སྔ་མ་དང་ཕྱི་མའི་མཐའ་ གཉིས་ཉིད་ཀྱི་ཞེས་བྱ་བ་ནི་སྔ