Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
་ན་མེད་པ་དང་ཞིག་ནས་མེད་པའི་མཚན་ཉིད་གཉིས་ཀྱིའོ། །འདི་ཇི་ལྟར་ཞེས་བྱ་བ་ནི་ཡང་ན་འདིར་ནི་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བཤད་པ་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྨྲ་བའོ། །ཇི་ལྟར་བཤད་ཅེ་ན། སྔ་ན་མེད་པ་དང་ཞིག་ནས་མེད་པའི་མཚན་ཉིད་ཅན་གྱི་མཐའ་གཉིས་

ཀྱིས་ཆོད་པ་ནི། བར་ཆོད་བྱེད་པའི་ཡོད་པའམ། དེ་དང་འབྲེལ་པ་ཅན་མི་རྟག་པ་ཡིན་པའོ། །མི་རྟག་པ་ནི་མཐའ་གཉིས་དང་ལྡན་པའི་དངོས་པོ་ཡིན་ལ་མི་རྟག་པའི་སྒྲའི་དངོས་པོའི་རྐྱེན་ནི་ཡོད་པའམ་དེ་དང་འབྲེལ་པ་ལ་ཡིན་ན་ཞེས་བྱ་བར་འདོད་པའི་རྒོལ་བ་ནི་དེས་མཐའ་དེ་དག་གང་ལ་བརྗོད་དེ་དངོས་པོ་མེད་པ་
ལས་མ་གཏོགས་པ་གང་ཞིག་ཡིན་པར་འདོད་པ་དེར་ཁས་ལེན་པ་ནི་དེ་མི་དམིགས་པས་འཛིན་གྱི་མངོན་སུམ་དང་རྗེས་སུ་དཔག་པ་ལས་མ་གཏོགས་པའི་ཚད་མ་གཞན་གྱིས་ནི་མ་ཡིན་ནོ། །རེ་ཞིག་ཅེས་བྱ་བ་ནི་འཆད་པའོ། །ཁྱད་པར་མེད་པར་ཞེས་བྱ་བ་ནི་མཐའ་གཉིས་ཀྱི་ཁྱད་པར་མེད་དོ། །མི་རྟག་པ་དང་ཐལ་
བའི་ཕྱིར་རོ་ཞེས་འབྲེལ་ཏོ། །འོ་ན་མི་རྟག་པ་ཉིད་གང་ཡིན་སྙམ་ན་མཐའ་གཉིས་ཀྱི་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་བུར་གྱུར་པའི་མི་རྟག་པ་ཉིད་ནི་དམིགས་པས་བསྒྲུབ་པར་བྱ་བ་མ་ཡིན་ནོ་ཞེ་ན། དངོས་པོ་མེད་པ་མ་རྟོགས་པའི་མཐའ་གཉིས་ཉིད་ནི་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་སོ། །དེ་ལྟ་ན་
ཡང་དངོས་པོ་མེད་པ་མི་དམིགས་པས་སྒྲུབ་པར་འགྱུར་གྱི་མི་རྟག་པ་ཉིད་ནི་མ་ཡིན་ནོ་སྙམ་དུ་དོགས་པ་སེལ་བ་ནི་གལ་ཏེ་ཞེས་བྱ་བ་ནའོ། །དངོས་པོ་མེད་པ་མི་དམིགས་པས་འཛིན་པ་ཡིན་གྱི། མི་རྟག་པ་ཉིད་ནི་མ་ཡིན་ནོ་ཞེ་ན། དེའི་ཚེ་དེ་ཉིད་ཅེས་བྱ་བ་སྔ་ཕྱིར་མེད་པ་ཉིད་མི་རྟག་ཅེས་མ་ཡིན་ཏེ་ཡིན་པ་ཉིད་དོ། །
དེས་ན་ཉེས་པའི་ནི་མེད་དོ་ཞེས་བྱ་བར་བསམས་པའོ། །ཡང་ན་ཡོད་པ་དང་དེ་དང་འབྲེལ་པའི་དུས་ན་ནི་དངོས་པོ་མེད་པ་ཁོ་ན་ཡིན་ན། དེ་ཇི་ལྟར་འདི་ཡོད་པ་དང་དེ་དང་འབྲེལ་པ་དག་གི་ཁྱད་པར་དུ་འགྱུར། འོན་ཏེ་དུས་ཐ་དད་པས་ཀྱང་སྔར་དང་ཕྱིས་མེད་པ་ཡིན་ནོ། །དངོས་པོའི་དུས་ན་ནི་ཁྱད་པར་བློས་བསྡེབས་པ་
ཡིན་ན། དེའི་ཚེ་དངོས་པོའི་དུས་ན་ཉེ་བར་གཟུང་བའི་དངོས་པོའི་མེད་པ་ཉིད་མི་རྟག་པར་ཇི་སྟེ་མི་འདོད་དེ། དེ་ཉིད་མི་རྟག་པ་ཡིན་མོད། མི་རྟག་པ་འཐད་པ་མེད་པ་གཞན་ཁས་བླངས་པས་ཅི་བྱ། འདོད་པ་ལ་ཉེས་པ་དོགས་པར་བྱས། སེལ་བར་བྱེད་པ་ནི་དྲུག་པ་སོགས་ཞེས་བྱ་བར་རོ། །དྲུག་པ་ལ་སོགས་
པའི་སྦྱར་བ་ནི་འབྲེལ་པས་རབ་ཏུ་ཕྱེ་བ་ཡིན་ན། དངོས་པོ་སྔ་ན་མེད་པ་ལ་སོགས་པ་དང་འདུ་བ་དང་ལྡན་པ་ལ་སོགས་པའི་མཚན་ཉིད་ཀྱིས་འབྲེལ་པ་ཡོད་པ་མ་ཡིན་ནོ། །འདྲ་བ་དང་ལྡན་པ་དག་ནི་དངོས་པོ་ཁོ་ནའི་ཡིན་ནོ། །ཁྱད་པར་དང་ཁྱད་པར་ཅན་གྱི་འབྲེལ་པ་ནི་ལྡན་ལ་ལྟོས་པས་དངོས་པོ་དག་ཁོ་ནའི་ཡིན་

ནོ། །དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་དག་ནི། འབྲེལ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །འབྲེལ་པ་མེད་པ་དེ་བས་ན་དྲུག་པ་དང་བདུན་པ་ལ་སོགས་པའི་རྣམ་པར་དབྱེ་བ་དང་། ཆོས་དང་ཆོས་ཅན་གྱི་ཐ་སྙད་དང་མི་འཐད་དོ། །དྲུག་པོ་ལ་སོགས་པའི་འཐད་པ་དེ་བས་ན་མེད་པ་ནི་མི་རྟག་
པ་ཉིད་དུ་མི་འདོད་དོ་ཞེ་ན། དེའི་ཚེ་ཡོད་པ་ལ་སོགས་པ་དང་གཞན་འགའ་ཞིག་ཏུ་ཡང་རུང་སྟེ། བར་ཆོད་དུ་འགྱུར་བའི་ཡོད་པ་ཞེའམ། དེ་གཉིས་ཀྱི་ཁྱད་པར་ཅན་ཞེས་པ་དེ་ལྟར་སྦྱར་བ་སྔ་ན་མེད་པ་དང་། ཞིག་ནས་མེད་པའི་མཐའ་ལ་ཡང་དྲུག་པ་ལ་སོགས་པའི་སྦྱོར་བའམ། ཁྱད་པར་དང་ཁྱད་པར་ཅན་གྱི་
དངོས་པོ་དེ་ཙམ་ལྟར་འགྱུར་ཏེ། མི་འགྱུར་བ་ཁོ་ནའོ། །འགྱུར་བ་ཡང་མ་ཡིན་ཏེ། དེས་ན་དེ་དང་འདྲ་བར་དངོས་པོ་ལ་ཡང་སྔ་ན་མེད་པ་ལ་སོགས་པ་ལ་ལྟོས་ནས་དྲུག་པ་ལ་སོགས་པའི་སྦྱོར་བའམ། ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོར་འགྱུར་བ་ཡིན་ནོ། །འགྱུར་བ་ནི་ཐམས་ཅད་ལ་འགྱུར་ལ་མི་
འགྱུར་ན་ནི་འགར་ཡང་མ་ཡིན་ཏེ། ཁྱད་པར་མེད་པའི་ཕྱིར་རོ་ཞེས་དོགས་པའོ། །བཤད་པ་ནི། གལ་ཏེ་བསམ་པ་འདི་ཡིན་ཏེ། །ཞེས་བྱ་བའོ། །བསམ་པ་གང་ཞེ་ན། གལ་ཏེ་ཞེས་བྱ་བའོ། །མེད་པ་ཡིན་ན་དེའི་ཚེ་དངོས་པོའི་ཞེས་སྦྱར་རོ། །ཅིའི་ཕྱིར་མེད་པར་འགྱུར་སྙམ་ན། དངོས་པོ་དང་ཞེས་
བྱ་བའོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དང་ཞེས་གསུངས་སོ། །སོགས་པ་སྨོས་པས་ནི་ཁྱད་པར་ཅན་གྱི་དངོས་པོ་བཟུང་ངོ་། །དངོས་པོ་དང་དངོས་པོ་མེད་པ་དག་འབྲེལ་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བ་འདི་ག་ལས་ཡིན་སྙམ་ན་མི་འཐད་པའི་ཕྱིར་རོ་ཞེས་གསུངས་ཏེ། མི་འཐད་པ་ཡང་རྣམ་འགྲེལ་བཤད་པ་
ཉིད་དུ་གསལ་བར་བྱས་ནས་ཡང་མི་འདོད་དོ། །ཅི་ཞིག་སྨྲས་ཤེ་ན། ཁྱད་པར་ཞེས་བྱ་བའོ། །དངོས་པོ་ནི་དངོས་པོ་མེད་པ་དང་འབྲེལ་པ་མེད་པའི་ཕྱིར་ན་དངོས་པོའི་སྔ་ན་མེད་པ་དང་། ཞིག་ནས་མེད་པ་མི་རྟག་པ་ཉིད་ཡིན་ནོ་ཞེས་དྲུག་པ་ལ་སོགས་པའི་རྒྱུ་སྦྱོར་བར་མི་འགྱུར་རོ་ཞེས་བྱ་བའི་འདོད་པ་ནི་མི་
འཐད་དེ་འབྲེལ་པ་ཡོད་པའི་ཕྱིར་རོ། །འབྱུང་བ་ལ་སོགས་པའི་འབྲེལ་པ་བཟློག་ཟིན་ཏོ་སྙམ་ན། བཟློག་མེད་ཁྱད་པར་དང་ཁྱད་པར་ཅན་གྱི་དངོས་པོ་ཡང་འདུ་བ་ལ་སོགས་པའི་འབྲེལ་པ་གང་གིས་ཟློག་པར་བྱེད་ཅིང་དྲུག་པ་ལ་སོགས་པའི་སྦྱོར་བ་ཡང་གང་གིས་བཟློག །འོ་ན་ཁྱད་པར་དང་ཁྱད་པར་ཅན་

གྱི་དངོས་པོ་ཡང་འདུ་བ་ལ་སོགས་པའི་འབྲེལ་པ་མེད་པར་མི་འགྱུར་ན་འོ་ན་ནི་ཞེས་སྨོས་ཏེ། བཤད་པ་འདི་ནི་གསལ་ལོ། །འདི་ནི་གཉིས་ཀྱི་བར་གནས་པ་ཉིད་ཀྱི་ཁས་བླངས་ནས་བརྗོད་པ་ཡིན་ནོ། །ད་ནི་དེ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཡོད་པ་ཉིད་དང་འབྲེལ་ཞེས་བྱ་བའོ། །འཆད་པ་ནི་
མཐའ་གཉིས་ཀྱིས་ཞེས་བྱ་བ་སྟེ། དེ་ནི་སྐྱེ་འཇིག་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་རྟག་པ་ཕྱིར་ན་ཡོད་པ་དང་དེའི་འབྲེལ་པ་མཐའ་དག་གི་ཁྱད་པར་དུ་འགྱུར་བ་མ་ཡིན་མོད་ཀྱི། འོན་ཀྱང་དོན་གང་ལ་དེ་གཉིས་ཡོད། །དེ་ཉིད་མཐའ་དག་གི་ཁྱད་པར་དུ་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་
ཞེས་གསུངས་སོ། །དེའི་ཁྱད་པར་ཅན་ནི་མཐའ་གཉིས་ཀྱི་ཁྱད་པར་ཅན་ནོ། །བསམ་པ་ནི་འདི་ཡིན་ཏེ། སྒྲའི་འཇུག་པའི་རྒྱུ་ནི་དངོས་པོ་ཡིན་ན་མི་རྟག་པའི་རྒྱུ་ནི་ཡོད་པའམ་དེ་དང་འབྲེལ་པ་དག་མ་ཡིན་གྱི། འོན་ཀྱང་མི་རྟག་པ་ཉིད་ཡིན་ནོ། །དེས་ན་མི་རྟག་པའི་སྒྲ་ལས་དངོས་པོ་རྟོག་པར་ཇི་ལྟར་འགྱུར་
ཞེས་བྱ་བའོ། །གལ་ཏེ་ཡོད་པ་མི་རྟག་པ་ཉིད་དུ་མི་འདོད་ལ་མི་རྟག་པའི་སྒྲའི་དངོས་པོའི་རྐྱེན་ཀྱང་ཐ་དད་པའི་མི་རྟག་པ་ཉིད་རྗོད་པར་བྱེད་པ་མ་ཡིན་ནོ། །དེའི་ཚེ་ཐ་དད་པ་མེད་པའི་ཕྱིར་ན་སྒྲའི་མི་རྟག་པ་ཉིད་ཅེས་བྱ་བའི་དྲུག་པར་མི་འགྱུར་རོ་ཞེས་དོགས་པ་བསུ་ནས་བརྗོད་པ་ནི་ཡོད་པ་ཉིད་ཀྱིས་ཞེས་བྱ་བའོ། །ཇི་ལྟར་ཐ་
དད་པ་མེད་ཀྱང་ཡོད་པ་ཉིད་གནས་སོ་ཞེས་བྱ་བར་འགྱུར་བ་དེ་བཞིན་དུ་དངོས་པོའི་མི་རྟག་པ་ཞེས་དྲུག་པར་ཅི་སྟེ་མི་འདོད། དེ་ལྟ་ན་མི་རྟག་པ་ཉིད་ཐ་དད་པར་འཐད་པ་མ་ཡིན་ནོ། །ཡང་ན་སྒྲའི་ཚུལ་ལམ་རིགས་པས་མཐའ་གཉིས་ཀྱི་ཁྱད་པར་ཅན་གྱི་ཡོད་པ་མི་རྟག་པ་ཉིད་ཡིན་ནོ་ཞེས་བྱ་བའི་ཕྱོགས་མེད་པའི་
ཕྱིར་ན། སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་ཐ་དད་པའི་མི་རྟག་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལ་ནི་དྲུག་པ་ལ་སོགས་པ་མེད་པའི་ཉེས་པའི་གོ་སྐབས་སུ་མི་འགྱུར་རོ་ཞེས་སྨྲས་པ་ནི། གཞན་ཡང་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་དངོས་པོ་ལས་སོ། །དེ་ལྟར་སྔ་ན་མེད་པ་དང་ཞིག་ནས་མེད་པའི་བར་ནས་ཡོད་
པའི་ཡོད་པ་ཉིད་མི་རྟག་པ་ཉིད་དུ་མི་འཐད་ལ་དེར་ཁས་ལེན་ན་ཡང་དེ་གཉིས་ཉིད་མི་རྟག་པར་ཐལ་ལོ་ཞེས་བསྟན་པ་ཡིན་ནོ། །ད་ནི་དངོས་པོ་དང་དངོས་པོ་མེད་པ་གང་གི་འབྲེལ་པ་ཁས་མི་ལེན་པའི་ཕྱིར་མེད་པ་གཉིས་ཀྱི་དབུས་ན་གནས་པའི་ཡོད་པ་མི་རྟག་པ་ཉིད་མ་ཡིན་ལ། དེ་ཁས་བླངས་པ་སྔོན་དུ་སོང་བ་ཅན་གྱི་

སྔ་ན་མེད་པ་ལ་སོགས་པ་ཉིད་ཀྱང་མི་རྟག་པ་ཉིད་མ་ཡིན་གྱི། འོན་ཀྱང་རྒྱུ་དང་འབྲས་བུར་གྱུར་པའི་ཡང་གཉིས་ཀྱི་དབུས་ན་གནས་པའི་ཡོད་པ་མི་རྟག་པ་ཉིད་ཡིན་ན་ཞེས་བསམས་ནས་གཞན་དོགས་པ་བསུ་བ་ནི། ཅི་སྟེ་ཞེས་བྱ་བའོ། །བུམ་པའི་རྒྱུ་ནི་རྫ་མཁན་ལ་སོགས་པ་ཡིན་ལ།
འབྲས་བུ་ནི་གྱོ་མོ་ལ་སོགས་པ་ཡིན་ནོ། །དེ་ལྟར་ཡིན་དུ་ཟད་མོད། དེས་ཅིར་འགྱུར་སྙམ་ན། རྒྱུ་དང་འབྲས་བུ་དེ་དག་གིས། །ཞེས་གསུངས་སོ། །ཇི་ལྟར་མི་རིགས་པ་མེད་པ་སྙམ་ན། རྒྱུ་དང་འབྲས་བུ་ཞེས་གསུངས་ཏེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའི་མཚན་ཉིད་ཅན་དག་དང་ངོ་། །དངོས་པོའི་ཞེས་
བྱ་བ་ནི་དབུས་ན་གནས་པའིའོ། །གལ་ཏེ་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུར་གྱུར་པའི་མཐའ་གཉིས་ཀྱི་དབུས་ན་གནས་པའི་ཡོད་པ་ཇི་ལྟར་མི་རྟག་པ་ཉིད་ཡིན་ཞེ་ན། ཡོད་པ་ཉིད་དང་ཞེས་གསུངས་སོ། །རྩོད་པ་རྗེས་སུ་བརྗོད་པ་སྔོན་དུ་འགྲོ་བའི་ལན་རྣམ་འགྲེལ་གྱི་ཕྱེད་ཀྱིས་སྟོན་པ་ན་གལ་ཏེ་ཞེས་བྱ་བའོ། །
གལ་ཏེ་ཇི་སྐད་བརྗོད་པའི་རྒྱུ་དང་འབྲས་བུ་གཉིས་མཐའ་ཡིན་ནོ། །དེའི་ཚེ་ཁྱད་པར་མེད་པ་ཉིད་དུ་འགྱུར་ཏེ། རྒྱུ་དང་འབྲས་བུར་གྱུར་པའི་མཐའོ། །དེ་དག་ནི་ཡོད་པའི་ཁྱད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་དེ་དག་ཁྱད་པར་དུ་མི་འགྱུར་ཞེ་ན་འབྲེལ་པ་མེད་པའི་ཕྱིར་རོ། །རྟག་པ་ནི་རྒྱུ་དང་
འབྲས་བུར་གྱུར་པའི་མཐའ་དག་དང་འབྲེལ་པ་ཡོད་པ་མ་ཡིན་ཏེ། རང་གི་ངོ་བོ་ཉམས་པར་ཐལ་བའི་ཕྱིར་རོ། །འོན་ཏེ་དངོས་པོ་གང་ལ་ཡོད་པ་དང་འབྲེལ་བ་དག་གནས་པ་དེའི་ཁྱད་པར་རྒྱུ་དང་འབྲས་བུར་གྱུར་པའི་མཐའ་དག་ཡིན་ནོ་ཞེ་ན། འདི་ཡང་ལོག་པ་ཡིན་ཏེ་མཐའ་དེ་དག་ནི་དེའི་ཡང་ཁྱད་པར་མ་
ཡིན་ཏེ། སྔོན་མེད་པ་དང་འབྲེལ་པ་ཁས་མི་ལེན་པའི་ཕྱིར་རིགས་པ་ཅན་པ་ཡིས་ནི་དངོས་པོ་ལ་སྔ་ན་མེད་པ་འདོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེའི་ལུགས་ཀྱི་ནི་དངོས་པོ་སྔ་ན་མེད་པ་ཞེས་བྱ་བའི་ཐ་སྙད་ཀྱང་མེད་པ་ཁོ་ནའོ། །གལ་ཏེ་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་རྒྱུ་དང་འབྲས་བུ་དངོས་པོའི་ཡིན་པར་ཇི་
ལྟར་མི་འགྱུར་ཞེ་ན། སྔ་ན་མེད་པ་དེའི་ཁྱད་པར་ཅན་གྱི་བརྗོད་པ་གང་ལ་ཡོད་པ་དེ་ནི་དེའི་ཁྱད་པར་ཅན་ནོ། །བརྗོད་པ་དེ་གང་དག་ལ་ཡོད་པའི་རྒྱུ་དང་འབྲས་བུ་དེ་ཡང་མི་འགྲུབ་པོ། །དེའི་ཁྱད་པར་ཅན་གྱི་བརྗོད་པ་སྔ་ན་མེད་པ་ལ་བརྟེན་ནས་རྒྱུ་དང་འབྲས་བུའི་ཐ་སྙད་ཐོབ་པ་ནི། དངོས་པོའམ་རིགས་པ་ཅན་དེ་

ལ་མི་འགྲུབ་པོ། །ཅིའི་ཕྱིར་ཞེ་ན་གང་ཞིག་ཅེས་བྱ་བའོ། །འོན་ཏེ་འབྲེལ་པ་ཡོད་པ་ཉིད་དོ་སྙམ་ན། དངོས་པོ་ནི་ཞེས་གསུངས་སོ། །ཅིའི་ཕྱིར་ཁས་མི་ལེན་སྙམ་ན། ཁས་ལེན་ཞེས་གསུངས་སོ། །སྔ་ན་མེད་པ་དང་ཞིག་ནས་མེད་པ་ཉིད་མི་རྟག་པ་ཡིན་ནོ་ཞེས་བྱ་བར་གསུངས་སོ། །དེས་ན་ཡོད་
པའི་ཡོད་པ་ཉིད་མི་རྟག་པ་ཡིན་ནོ་ཞེས་བྱ་བར་རང་གི་གཞུང་ཉམས་པ་དང་། སྔ་ན་མེད་པ་དང་། ཞིག་ནས་མེད་པ་མཐའ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ལས་རྒྱུ་དང་འབྲས་བུ་མཐའ་ཡིན་ནོ་ཞེས་བྱ་བའི་མཐའ་ཕྱོགས་གཞན་དེ་ལ་བརྟེན་པ་ཡང་ཉམས་པར་འགྱུར་རོ་ཞེས་རྗེས་སུ་འཇུག་གོ། །གང་གི་ཕྱིར་
དངོས་པོ་དང་དངོས་པོ་མེད་པ་དག་འབྲེལ་པར་ཁས་མི་ལེན་ན་ཉེས་པ་འདི་ཡོད་པ་དེས་ནའོ། །འོན་ཀྱང་འབྲེལ་པ་མེད་མོད། དེ་ལྟ་ན་ཡང་དངོས་པོའི་རྒྱུ་དང་འབྲས་བུར་འགྱུར་རོ་སྙམ་ན་བརྗོད་པའི་ཁྱད་པར་འདི་ནི་ཞེས་བྱ་བའོ། །དེ་མེད་ན་ཞེས་བྱ་བ་ན་སྔ་ན་མེད་པའི་ཁྱད་པར་མེད་པའོ། །དེར་ཞེས་བྱ་བ་ནི་
བརྗོད་པའི་ཁྱད་པར་དུའོ། །གང་མེད་པར་འགྱུར་བ་བརྗོད་པའི་ཁྱད་པར་དེ་ཡང་གང་ཡིན་ཞེ་ན། འདི་ནི་ཞེས་བྱ་བའོ། །འོ་ན་རྒྱུར་འགྱུར་རོ་སྙམ་ན། འབྲས་བུ་མེད་པའི་ཞེས་གསུངས་སོ། །དེ་ལྟར་སྔ་ན་མེད་པའི་ཁྱད་པར་ལ་ལྟོས་པ་རྒྱུ་དང་འབྲས་བུ་ཉིད་ནི་དེ་མེད་ན་མི་འགྱུར་རོ་ཞེས་བརྗོད་པ་ཡིན་ན་ནི་དེའི་
ཁྱད་པར་ལ་མ་ལྟོས་པའི་ཕྱིར་ཡང་ཞེས་བྱ་བའོ། །རྒྱུ་དང་འབྲས་བུ་ཉིད་ཀྱི་རང་བཞིན་དེ་ནི་གང་རྣམ་པ་གཞན་ནི་གང་ཞིག་དེས་དེ་མེད་པར་ནི་ཇི་ལྟར་འགྱུར་ཞེ་ན། འདི་ལྟར་ཞེས་བྱ་བའོ། །གང་གིས་དེ་མེད་པར་འགྱུར་བ་སྔ་ན་མེད་པ་ཉིད་དུ་ཁྱད་པར་ཅན་ནི་རྒྱུ་མ་ཡིན་གྱི་འོན་ཀྱང་འབྲས་བུ་ཡོད་པ་ཉིད་དང་འབྲེལ་
པ་དེ་འདུ་བའམ། འབྲས་བུ་རང་གི་རྒྱུ་དང་འབྲེལ་པའི་འདུ་བ་དེ་བྱེད་པའི་ཕྱིར་ན་རྒྱུ་ཡིན་ནོ་ཞེས་གྲག་གོ། །སྒྲ་ནི་འདོད་པ་ཉིད་མ་ཡིན་པའོ། །དེ་ལྟར་ཕྱེད་སྔ་མས་དེའི་རང་བཞིན་བརྗོད་པའོ། །རེ་ཞིག་དངོས་པོའི་རང་བཞིན་ནི་བྱེད་པ་མ་ཡིན་ལ་ཡོད་པ་དང་འབྲེལ་པ་ཡང་རྟག་པ་ཡིན་ནོ་ཞེས་བྱ་བ་ནི་རྣམ་
པ་གཞན་བརྗོད་པའོ། །འོ་ན་འདིར་འབྲས་བུ་གང་ཞེས་བྱ་བ་ནི་འདོད་པ་དང་འབྲེལ་པ་དང་རྒྱུ་དང་འབྲེལ་པ་ལ་སྐྱེ་བར་ཁས་ལེན་ན་ཡོད་པ་ནི་རེ་ཞིག་བྱེད་པ་མ་ཡིན་ཏེ་རྟག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་འབྲེལ་པ་ཡང་མི་བྱེད་དོ། །དེས་ཅི་ཡང་མི་བྱེད་པ་དེས་ན་གང་ཞིག་སྐྱེད་པར་བྱེད་པས་རྒྱུ་ཡིན། དེས་ན་ཕྱི་མས་ནི་

དེ་མེད་པར་བརྗོད་པ་ཡིན་ནོ། །སྐྱེ་བཞིན་པའི་འབྲས་བུ་ཉིད་རང་གི་རྒྱུ་དང་འདུ་བ་ཡིན་ནམ། སྐྱེས་ཟིན་པའི་འབྲས་བུ་འདུ་ཤེས་དེ་ལྟར་ལུགས་གཉིས་བསྡུ་བའི་ཕྱིར་ན་ཕལ་ཆེར་གྱི་སྒྲ་སྨྲས་སོ། །དེ་ལྟར་ཕྱེད་སྔ་མ་བཤད་ནས་ཕྱི་མ་འཆད་པ་ནི་ཡོད་པ་ཉིད་དང་ཞེས་བྱ་བའོ། །འོ་ན་
དངོས་པོ་འབྲས་བུ་ཉིད་དུ་འགྱུར་རོ་སྙམ་ན། དངོས་པོ་ཡང་ཞེས་གསུངས་སོ། །གཞན་དུ་ནི་ཞེས་བྱ་བ་ནི་ཡོད་པ་དང་འབྲེལ་པ་བྱས་པ་མེད་པར་རོ། །དེ་ཞེས་བྱ་བ་ནི་དངོས་པོའོ། །རང་གི་ངོ་བོ་ཁོ་ནས་སྔ་ན་མེད་པའི་ཁྱད་པར་མེད་པར་རོ། །གང་ཞིག་མེད་པ་དེ་བྱེད་ན་ཞེས་བྱ་བ་ནི་དེ་ལྟར་ཡིན་ནོ་ཞེས་བྱ་བའི་
ཐ་ཚིག་གོ། །ཁྱོད་ཀྱི་འདོད་པ་དང་སྦྱར་ན་ནི་དེ་ལྟར་ཡང་མ་གྱུར་ཏེ་ཞེས་བརྗོད་པ་ནི་དངོས་པོ་སྔར་མེད་ཅེས་བྱ་བའོ། །ལྡོག་བཞིན་པའི་དངོས་པོ་ཉིད་དངོས་པོ་མེད་པ་ཡིན་པའི་ཕྱིར་སྔ་ན་མེད་པ་དང་མ་འབྲེལ་ཡང་དངོས་པོ་འབྲས་བུ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་གཞན་གྱི་འདོད་པ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །
དེས་ན་ཞེས་བྱ་བ་ནི་མེད་པའི་ཕྱིར་རོ། །འདི་སེལ་བར་བྱེད་པ་ནི་གང་ཞིག་ཅེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་མེད་པ་དང་ལྷན་ཅིག་འབྲེལ་བ་མེད་པར་ཡང་མེད་པ་ཡིན་ན་དེའི་ཚེའོ། །གལ་ཏེ་དེ་ལྟ་ན་ཡིན་མོད། དེ་ལས་ཅིར་འགྱུར་ཞེ་ན་དེ་ན་ཞེས་བྱ་བའོ། །དེ་ལྟ་ན་ཡིན་མོད་ཅེ་ན་ཁས་ཀྱང་ཞེས་
གསུངས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་སྔ་ན་མེད་པ་དང་ལྷན་ཅིག་མི་འབྲེལ་པའི་ཕྱིར་རོ། །གང་གི་ཚེ་དེ་ལྟར་དངོས་པོ་སྔ་ན་མེད་པ་ལ་སོགས་པ་དང་མ་འབྲེལ་ན་ཉེ་བར་འགྱུར་བ་ཁོ་ན་གང་གི་དངོས་པོའི་དངོས་པོ་མེད་པ་དེ་མི་རྟག་པ་ཉིད་དུ་འགྱུར་བ་སྔ་ན་མེད་པ་དང་ཞིག་ནས་མེད་པའི་མཚན་ཉིད་ཅན་དངོས་པོའི་དུས་
ན་ཡོད་པ་མ་ཡིན་པའི་དངོས་པོ་མེད་པ་དང་། དངོས་པོ་ཇི་ལྟར་འབྲེལ་ཞེ་ན། དེའི་ཕྱིར་ཞེས་བྱ་བའོ། །དོན་མེད་སྒྲོ་འདོགས་པ་ནི་དོན་ལ་རེག་པ་དང་བྲལ་བའི་སྟེ་བླའོ། །གང་དག་ལ་དོན་དུ་མངོན་པར་འདོད་པ་ཐ་དད་པ་ཡོད་པ་མ་ཡིན་པའི་སྒྲ་དེ་དག་ལ་ཡང་བརྗོད་བྱ་ཐ་དད་པར་སྦྱོར་བར་བྱེད་དོ། །དེའི་ཕྱིར་བློ་
དེ་ཉིད་ལྡོག་པ་སྟེ་ཐ་དད་ཞིག་པ་དང་ཐ་དད་པ་མི་རྟག་པ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་གྱིས་རྟེན་དེ་རྒྱུ་མཚན་ཡིན་ནོ། །དོན་ཐ་དད་དམ་ཞེས་བྱ་བ་ནི། གང་གི་སྒྲས་བསྡུས་པ་དོན་ཐ་དད་པར་མངོན་པར་འདོད་པ་དག་ལ་འབྲེལ་པ་རྟོགས་པས་བཀོད་པར་བརྗོད་པ་ནི་དངོས་པོ་ལས་ཞེས་བྱ་བའོ། །འབྲེལ་པ་ནི་

གཉིས་ལ་གནས་པའི་ཕྱིར་ཐ་དད་པ་ཁོ་ནར་འབྲེལ་པ་ཡིན་ནོ་ཞེས་བསམས་ནས་གཞན་དག་དོགས་པར་བྱེད་པ་ན་ཐ་དད་པ་ཉིད་ཅེས་བྱ་བའོ། །ཐ་དད་པ་ནི་འབྲེལ་པ་མ་ཡིན་ནོ་ཞེས་དོགས་ནས་གྲུབ་པའི་མཐའ་སྨྲ་བས་གསུངས་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་ཐ་དད་པ་ཉིད་འབྲེལ་པ་ཡིན་ནོ་
ཞེས་བཤད་ཟིན་པ་མ་ཡིན་ནམ། དེས་ན་འདི་སྐད་ཅི་སྟེ་བརྗོད་སྙམ་ན། ཐ་དད་པར་ནི་ཞེས་གསུངས་སོ། །ཐམས་ཅད་ལ་འབྲེལ་པ་ཡོད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །དེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པས་འབྲེལ་པ་གཞན་དག་ཀྱང་དོགས་པ་བྱས་ནས་སྤོང་བ་ཐ་དད་ཡིན་ན་ཞེས་བྱ་བའོ། །ཕྱེད་
སྔ་མ་ཡན་རྐང་པ་གཉིས་པ་འབྲེལ་པ་ནི་ཐ་དད་པ་ལ་ནི་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ལ་ནི་རྩོད་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པའོ། །དེ་ལས་ནི་ཞེས་བྱ་བ་ནི་ཐ་མི་དད་པ་ལའོ། །ཇི་ལྟར་བརྟག་པའི་ཡུལ་ཅན་དུ་འགྱུར་བ་ཞེ་ན་དེ་ལ་ཞེས་བྱ་བའོ། །རྐང་པ་དང་པོ་འཆད་པ་ནི་ཐ་དད་པ་ཉིད་ཅེས་
བྱ་བའོ། །རྒྱུ་དང་འབྲས་བུའི་འབྲེལ་པའི་དོགས་པ་བསུ་བ་ནས་འགོག་པ་ནི་གལ་ཏེ་ཞེས་བྱ་བའོ། །ཇི་ལྟར་རྟག་པའི་ཡུལ་ཅན་དུ་འགྱུར་ཞེ་ན། མངོན་སུམ་གྱིས་ཞེས་གསུངས་སོ། །ཕྱེད་ཕྱི་མ་ནི་བླ་བའི་ཕྱིར་མ་བཀྲོལ་ཏོ། །གང་གི་ཕྱིར་རྣམ་པར་དཔྱད་ན་མི་གནས་པ་དེའི་ཕྱིར་འདི་ནི་འབྲེལ་པའོ། །
གང་གི་ཕྱིར་དོན་དམ་པ་མིན་པ་དེའི་ཕྱིར་རོ། །སྐབས་ཀྱི་མཇུག་སྡུད་པ་ནི་དེ་བས་ན་ཞེས་བྱ་བའོ། །དེའི་ཕྱིར་དངོས་པོའི་སྔ་ན་མེད་པ་དང་ཞིག་ནས་མེད་པ་ཡང་མི་རྟག་པ་ཉིད་དང་། བདག་ཉིད་མ་ཡིན་པ་དང་མི་དམིགས་པས་བསྒྲུབ་པར་བྱ་བ་ཡང་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཁ་དོག་ལ་སོགས་
པ་མི་རྟག་གོ་སྙམ་པའི་ཤེས་པ་ཁ་དོག་གི་སྤྱི་ལ་མི་རྟག་པ་ཉིད་ལ་སོགས་པ་སྤྱི་སྦྱོར་བས་སྐྱེ་བ་ནི་ཚད་མ་གཞན་མ་ཡིན་ཏེ། གཞལ་བྱ་གཞན་གྱི་ཡུལ་ཅན་མ་ཡིན་པ་དེ་བས་ནའོ། །ཚད་མ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཀྱིས་ཁ་དོག་ལ་སོགས་པ་སྐད་ཅིག་མ་ཉིད་ལ་སོགས་པར་
ཤེས་པ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གཞལ་བྱ་ཞེས་སྨོས་ཏེ། སྤྱི་དང་ཁྱད་པར་ཅན་གྱི་གཞལ་བྱ་གཞན་མེད་པས་སོ། །ཅིའི་ཕྱིར་མེད་སྙམ་ན་ཁ་དོག་གི་སྤྱི་ལ་མི་རྟག་པ་ཉིད་ཀྱི་སྤྱི་སྦྱོར་བའི་ཕྱིར་ཏེ། འདི་སྐད་བརྗོད་པ་ཡིན་ཏེ། གང་གི་ཕྱིར་ཁ་དོག་ལ་སོགས་པ་ནི་མི་རྟག་པའོ་སྙམ་པའི་ཤེས་

པས་ནི་ཁ་དོག་གི་སྤྱི་ལ་མི་རྟག་པའི་སྤྱི་སྦྱར་བ་ཡིན་ཏེ། དེས་ན་དེ་ནི་གཞལ་བྱ་གཞན་མ་ཡིན་ནོ་ཞེས་བྱ་བའོ། །གལ་ཏེ་ཚད་མའི་རྗེས་ལས་བྱུང་བ་དེ་ཉིད་འདི་ཡིན་ནོ། །མཉམ་དུ་མཚམས་སྦྱོར་བར་བྱེད་པ་སྤྱི་དང་ཁྱད་པར་གྱི་བདག་ཉིད་ཅན་གྱི་གཞལ་བྱའི་ཡུལ་ཅན་ནི་ཚད་མ་གཞན་
ཡིན་ནོ་ཞེས་དོགས་ན་ཡང་དང་ཡང་ངོ་ཤེས་ཀྱང་ཚད་མ་གཞན་མིན་ཞེས་འབྲེལ་ཏོ། །དྲན་པ་དང་འདོད་པ་ཅན་ནོ། །ཅིའི་ཕྱིར་ཞེ་ན། མི་འདོད་པར་ཐལ་ཕྱིར་ཞེས་གསུངས་སོ། །མི་འདོད་པར་ཞེས་བྱ་བ་ནི་ཚད་མ་རྣམས་ཀྱི་ཚད་ངེས་པ་མེད་པའི་ཕྱིར་ན་མི་འདོད་པར་ཐལ་བའི་ཕྱིར་རོ། །དོན་འདི་ཡིན་ཏེ་
ཚད་མས་མཐོང་བ་ལ་ཡང་དང་ཡང་ངོ་ཤེས་པར་བྱེད་པ་ནི་ཚད་མ་སྔ་མ་དང་ཁྱད་པར་མེད་པའི་ཡུལ་ཅན་དེ་དང་གྲུབ་པ་དང་བདེ་བ་གཅིག་པ་དེས་ན་ཚད་མ་གཞན་མ་ཡིན་ཏེ་དཔེར་ན་དྲན་པ་ལ་སོགས་པའི་ཤེས་པ་བཞིན་ནོ། །དེ་ལྟ་ན་ཡང་ཚད་མ་ཡིན་ན་ནི། ཚད་མ་རྣམས་ཀྱིས་དྲངས་པ་ངེས་པ་ཉམས་པར་འགྱུར་
རོ་ཞེས་བྱ་བ་ནི་ཡིན་ནོ། །འདི་ཡང་གཞན་ནི་གཟུང་བའི་འཛིན་པའི་ཕྱིར་ན་ཚད་མ་ཉིད་མི་འདོད་ཅེས་བྱ་བ་ལ་སོགས་པས་བཤད་ཟིན་པ་ཡིན་ལ་རྒྱས་པར་བཤད་པའི་ཕྱིར་ཡང་སྨྲས་པས་ན་ཉེས་པ་མེད་དོ། །ཡང་ངོ་ཤེས་པར་ཞེས་བྱ་བ་ནི་འཆད་པའོ། །དྲན་པ་ཉིད་ཅེས་བྱ་བ་ནི་ཚད་མ་མ་ཡིན་པའོ། །དབང་པོའི་བྱེད་
པ་ལས་ཞེས་བྱ་བ་ལ་སོགས་པའི་རྩོད་པར་ནི་དབང་པོའི་བྱེད་པའི་རྗེས་དཔག་དང་མི་སླུ་བ་ཚད་མ་དེའི་རྒྱུ་མཚན་དུ་བརྗོད་པ་ཡིན་ནོ། །དེ་ལ་དབང་པོའི་བྱེད་པ་ལ་བརྟེན་པ་ཉིད་རེ་ཞིག་དགག་པའི་ཕྱིར་བརྗོད་པ་ནི་ཡང་ངོ་། །ཤེས་པར་བྱེད་པ་ནི་དབང་པོའི་བྱེད་པ་བརྟེན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དབང་པོའི་བྱེད་
པ་ནི་ཞེས་གསུངས་སོ། །གཞན་ཉེ་བ་ཙམ་གྱི་ཡུལ་ཅན་དུ་མྱོང་བས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཇི་ལྟར་འཇུག་སྟེ་མི་འཇུག་པ་ཉིད་དོ། །འཇུག་པ་ཡང་ཡིན་ཏེ་དེའི་ཕྱིར་ཉེ་བའི་ཡུལ་ཅན་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐའ་ནི་དེ་ཉིད་ཅེས་བྱ་བས་ནི་རྟོག་པ་དང་ལྡན་པ་འཇུག་
པ་ཉིད་མིན་ཏེ་རྣམ་པ་གཞན་དུ་འཇུག་པར་མཐོང་བའི་ཕྱིར་རོ་ཞེས་བརྗོད་པ་ནི་དེ་ནི་དེ་ལྟར་ཞེས་བྱ་བའོ། །འོ་ན་ཇི་ལྟར་འཇུག་ཅེ་ན། དེ་ནི་ཕན་འབྲས་ཞེས་བྱ་བའོ། །གལ་ཏེ་དེ་ཉིད་ཅེས་བྱ་བ་ནི་འཆད་པའོ། །ཅིའི་ཕྱིར་ཞེ་ན། རྟོག་པ་དང་ལྡན་པ་ཞེས་བྱའོ། །གལ་ཏེ་ཡང་འཇུག་པའི་ཡུལ་དོན་བྱ་བ་སྒྲུབ་

པར་བྱེད་པ་ཡིན་པ་དེ་ལྟ་ན་ཡང་དོན་བྱ་བ་སྒྲུབ་པར་བྱེད་པ་དེ་ནི་དེ་ཉིད་ཡིན་ནོ་ཞེ་ན། དེ་ཉིད་ཀྱིས་ཞེས་བྱ་བ་སྟེ། སྔར་མཐོང་བ་དེ་ཉིད་ཀྱིས་སོ། །ཅིའི་ཕྱིར་ཞེ་ན། རང་གི་ཞེས་གསུངས་སོ། །འོན་ཏེ་མངོན་སུམ་ཡང་དོན་བྱ་བ་སྒྲུབ་པའི་ཡུལ་ཅན་ཉིད་ཡིན་ན་དེས་བྱས་པའི་འཇུག་པ་ནི་དེ་སྒྲུབ་པའི་ཡུལ་ཅན་དུ་གྱུར་པ་དེས་ན་
ཚད་མ་མ་ཡིན་པའི་རྒྱུ་མཚན་གྱི་དྲན་པ་ཉིད་གང་ཞིག་ཡིན། དྲན་པ་ཡིན་ཡང་ཚད་མ་ཡིན་ན་ནི་ཚད་མ་རྣམས་མཐའ་མེད་པར་འགྱུར་རོ་ཞེས་བྱ་བའི་དོགས་པ་ཞེ་ལ་བཞག་པས་ལན་འདེབས་པ་ནི་དོན་བྱེད་པའི་འབྲེལ་པ་ནི་ཞེས་བྱ་བའོ། །གལ་ཏེ་དོན་བྱེད་པའི་འབྲེལ་པ་མངོན་སུམ་གྱི་ཡུལ་ཡིན་ན་ནི་ཉེས་པ་
འདིར་འགྱུར་ཉིད་ནི་འོན་ཀྱང་འདི་ནི་མངོན་སུམ་གྱི་ཡུལ་མ་ཡིན་ཏེ། གསལ་བ་མེད་པའི་ཕྱིར་རོ། །འོ་ན་དེ་སུའི་ཡུལ་ཡིན་ཞེ་ན། སྔོན་མཐོང་ཉིད་ཅེས་གསུངས་སོ། །མེ་ལ་སོགས་པའི་དོན་བྱེད་པ་དང་འབྲེལ་པ་ནི་མངོན་སུམ་དང་མི་དམིགས་པ་དག་གིས་སྔར་མཐོང་བ་ཡིན་ཏེ། དེ་ཉིད་ངོ་ཤེས་པས་
དྲན་པའི་ཕྱིར་ངོ་ཤེས་ཉིད་ཀྱི་ཡུལ་ཡིན་ནོ། །དེས་ན་དྲན་པ་ཉིད་ལ་སོགས་པའི་ཉེས་པ་ནི་འདི་ཁོ་ནའི་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །ཅི་སྟེ་འདི་ཡིན་དྲན་པ་མ་ཡིན་ཏེ། དངོས་པོ་པའི་རང་གི་ངོ་བོ་འཛིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་ནས། དེའི་དོན་ཞེས་གསུངས་སོ། །སྔོན་མཐོང་བའི་དོན་བྱ་བ་བྱེད་
པ་ཉིད་ཀྱིས་སོ། །དེ་ལྟ་ན་ཡང་ཇི་ལྟར་དྲན་པ་ཡིན་ཞེ་ན། སྔོན་མཐོང་བ་ཉིད་དུ་ཞེས་གསུངས་སོ། །ཚད་མས་མཐོང་བ་ལ་ཡང་དེ་ཤེས་པར་བྱེད་པ་ནི། སྔར་གྱི་ཚད་དང་ཡུལ་ཁྱད་པར་མེད་པ་དེས་ན་གྲུབ་པ་དང་བདེ་བ་ཐ་དད་པ་མ་ཡིན་པས་ན། དྲན་པ་གཟུང་བ་ལ་འཛིན་པར་བྱེད་པ་ཡིན་པས་ན། དྲན་པ་
གཟུང་བ་ལ་འཛིན་པར་བྱེད་པ་ཡིན་གྱི་ཚད་མ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་སྤྱི་དང་ཁྱད་པར་བདག་ཉིད་གཞལ་བྱའི་ཡུལ་ཅན་ཡིན་པའི་ཕྱིར་ན་ཚད་མ་གཞན་ཡིན་ནོ་ཞེ་ན་འདི་ལ་ཞེས་གསུངས་སོ། །སྦྱོར་བའི་རྣམ་པར་བརྗོད་པ་ནི་དེའི་དོན་བྱེད་པར་རུང་བའི་ཞེས་བྱ་བའོ། །འདི་ལ་ཡང་ཞེས་
བྱ་བ་ནི་དཔེ་ལ་མཐོང་བ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་ལྟར་མངོན་སུམ་གྱིས་མཐོང་བ་ལ་ཡང་ངོ་། །སྤྱི་ཙམ་གྱི་ཡུལ་ཅན་ཡིན་པའི་ཕྱིར་ན་ཉེས་པ་འདིར་ཐལ་བ་མེད་དོ་ཞེས་བྱ་བར་བསམས་པའོ། །གལ་ཏེ་རྗེས་སུ་དཔག་པ་ཡང་ཇི་ལྟར་ཚད་མ་ཡིན་ཏེ། སྐད་ཅིག་མ་ཉིད་ཀྱིས་བསྟན་པའི་དོན་མི་སྐྱེ་བའི་ཕྱིར་

རོ་ཞེས་དོགས་པ་བསུ་བ་དེ་དག་ཅེས་གསུངས་སོ། །བསྟན་པ་དང་ཐོབ་པ་དེ་དག་ཐ་མི་དད་པ་ཉིད་དུ་སྒྲོ་བཏགས་ནས། གཅིག་ཉིད་ཀྱི་ཐ་སྙད་བྱེད་དེ་དེས་ན་འདི་ཡང་ཉེ་བར་ཐོབ་པར་བྱེད་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དངོས་ལ་ཚུལ་གཅིག་པ་ཅན་མ་ཡིན། འོ་ན་མི་
སླུ་བ་ཡུལ་གཅིག་པ་ཅན་དུ་འགྱུར་རོ་ཞེ་ན། མི་སླུ་བ་ཡང་ཞེས་གསུངས་ཏེ། ཚད་མ་འབའ་ཞིག་ཏུ་ནི་མ་ཟད་པའོ། །ཅིའི་ཕྱིར་ཞེ་ན། དུ་མ་ཉིད་ཡིན་ཡང་ཞེས་གསུངས་ཏེ། ཉེ་བར་བཏགས་པའི་གཅིག་པ་ཉིད་དུ་ནི་མ་ཟད་དེ། བགྲོད་པར་བྱ་བ་མ་ཡིན་པར་མ་ལ་སོགས་པར་བགྲོད་པར་ལུང་ལས་ཉེ་
བར་བསྟན་པ་ནི་སྐད་ཅིག་གི་རྒྱུར་མ་ལྟོས་པ་ཡིན་གྱི། སྐད་ཅིག་གཅིག་གི་ཡུལ་ཅན་ནི་མ་ཡིན་ནོ། །ཉེ་བར་ལེན་པ་དང་ཉེ་བར་ལེན་པ་ལས་བྱུང་བའི་རྒྱུ་ནི་གཅིག་གི་ཐ་སྙད་ཀྱི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི་བགྲོད་པར་བྱ་བ་མ་ཡིན་པར་བགྲོད་པ་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟར་ན་མངོན་
སུམ་གྱི་རྗེས་ལས་བྱུང་བའི་མཚམས་སྦྱོར་བ་ནི་གཟུང་བ་འཛིན་པས་ཐ་སྙད་ཙམ་གྱི་ཡུལ་ཅན་ཡིན་པས་ཡིད་ནི་སྤྱི་ཙམ་གྱི་ཡུལ་ཅན་ཡིན་ཏེ། དེས་ན་གཞལ་བྱ་གཞན་སྲིད་པ་མ་ཡིན་ནོ། །དེས་ན་གཞལ་བྱ་རྣམ་པ་གཉིས་ཁོ་ན་ཞེས་གྲངས་ངེས་པ་གྲུབ་པོ་ཞེས་བརྗོད་པ་ཡིན་ནོ། །དེ་ནི་གང་ལས་ཡུལ་
རྣམ་པ་གཉིས་ངེས་པར་འགྲུབ་པ་སྟེ་ལས་མངོན་སུམ་དང་རྗེས་སུ་དཔག་པ་དག་གི་ཡུལ་ངེས་པའི་མཚན་ཉིད་ཀྱི་ངེས་པར་གྲུབ་པ་ཡིན་ནོ་ཞེས་གསུངས་པ་ནི་དེས་ན་ཞེས་བྱ་བའོ། །སྤྱིའི་ཡུལ་ཅན་ཞེས་བྱ་བ་ནི་མངོན་དུ་གྱུར་པའི་ཡུལ་ཅན་ནོ། །ཁྱད་པར་གྱི་ཡུལ་ཅན་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ནོ། །
འདི་ཙམ་གྱི་ནི་འོ་ན་གང་ཞིག་ཁ་དོག་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་རྩོད་པའི་ལན་བརྗོད་པ་ཡིན་ནོ། །ད་ནི་གཅིག་ལ་ཡང་དུ་མ་ཉིད་ནི་འཇུག་ཕྱིར་ཏེ་ཞེས་བྱ་བ་ལ་སོགས་པ་སྤང་བར་འདོད་པས་དེ་ཉིད་ཟློས་པར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་གྱིས་མཐོང་བའི་ཁྱད་པར་རྗེས་
སུ་དཔག་པ་དེ་ནི་ཁྱད་པར་མཐོང་བའི་རྗེས་སུ་དཔག་པའི་ཁྱད་པར་ཁོ་ན་ཞེས་བྱ་བ་ནི་མངོན་སུམ་གྱིས་མཐོང་བ་ཁོ་ནའོ། །ཁྱད་པར་མཐོང་བའི་རྗེས་སུ་དཔག་པས་ཁྱད་པར་ཁོ་ན་འཛིན་པ་ཡིན་ཏེ། སྔར་ནི་དེ་མངོན་སུམ་གྱིས་བཟུང་ནས་ཕྱིས་ཡང་དེ་ཉིད་ལ་དེས་སྔར་མཐོང་བ་ནི་དེ་ཉིད་ཡིན་ནོ་ཞེས་འདུ་བའི་སྒོ་ནས་

རྟོགས་སོ། །དེས་ན་ཚད་མ་ཡུལ་གཅིག་ལ་འཇུག་པ་ཡིན་ནོ། །འདིས་ནི་འདི་ལྟར་ཚད་མ་འདོད་པ་ཡིན་ཏེ། གང་ཚད་མ་ཡིན་པ་དེ་ནི་ཡུལ་ངེས་པ་ཅན་མ་ཡིན་ནོ། །དཔེར་ན་ཁྱད་པར་མཐོང་བའི་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ། །མངོན་སུམ་ཡང་ཚད་མ་ཡིན་ནོ། །དེས་ན་དེ་ཡང་དེ་ལྟར་
འགྱུར་རོ། །སྤྱིའི་ཡུལ་ལ་ཞུགས་པ་ན་ཡང་ཚད་མ་གཅིག་ཏུ་སྨྲ་བ་ཉིད་ལ་སོགས་པ་ཡིན་ནོ། །ཡང་ན་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་ཞེས་རྣམ་པར་གཞག་པ་གང་ཡིན་པ་དེ་སྤངས་པས་གཞལ་བྱ་གཅིག་ལ་ཚད་མ་དུ་མ་འཇུག་པའི་ཕྱིར་ན། ཚད་མ་རྣམ་པ་མང་པོ་ཉིད་དུ་འདོད་པ་ཡིན་ནོ། །དེ་
ཡང་ན། གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ཀྱང་བསལ་བ་ཡིན། །ཞེས་བརྗོད་པ་གང་ཡིན་པ་དེ་སེལ་ཕྱོགས་སྔ་མ་འདི་ཡིན་ནོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ཡུལ་ངེས་པས་གཅིག་ལ་འཇུག་པ་མེད་པའི་ཕྱིར་ན། གཞལ་བྱ་གཉིས་ནི་སྤྱིར་ཚད་མ་གཉིས་ཞེས་བྱ་
བ་ལ་སོགས་པ་གང་བརྗོད་པ་ནི་མ་ཉམས་པ་ཁོ་ནའོ་ཞེས་ལན་འདེབས་པ་ནི་དེ་ཡང་མི་རིགས་ཏེ་ཞེས་བྱ་བའོ། །མངོན་སུམ་གྱིས་མཐོང་བའི་ཁྱད་པར་ལ་ནི་ངོ་ཤེས་པ་སྲིད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་སྐད་སོ་སོར་ཞེས་གསུངས་ཏེ། ཐ་དད་པ་གཞན་དང་ཡོད་པའི་ཕྱིར་རོ། །ཅི་སྟེ་ཐ་དད་པ་གཞན་ཉིད་ལ་ངོ་
ཤེས་པ་ཡིན་ནོ་ཞེ་ན་དེའི་ཚེ་སྐབས་ཉམས་སོ་ཞེས་བརྗོད་པ་ནི། ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །ཞེས་བྱ་བའོ། །དེ་ལས་གཞན་པའི་ཡུལ་ཅན་ཡིན་ན་ནི་སྐབས་སུ་བབ་པ་མངོན་སུམ་གྱིས་མཐོང་བའི་ཁྱད་པར་གྱི་ཡུལ་ཅན་ཉིད་དུ་མི་འགྱུར་རོ། །སྐད་ཅིག་དེ་རང་གི་ངོ་བོས་དེའི་ཡུན་ནི་མ་ཡིན་གྱི་འོན་ཀྱང་
མངོན་སུམ་གྱིས་མཐོང་བའི་སྐད་ཅིག་དང་། །ཕྱི་མའི་སྐད་ཅིག་དེ་མཚུངས་པར་དུ་བའི་སྒོ་ནས་འཛིན་པའི་ཕྱིར་རོ། །དེ་ལྟར་ན་ཡང་རྗེས་སུ་དཔག་པ་དེ་ནི་སྤྱིར་མཐོང་བ་ཉིད་ནི་མི་འགྱུར་རོ་ཞེས་བྱ་བར་དགོངས་པའོ། །གང་གི་ཚེ་ཞེས་བྱ་བ་ནི་འཆད་པའོ། །ཐ་དད་པ་ནི་རྣམ་པར་གྱུར་པའོ། །གལ་ཏེ་སྔར་མཐོང་
བའི་ཁྱད་པར་གྱི་ཡུལ་ཅན་མ་ཡིན་ན། ཡོད་པའི་ཁྱད་པར་གྱི་ཡུལ་ཅན་ཉིད་དུ་འགྱུར་རོ་ཞེ་ན། ཐ་དད་པར་ཞེས་བྱ་བའོ། །གྱུར་པ་ལ་ཞེས་བྱ་བ་ནི་ཡོད་པ་ལའོ། །ལྷག་པར་ཞེན་པས་ཞེས་བྱ་བ་ནི་མཐོང་བ་དང་གཅིག་པར་ལྷག་པར་ཞེན་པས་སོ། །ཕྱི་ཉིད་ཅེས་བྱ་བ་ནི་ཁྱད་པར་ཡོད་པ་ཡུལ་དུ་བྱེད་པ་ནི་མ་ཡིན་

པའོ། །དེ་ལྟར་ན་གཉི་ག་ལྟར་ཡང་ཁྱད་པར་གྱི་ཡུལ་ཅན་ཉིད་མ་ཡིན་ནོ་ཞེས་དགོངས་པའོ། །འོན་ཏེ་རྟག་པའི་ཕྱོགས་ལ་སྔོན་མཐོང་བའི་ཁྱད་པར་ཡུལ་ཉིད་དུ་འགྱུར་རོ་ཞེ་ན། དོགས་པ་ནི་འོ་ན་ཞེ་ན་ཞེས་བྱ་བའོ། །དེ་ལ་ནི་བསྟན་པ་ལའོ། །ལན་ནི་འདི་ཞེས་བྱ་བའོ། །འགྱུར་བ་མེད་
པའོ། །ཅིའི་ཕྱིར་མི་རྟོགས་སྙམ་ན། མི་སྣང་བ་ནི་ཞེས་བྱ་བའོ། །འགྱུར་བ་མེད་པ་ཉིད་དུ་དོགས་པ་ཅི་སྟེ་ཞེས་བྱ་བའོ། །གཞན་དུ་ཡང་ནི་གསལ་བ་གཞན་དུའོ། །དེ་ལྟ་བུ་ཉིད་དུ་ཞེས་བྱ་བ་ནི་རྣམ་པར་འགྱུར་བ་མེད་པ་ཉིད་དུའོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་ལན་ཏེ། གསལ་བ་གཞན་ལ་རྣམ་པར་འགྱུར་བ་
མེད་པར་མཐོང་བ་ནིའོ། །ཁྱད་པར་གྱི་ཡུལ་ཅན་མ་ཡིན་གྱི་འོན་ཀྱང་སྤྱིའི་ཡུལ་ཅན་ཡིན་ཏེ་དེས་ན་སྦྱོར་བ་མཐོང་བའི་རྗེས་སུ་དཔག་པ་ཉིད་དོ། །གལ་ཏེ་ཁྱད་པར་མཐོང་བའི་རྗེས་སུ་དཔག་པས་ནི་འབྲེལ་པ་འཛིན་པའི་དུས་སུ་མཐོང་བའི་ཁྱད་པར་ཉིད་ཡུལ་དུ་བྱེད་པ་མ་ཡིན་ནམ། དེ་དང་འདྲ་བ་མ་ཡིན་ནོ་
ཞེས་དོགས་པ་ནི་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་ནི་མངོན་སུམ་མི་འཇུག་པའི་དུས་ན་རྗེས་སུ་དཔག་པར་བྱ་བ་གང་ཡིན་པ་ཉིད་དོ། །དེས་ན་དོགས་པའི་དོན་ནི་མངོན་སུམ་གྱིས་མཐོང་བའི་ཁྱད་པར་འཛིན་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །ལན་ནི་དཔེ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་
ནི་འཆད་པའོ། །འདི་ལ་ཞེས་བྱ་བ་ནི་སྔར་མངོན་སུམ་གྱིས་གྲུབ་པ་ལའོ། །ཇི་ལྟར་འདི་ལས་རྗེས་སུ་དཔག་པ་དོན་མེད་པ་ཡིན་ཞེ་ན། གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་དེ་ཉིད་ཀྱིས་ཞེས་བྱ་བ་སྔར་གྱི་མངོན་སུམ་ཉིད་ཀྱིས་སོ། །འོ་ན་དེ་གང་དུ་འཇུག་སྙམ་ན་རྗེས་སུ་དཔག་པ་ནི་ཞེས་གསུངས་སོ། །དེ་ཉིད་
ལ་ནི་ཞེས་བྱ་བ་ནི་མངོན་སུམ་གྱི་ཡུལ་ཉིད་ལའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱི་སོགས་པ་སྟེ། མངོན་སུམ་གྱི་ཡུལ་ལ་འཇུག་པ་ཉིད་ཀྱི་ཕྱིར་རོ། །ལན་ནི་ཁྱད་པར་ཞེས་བྱ་བ་སྟེ་གཟུང་བ་འཛིན་པའི་ཕྱིར་རོ་ཞེས་དགོངས་པའོ། །གཟུང་བ་འཛིན་པ་སྤོང་འདོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །གཞན་ནི་
འབྱུང་བར་འགྱུར་བའོ། །སྒྲུབ་པར་བྱེད་པ་དམ་པ་ཡིན་པའི་ཕྱིར་ཚད་མ་ཉིད་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །མངོན་སུམ་གྱིས་མཐོང་བ་དང་རྗེས་སུ་དཔག་པར་བྱ་བ་དག་གཅིག་མ་ཡིན་པའི་ཕྱིར་ན་ཁྱད་པར་གྱི་ཡུལ་ཅན་མ་ཡིན་ནོ་ཞེས་དགོངས་པའོ། །འོན་ཏེ་ཞེས་བྱ་བ་ནི་

རྣམ་འགྲེལ་ལ་འཇུག་པར་བྱེད་པའོ། །དེ་ནི་རྗེས་སུ་དཔག་པར་བྱ་བའོ། །དེ་ཉིད་ཀྱི་ཕྱིར་ན་ནི་བརྗེད་པ་ཉིད་ཀྱི་ཕྱིར་ནའོ། །རེ་ཞིག་རྩོད་པའི་ཆ་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ནི་སྔར་མཐོང་བ་ཉིད་དུའོ། །འོ་ན་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །དེ་ཉིད་
གསལ་བར་བྱེད་པ་ནི་དཔེའི་སྒོ་ནས་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་དཔེའོ། །འོན་ཏེ་མ་བརྗོད་ན་དེའི་ཚེ་ཉེས་པ་ཡོད་དོ་ཞེས་བརྗོད་པ་ནི། གལ་ཏེ་རྟགས་ཀྱི་ཞེས་བྱ་བའོ། །དེ་ནི་མངོན་སུམ་གྱིས་མཐོང་བའོ། །གྲུབ་ཟིན་པ་གྲུབ་ན་ནི་ཐུག་པ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་དེ་ཉིད་ཅེས་བྱ་བའོ། །བརྗོད་
པ་ཡང་ཉེས་པ་ཡོད་དོ། །ཞེས་བརྗོད་པ་ནི་འོན་ཏེ་ཞེས་བྱ་བའོ། །བརྗེད་པ་དཔེ་མ་ཡིན་མོད། དེ་མེད་པ་ཁོ་ནར་དུ་བ་གློ་བུར་བ་ལས་མེ་རྟོགས་པ་བཞིན་དུ་རྟགས་ལས་རྟོགས་པ་གང་གིས་ཟློག་པར་བྱེད་སྙམ་དུ་དོགས་པ་བསུ་ནས། འདུ་བྱེད་མ་ཉམས་པའི་མངོན་སུམ་གྱིས་བཟུང་བ་ལ་དེ་མི་སྲིད་པ་ཉིད་ལ་
སྲིད་ཀྱི་ཚད་མ་ཉིད་ནི་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་མངོན་སུམ་གྱིས་མཐོང་བའོ། །ཁྱབ་པ་དེའི་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་གང་ཡིན་པ་དེའི་ཁྱད་པར་རྟོགས་པ་མེད་པས་སོ། །སྔར་གྱི་མངོན་སུམ་གྱིས་ཞེས་བྱ་བ་ནི། མཐོང་བའི་འདུ་བྱེད་མ་
ཉམས་པ་ཅན་གྱིས་སོ། །ཇི་ལྟར་ཁྱད་པར་མ་རྟོགས་ཤེ་ན། དུས་ཀྱི་ཆ་ཞེས་གསུངས་ཏེ། རྟག་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མཐོང་བའི་འདུ་བྱེད་ཉམས་ན་ནི་རྗེས་སུ་དཔག་པའི་ཚད་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི། དྲན་པ་ཡོད་ན་ཞེས་བྱ་བ་དེ་རྗེས་སུ་དཔག་པ་ཡོད་ནའོ། །
དེ་ལ་ཞེས་བྱ་བ་ནི་མཐོང་བའི་འདུ་བྱེད་ཉམས་པའི་མངོན་སུམ་གྱིས་བཟུང་བ་ལའོ། །ཐ་སྙད་བྱེད་པའི་ཕྱིར་དེ་ཉིད་ཚད་མ་ཡིན་ནོ་ཞེས་སྦྱར་རོ། །འདི་ཉིད་གསལ་བར་བྱེད་པ་འདི་ལྟར་ཞེས་བྱའོ། །རང་བཞིན་གྱི་གཏན་ཚིགས་ཀྱིས་ཞེས་བྱ་བ་ནི་དེའི་རང་བཞིན་ཅན་གྱི་མཚན་ཉིད་ལས་སོ། །ཇི་ལྟ་བ་
བཞིན་དུ་ཞེས་བྱ་བ་ནི་དཔེ་ལ་མཐོང་བའི་བྱེད་པ་དང་། ཆོས་མཚུངས་པར་ཐ་སྙད་བྱེད་པ་ནའོ། །རྗེས་སུ་དཔག་པ་ཚད་མ་ཡིན་ནོ་ཞེས་བྱ་བ་ནི་སྐབས་ཡིན་ནོ། །གང་ལ་ཇི་ལྟ་བ་བཞིན་ཐ་སྙད་བྱེད་སྙམ་ན་བདག་ཉིད་ཐམས་ཅད་ཅེས་གསུངས་ཏེ། མི་གསལ་བའི་མངོན་སུམ་གྱིས་བདག་ཉིད་ཐམས་ཅད་

བཟུང་ཟིན་པ་ཉིད་ལས་སོ། །མ་ཡིན་ཏེ་ཞེས་བྱ་བ་ནི་དོགས་པ་འགོག་པའོ། །ཅིའི་ཕྱིར་དེ་ལྟ་ན་མ་ཡིན་ཞེ་ན། སྔོན་ཞེས་གསུངས་ཏེ་རང་བཞིན་གྱི་གཏན་ཚིགས་ལའོ། །འདིར་ནི་ཞེས་བྱ་བ་ནི་ཁྱད་པར་མཐོང་བ་ལས་སོ། །ལྟ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཀྱི་
རྗེས་སུ་དཔག་པའམ། གློ་བུར་བའི་རྗེས་སུ་དཔག་པའི་ལྟར་ཏེ། བསྒྲུབ་པར་བྱ་བ་ཞེས་པ་ནི་སྐབས་ཡིན་ནོ། །ཅིའི་ཕྱིར་དེ་ལྟ་མ་ཡིན་ཞེ་ན། སྔོན་ཞེས་གསུངས་ཏེ་ཁྱད་པར་མཐོང་བའི་རྗེས་སུ་དཔག་པ་ལས་སྔར་རོ། །དེ་འདྲ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འབྲེལ་པ་འཛིན་པ་ལ་བརྗོད་པ་ཉིད་མེད་པའི་
ཕྱིར་ཏེ། རང་གི་གཞན་གྱི་རྗེས་སུ་དཔག་པ་ལྟར་སྒྲུབ་པར་བྱེད་པ་མ་ཡིན་ནོ། །གློ་བུར་བའི་རྗེས་སུ་དཔག་པ་དང་འདྲ་བར་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་གསུངས་པ་ན། གོམས་པས་བསྐྱེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །གློ་བུར་བའི་རྗེས་སུ་དཔག་པ་ལ་ནི་གོམས་པ་ཡོད་པ་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །དེས་ན་དེ་ལྟར་ཁྱད་པར་མཐོང་བ་ནི་མངོན་སུམ་གྱིས་མཐོང་བའི་ཡུལ་ཅན་མ་ཡིན་ལ། དེའི་ཡུལ་ཅན་ཡིན་ཡང་ཚད་མ་གཞན་མ་ཡིན་ནོ་ཞེས་བརྗོད་ནས། ད་ནི་དེའི་ཡུལ་ཅན་མ་ཡིན་ན་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི་འདི་ནི་མཐོང་བ་ཞེས་བྱ་བའོ། །ཅིའི་ཕྱིར་མ་འབྲེལ་
ཞེ་ན། རྣམ་པ་གཞན་དུ་ཞེས་གསུངས་ཏེ། དེ་ལྟ་མ་ཡིན་པ་མཐོང་བ་གང་ཡིན་པ་དེ་ཉིད་སྲིད་པའི་ཕྱིར་རོ། །འདི་ཉིད་གསལ་བར་བྱེད་པ་ནི་འདི་ཞེས་བྱ་བའོ། །འོན་ཀྱང་མ་བཟུང་བ་ཉིད་ཡིན་ནོ། །གང་ཕྱིར་དེ་ལྟ་ཡིན་པ་དེས་ན་འདི་ནི་མཐོང་བ་ཡིན་ནོ། །ཞེས་བྱ་བའི་དྲན་པ་ཚད་མར་འགྲུབ་པོ་ཞེས་འབྲེལ་ཏོ། །
ཅིའི་ཕྱིར་ཞེས་དོགས་ན་བཤད་ཟིན་པ་ཉིད་གསལ་བར་བྱེད་པ་ནི་མ་བཟུང་བ་ཉིད་དེ། གཞན་དུ་གྱུར་པ་ཉིད་ཡིན་པའི་ཕྱིར་རོ། །དུ་བའི་རྟགས་ལས་སྐྱེས་པའི་ཚད་མ་ཡང་མངོན་སུམ་མ་ཡིན་ན་རྗེས་སུ་དཔག་པ་ཁོ་ན་ཡིན་གྱི་ཁྱད་པར་མཐོང་བ་ནི་མ་ཡིན་ནོ་ཞེས་བྱ་བར་དགོངས་པའོ། །གང་གི་རྗེས་སུ་དཔག་
པར་འགྱུར་བ་རྗེས་སུ་རྣམ་པ་གཞན་དུ་འགྱུར་བར་སྲིད་སྙམ་ན། མངོན་སུམ་གྱིས་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་རང་གི་དུས་ཀྱི་མཐར་ཐུག་པའི་རང་བཞིན་མི་འཛིན་ནའོ། །འཆི་བའི་མཐའ་དང་བཅས་པའོ། །དེ་ཉིད་ཀྱི་ཚེ་ན་ཞེས་བྱ་བ་ནི་འཆི་མཐའ་འཛིན་དུས་ཀྱི་དེ་མ་ཐག་པའི་དུས་

ཉིད་དུའོ། །དེ་ལྟ་ཡང་མ་ཡིན་ཏེ། དུས་ནི་རང་གི་དུས་ཀྱི་མཐར་ཐུག་པའི་རང་བཞིན་ཉིད་མངོན་སུམ་གྱིས་འཛིན་པ་ཡིན་ནོ། །དེས་ན་འདི་ན་མ་མཐོང་བ་ཉིད་ཡིན་ནོ་སྙམ་པའི་དྲན་པ་ནི་མཐོང་བ་ཡིན་པར་མི་འཐད་དོ་ཞེས་གནས་སོ། །འོན་ཏེ་འདི་ཡང་། ཁྱད་པར་ཡུལ་ཅན་ཉིད་ཀྱང་མིན། །ཞེས་བྱ་བ་
འདིས་དོན་བརྗོད་པའི་ཕྱིར་ཡང་ཟློས་པའི་དོན་ཡིན་ཞེ་ན། ཉེས་པ་ལྷག་པར་བརྗོད་པའི་དོན་ཏོ། །དེ་ཉིད་བརྗོད་པའི་དོན་དུ་གཞན་དག་དོགས་པར་བྱེད་པ་ནི་རྗེས་སུ་དཔག་པ་ཉིད་ཀྱིས་ཞེས་བྱ་བ་སྟེ་རྒྱུན་གྱི་རྗེས་སུ་འཇུག་པ་ཉིད་ཀྱིས་སོ། །འདི་ག་ལས་ཤེ་ན། མངོན་སུམ་རིང་པོས་ཞེས་གསུངས་སོ། །
གལ་ཏེ་དེ་ལྟ་ན་ཡང་འཆི་བའི་མཐའ་དང་བཅས་པར་འཛིན་པར་ཐལ་བ་ལས་ཇི་ལྟར་ཐར་སྙམ་ན། རིང་མིན་པས་ན་ཞེས་སྨྲས་སོ། །དེ་ལྟར་ན་ཅི་འགྲུབ་སྙམ་ན། དེ་ཉིད་ཀྱི་ཚེ་ན་ཞེས་སྨྲས་སོ། །དེ་ལྟ་ན་ཡང་ཉེས་པ་གཞན་ཡོད་དོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དུས་
གཞན་ཁྱབ་པ་འཛིན་པས་ནའོ། །ཅི་སྟེ་ཞེས་བྱ་བས་དོན་དམ་པར་མཐོང་བའི་ཡུལ་ཅན་མ་ཡིན་པའི་ཡུལ་ཅན་ཡིན་ཞེས་བྱ་བའི་དོགས་པ་བསུ་ནས་འདི་ལ་བརྗོད་པ་ཞེས་བྱ་བས་སེལ་བར་བྱེད་དོ། །དེ་ལ་ཞེས་བྱ་བ་ནི་སྐྱེས་པ་ལའོ། །དེའི་དངོས་པོ་ཞེས་བྱ་བ་ནི་མངོན་མཐོང་བའི་དངོས་པོར་གྲུབ་པའོ། །
ཚད་མས་ཞེས་བྱ་བ་ནི་མངོན་མཐོང་བས་སོ། །དེའི་ཚེ་དངོས་པོ་གཞན་ལ་སྟེ་མ་མཐོང་བ་ལ་མཐོང་བ་དེ་ཉིད་སྒྲོ་འདོགས་པ་ནི་འཁྲུལ་པར་འགྱུར་རོ། །མངོན་སུམ་གྱིས་གྲུབ་པ་ཉིད་ཁྱད་པར་མཐོང་བས་གྲུབ་པ་ཡིན་ན་གཟུང་བ་འཛིན་ཕྱིར་ཚད་མ་མ་ཡིན་པ་ཉིད་དོ་ཞེས་བརྗོད་པ་ནི་དེ་གྲུབ་ཅེས་བྱ་བའོ། །རེ་
ཞིག་རྩོད་པའི་ཆ་ཉིད་རྣམ་པར་འགྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་མིན་ཞེས་བྱ་བ་ནི་གཞན་ཁོ་ནའོ། །དེ་ཉིད་ནི་མཐོང་བའོ། །གཞན་པ་ཡང་སྔར་གྱི་མངོན་སུམ་བཟུང་བ་ཉིད་དོ་ཞེ་ན། སྔར་མཐོང་བ་དེ་ནི་ཞེས་གསུངས་སོ། །མ་བཟུང་བ་ནི་མངོན་སུམ་གྱིས་སོ། །དེ་ཉིད་དུ་མཐོང་བ་ཉིད་དུའོ། །
གཞན་དུ་མ་མཐོང་བ་ཉིད་དུའོ། །རྗེས་སུ་དཔག་པས་མ་བཟུང་། འཛིན་པ་ནི་མ་ཡིན་ཏེ་ཞེས་འབྲེལ་ཏོ། །གལ་ཏེ་དྲན་པ་འཛིན་པའི་རྗེས་སུ་འབྲང་ན། རྗེས་སུ་དཔག་པས་ཇི་ལྟར་ཞེ་ན། རྗེས་སུ་དཔག་པ་ནི་ཞེས་བྱ་བའོ། །ཅི་སྟེ་རྗེས་སུ་དཔག་པ་ཞེས་བྱ་བ་ནི་མངོན་སུམ་གྱིས་མཐོང་བ་ཉིད་ཁྱད་པར་མཐོང་

བས་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མངོན་སུམ་ཅིག་ཤོས་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པའོ། །གཅིག་གྲུབ་པ་ན་ཞེས་བྱ་བ་ནི་གཉིས་ཀྱི་ནང་ནས་གཅིག་ཁོ་ན་གྲུབ་མོད། གཉིས་ཀས་ཅི་ཞིག་བྱེད་དང་འབྲེལ་པའི་ཕྱིར་ཞེས་བྱ་བ་ནི་མིག་ལ་སོགས་པའི་
བྱེད་པ་དང་རྗེས་སུ་འབྲེལ་པའི་ཕྱིར་རོ། །གང་ཚེ་སྣང་བ་ཡོད་པ་དེའི་ཚེ་ཡང་འཛིན་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། འོ་ན་སྣང་བ་དེ་ཞེས་བྱ་བའོ། །དངོས་པོ་འཛིན་པ་ཉིད་དུ་དོགས་པ་བསུ་ནས་སེལ་བ་ནི་སྣང་བ་དང་བྲལ་བ་ནི་ཞེས་བྱ་བའོ། །དེ་ལྟར་གྱུར་པ་ན་ནི་ཞེས་བྱ་བ་ནི་སྣང་བ་དང་ལྡན་པ་དེ་དང་
བྲལ་བར་འཛིན་པའོ། །དེ་ཉིད་ཅེས་བྱ་བ་ནི་འབའ་ཞིག་འཛིན་པ་ཉིད་དོ། །གལ་ཏེ་ཁྱད་པར་མཐོང་བ་མ་ཡིན་ན་འོ་ན་ད་ཅི་ཡིན་ཞེ་ན། གཞན་དང་ཞེས་བྱ་བའོ། །སྔོན་མཐོང་བའི་དོན་དང་མཚམས་སྦྱར་བའི་ཞེན་པ་ངེས་པ་སྟེ་རིགས་པ་ཞེས་པས་དྲན་པ་ཡིན་པར་ཤེས་ཀྱི་ཚད་མས་ནི་མ་ཡིན་ནོ། །དེས་
ན་མངོན་སུམ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་དུ་བ་ལ་སོགས་པ་ལ་ལྟོས་ནས་འགྱུར་བའི་ཕྱིར་ཇི་ལྟར་ཚད་མ་མ་ཡིན་ཞེ་ན། དོགས་པ་བསུ་ནས་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ནི་རྟགས་ལ་ལྟོས་པའི་ཕྱིར་དྲན་པ་ནི་མ་ཡིན་གྱི། འོན་ཀྱང་ཚད་མ་ཡིན་ནོ་ཞེ་ན། དྲན་པ་མ་ཡིན་པ་མ་
ཡིན་ཏེ། འོན་ཀྱང་དྲན་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན་འཁྲུལ་ཕྱིར་རོ། །གཞན་ཡང་ཞེས་བྱ་བའོ། །མཚམས་ནི་ཞེས་བྱ་བའི་འགྲེལ་པའོ། །རྣམ་པར་དཔྱོད་པར་བྱ་བ་བརྗོད་པ་ནི་གསལ་བའི་རང་བཞིན་དུ་ཞེས་བྱ་བའོ། །འདི་ལ་སུན་འབྱིན་པ་ནི་དེའི་ཚེ་དྲན་པ་ཉིད་ཡིན་ཏེ་ཁྱད་པར་མཐོང་བ་ནི་མ་ཡིན་ནོ། །
འདི་ཉིད་གསལ་བར་བྱེད་པ་ནི་མངོན་སུམ་དང་ཞེས་བྱ་བའོ། །གལ་ཏེ་དེ་བཏགས་ཞེས་བྱ་བ་རྣམ་པར་འབྲེལ་པ་ནི་གལ་ཏེ་ཞེས་བྱ་བའོ། །ད་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའི་འགྲེལ་པའོ། །འདི་ལས་ནི་དུ་བ་ལའོ། །ཅིའི་ཕྱིར་རྟགས་ཉིད་མེད་ཅེ་ན། ཚུལ་གསུམ་པ་མེད་པའི་
ཕྱིར་རོ་ཞེས་བྱ་བ་སྟེ་ཁྱེད་ཀྱི་འདོད་པས་སོ། །དེ་ཉིད་ཇི་ལྟར་ཞེ་ན་དཔེ་དང་ཞེས་གསུངས་སོ། །དེས་ན་དུ་བ་ནི་འཁྲུལ་པ་ཡིན་ནོ་ཞེས་དགོངས་པའོ། །རང་གི་ངོ་བོ་འཛིན་པའི་ཕྱིར་ཇི་ལྟར་སྤྱིའི་ཡུལ་ཅན་ཞེ་ན་གང་ཞིག་ཅེས་བྱ་བའོ། །དྲན་པར་བྱ་བ་ནི་དོན་གྱི་རང་བཞིན་དུ་ལྷག་པར་ཞེན་པར་བྱ་བ་སྟེ་སྤྱི་

ཡིན་ནོ། །གཟུང་བར་བྱ་བ་མ་ཡིན་པ་ཅིའི་ཕྱིར་ཞེ་ན། གཟུང་བར་བྱ་བ་ཉིད་དུ་ཞེས་གསུངས་སོ། །གལ་ཏེ་རྗེས་སུ་དཔག་པར་ནི་དྲན་པ་མ་ཡིན་པ་དེས་ན་དེ་ལྟར་ཇི་སྟེ་བརྗོད་སྙམ་ན་རྗེས་སུ་དཔག་པ་ནི་ཞེས་གསུངས་སོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ་ཤེས་པ་གང་གིས་སོ། །གལ་
ཏེ་ཁྱད་པར་མཐོང་བ་དངོས་པོའི་འཛིན་པའི་རང་བཞིན་མ་ཡིན་ན་འོ་ན་ཞེས་སྦྱོར་རོ། །ད་ལྟར་ཞེས་བྱ་བ་ནི་ལན་ནོ། །ཅིའི་ཕྱིར་ཞེ་ན་ཕྱོགས་དེ་ན་ཞེས་གསུངས་སོ། །གང་གི་ཕྱིར་དེ་ལྟར་ཁྱད་པར་མཐོང་བ་སྤྱིའི་ཡུལ་ཅན་ཡིན་པ་དེའི་ཕྱིར་དེ་ལྟ་ཡིན་པ་ཞེས་བྱ་བའོ། །སྐབས་ཆེན་པོ་ཉེ་བར་སྡུད་པ་ནི་དེའི་
ཕྱིར་གཞལ་བྱ་གཉིས་ཞེས་བྱ་བའོ། །ཇི་ལྟར་ཚད་མ་རྣམ་པ་གཉིས་ཡིན་ཞེ་ན། མངོན་སུམ་དང་ཞེས་བྱ་བའོ། །ཡུལ་རྣམ་པ་གཉིས་ཇི་ལྟར་ཞེ་ན་དངོས་དང་ཞེས་བྱ་བའོ། །མངོན་སུམ་རྟོག་དང་བྲལ་བར་ནི། །མངོན་སུམ་ཉིད་ཀྱི་གྲུབ་པ་ཡིན། །ཞེས་བཤད་པ་མཐོང་བའི་ཕྱིར་ན་བཤད་པར་བྱ་
བའི་མདོ་ཉིད་འགོད་པ་ནི། དེ་ལ་མངོན་སུམ་ནི་ཞེས་བྱ་བའོ། །དེ་དང་བྲལ་བ་ཉིད་སྒྲུབ་པའི་དོན་དུ་རྟོག་པ་དང་འཁྲུལ་པའི་རང་གི་ངོ་བོ་གསུངས་པ་ནི་ཁྱད་པར་ཞེས་བྱ་བའོ། །ཁྱད་པར་ལ་སོགས་པ་དང་སྒྲ་ལ་སོགས་པ་དང་། འབྲེལ་པ་འདྲེས་པའི་དོན་གྱི་རྣམ་པ་གང་ལ་ཡོད་པ་སྟེ་དེ་ནི་རྟོག་པ་ཡིན་ནོ། །
གཞན་དུ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་ཉིད་དུའོ། །དེ་གཉིས་དང་ཞེས་བྱ་བ་ནི་སྤྱིར་རྟོག་པ་དང་འཁྲུལ་པ་གཉི་ག་དང་ངོ་། །གཞན་དུ་ཞེས་བྱ་བ་ནི་མ་འཁྲུལ་ཏེ་དུང་དཀར་པོ་ལ་སེར་པོ་ལ་སོགས་པར་ཤེས་པ་འཁྲུལ་པ་ཉིད་ནི་མིག་སྨན་ལ་སོགས་པས་གསལ་བར་བྱས་པའི་མངོན་སུམ་དུང་དཀར་པོ་མཐོང་བ་
ལས་ངེས་པ་ཡིན་ནོ། །ཆོས་ཅན་གྱི་ཆོས་བསྟན་པའི་ཕྱིར་ན་རྟོག་པ་ཉིད་དང་། བྲལ་བ་དེའི་དངོས་དེ་ཉིད་གང་ལས་ངེས་པ་ཡིན་ཏེ། འགའ་ལས་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པ་ལས་ངེས་པ་མ་ཡིན་ནམ། དེ་ན་དེ་སྐད་ཅི་སྟེ་བརྗོད་སྙམ་ན། མངོན་སུམ་དེ་མེད་ནའོ། །
འོ་ན་མངོན་སུམ་གྱི་རྟོག་པ་དང་བྲལ་བ་ཉིད་ངེས་པ་ཡིན། དེ་སྔོན་དུ་འགྲོ་བའི་རྗེས་སུ་དཔག་པས་ཀྱང་ཡིན་ནོ་ཞེ་ན། མངོན་སུམ་མཐའ་དག་ཀྱང་ཞེས་བྱ་བའོ། །དེའི་ཡང་ཞེས་བྱ་བ་ནི་སྤྱོད་པ་པ་ལ་སོགས་པའི་ཡང་ངོ་། །དེས་ཅི་འགྱུར་ཞེ་ན་དེ་ཞེས་བྱའོ། །དེ་ཡང་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་

སུམ་ཡང་ངོ་། །གལ་ཏེ་རྣམ་པར་རྟོག་པ་ནི་ཤ་ཟ་བཞིན་དུ་བལྟར་མི་རུང་བའི་ཕྱིར་ན་ཇི་ལྟར་མངོན་སུམ་གྱིས་མེད་པའི་ཐ་སྙད་དུ་བྱེད་སྙམ་ན་ཀུན་གྱི་རྣམ་རྟོག་ཅེས་བྱ་བའོ། །མིང་སྟེ་དགྲའི་རྟེན་ནི་མི་རྟེན་ཅན་ཏེ། སྒྲ་དང་འདྲེ་བར་རུང་བའི་སྣང་བ་ཅན་ཞེས་བྱ་བའི་དོན་ཏོ། །རྟོག་
པ་པོ་གསལ་བ་ལ་ལྟོས་ཏེ་ནི་ཐམས་ཅད་མངོན་སུམ་ཉིད་ཀྱིས་དངོས་པོ་མེད་པའི་ཐ་སྙད་དུ་བྱེད་ཀྱི་མི་དམིགས་པས་ནི་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །དེ་ལས་གཞན་ལ་ལྟོས་ཏེ་ནི་འགའ་ཞིག་ཏུ་མི་དམིགས་པས་ཡིན་གྱི། ཐམས་ཅད་དུ་ནི་མ་ཡིན་གྱི། དཔེ་མེད་པར་ཐལ་བའི་ཕྱིར་རོ་ཞེས་
ཀྱང་བསྟན་ཟིན་ཏོ། །དེའི་བདག་ཉིད་དགག་པ་ལ་ནི་ཁྱད་པར་དང་བྲལ་བའི་མི་དམིགས་པ་ཡིན་ལ། ཐ་དད་པ་དགག་པ་ལ་ནི་ཁྱད་པར་དང་བཅས་པ་ཉིད་ཀྱིས་ཡིན་ནོ། །ཤེས་པ་གཅིག་ལ་འདྲེ་བ་ཉིད་ཀྱང་འཁྲུལ་པ་མེད་པར་དམིགས་པའི་ཉེ་བར་མཚོན་བྱེད་ཡིན་ཏེ། དེས་ན་དབང་པོའི་རྣམ་པར་
ཤེས་པ་དང་རྣམ་པར་རྟོག་པ་དམིགས་པ་པ་ལ་འཁྲུལ་པ་མེད་པ་ཅན་དག་ལས། དབང་པོའི་རྣམ་པར་ཤེས་པ་གཅིག་དམིགས་པ་ཉིད་དམིགས་པའི་མཚན་ཉིད་དུ་གྱུར་པའི་རྣམ་པར་རྟོག་པ་མི་དམིགས་པ་ཡིན་ནོ། །འདིར་ནི་རང་བཞིན་ཁྱད་པར་ཅན་ཉིད་བརྗོད་དོ་འཆད་པ་ནི་མངོན་སུམ་ཞེས་བྱ་བའོ། །
གལ་ཏེ་རྣམ་པར་རྟོག་པ་དང་གཞན་དག་ལྷན་ཅིག་འབྱུང་བས་ཐ་དད་པ་མེད་པའི་ཕྱིར་ཇི་ལྟར་རྟོག་པ་དང་གཞན་གྱི་རྣམ་པར་བྱེད་པར་འགྱུར་སྙམ་ན། རྣམ་པར་རྟོག་པར་བྱ་བ་ནི་རང་རིག་པས་ཞེས་སོ། །རྣམ་པར་བརྟག་པར་བྱ་བ་ནི་མི་གསལ་བའོ། །སྣང་ཞེས་བྱ་བ་ནི་གསལ་བའོ། །གང་གི་ཕྱིར་དེ་ལྟར་
ཉམས་སུ་མྱོང་བ་དེས་ན་གསལ་བ་དང་མི་གསལ་བའི་ཆོས་འགལ་བའི་གནས་པ་ནའོ། །དེ་ཡོད་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པ་དང་ཅིག་ཤོས་དག་ཡོད་པས་སོ། །རྐྱེན་གཞན་ཚོགས་པ་དང་ལྡན་པར་སྟོན་པས་ལན་བརྗོད་པ་ནི་ཐམས་ཅད་ལས་ནི་ཞེས་བྱ་བ་སྟེ། ཡུལ་ཐམས་ཅད་ལས་
རྣམ་པར་རྟོག་པའི་སེམས་བསྡུས་ནས་སོ། །གཡོ་མེད་པ་སྟེ་རྟོག་པའི་རླུང་དང་བྲལ་བའི་ཕྱིར་བརྟན་པར་གནས་པ་ནའོ། །འདིས་ནི་རྣམ་པར་རྟོག་པ་མེད་ཀྱང་ཡོད་པའི་ཕྱིར་ན། རྣམ་པར་རྟོག་པ་ནི་ཐ་དད་པ་ཡིན་ནོ། །ཞེས་བསྟན་ཏོ། །ཐལ་བར་འགྱུར་བའི་སྒོ་ནས་འཆད་པ་ནི། གལ་

ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པའི་ཚོགས་པ་མེད་ན་ཞེས་བྱ་བ་ནི། རིགས་མཐུན་པར་རྣམ་པར་རྟོག་པའི་རྒྱུ་མེད་ནའོ། །དེའི་ཚེ་མེད་པ་ཞེས་བྱ་བ་རིགས་མཐུན་པའི་རྣམ་པའི་ཚོགས་པ་མེད་པར་དོན་འཛིན་པའི་དབང་པོའི་བྱེད་པ་མེད་པར་འགྱུར་རོ། །མེད་
པ་ཡང་མ་ཡིན་ན་དེས་ནའོ། །དེའི་ཞེས་བྱ་བ་རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ནའོ། །རྣམ་པར་རྟོག་པ་དང་མ་འབྲེལ་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པ་དང་བྲལ་བའོ། །གལ་ཏེ་ཐམས་ཅད་ལ་རྣམ་པར་རྟོག་པ་ཡོད་པའི་ཕྱིར་ན་རྣམ་པར་རྟོག་པ་དང་བྲལ་བའི་གནས་སྐབས་
མེད་པ་ཉིད་མ་ཡིན་ནམ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལ་ཞེས་བྱ་བ་ནི་རྣམ་པར་མེད་པ་ལའོ། །དེའི་ཚེ་ཉིད་ཅེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པའི་དུས་ནའོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་ཇི་ལྟར་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །དེའི་ཚེ་ཞེས་བྱ་བ་ནི་རྟོག་པ་མེད་པའི་དུས་ནའོ། །
ཉམས་སུ་མྱོང་བ་ནི་རང་གི་ཡུལ་ལ་རང་གི་བྱེད་པའི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་བསྐྱོད་པས་ན། དེ་ལས་སྔར་འབྱུང་བ་ཡིན་གྱི་དེ་དང་དུས་མཚུངས་པར་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་འདི་ལས་བཤད་པ་ཞེས་བྱ་བའོ། །སྔར་བཤད་གནས་སྐབས་ཀྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་མ་
འབྲེལ་བའི་གནས་སྐབས་ཀྱིའོ། །དབང་པོའི་རྟོག་པ་ལས་ནི། ཁོ་བོའི་རྣམ་རྟོག་འདི་འདྲར་འགྱུར། །ཞེས་བྱ་བ་དེ་མེད་དོ། །གལ་ཏེ་རྣམ་པར་རྟོག་པ་ནི་རྣམ་པར་རྟོག་པའི་དུས་ཉིད་ན་འདི་ལ་ཡོད་པར་ཐ་སྙད་བྱེད་པ་མ་ཡིན་ནམ། དེས་ན་གནས་སྐབས་འགའ་ཞིག་རྣམ་པར་རྟོག་པ་དང་བྲལ་བར་ཇི་ལྟར་
བརྗོད་སྙམ་ན། དེ་ཉིད་ཀྱི་ཚེ་ཞེས་སྨོས་སོ། །རྣམ་པར་རྟོག་པ་མེད་པའི་དུས་ཉིད་ཀྱི་ཚེའོ། །འདི་ནི་རྣམ་པར་རྟོག་པ་མེད་པའོ། །རྣམ་པར་རྟོག་པ་དེ་རྣམ་པ་ཅི་འདྲ་བ་ཞིག་སྙམ་ན། འདི་རྣམ་པར་རྟོག་པ་མེད་པའོ་སྙམ་པའོ། །གང་གིས་དེ་དགག་པར་བརྗོད་པ་ཡིན་པའི་ཐ་སྙད་དུ་བྱེད་པའི་རྣམ་པར་རྟོག་པ་
ཡོད་ན་ཅི་ཉེས་སྙམ་ན། དེ་ལྟ་མ་ཡིན་པ་ཞེས་གསུངས་ཏེ། གལ་ཏེ་ཡོད་པའི་ཐ་སྙད་དུ་བྱེད་པའི་རྣམ་པར་རྟོག་པ་དེ་བཞིན་དུ་ཡོད་ན་དེའི་ཚེ་མངོན་སུམ་རྣམ་པར་རྟོག་པ་མེད་པར་སྨྲ་བ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་མངོན་སུམ་རྣམ་པར་རྟོག་པ་དང་བཅས་པར་སྨྲ་ལ་ཡང་ངོ་། །འདི་ནི་རྣམ་པར་རྟོག་པ་རྣམ་པར་རྟོག་པ་

གཞན་དང་དུས་མཚུངས་པར་ཁས་བླངས་ཏེ་བརྗོད་པར་ཤེས་པར་བྱའོ། །དེ་ལ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་དང་བཅས་པའི་མངོན་སུམ་ལའོ། །གཞན་གྱི་བྱ་བ་ནི་དུས་མཚུངས་པའི་རྣམ་པར་རྟོག་པས་སོ། །ལན་ནི་རྣམ་པར་རྟོག་པ་མེད་པ་ལ་ཡང་ངོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་
ཞེས་བྱ་བ་ནི་དུས་ཉམས་པར་འབྱུང་བས་སོ། །དེས་ན་དེ་ལྟར་རྣམ་པར་རྟོག་པ་དང་བཅས་པ་བཞིན་དུ་རྣམ་པར་རྟོག་པ་མེད་པ་ལ་ཡང་དུས་མཚུངས་པའི་རྣམ་པར་རྟོག་པས་ཡོད་པའི་ཐ་སྙད་བྱ་བར་མི་ནུས་ལ། རང་རིག་པའི་ཕྱོགས་ལ་ནི་དོན་མེད་དོ་ཞེས་བསྟན་པ་ཡིན་ནོ། །འོ་ན་རང་རིག་པའི་ཕྱོགས་
ལ་དུས་ཕྱིས་འབྱུང་བ་ཉིད་ཀྱིས་དེ་བཞིན་དུ་རྣམ་པར་རྟོག་པ་ཡིན་གྱི་ཐམས་ཅད་ནི་མ་ཡིན་ནོ་ཞེས་དོགས་པ་པ་ནི་འོན་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ནི་འོ་ན་དེ་ཉིད་ཚེ་འདི་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་དེ་དག་གནས་པ་ཡིན་ནོ་ཞེས་སྟོན་པས་རྣམ་འགྲེལ་རྣམ་པར་འགྲེལ་པ་ནི་འདི་ལ་ཡང་ཞེས་བྱ་སྟེ། རྣམ་
པར་རྟོག་པ་གཞན་དང་བཅས་པའི་རྟོག་པ་མེད་པ་ལའོ། །རྣམ་པར་རྟོག་པ་བསྡུས་པའི་གནས་སྐབས་ན། དེ་ལྟར་ཐ་སྙད་མི་བྱེད་པ་ཅིའི་ཕྱིར་ཞེ་ན། དེ་ལ་ཞེས་གསུངས་སོ། །རྣམ་པར་རྟོག་པ་བསྡུས་པའི་སྐབས་སུའོ། །དེའི་ཚེ་ཞེས་བྱ་བ་ནི་ཐ་སྙད་ཀྱི་དུས་ནའོ། །ཤི་བ་ལ་ཞེས་བྱ་བ་ནི་ལན་ནོ། །
དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་དེ་ལ་ཐ་སྙད་མེད་ནའོ། །དེའི་ཚེ་རྣམ་པར་རྟོག་པ་དང་བཅས་པ་ཞེས་བྱ་བའོ། །ཡང་ཞེས་བྱ་བ་ནི་དོགས་པའོ། །དེའི་རིགས་ཅན་ནི་རྣམ་པར་རྟོག་པའི་རིགས་ཅན་ནོ། །གཉི་ག་ཡང་ཉེ་བར་སྡུད་པ་ནི་དེས་ན་ཞེས་བྱ་བའོ། །མཚན་ཉིད་ཐ་དད་པ་དང་ཞེས་བྱ་བ་ནི། གསལ་
བ་དང་མི་གསལ་བའི་རང་བཞིན་ཐ་དད་པ་དང་ཕན་ཚུན་མེད་པ་ཡང་ཞེས་བྱ་བ་ནི། རྣམ་པར་རྟོག་པ་མེད་པ་དང་ཅིག་ཤོས་དག་རེ་རེ་མེད་ཀྱང་ཡོད་པའི་ཕྱིར་གཅིག་ཉིད་མ་ཡིན་ནོ། །ཕན་ཚུན་མེད་པར་འབྱུང་བར་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །དྲན་པ་དང་དབང་པོ་ལ་སོགས་པ་ཡོད་པའི་ཕྱིར་རོ། །
དེ་མེད་པས་ནི་དེ་འདྲའི་ཚེགས་མེད་པས་སོ། །དབང་པོ་འབའ་ཞིག་ཡོད་པ་ལས། །ཞེས་བྱ་བའི་དོན་ཏོ། །གང་ཞིག་རྣམ་པར་རྟོག་པ་དང་བཅས་པའི་ཚོགས་པའི་ཁྱད་པར་ལས་གཞན་ཉིད་སྐྱེ་བ་དེ་ནི་ད་མེད་པར་འགྱུར་བ་མ་ཡིན་གྱི། གང་ཞིག་དབང་པོ་འབའ་ཞིག་ལས་བྱུང་བ་དེ་ནི་གཞན་ཁོ་ན་ཡིན་ཏེ། བཅས་

པ་གང་ཡིན་པ་དེ་ཉིད་མ་ཡིན་ནོ། །དེ་བས་ན་ཕན་ཚུན་མེད་པས་འབྱུང་བ་མ་ཡིན་པའི་ཕྱིར་འདི་ནི་རྣམ་པར་རྟོག་པ་དང་བཅས་པའི་ཚོགས་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་དོགས་པའི་དོན་ཏོ། །ལན་དེ་ནི་མ་འབྲེལ་ཏེ་ཞེས་བྱ་བའོ། །ཇི་ལྟར་ཞེ་ན་བརྗོད་པ་གལ་ཏེ་རྣམ་པར་རྟོག་པ་དང་བཅས་གཅིག་པ་ཉིད་ཚོགས་
པ་ལས་ཡིན་པར་རྟོག་ན་དེའི་ཚེ་སྔོན་པོ་དང་སེར་པོ་དག་ཐ་དད་པ་མེད་པར་འགྱུར། ཅིའི་ཕྱིར་ཞེ་ན། བསྡོམས་པས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་འཆད་པའོ། །དེ་ལ་ཞེས་བྱ་བ་ནི་བསྡོམས་པ་དང་། འབའ་ཞིག་པ་དག་གི་ནང་ནས་སྔོན་པོ་དང་སེར་པོ་གཅིག་པར་མི་བཟོད་ནས་གཞན་དག་དོགས་
པར་བྱེད་པ་ནི་ཅི་སྟེ་ངོ་ཤེས་པའི་ཕྱིར་ཏེ་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་སོ་སོར་མཐོང་བ་གང་ཡིན་པའོ། །ལན་ནི་ཐ་དད་པར་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཐ་དད་པའི་ཕྱིར་རོ། །དབང་པོ་སོགས་པའི་ཚོགས་པ་ཁས་བླངས་ནས་སུན་ཕྱུང་བ་ཡིན་ནོ། །དེ་འཐད་པ་ཡང་མ་ཡིན་ནོ་ཞེས་བརྗོད་པ་ནི།
དྲན་པ་ལ་སོགས་པ་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། དབང་པོའི་ཞེས་གསུངས་སོ། །འོ་ན་དོན་གྱི་ཤེས་པ་ཉིད་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། བརྡ་སྦྱར་བ་ལ་འཛིན་པའི་ཕྱིར་རོ་ཞེ་ན། དབང་བ་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན་དེ་བརྗོད་པ་ཉིད་ཀྱི་ཞེས་བྱ་བ་སྟེ་རང་གི་མཚན་ཉིད་བརྗོད་པའོ། །ཇི་
ལྟར་དེ་བརྗོད་པ་ཉིད་མེད་ཅེ་ན། རང་གི་མཚན་ཉིད་ལ་ཞེས་གསུངས་སོ། །འོ་ན་སྤྱི་འཛིན་པའི་དབང་པོའི་ཤེས་པ་ནི་རྟོག་པ་དང་བཅས་པ་ཡིན་ཏེ། དེ་ལ་བརྡ་སྲིད་པའི་ཕྱིར་རོ་ཞེ་ན་སྤྱི་ཞེས་གསུངས་སོ། །གལ་ཏེ་རང་གི་མཚན་ཉིད་དང་། སྤྱི་དག་བརྡའི་ཡུལ་མ་ཡིན་པ་དང་། དབང་པོའི་གཟུང་བ་མ་
ཡིན་པར་ཇི་ལྟར་འགྲུབ་ཅེས་བསམས་ནས་གཞན་དག་དོགས་པར་བྱེད་པ་ནི་ཅིའི་ཕྱིར་ཞེས་བྱ་བའོ། །དེ་ལྟར་གཉིས་པའིའོ། །དེ་ལ་རེ་ཞིག་རང་གི་མཚན་ཉིད་བརྡའི་ཡུལ་མ་ཡིན་པར་སྒྲུབ་པ་ན་གཅིག་ཏུ་ཞེས་བྱ་བའོ། །འདིས་ནི་མངོན་སུམ་གྱི་ཡུལ་གྱི་ཁྱད་པར་ནི་རྣམ་པར་རྟོག་པའི་ཡུལ་མ་
ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །སྤྱི་ནི་རྣམ་པར་རྟོག་པའི་ཡུལ་ཡིན་ཡང་དབང་པོའི་ཤེས་པའི་གཟུང་བ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །དེ་ལས་ཞེས་བྱ་བ་སྟེ་ཁྱད་པར་ལས་སོ། །གཞན་ནི་ཐ་དད་པ་ཞེས་བྱ་བའི་དོན་ཏོ། །ཕྱེད་སྔ་མ་འཆད་པ་ནི་ཁྱད་པར་ནི་ཞེས་བྱ་བའོ། །ཇི་ལྟར་རྗེས་སུ་འགྲོ་བ་མ་ཡིན་

ཞེ་ན། གང་གི་ཕྱིར་ཞེས་གསུངས་སོ། །གཅིག་ཏུ་ཡུལ་ལམ་དུས་སུའོ། །གཞན་དུ་ཞེས་བྱ་བ་ནི་ངེས་པར་ཡུལ་ལམ་དུས་སུའོ། །དེ་ཉིད་ནི་ད་ལྟར་བྱུང་བའོ། །གཞན་གྱི་ནི་དུས་ཕྱིས་འབྱུང་བས་སོ། །ཅིའི་ཕྱིར་མི་མཐོང་སྙམ་ན་དེ་ན་ཞེས་གསུངས་ཏེ་མངོན་སུམ་མོ། །འདི་ཉིད་
གསལ་བར་བྱེད་པ་ནི་མངོན་སུམ་གྱིས་ནི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དུས་གཞན་དུ་གནས་པ་མེད་པས་སོ། །མངོན་སུམ་སྔ་མ་ནི་ཕྱི་མ་ལ་མི་འཇུག་ལ་མངོན་སུམ་ཕྱི་མ་ཡང་སྔ་མ་ལ་མི་འཇུག་གོ་ཞེས་བྱ་བར་སྦྱར་རོ། །ངོ་ཤེས་པའི་མངོན་སུམ་ནི་སྔ་མ་དང་ཕྱི་མ་དག་ལ་འཇུག་པ་ཡིན་ནོ་ཞེས་དོགས་
པ་ནི་གལ་ཏེ་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ཇི་ལྟར་མངོན་སུམ་མ་ཡིན་ཞེ་ན་དེ་ལ་ཞེས་གསུངས་སོ། །ངོ་ཤེས་པ་ལའོ། །ཇི་ལྟར་དབང་པོའི་བྱེད་པ་མེད་སྙམ་ན། ཇི་ལྟར་ཞེས་གསུངས་སོ། །འོན་ཏེ་དབང་པོ་ལ་བརྟེན་པའི་རྣམ་པར་ཤེས་པ་འདས་པ་ལ་སོགས་པ་ལ་འཇུག་པ་ཡིན་ནོ་ཞེ་
ན། དེ་ལ་བརྟེན་པའི་ཞེས་གསུངས་སོ། །ཅིའི་ཕྱིར་འདས་པ་ལ་སོགས་པ་དབང་པོ་མི་འཇུག་སྙམ་ན། དབང་པོའི་ཤེས་པས་ཞེས་གསུངས་སོ། །འཛིན་པ་ལ་ཉེས་པ་བརྗོད་པ་ནི་དེ་ལྟར་ཡིན་ན་ཞེས་བྱ་བ་སྟེ། ཡུལ་དང་དུས་དང་ཁྱབ་པ་འཛིན་ནའོ། །ཕྱེད་ཕྱི་མ་འཆད་པའི་ཕྱིར་དོགས་པ་བསུ་བ་ནི་གལ་ཏེ་
ཞེས་བྱ་བའོ། །འཆད་པ་སྔ་མ་ལན་འདེབས་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་མིག་ཀྱང་འཇུག་པར་འགྱུར་རོ། །ཇི་ལྟར་ཤེས་པ་འཇུག་ན་མིག་ཀྱང་འཇུག་པར་འགྱུར་ཞེ་ན། མིག་ཅེས་གསུངས་སོ། །ཤེས་པ་འཇུག་པ་ལས་གཞན་དུའོ། །འོ་ན་འདས་པ་ལ་སོགས་པ་འཛིན་པ་ལ་མིག་
བྱེད་པ་ཡོད་པ་ཁོ་ནའོ་ཞེ་ན། སྔ་མ་དང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། སྲིད་པར་ཞེས་བྱ་བ་ནི། རྒྱུ་སྔ་མ་ལས་འབྲས་བུ་ཕྱི་མ་དང་འབྲས་བུ་ཕྱི་མ་ལས་རྒྱུ་སྔ་མ་ལས་སྲིད་པར་རྗེས་སུ་དཔོག་པའོ། །རྗེས་སུ་དཔག་པ་འཇུག་པ་ཉིད་དབང་པོ་འཇུག་པ་ཡིན་ནོ་ཞེས་དོགས་པ་ནི་གལ་ཏེ་ཞེས་བྱ་
བའོ། །ལན་ནི་རྗེས་སུ་དཔག་པ་ཡང་ཞེས་བྱ་བའོ། །གང་གི་ཕྱིར་ཁྱད་པར་གཅིག་ཏུ་མཐོང་བ་ནི་གཞན་དུ་མཐོང་བ་དེའི་ཕྱིར་རོ། །ཕྱེད་ཕྱི་མ་བཤད་པའི་ཕྱིར་དོགས་པ་བསུ་བ་ནི་སྤྱི་ཞེས་བྱ་བའོ། །ཁྱད་པར་ལས་ཐ་དད་པ་དང་ཐ་མི་དད་པའི་སྤྱི་ནི་ཡོད་པ་མ་ཡིན་ནོ། །དེས་ན་གང་གི་དབང་པོ་ཤེས་པ་རྣམ་

པར་རྟོག་པ་དང་བཅས་པར་འགྱུར་བ་དེ་དབང་པོས་གཟུང་བ་ཉིད་ཇི་ལྟར་ཡིན་ཞེས་བསྟན་པའི་དོན་དུ་ལན་འདེབས་པ་ནི་ཁྱད་པར་དེ་ལྟས་ཐ་དད་པ་ནི་ཡོད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཐ་དད་བློ་མེད་ཕྱིར་ཞེས་བྱ་བའོ། །ཁྱད་པར་རྣམས་ལ་ནི་ཐ་དད་པ་དང་ཐ་མི་དད་པའི་སྤྱི་དང་ཁྱད་པར་གྱི་རྣམ་པ་ཅན་གྱི་བློ་ཉམས་
སུ་མྱོང་བ་ནི་མེད་དེ་འོན་ཀྱང་ཁྱད་པར་རྣམ་པ་ཉིད་ཡིན་ནོ། །སྤྱི་ནི་མ་དམིགས་པའི་ཕྱིར་མེད་པ་ཁོ་ནའོ་ཞེས་པའི་དོན་ཏོ། །གལ་ཏེ་གསལ་བ་དང་སྤྱི་དག་རྗེས་སུ་འགྲོ་བར་སྲིད་པའི་ཕྱིར། ཇི་ལྟར་བརྡའི་ཡུལ་ལ་ཡིན་ཞེ་ན། ཁྱད་པར་རྣམས་ཞེས་གསུངས་སོ། །དབང་པོས་གཟུང་བར་བྱ་བའི་སྤྱི་ཡང་རྗེས་སུ་འགྲོ་
བ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དེ་ནི་མེད་པའི་ཕྱིར་རོ་ཞེས་བྱ་བའོ། །ཁྱད་པར་རྣམས་རྗེས་སུ་འགྲོ་བ་མ་ཡིན་ལ་ཞེས་བརྗོད་པ་ཉིད་གསལ་བར་བྱེད་པ་ནི། ཁྱད་པར་རྣམས་ནི་ཞེས་པའོ། །སྤྱི་ཡང་ཞེས་བརྗོད་པ་གསལ་བར་བྱེད་པ་ནི་སྤྱི་ཞེས་བྱ་བ་སྟེ། དབང་པོས་གཟུང་བ་མ་
ཡིན་པའོ། །དེ་ཉིད་ཀྱི་ཕྱིར་དེ་ནི་ཞེས་གསུངས་ཏེ། སའི་དབང་པོས་གཟུང་བའི་ཞེས་བྱ་བ་ནི་སྤྱིའོ། །ཅིའི་ཕྱིར་ཞེ་ན། འདིར་ཅི་ནི་ཞེས་བྱ་བའོ། །འདིར་ནི་ཁྱད་པར་རྣམས་ལའོ། །ཅིའི་ཕྱིར་མི་སྣང་སྙམ་པའི་དོགས་པ་སེལ་བས་ཐ་དད་བློ་མེད་ཕྱིར་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་རྣམ་གཞན་ཞེས་བྱ་བའོ། །
དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མི་དམིགས་པའི་ཕྱིར་རོ། །ཐ་དད་པ་དང་ཐ་མི་དད་པའི་སྤྱི་ནི་མེད་པ་ཉིད་ཡིན་ལ། མི་དམིགས་པ་ལས་མེད་ཀྱང་བླ་སྟེ་དེ་ཁས་ལེན་ན་ཉེས་པ་གཞན་ཡང་བརྗོད་པ་ནི་བརྗོད་དུ་མེད་པ་ཡང་མེད་པ་ཉིད་དོ། །གང་གི་ཕྱིར་སྤྱི་མེད་པ་དེའི་ཕྱིར་དབང་པོ་ལས་སྐྱེས་བློ་ཞེས་བྱ་བའོ། །གལ་ཏེ་
ཁྱད་པར་ཉིད་སྒྲའི་ཡུལ་ཡིན་པ་དེས་ན་དེ་འཛིན་པའི་དབང་པོ་ཤེས་པ་རྟོགས་པ་མེད་པར་ཇི་ལྟར་འགྱུར་སྙམ་ན་ཁྱད་པར་རྣམས་ལ་ཞེས་གསུངས་སོ། །ཅིའི་ཕྱིར་འཇུག་པ་མི་སྲིད་སྙམ་ན་ཁྱད་པར་ཞེས་གསུངས་སོ། །གལ་ཏེ་ཁྱད་པར་ཉིད་སྤྱི་ཡིན་པ་དེས་ན་དབང་པོའི་རྣམ་པར་ཤེས་པ་ཁྱད་པར་གྱི་
ཡུལ་ཅན་དུ་ཇི་ལྟར་འགྱུར་སྙམ་ན། རྗེས་སུ་འགྲོ་བ་མེད་པར་ཞེས་གསུངས་སོ། །ཁྱད་པར་རྣམས་ལ་ཞེས་བྱ་བ་ལ་སོགས་པ་འཆད་པ་ནི་ཁྱད་པར་ཞེས་བྱ་བའོ། །ཅིའི་ཕྱིར་རྗེས་སུ་འགྲོ་བ་མེད་པ་ལ་བརྡ་མི་འཇུག་སྙམ་ན་བརྡ་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་ཡུལ་དང་དུས་གཞན་

དུ་ཐ་སྙད་འཇུག་པའི་དོན་དུ་བརྡ་མི་འདོད་ནའོ། །དེའི་ཚེ་ཞེ་ན་ཞེས་པ་དེ་ཉིད་དུ་ཞེས་བྱའོ། །ཐ་སྙད་འཇུག་པའི་དོན་ཏོ། །མ་ཡིན་ནོ་ཞེས་དོགས་པ་ནི་ཆོས་ཀྱི་ཞེས་བྱ་བའོ། །ལན་ནི་དེ་ལྟར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཡུལ་གཞན་ལ་སོགས་པར་ཐ་སྙད་པར་འཇུག་པའི་དོན་ཡིན་
པས་ནའོ། །དེའི་ཕྱིར་ཞེས་བྱ་བ་ནི་སོ་སོར་ངེས་པ་ལ་བརྡ་མི་འཇུག་པའི་ཕྱིར་རོ། །ཁྱད་པར་སྒྲའི་ཡུལ་མ་ཡིན་མོད། དེ་ལྟ་ན་ཡང་དེ་སྦྱར་ནས་འཛིན་པར་ཇི་ལྟར་མི་འདོད་ཅེ་ན། སྒྲ་རྣམས་ཞེས་གསུངས་ཏེ། དེ་ལྟར་བརྡར་བཏགས་པ་རྣམས་ཀྱི་ཡུལ་ལོ། །གང་ཞིག་ཡིན་པ་ཞེས་བྱ་བ་ནི་ཡུལ་ལ་
སོགས་པར་རྗེས་སུ་འགྲོ་བ་གང་ཡིན་པའོ། །དེ་ཉིད་ཅི་ཞེས་བྱ་བ་ནི་རྗེས་སུ་མི་འགྲོ་བ་ནི་མ་ཡིན་པའོ། །དེ་རྣམས་ཀྱིས་ཞེས་བྱ་བ་ནི་དེ་ལྟར་བརྡར་བཏགས་པའི་སྒྲ་རྣམས་ཀྱིས་སོ། །སྦྱོར་བྱེད་ཅེས་བྱ་བ་བུམ་པ་དེ་ནི་འདིའོ་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་ཁྱད་པར་ལ་བརྡ་མེད་པས་ནའོ། །དེའི་ཕྱིར་
ཞེས་བྱ་བ་ནི་སྦྱར་ནས་འཛིན་པ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེས་བྱ་བས་ནི་རྒྱུ་ཅིའི་ཕྱིར་ན་ཁྱད་པར་ཉིད་དང་སྦྱོར་གྱི་ཁྱད་པར་ནི་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་པ་ལ་ནི་རྣམ་པར་རྟོག་པས་ཤེས་པ་ལའོ། །གང་ཡིན་པའི་དོན་དེ་དག་ཉིད་དོ། །ཅིའི་ཕྱིར་ཞེས་དྲིས་པ་ན་བརྗོད་པ་ནི་འདི་ཞེས་གསུངས་
སོ། །ཤེས་པ་གང་གིས་ཐ་སྙད་ཀྱི་དུས་སུ་རྟོགས་པར་བྱ་བ་ཡིན་ཏེ། ཅི་གང་ལ་ལྐོག་ཏུ་གྱུར་པའི་དོན་ཡོད་པ་རྣམ་པར་རྟོག་པ་དང་བཅས་པ་དེས་སམ་ཞེས་བྱ་བའོ། །རེ་ཞིག་རྣམ་པར་རྟོག་པ་ཐ་མ་སེལ་བ་ནི་གལ་ཏེ་ཞེས་བྱ་བའོ། །རྣམ་པར་རྟོག་པ་དང་པོའི་དབང་དུ་བྱས་ཏེ་བརྗོད་པ་ནི་འོན་ཏེ་ཞེས་བྱ་
བའོ། །ཅིའི་ཕྱིར་ཞེ་ན། དེའི་ཚེ་ཞེས་བྱ་བ་སྟེ། ཐ་སྙད་ཀྱི་དུས་ནའོ། །དབང་པོའི་ཡུལ་གྱི་དོན་རྟོགས་བཞིན་པ་མེད་པའི་ཕྱིར་རོ། །འདིས་ནི་འདི་སྐད་བརྗོད་དེ་གལ་ཏེ་དབང་པོའི་ཡུལ་གྱི་དོན་རང་གི་མཚན་ཉིད་ལ་བརྡ་བྱེད་པ་ཡིན་ན་ནི་དེའི་ཚེ་ཐ་སྙད་ཀྱི་དུས་སུ་དེ་ཉིད་རྟོགས་པར་འགྱུར་བ་ཞིག་ན། དེ་ལྟར་
ཡང་མ་ཡིན་ཏེ། དེས་ན་དེ་ལ་བརྡ་བྱེད་པ་མ་ཡིན་ནོ་ཞེས་བྱ་བའོ། །ཡང་ན་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་ལ་འཇུག་པར་བྱེད་པའོ། །དོན་དང་སྒྲ་མེད་ཀྱང་འབྲེལ་པར་བྱེད་པའི་ཕྱིར་ན་དེའི་ཚེ་དབང་པོའི་སྤྱོད་ཡུལ་གྱི་དོན་འབྲེལ་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །འོན་ཏེ་ཡང་གང་གི་ཚེ་དོན་འདས་ཏེ་མེད་པ་ན་

ཡང་བརྡ་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི། དེའི་ཚེ་ཡང་རྣམ་པར་རྟོག་པའི་བློ་ལ་དོན་སྣང་བ་ཡོད་པ་ཡིན་ལ། སྣང་བ་དེ་ཉིད་ཀྱང་དོན་ཡིན་པ་དེས་ན་དོན་ཀྱང་བརྡ་བྱེད་པ་ཡིན་ཞེ་ན། སྣང་བ་ཐ་དད་པ་ཡིན་ཡང་ཞེས་གསུངས་སོ། །རྣམ་པར་རྟོག་པ་ལ་ནི་མི་གསལ་བར་སྣང་བ་ཡིན་ན། དེ་ཇི་ལྟར་ན་མངོན་སུམ་
ལ་སྣང་བ་གསལ་བའི་དོན་དེ་ལ་ཅིག་ཅར་འགྱུར་ཞེས་བྱ་བར་དགོངས་པའོ། །འདིར་སློབ་དཔོན་ཆོས་མཆོག་གི་ལུགས་ཀྱི་དོགས་པ་ནི་གལ་ཏེ་ཞེས་བྱ་བའོ། །རྟག་པར་འཛིན་པས་ནི་འཁྲུལ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཇི་ལྟར་དངོས་པོ་རྣམས་ཐ་དད་ཅེ་ན། ཐ་དད་པ་ནི་ཞེས་བྱ་བ་ནི་འདི་ལ་བརྗོད་
པ་ནི་དོན་བྱེད་པ་ཞེས་བྱ་བའོ། །སྣང་བ་ཐ་དད་པ་ཉིད་དོན་བྱེད་པ་ཐ་དད་པའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ། །གལ་ཏེ་བུམ་པ་དང་སྣམ་བུ་དག་ཅི་ལྟར་ཐ་དད་ཅེས་བྱ་བ་འདིར་ཆུ་འཛིན་པ་ལ་སོགས་པ་འབྲས་བུ་ཐ་དད་པའི་ཕྱིར་རོ་ཞེས་བརྗོད་པ་མ་ཡིན་ནམ་དེས་ན་སྣང་བ་ཐ་དད་པ་ཉིད་དོན་བྱེད་པ་ཐ་དད་པ་ཇི་ལྟ་
ཡིན་སྙམ་ན་གཞན་དུ་གྱུར་པའི་འབྲས་བུ་ཐ་དད་པ་ནི་རྒྱུ་ཐ་དད་པའི་མཚན་ཉིད་མ་ཡིན་ནོ། །རྒྱུའི་སྣང་བ་ཐ་དད་པ་མེད་པར་ཞེས་འབྲེལ་ཏོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྣང་བ་ཐ་དད་པ་ཉིད་ལས་སོ། །ཐུག་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། འབྲས་བུ་གཞན་དང་འབྲས་བུ་གཞན་ཐ་དད་པའི་སྒོ་ཁོ་ནས་ཐ་དད་པ་
ཡིན་ལ་དེ་ཡང་དེ་ལས་གཞན་གྱིས་ཡིན་པའི་ཕྱིར་རོ། །འབྲས་བུ་ཐ་དད་པ་སྣང་བ་ཐ་དད་པ་ལས་ཡིན་ནོ་ཞེ་ན་ནི། དེའི་ཚེ་རྒྱུ་ཡང་སྣང་བས་ཐ་དད་པ་དེ་ཉིད་ལས་སོ། །གཞན་ཡང་བརྗོད་པ་ནི་དོན་བྱེད་པ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་མི་སླུ་བའོ། །དེས་ན་རྗེས་སུ་དཔག་པ་དེར་ཡང་ངོ་། །གང་གི་ཕྱིར་དེ་ལྟ་མ་
ཡིན་པ་དེའི་ཕྱིར་ཐ་དད་པ་ནི་ཐམས་ཅད་དུ་ཞེས་བལྟའོ། །དེ་ལྟ་བུ་ལ་ཞེས་བྱ་བ་ནི་མིག་མངོན་སུམ་ཕྱེ་བའི་རྟོགས་པ་པོ་ལའོ། །འོ་ན་ཇི་ལྟར་འབྲེལ་སྙམ་ན། འདིའི་ཞེས་གསུངས་ཏེ་ཞེས་རྣམ་པ་དེ་ལྟར་བསྟན་པ་སྟེ། བརྗོད་པའི་དོན་གང་ཡིན་པ་ཉིད་སྦྱོར་བ་ཡིན་ནོ། །དོན་དེ་ཉིད་དབང་པོའི་ཤེས་པའི་ཡུལ་
ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ་སྙམ་ན། མངོན་སུམ་ལ་ནི་ཞེས་གསུངས་སོ། །དོན་རྐྱང་བ་ཙམ་ཞེས་བྱ་བ་ནི་རྟགས་ཀྱི་དོན་ཙམ་མོ། །རེ་ཞིག་འདི་ནི་ཁས་བླངས་ནས་བརྗོད་པ་ཡིན་ཏེ། རྣམ་པའི་དབྱེ་བའི་དོན་ནི་སྣང་བ་མ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །རྟགས་ཀྱི་དོན་གཞན་དུ་རྣམ་པར་

དབྱེ་བའི་དོན་ཡང་ཅི་སྟེ་མི་སྣང་ཞེ་ན། བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་འདིའི་ཞེས་བྱ་བའི་འབྲེལ་པ་ཕན་གདགས་པར་བྱེད་པ་དང་། ཕན་འདོགས་པར་བྱེད་པ་དག་མ་ཡིན་ན་འོ་ན་ཇི་ལྟར་འདིའི་རྗོད་པར་བྱེད་པ་ནི་འདི་ཡིན་ནོ་ཞེས་འབྲེལ་པ་ཡིན། འདིར་ནི་བརྗོད་པར་བྱ་བ་དང་རྗོད་
པར་བྱེད་པ་དག་ཕན་གདགས་པར་བྱ་བ་དང་ཕན་འདོགས་པར་བྱེད་པའི་དངོས་པོ་ཡོད་པ་མ་ཡིན་ནོ་ཞེ་ན་དེས་ཞེས་བྱ་བའོ། །བློའི་ཡུལ་གྱི་དོན་ལས་རེས་འགའ་སྒྲེ་འབྱུང་སྟེ་སྐྱེ་ལ། རེས་འགའ་ནི་སྒྲ་ལས་བློ་ལ་གནས་པའི་དོན་ཡིན་པའི་ཕྱིར་ཏེ་རྣམ་པ་དེ་ལྟར་བློའི་རང་བཞིན་དང་ངག་གི་རྣམ་པར་རིག་བྱེད་དེ་གཉིས་
སོ། །གལ་ཏེ་དེ་ལྟ་ན་ཡང་མངོན་སུམ་ཉིད་ཀྱི་འབྲེལ་པ་བྱེད་དོ། །དེས་ན་མངོན་སུམ་ལ་སྣང་བའི་དོན་ཉིད་ལ་བརྡ་བྱེད་པ་ཡིན་ནོ་ཞེ་ན། མངོན་སུམ་ལ་ཞེས་གསུངས་སོ། །དེ་ནི་མངོན་སུམ་ལ་སྣང་བའོ། །མིག་ལ་སོགས་པ་སྐྱེད་པའི་ཤེས་པ་ལ་སྣང་བའི་ངང་ཚུལ་གང་ལ་ཡོད་པ་དེ་ལ་བརྡ་བྱེད་པ་ཡིན་ན་
དེའི་ཚེ་རང་གི་མཚན་ཉིད་དེ་ནི་ཐ་སྙད་ཀྱི་དུས་ན་སྒྲ་བརྗོད་པའི་རྗེས་སུ་སྣང་བར་འགྱུར་རོ། །སྣང་བ་ཉིད་དོ་སྙམ་ན། དེ་ལྟར་ནི་མ་ཡིན་ཏེ་ཞེས་གསུངས་སོ། །ཅིའི་ཕྱིར་མིན་ཞེ་ན། རང་ཉིད་ཅེས་གསུངས་སོ། །གལ་ཏེ་བརྡ་མ་བྱས་ཀྱང་དོན་རྟོགས་ན་ནི་དེའི་ཚེ་བརྡ་མེད་པར་རྟོགས་ཚོགས་པར་འགྱུར་རོ་དེ་ལྟར་ཡང་མ་
ཡིན་ཏེ། འདི་ཉིད་རྣམ་པ་གཞན་དུ་བཤད་པའི་ཕྱིར་ཡང་ན་ཞེས་གསུངས་སོ། །དེ་ལྟ་བུ་ཉིད་ནི་བརྡ་མེད་པ་ཉིད་དོ། །འོན་ཏེ་གསལ་བར་སྣང་བ་རྣམ་པར་རྟོག་པ་མེད་པ་ལས་མི་གསལ་བར་སྣང་བའི་རྣམ་པར་རྟོག་པའི་ཤེས་པ་འདི་ནི་གཞན་ཁོ་ན་ཡིན་ནོ་ཞེ་ན། འདིར་རྣམ་པར་རྟོག་པ་ཞེས་བྱ་བའོ། །གལ་ཏེ་
རྣམ་པར་རྟོག་པ་གཞན་ཡིན་ན། དེའི་ཚེ་དེའི་གཟུང་བ་ལྐོག་ཏུ་ཡིན་པར་འགྱུར་རོ། །དེ་ལྟ་ཡང་མ་ཡིན་ནོ་ཞེ་ན་སྟོན་པ་ནི་འདི་ལ་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་དག་ཉིད་སངས་རྒྱས་པའི་དོགས་པ་བསྡུ་བའོ། །སྔར་ཡང་ཞེས་བྱ་བ་ནི་མངོན་སུམ་གྱི་དུས་ན་ཡང་ངོ་། །དེ་ཞེས་བྱ་
བ་ནི་རང་གི་མཚན་ཉིད་དོ། །འདིར་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་དུས་ནའོ། །འོན་ཏེ་ཁྱད་པར་འདི་ཉིད་མེད་དོ་ཞེ་ན། མཐོང་བ་ཉིད་ནི་ཞེས་བྱ་བ་གསུངས་སོ། །རྐང་པ་ཐ་མ་རྣམ་པར་འགྲེལ་པ་ནི་ཤེས་པར་གྱུར་པ་ཉིད་ནི་ཞེས་བྱ་བའོ། །ཕ་རོལ་ཉིད་ཀྱི་དོགས་པ་བསུ་བ་ནི་རྣམ་རྟོག་ཕྱིར་ན་ཞེས་བྱ་བ་སྟེ། མི་

བདེན་པ་ཉིད་དོ་ཞེས་བྱ་བ་སྟེ། མི་བདེན་པ་ཉིད་དོ་ཞེས་འབྲེལ་ཏོ། །འདི་གཞན་གྱི་བརྗོད་པ་ནི་འདིར་ཚད་གང་ཞེས་བྱ་བའོ། །རྣམ་པར་རྟོག་པ་ཡང་ཡིན་ལ་བདེན་པ་ཉིད་ཀྱང་ཡིན་མོད་འགལ་བ་ཅི་ཡོད། འོན་ཏེ་དེ་ལྟ་བུ་ཁོ་ནར་རྣམ་པར་རྟོག་པའི་ཤེས་པ་མི་བདེན་པར་བརྗོད་ན་རྣམ་པར་རྟག་པ་མེད་པའི་བློ་
ལ་ཡང་ཞེས་སྨྲས་སོ། །མངོན་སུམ་དུ་བྱེད་པ་ཞེས་བྱ་བ་ནི། རྣམ་པར་རྟོག་པའི་ཤེས་པ་ཞེས་བྱ་བ་ལྷག་མ་ནིའོ། །འདི་ནི་ཞེས་བྱ་བ་ནི་བ་ལང་བ་ལང་སྦྲུལ་སྦྲུལ་ཞེས་བྱ་བ་ལ་སོགས་པའོ། །མངོན་སུམ་གྱི་ཡུལ་ཅན་ཡིན་ཡང་འདི་ནི་རྗེས་སུ་དཔག་པ་ཉིད་ཡིན་ནོ་ཞེ་ན། ཡུལ་གྱི་དབྱེ་བ་ཉིད་
ལས་ཞེས་བྱ་བའོ། །འོན་ཏེ་མངོན་སུམ་གྱི་ཡུལ་གཅིག་ཁོ་ན་ལས་མངོན་སུམ་དང་རྗེས་སུ་དཔག་པ་ལས་འཇུག་པ་དེས་ན་ལྐོག་ཏུ་མ་གྱུར་པའི་ཡུལ་ཅན་ཡིན་ཡང་རྗེས་སུ་དཔག་པ་ཉིད་དོ་ཞེ་ན། ཚད་མ་ངེས་པ་མེད་པ་ཉིད་ཅེས་སྨྲས་སོ། །འདི་མ་གྲུབ་པའི་མཐའ་བརྗོད་པ་ནི་དེ་ཐམས་ཅད་ནི་ཞེས་
བྱ་བའོ། །འཇུག་པ་མྱུར་ཕྱིར་ཞེས་བྱ་བ་ནི་འདི་ནི་གཞན་གྱི་ལུགས་ལ་ལྟོས་པ་ཁོ་ན་གྲུབ་པའི་མཐའི་ནང་དུ་སྨོས་པ་ཡིན་ནོ། །རང་གི་མཚན་ཉིད་ཅེས་བྱ་བ་ནི་བ་ལང་ལ་སོགས་པའི་རང་གི་མཚན་ཉིད་འཛིན་པ་ལྟུང་གྱུར་པའོ། །ཡི་གེའི་རྣམ་པ་ཞེས་བྱ་བ་ནི་བ་ལ་སོགས་པའི་ཡི་གེར་ཞེན་པའོ། །དེ་
ལས་ཞེས་བྱ་བ་ནི་བ་ལང་ལ་སོགས་པར་སྣང་བ་ལས་སོ། །འོ་ན་མངོན་སུམ་གྱི་ཤེས་པ་གང་ཞིག་ཡིན་སྙམ་ན། བདུན་ན་ཞེས་གསུངས་སོ། །ཅི་ལྟར་ན་ཤེས་པ་འདི་ཉིད་མངོན་སུམ་ཡིན་གྱི། སྔ་མ་ནི་མ་ཡིན་ཞེ་ན། དེ་ལ་ནི་ཞེས་བྱ་བ་སྟེ་སྔ་མ་ལའོ། །འདི་ཉིད་ཅེས་བྱ་བ་ནི་ཕྱི་མ་ཉིད་དོ། །གྲུབ་
པའི་མཐའ་སྨྲ་བར་རྣམ་པར་དཔྱོད་པར་བྱེད་པ་ལ་ལྟོས་ནས་ནི་མེད་པ་ཁོ་ན་ཞེས་བྱ་བའོ། །སྣང་བ་ཐ་དད་པས་ཞེས་བྱ་བ་ནི་བ་ལ་སོགས་པའི་ཡི་གེར་ཞེན་པ་ནི་མི་གསལ་བར་སྣང་ལ། ཁྲ་བོ་ལ་སོགས་པ་ནི་གསལ་བར་སྣང་བའོ། །རེ་ཞིག་བ་ལ་སོགས་པའི་ཡི་གེ་རྣམ་པར་རྟོག་པ་དང་། ཁྲ་བོ་ལ་
སོགས་པ་སྣང་བ་ཡིན་པ་ལྟ་བར་ཞོག་སྟེ། ཡི་གེ་བ་དང་ད་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ཀྱང་གཅིག་ཉིད་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་ཡི་གེ་བ་ལ་སོགས་པའི་ཞེས་བྱ་བའི་ཁྱད་པར་གྱི་དངོས་པོ་གཅིག་ཉིད་མ་ཡིན་པའི་གཏན་ཚིགས་ཀྱི་ཚིག་བརྗོད་པ་ནི་རིམ་གྱིས་ཞེས་བྱ་བའོ། །རིམ་

གྱིས་འབྱུང་བ་དག་ལ་ནི་གཅིག་ཉིད་སྲིད་པ་མ་ཡིན་ནོ། །འོན་ཏེ་ཡི་གེ་བ་ལ་སོགས་པར་ཞེན་པ་གང་ཡིན་པ་ཉིད་རྣམ་པར་རྟོག་པ་མེད་པར་ཁྲ་བོ་རྟོག་པར་བྱེད་པ་ཡིན་ནོ་ཞེ་ན། ཡི་གེར་ཞེས་བྱ་བའོ། །དེ་ཞེས་བྱ་བ་ཡི་གེར་སྣང་བ་མེད་ཀྱང་ངོ་། །གཞན་གྱི་དེ་མེད་ཀྱང་ཞེས་སྨྲས་ཏེ། ཡི་གེར་
སྣང་བ་མེད་ཀྱང་ངོ་། །རང་བཞིན་དེ་ཉིད་སྔ་མ་ཉིད་དུ་སྣང་བ་ནི་ངེས་པ་ཡིན་ནོ་ཞེ་ན་སྔོན་གྱི་ཞེས་གསུངས་སོ། །གཞན་ཞེས་བྱ་བ་ལ་སྔོན་སྣང་བ་ངེས་པ་ཞེས་བྱ་བ་དེ་ལྟར་དེ་སྔོན་སྣང་བ་དེ་དང་གཅིག་ཏུ་ངེས་པར་བྱ་བ་ཉིད་ངེས་པའི་སྒྲས་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་དམ་པར་ཤེས་
པ་དེ་གཉིས་གཅིག་པ་ཉིད་མ་ཡིན་ན། དེའི་ཚེ་ཇི་ལྟར་བློ་དམན་པ་རྣམས་གཅིག་ཏུ་ངེས་པ་ཡིན་ཞེས་བསམས་ནས་སྨྲས་པ་ནི་འོ་ན་ཞེས་བྱ་བའོ། །འབྲས་བུ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གལ་ཏེ་དེ་དག་ཐ་དད་པ་ཁོ་ན་ཡིན་ན། དེའི་ཚེ་འོ་ན་རིམ་གྱིས་ཞེས་བྱ་བའོ། །རིམ་གྱིས་འཛིན་པར་ངེས་ན་མ་ཡིན་པ་
ཞེས་བྱ་བ་ནི། འོན་ཀྱང་དུས་གཅིག་ཏུ་འཛིན་པར་ངེས་པ་ཡིན་ནོ་ཁྱེད་ཀྱི་ལྟར་ན་ནི་འཛིན་པ་འབའ་ཞིག་ཁོ་ན་རིམ་གྱིས་ཡིན་ལ། ལྷག་པར་ཞེན་པ་ནི་ཅིག་ཅར་ཁོ་ན་ཡིན་ནོ། །དེས་ན་ཇི་ལྟར་ཁྱེད་ཀྱི་འདོད་པས་དེ་དག་ཐ་དད་ཀྱང་ཅིག་ཅར་ལྷག་པར་ཞེན་པར་བྱེད་པ་ཡིན་པ་དེ་བཞིན་དུ། ཁོ་བོ་ཅག་གི་ལྟར་ན་འཛིན་པ་
ཡིན་པར་འགྱུར་རོ་ཞེས་བསམས་པའོ། །རྣམ་པར་རྟོག་པ་དེ་ལའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཕ་རོལ་ཉིད་སངས་རྒྱས་པའི་དོགས་པ་བསུ་བའོ། །དེ་ཉིད་ཀྱིས་སྨྲས་པ་ནི་འོ་ན་ནི་ཞེས་བྱ་བའོ། །ཞུགས་པས་ཞེས་བྱ་བ་ནི་ཆགས་པས་སོ། །རྣམ་པར་རྟོག་པ་དེས་སོ། །འདིར་གྲུབ་པའི་མཐའ་སྨྲ་བ་ཡུལ་མེད་
པ་ཉིད་དུ་དོགས་ནས་བར་ཆད་འགོག་པར་བྱེད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་དེའི་ལུགས་ཉིད་ཀྱིས་གྲུབ་པའི་མཐའ་བརྗོད་པའོ། །གཞན་གྱི་ལྟར་ན་རིགས་པ་པའི་ལྟར་ན་ཡོད་དོ། །རིགས་ནི་ཐ་དད་པའི་རྣམ་པར་རྟོག་ཚེ་ནི་བརྡར་རོ། །ཇི་ལྟར་བ་ལང་གི་མཐོང་བ་རྒྱུན་
འཆད་པ་མིན་ཞེས་བྱ་བ་ནི་ལྟོས་པའོ། །ཕྱེད་སྔ་མ་འཆད་པ་ནི་མངོན་སུམ་ཞེས་བྱ་བའོ། །གཞན་གྱི་ཞེས་བྱ་བ་ནི་རིགས་པ་ཅན་གྱི་ལྟར་ནའམ། ཡང་ན་མཐོང་བའི་དོན་གྱི་མངོན་སུམ་གྱི་ཤེས་པའི་རང་བཞིན་ཉིད་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་རིགས་མི་མཐུན་པའི་རྣམ་པར་རྟོག་པའི་དུས་ནའོ། །རིགས་མི་

མཐུན་པའི་རྣམ་པར་རྟོག་པ་ལས་སྔོན་རོལ་གྱི་མཐོང་བ་གང་ཡིན་པ་དང་། དེ་བཞིན་དུས་ཀྱི་འབྱུང་བའི་མཐོང་བ་གང་ཡིན་པ་དེ་ཉིད་ཀྱི་དངོས་པོ་ནི་སྟོབས་དང་ལྡན་པས་མཐོང་བ་དེ་གཉིས་ཀྱི་བར་དུ་ཞུགས་པ་མཐོང་བ་མ་ཡིན་པ་རིགས་མི་མཐུན་པའི་རྣམ་པར་སྒྲིབ་པའོ། །མི་སྲིད་དོ་ཞེས་བྱ་བ་ནི་རིགས་མཐུན་
པའི་རྣམ་པར་རྟོག་པའི་དུས་སམ། རིགས་མི་མཐུན་པའི་རྣམ་པར་རྟོག་པའི་དུས་སུ་ཡང་བར་དུ་གཅོད་པ་ནི་སྲིད་པ་མ་ཡིན་ནོ། །བར་ཆོད་རྟོགས་པར་ཐལ་བའི་ཕྱིར་རོ། །བར་ཆོད་ཡོད་ཀྱང་མྱུར་བའི་ཕྱིར་བར་དུ་མ་ཆོད་པར་རྟོགས་པ་ཡིན་ནོ་ཞེ་ན། གྱུར་པའི་ཕྱིར་ཞེས་བྱ་བའོ། །ཡི་གེ་དག་ཀྱང་ཞེས་བྱ་བ་
ནི་ས་ར་དང་ས་ར་ཞེས་བྱ་བ་ལ་སོགས་པར་རོ། །རིམ་དང་ལྡན་པ་ལ་ཡང་ཞེས་བྱ་བ་ནི་བར་ཆོད་ཡོད་པ་ལ་ཡང་ངོ་། །དེ་ལ་ནི་མཚོ་དང་རོ་ཞེས་བྱ་བ་ལ་སོགས་པར་རོ། །དུས་གཅིག་ཏུ་ཐོས་པ་མ་ཡིན་པ་ནི་རིམ་གྱིས་ཐོས་པའོ། །འདིར་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། རིགས་མི་མཐུན་པའི་རྟོག་པ་དང་
རྟོག་པ་མེད་པ་གཉིས་ལའོ། །གཞན་གྱིས་སྨྲས་པ་རྡུལ་གྱི་ཚད་ལ་སོ