Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 185
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
་འཛིན་པ་མ་ཡིན་པས་སོ། །ཡང་ན་ བག་ཆགས་དང་འབྲེལ་པ་དེ་དགའ་བ་འདས་པ་མེད་པའི་དུས་ཏེ། འབྱུང་བར་འགྱུར་བ་གང་ཡིན་པའོ། །དོན་གྱི་རང་བཞིན་དེ་ལས་འོངས་པའི་ཕྱིར་རྗེས་སུ་དཔག་པ་འདས་པར་ཞེན་པ་སྟེ་སྣང་བ་གསལ་བ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །དཔེར་ན་ཟླ་བ་གཅིག་ལས་འོངས་པ་རབ་རིབ་ལ་སོགས་ པའི་དབང་གིས་ཟླ་བ་གཉིས་ཀྱི་རྣམ་པར་སྣང་བ་དེ་བཞིན་དུ་བག་ཆགས་ཀྱི་དབང་གིས་འདས་པ་མ་ཡིན་པ་ལས་འོངས་པ་ཡང་འདས་པའི་རྣམ་པར་སྣང་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པའི་འདས་པའི་རྣམ་པ་ཅན་ཡིན་པ་ཡང་དོན་གྱི་རང་བཞིན་དེ་ཇི་ལྟར་འདས་པ་ཞེ་ན། དེ་ནི་འདས་ པའི་ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་དོན་གྱི་རང་བཞིན་ཐུན་མོང་མ་ཡིན་པའོ། །དཔེར་ན་སྔོན་པོ་ཉིད་དུ་འཛིན་པས་སྔོན་པོ་ཉིད་དུ་ཡིན་པ་བཞིན་ནོ། །དེ་ཡང་མེད་པ་ཡིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པས་བཟུང་བའི་དོན་གྱི་རང་བཞིན་ནོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཏེ་དོན་གྱི་རང་བཞིན་དེའི་ད་ལྟར་ བ་ཉིད་དེ་ཐུན་མོང་མ་ཡིན་པ་ཉིད་ལ་ནི་རྗེས་སུ་དཔག་པ་ཚད་མ་མ་ཡིན་ཏེ་ལྷག་པར་ཞེན་པ་ཙམ་ཡིན་པའི་ཕྱིར་རོ། །གལ་ཏེ་ཚད་མ་མ་ཡིན་ན་འོ་ན་དོན་གྱི་རང་བཞིན་དེ་དེ་ལྟར་འཐོབ་སྟེ། མི་འཐོབ་པ་ཉིད་དོ། །ལན་ནི་ཡོད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའོ། །དོན་དམ་པར་རྗེས་སུ་དཔག་པའི་ཡུལ་ཡིན་ པའི་ཕྱིར་ནི་དོན་གྱི་རང་བཞིན་མ་ཡིན་གྱི་འོན་ཀྱང་ཡོད་པ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་དོན་གྱི་རང་བཞིན་རྗེས་སུ་དཔག་པའི་ཡུལ་མ་ཡིན་ན། དེ་ཡོད་པ་ཉིད་དུ་ཇི་ལྟར་བརྗོད་ཅེ་ན། ལན་དུ་མཐོང་བའི་ཞེས་བྱ་བའོ། །ད་ལྟར་བའི་རྟགས་ནི་དུས་གཞན་དང་ལྡན་པའི་རྟགས་ཅན་གྱི་ཁྱབ་པ་མ་ཡིན་ཏེ། དེས་ན་ ཤུགས་ཀྱིས་བསྒྲུབ་པར་བྱ་བ་ནི་དེའི་ཚེ་ཡོད་པ་མ་ཡིན་ཏེ། དེ་མེད་ན་དེའི་རྒྱུན་འཆད་པའི་ཕྱིར་རོ། །ཡང་གང་ཞིག་དེ་རྣམ་པར་མི་འཆད་པ་དེ་ནི་དེའི་དུས་ན་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པའི་དུས་ན་རྫ་མཁན་བཞིན་ནོ། །དེས་ན་ཁྱད་པར་ཅན་གྱི་འབྲས་བུ་ལ་ལྟོས་ན་བསྒྲུབ་པར་བྱ་བ་དེའི་དུས་ན་ཡོད་པར་ བརྗོད་པ་ཡིན་ནོ་ཞེས་དགོངས་པའོ། །དེའི་སྒོ་ནས་ནི་རྟགས་ཀྱི་སྒོ་ནས་སོ། །གལ་ཏེ་ཤེས་པས་ཞེས་བྱ་བ་ནི་རྗེས་སུ་དཔག་པས་སོ། །ལན་ནི་མི་འཁྲུལ་པ་ཉིད་ལས་ཞེས་བྱ་བའོ། །གལ་ཏེ་དུ་བ་ཞེས་བྱ་བ་ནི་གཞན་གྱིས་བརྗོད་པའོ། །དུ་བ་ཡང་མི་འཁྲུལ་པ་ཡོད་པའི་ཕྱིར་རོ། །ཇི་ལྟར་ཞེས་བྱ་བ་ནི་ལན་ ནོ། །རང་གི་ཤེས་པ་དང་བཅས་པ་མིའི་ཤེས་པ་སྐྱེད་པར་བྱེད་པའོ། །དེ་ཡི་རང་བཞིན་དང་འབྲེལ་ཕྱིར། །ཞེས་བྱ་བ་འདི་རྣམ་པར་གཞག་པར་བྱ་བའི་རང་བཞིན་དང་འབྲེལ་པའི་ཕྱིར་རོ། །རང་བཞིན་མ་ཡིན་ཞེས་བྱ་བ་ནི་དུ་མ་ལ་སོགས་པའོ། །དེ་ལ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་ཤེས་པ་ལའོ། །དོན་ དུ་ཞེན་པ་ནི་དོན་དུ་སྣང་བའོ། །སྐབས་ཉེ་བར་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ནི་མི་མཐོང་བ་ཉིད་དོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྟེ། ལྷག་པར་ཞེན་པ་ཙམ་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་མི་མཐོང་བས་ནའོ། །འོ་ན་རྗེས་སུ་དཔག་པས་ལྐོག་ཉིད་དུ་ཇི་ལྟར་རྟོགས་ཤེ་ན། དེ་ནི་ཞེས་ གསུངས་སོ། །རྟོགས་པ་མེད་པ་ཉིད་ནི་རང་གི་ངོ་བོས་སོ། །དེ་ལྟར་རང་གི་ཕྱོགས་ལ་གཞན་གྱིས་བརྗོད་པའི་སྐྱོན་སྤངས་ནས། ཡང་རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་ཉིད་ཡིན་ན། དེ་མངོན་སུམ་ཉིད་དོ་ཞེས་བསྟན་པའི་དོན་དུ་བཤད་པ་ནི། ལྐོག་གྱུར་ཞེས་བྱ་བ་སྟེ། ལྐོག་གྱུར་པ་ལ་ཞེས་བྱ་ བའི་རྣམ་པ་འདི་གལ་ཏེ་རྗེས་སུ་དཔག་པས་དོན་གྱི་རང་བཞིན་ལྐོག་ཏུ་གྱུར་པ་ཉིད་རྟོགས་པ་ཡིན་ན་དེའི་ཚེ་འདི་ནི་ལྐོག་ཉིད་དོ་ཞེས་རྟོགས་པ་གང་ཡིན་པ་དེ་ནི་མངོན་སུམ་ཉིད་དོ། །དེས་ན་འདི་ནི་ལྐོག་ཏུ་གྱུར་པའི་ཞེས་མཐོང་བ་ལ་དེ་ལ་རྗེས་སུ་དཔོག་པ་ནི་མངོན་སུམ་ཁོ་ནར་གྱུར་གྱི། རྗེས་སུ་ དཔག་པ་ནི་མ་ཡིན་ཏེ། དངོས་པོའི་རང་བཞིན་འཛིན་པའི་ཕྱིར་རོ། །རྗེས་སུ་དཔག་པ་དངོས་པོའི་ཡུལ་ཅན་ཉིད་ཡིན་ན་ནི་ལོ་མ་ལས་བྱུང་བ་ལ་རྩྭ་ལས་བྱུང་བ་ཡིན་ཞེས་ཐེ་ཚོམ་དང་འབྲེལ་པར་ཡང་མི་འགྱུར་ཏེ། བདག་ཉིད་ཐམས་ཅད་རང་གི་ངོ་བོ་རྗེས་སུ་དཔག་པ་ལས་ངེས་པ་ཡིན་ན་ཐེ་ཚོམ་མི་འཐད་ པའི་ཕྱིར་རོ། །མངོན་སུམ་གྱིས་མཐོང་བའི་སྐད་ཅིག་མ་ཉིད་ལ་སོགས་པ་ལ་ནི་ཐེ་ཚོམ་འབྱུང་བར་མི་འགྱུར་རོ། །ཅི་སྟེ་ཡང་དོན་དང་ཤེས་པ་དག་གཅིག་པའི་ཕྱིར་ན་དེ་མཐོང་བ་ཡིན་པ་དེས་ན། ལྐོག་ཏུ་གྱུར་པ་མ་མཐོང་བ་ཁོ་ནའོ་ཞེས་ཅི་སྟེ་བརྗོད་སྙམ་ན། ཤེས་དོན་དག་ཀྱང་ཤེས་གསུངས་ཏེ། བེམས་ པོ་དང་བེམས་པོ་མ་ཡིན་པ་ཉིད་ཀྱིས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་གཅིག་ཉིད་མ་ཡིན་པའི་ཕྱིར་རོ། །དོན་དེ་ནི་དོན་བྱ་བ་བྱེད་པ་ཅན་ནོ། །དེས་མངོན་སུམ་གྱི་རྒྱུ་ཡིན་པར་རྗེས་སུ་དཔག་པས་ཇི་ལྟར་རྟོགས་ཞེས་བྱ་བ་མཇུག་སྡུད་པ་ནི་དེ་ཕྱིར་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་ པར་བྱ་བ་མངོན་སུམ་མ་ཡིན་པས་ནའོ། །རྗེས་སུ་དཔག་པ་ནི་དེའི་འབྲས་བུ་ཅན་ཡང་མ་ཡིན་ཏེ། དོན་མེད་པ་ཡིན་པའི་ཕྱིར་རོ་ཞེས་མཇུག་སྡུད་པ་བཤད་པ་ནི། དེའི་ཕྱིར་ཞེས་བྱ་བ་སྟེ། དོན་འཛིན་པའི་རང་བཞིན་མ་ཡིན་པའི་ཕྱིར་རོ། །རྟོགས་པ་ནི་དོན་མེད་པའོ། །རྒྱུའི་དངོས་པོ་མ་ཡིན་པ་ནི་ སྐབས་ཀྱི་མངོན་སུམ་གྱིའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྒྱུ་དང་འབྲས་བུའི་དངོས་པོས་མེད་པ་ཉིད་ཀྱི་ཕྱིར་རོ། །ནུས་མེད་ཅེས་བྱ་བ་ནི་ནུས་པ་འབའ་ཞིག་འགོག་པ་ཡིན་གྱི། རང་གི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ནུས་མཐོང་ཞེས་ལན་དུ་མཐོང་བའི་ཕྱིར་ན་ཕྱོགས་སྔ་མ་ཡང་། མཐོང་ བའི་ཡུལ་ཅན་ཁོ་ན་མ་ཡིན་ནམ། མཐོང་བའི་མངོན་སུམ་གྱི་རང་བཞིན་དུ་མཐོང་བ་མེད་དོ་ཞེས་བྱ་བ་ཉིད་རིགས་སོ་ཞེ་ན། འདི་ལྟར་ཞེས་བྱ་བའོ། །མཐོང་ཞེས་བྱ་བ་ནི་རང་བཞིན་གྱི་ཡུལ་ཅན་ནི་མ་ཡིན་ཏེ། འོན་ཀྱང་ནུས་པའི་ཡུལ་ཅན་ཡིན་ནོ། །དེ་ནི་མངོན་སུམ་མ་ཡིན་ཏེ་ཇི་སྐད་བརྗོད་པ་ཡིན་ ནོ། །དེས་ན་མཐོང་བ་ནི་འདིར་རྟོགས་པ་བརྗོད་པ་ནི་བྱེད་པ་ཡིན་པས། རྒྱུ་ཉིད་ལ་སོགས་པར་འཇིག་རྟེན་གྱིས་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དབྱེར་མེད་པར་ཞེས་བྱ་བ་ནི་མཐོང་བ་འདྲ་བས་མཐོང་བར་གདགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཕྱིར་ན་ཞེས་བྱ་བ་ནི་འཇིག་རྟེན་ གྱི་རྟོགས་པ་ཉིད་ལས་སོ། །མཐོང་བ་ཡིན་ཞེས་བྱ་བ་ནི་སྐབས་ཀྱི་རྒྱུ་དང་འབྲས་བུའི་དངོས་པོའོ། །ལྷག་པར་མོས་པ་ནི། རྣམ་པར་རྟོག་པ་བསྟན་པའོ། །འཇིག་རྟེན་གྱི་ཐ་སྙད་ནི་ཕལ་ཆེར་རྣམ་པར་རྟོག་པ་ཁོ་ནས་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་དྲན་པ་ནི་དངོས་ པོ་དང་འབྲེལ་པ་ཡོད་པ་ཁོ་ན་ཡིན་ཏེ། དེས་ན་དྲན་པས་དེ་གྲུབ་པས་ན་ལྷག་པར་མོས་པས་གྲུབ་པ་ཇི་ལྟར་ཡིན་སྙམ་ན། དྲན་པ་དང་དངོས་དང་ཞེས་བྱ་བའོ། །རེ་ཞིག་མངོན་སུམ་གྱིས་ནི་དྲན་པའི་འབྲེལ་པ་རྟོགས་པ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། དྲན་པ་ནི་མངོན་སུམ་མ་ཡིན་པའི་ ཕྱིར་ཏེ། དབང་པོའི་མངོན་སུམ་གྱི་ཡུལ་མ་ཡིན་པའི་ཕྱིར་རོ། །རང་རིག་པས་ཀྱང་དངོས་དང་འབྲེལ་པ་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་རང་རིག་པས་ནི་ཞེས་བྱ་བའོ། །འོ་ན་དོན་གྱི་མངོན་སུམ་གྱི་དྲན་པའི་འབྲེལ་པ་རྟོགས་པར་ནུས་སོ་སྙམ་ན། སྔར་གྱི་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ ནི་འཇུག་པ་མ་ཡིན་པས་ནའོ། །ཀུན་རྫོབ་ཏུ་ནི་རིག་པ་ཡོད་ཉིད་དོ། །ཞེས་བརྗོད་པ་ནི་འདི་བདག་གིས་ཞེས་བྱ་བའོ། །ཁྱིམ་ནས་བྱུང་བ་སླར་ཁྱིམ་དུ་འོང་བ་མི་དྲན་པའི་རང་བཞིན་ལྷག་པར་མོས་པའི་དབང་གིས་ཡིན་ནོ། །རྣམ་པར་གཞག་པ་ཐམས་ཅད་ཀྱི་ནི་རྒྱུ་དང་འབྲས་བུ་དང་། གཟུང་བ་དང་ འཛིན་པ་ལ་སོགས་པའི་སྒྲུབ་པར་བྱེད་པ་ལྷག་པར་མོས་པ་ཁོ་ན་ཡིན་ནོ། །མངོན་སུམ་ནི་རང་གི་ངོ་བོ་ཙམ་གྱིས་མཐར་ཐུག་པ་ཡིན་པའི་ཕྱིར་རོ། །སྒྱུ་མ་བཞིན་དུ་མ་བརྟགས་ན་ཉམས་དགའ་བ་མངོན་སུམ་གྱིས་རྟོག་པ་ཉིད་ཀུན་རྫོབ་ཡིན་ནོ་ཞེས་བྱ་བ་བཤད་པ་ནི། གང་གིས་རང་གི་ངོ་བོ་ཡིས། ། གཞན་གྱི་ངོ་བོ་སྒྲིབ་བྱེད་པ། །ཀུན་རྫོབ་ཅེས་བྱ་བ་ཀུན་རྫོབ་ཀྱི་མཚན་ཉིད་དང་འགལ་བ་ཡིན་ཞེས་བཤད་པ་ནི་བསམ་པ་ནི་ཞེས་བྱ་བའོ། །ཚད་མས་གནས་པའི་དོན་དམ་པའི་རང་བཞིན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །ལྷག་པར་མོས་པ་ཙམ་ཀུན་རྫོབ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན་ ཀུན་རྫོབ་ཀྱི་དོན་ནི་ཞེས་བྱ་བའོ། །ཚད་མ་ཡིན་པའི་རྣམ་པར་རྟོག་པས་རྟོགས་པའི་དོན་ནོ་ཞེས་བྱ་བའི་དོན་ཏོ། །གང་གིས་ཀུན་རྫོབ་ཏུ་འགྱུར་བ་ལྷག་པར་མོས་པ་ཙམ་གྱིས་འཇིག་རྟེན་གྱི་ཐ་སྙད་དུ་འགྱུར་བ་ཇི་ལྟ་བུ་ཡིན་ཞེ་ན། དཔེར་ན་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ན་ཡིན་དང་ ཞེས་བྱ་བ་ནི་རྣམ་པར་དཔྱད་པར་ལྡོག་པ་ནའོ། །འདི་ཞེས་བྱ་བ་ནི་མཐོང་བར་མངོན་པར་རློམ་པའོ། །འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ཀྱི་འབྲས་བུ་ལ་སོགས་པའི་ཐ་སྙད་དོ། །དེ་ལྟ་བུ་ཉིད་ནི་མ་མཐོང་བ་ལ་མཐོང་བར་མངོན་པར་རློམ་པའི་མཚན་ཉིད་དོ། །ཇི་ ལྟར་ཐམས་ཅད་ཀུན་རྫོབ་པ་ཡིན་སྙམ་ན་ཚད་མ་མེད་པར་ཞེས་གསུངས་སོ། །གལ་ཏེ་རྒྱུ་དང་འབྲས་བུ་དངོས་པོ་ཀུན་རྫོབ་ཙམ་ཡིན་པ་ཇི་ལྟར་འགྱུར་ཏེ། མངོན་སུམ་དང་མི་དམིགས་པས་རབ་ཏུ་གྲུབ་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གིས་རབ་ཏུ་བཅུག་པ་ཡིན་པའི་ཕྱིར་རོ་སྙམ་དུ་དོགས་ནས་ བཤད་པ། གལ་ཏེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་རྒྱུ་དང་འབྲས་བུ་ཉིད་དུ་རྟོགས་པ་ཡིན་ནོ། །དེའི་ཚེ་དེ་ལ་རྗེས་སུ་སྟེ་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལ་མངོན་སུམ་སྟེ། མངོན་སུམ་དང་མི་དམིགས་པའི་བདག་ཉིད་ཅན་གྱི་ཚད་མ་ཡོད་པ་མ་ཡིན་ཏེ། དངོས་པོ་ཙམ་འཛིན་པའི་ཕྱིར་རོ། ། དེའི་བདག་ཉིད་ཅན་གྱི་རྗེས་སུ་དཔག་པ་ཡང་རྗེས་སུ་འགྲོ་བ་དང་ལྡོག་པ་རྗེས་སུ་དཔོག་པ་ལ་དེ་བཞིན་ཏེ། དེས་མཚན་ཉིད་མ་ཡིན་ཏེ། ཐུག་པ་མེད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །འོ་ན་མི་དམིགས་པའི་བདག་ཉིད་ཀྱི་རྗེས་སུ་དཔོག་པ་དང་ལྷན་ཅིག་པའི་མངོན་སུམ་དེ་དག་གི་ཚད་མ་ ཡིན་ནོ་སྙམ་ན་མངོན་སུམ་དང་མི་དམིགས་པ་དག་ལས་ཞེས་བྱ་བའོ། །མི་དམིགས་པའི་བདག་ཉིད་ཅན་གྱི་རྗེས་སུ་དཔག་པ་ཁས་ལེན་ན་དེའི་ཚེ་ཕན་ཚུན་ཏེ། རྗེས་སུ་དཔག་པ་གཅིག་ལ་གཅིག་ལྟོས་པ་དེས་ན་ཐུག་པ་མེད་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་མི་འགྲུབ་པ་དང་། ཡང་ན་རྗེས་སུ་ དཔག་པ་ཡོད་ན་རྗེས་སུ་འགྲོ་བ་ལ་སོགས་པ་འཛིན་པ་ཡོད་པ་ལ། དེ་ཡོད་ན་ཡང་རྗེས་སུ་དཔག་པ་ཡིན་པའི་ཕྱིར་ན་ཕན་ཚུན་བརྟེན་པ་ནི་ཕན་ཚུན་བརྟེན་པ་ཁོ་ན་ཡིན་ནོ། །དེ་མ་ཐག་པའི་ཚིག་ལེའུར་བྱས་པའི་དོན་འཆད་པ་ནི། རྗེས་སུ་འགྲོ་བ་དང་ལྡོག་པ་དག་གཅིག་བྱ་བའོ། །གལ་ཏེ་མངོན་ སུམ་ནི་དངོས་པོ་འཛིན་པ་ཉིད་ཀྱིས་གཉི་ག་མི་འཛིན་པ་ཡང་རྗེས་སུ་འགྲོ་བ་འཛིན་པ་ནི་བཟློག་ཏུ་མེད་པ་ཉིད་དོ་ཞེས་དོགས་པས་སུ་ནས་དེ་ཡང་མེད་པ་ཁོ་ནའོ་ཞེས་གསུངས་པ་ནི་རྗེས་སུ་འགྲོ་བ་མངོན་སུམ་གྱིས་འཛིན་པ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན། འདི་ཡོད་ན་ཞེས་གསུངས་སོ། །ཅིའི་ ཕྱིར་དེ་བྱ་བ་མ་ཡིན་ཞེ་ན། གཉིས་འཛིན་པ་ཙམ་གྱིས་ཞེས་གསུངས་ཏེ། སྦྱོར་བར་བྱེད་པའི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མེའི་དེ་མ་ཐག་ཏུ་དུ་བ་མཐོང་བའི་ཕྱིར་དེའི་རྗེས་སུ་འགྲོ་བ་ཡོད་པ་ཉིད་མ་ཡིན་ནམ། དེ་ལྟ་མ་ཡིན་ན་དེ་མ་ཐག་ཏུ་མཐོང་བ་ཉིད་དུ་མི་འགྱུར་རོ་སྙམ་ན། དེ་མ་ ཐག་པར་འཛིན་པ་ཡོད་ཀྱང་རྗེས་སུ་འགྲོ་བ་ནི་སྲིད་པ་མ་ཡིན་ནོ་ཞེས་གསུངས་པ་ནི་འདིའི་དེ་མ་ཐག་ཏུ་ཞེས་གསུངས་སོ། །རྗེས་སུ་འགྲོ་བ་མེད་ཀྱང་དེ་མ་ཐག་ཏུ་མཐོང་བ་སྲིད་པའི་ཕྱིར་ཇི་ལྟར་དེ་ལ་དེ་རྟོགས་སྙམ་དུ་དགོངས་པའོ། །ཇི་ལྟར་རྗེས་སུ་འགྲོ་བ་མེད་སྙམ་ན་འདི་ལྟར་ཞེས་གསུངས་སོ། ། འདི་ཉིད་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་གོ་རིམས་བཞིན་དུ་གཞན་དང་ལྡན་པ་དང་ཤིན་ཏུ་མི་ལྡན་པ་དང་། མི་ལྡན་པ་རྣམ་པར་དཔྱོད་པ་ལྷུར་བྱེད་པའོ། །ཡང་ཅིའི་ཕྱིར་འདི་ཙམ་ཞིག་རྣམ་པར་བརྟག་པར་བྱ་བ་ཡིན་ཞེ་ན། དོན་གཞན་ཞེས་གསུངས་སོ། །དང་པོ་ལ་བརྗོད་པ་ནི། གལ་ཏེ་ འདི་ལས་ཞེས་བྱ་བའོ། །འདི་ལས་ཅིར་འགྱུར་སྙམ་ན། དེ་ལ་ཡང་ཞེས་བྱ་བ་གསུངས་སོ། །ངེས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁྱབ་པ་མེད་པའི་ཕྱིར་རོ། །གཉིས་པ་ལ་བརྗོད་པ་ནི་འདི་ལས་ཞེས་བྱ་བའོ། །ཅིའི་ཕྱིར་འདི་ལྟར་ངེས་པར་མི་གཟུང་ཞེ་ན། དུས་གཞན་དུ་རེས་འགའ་ཞེས་ གསུངས་སོ། །གསུམ་པ་སེལ་བ་འདི་ལས་ཀྱང་། །ཞེས་བྱ་བའོ། །མི་དམིགས་པ་ལ་སྲིད་པའི་རྣམ་པར་རྟོག་པ་ལས་བསམས་ནས་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེ་ལྟར་གྱུར་ན་ཡང་ཞེས་བྱ་བ་ནི། མི་དམིགས་པ་ལས་རྟོགས་པར་ཁས་བླངས་པ་ནའོ། །གཅིག་ལ་གཅིག་བརྟེན་ པའི་ཉེས་པ་ཉིད་བསལ་བར་བྱ་བའི་ཕྱིར་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གཞན་མ་ཡིན་པ་ནི་དེ་ཉིད་དེ་མངོན་སུམ་མོ། །གཞན་དམིགས་པ་ཉིད་མི་དམིགས་པ་ཡིན་པའི་ཕྱིར་རོ། །གཞན་མ་ཡིན་པའི་ཕྱོགས་སེལ་བ་ནི། མངོན་སུམ་ལས་ནི་ཞེས་བྱ་བའོ། །ཐ་དད་པའི་ཕྱོགས་སེལ་བ་ནི་ འཇུག་པ་མེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་སྐབས་ཀྱི་མི་དམིགས་པའོ། །མངོན་སུམ་ལས་གཞན་ནམ་ཞེས་པ་ནི་གལ་ཏེ་ཞེས་བྱ་བའོ། །འཇུག་པ་མེད་འགྱུར་ཏེ་ཞེས་བྱ་བ་འཆད་པ་ནི་དེ་སྟེ་ཞེས་བྱ་བའོ། །མེད་ན་ཡང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་འཛིན་པ་ མེད་ན་ཡང་ངོ་། །རྗེས་སུ་དཔག་པ་གཞན་གྱིས་འཛིན་ན་ཐུག་པ་མེད་དོ་ཞེས་བརྗོད་པ་ནི། རྗེས་སུ་དཔག་པ་ཞེས་བྱ་བའོ། །གལ་ཏེ་མི་དམིགས་པ་རྗེས་སུ་དཔག་པར་ཁས་བླངས་ན་ཕན་ཚུན་བརྟེན་པའི་ཉེས་པར་འགྱུར་གྱི། དངོས་པོ་མེད་པའི་ཚད་མར་ཁས་བླངས་ན་ནི་ཉེས་པ་འདི་མེད་ དོ། །དེས་ན་དེ་ནི་མེད་ན་མེད་པར་འཛིན་པ་ཡིན་ནོ་ཞེས་དོགས་པ་ནི། འོན་ཏེ་ཞེས་བྱ་བའོ། །དངོས་པོ་གཟུང་བྱས་ཤིང་། །འགལ་ཟླ་དག་ཀྱང་དྲན་བྱས་ནས། །དབང་པོ་ལ་ནི་དེ་མེད་པར། །མེད་པར་ངེས་པའི་ཡིད་སྐྱེའོ། །ཞེས་བྱ་བའི་ཚུལ་གྱིས་དངོས་པོ་མེད་ཀྱང་ངེས་པའི་ཡུལ་ཉིད་དུ་དངོས་པོ་མེད་ པ་རྟོགས་པ་ཡིན་ནོ་ཞེས་ལན་འདེབས་པ་ནི་དངོས་པོ་མེད་པར་ཚད་མ་དེ་ལས་ཀྱང་ངོ་། །གལ་ཏེ་ཡོད་ན་ཡོད་པ་ནི་རྟགས་ཡིན་པ་དེ་ལས་ཀྱང་རྟགས་ཅན་དེའི་འབྲས་བུ་ཉིད་རྟོགས་པ་ནི་རྗེས་སུ་དཔག་པ་མ་ཡིན་ཏེ། འབྲེལ་པ་འཛིན་པ་ལ་མི་ལྟོས་པའི་ཕྱིར་རོ། །གནོད་བྱེད་མེད་པའི་ཕྱིར་ན་རྟོགས་པ་ ཞེས་བྱ་བའི་ཚད་མས་ནི་ཡུལ་ལ་སོགས་པ་མ་ངེས་པར་དེའི་འབྲས་བུ་ཉིད་དུ་རྣམ་པར་འཇོག་པ་ཡིན་ནོ་ཞེས་བྱ་བར་གཞན་གྱི་རྩོད་པ་བློ་ནི་གཞན་དག་ནི་ཞེས་བྱ་བའོ། །འབྲེལ་པ་མཐོང་བ་མེད་པ་ནི་རྟགས་སོ། །འདི་སྐབས་ལ་ཉེ་བར་སྦྱོར་བ་ནི་འདི་ལྟར་ཞེས་བྱ་བའོ། །ངེས་པའི་ཚད་ཉིད་ཅེས་བྱ་བ་ བའོ། །རྟགས་དེ་ཡོད་ན་ཡོད་པ་ལས་རྟགས་ཅན་ཐ་དད་པར་བརྗོད་པ་ཡིན་ནོ། །འབྲེལ་པ་འཛིན་པ་ལས་མི་ལྟོས་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཡོད་ན་ཡོད་པ་དེ་དང་ཞེས་བྱ་བའོ། །འོན་ཏེ་འབྲེལ་པ་མ་རྟོགས་ན་རྟགས་ལས་དེའི་འབྲས་བུ་ཉིད་དུ་རྟོགས་པ་མེད་པ་ཁོ་ནའོ་སྙམ་ན། འཇིག་རྟེན་ པས་རྟོགས་པ་ཡིན་ནོ་ཞེས་གསུངས་སོ། །རྟོགས་པའི་རྣམ་པར་བརྗོད་པ་ནི། གང་གི་ཕྱིར་དེ་ལས་ཞེས་བྱ་བའོ། །གང་གི་ཕྱིར་དེ་ལྟར་རྟོགས་པ་དེའི་ཕྱིར་རོ། །རྣམ་པ་གཞན་གྱིས་ཀྱང་དེའི་འབྲས་བུ་ཉིད་དུ་རྟོགས་པའི་དོགས་པ་བསུ་བ་ནི། ཡང་ན་ཞེས་བྱ་བའོ། །གཉི་ག་ལྟར་ཡང་དེའི་འབྲས་ བུ་ཉིད་དུ་རྟོགས་པ་དགག་པ་བཤད་པ་ནི་མི་འཐད་དེ་ཞེས་བྱ་བའོ། །ཇི་ལྟར་མི་འཐད་སྙམ་དུ་དོགས་པ་བསུ་ནས། དེ་ཡོད་པ་ཉིད་ན་ཡོད་པ་ཞེས་ངེས་པ་ཁོ་ན་ཡོད་པ་རྟགས་ཡིན་གྱི་དེ་ཙམ་ནི་མ་ཡིན་ཏེ་འཁྲུལ་པའི་ཕྱིར་རོ། །གལ་ཏེ་དེ་གྲུབ་པོ་ཞེ་ན་ནི་རྟགས་ཅན་གཞན་ཡོད་པ་མ་ཡིན་ཏེ། དེས་ན་ སྤྱོད་པའམ་དོན་གྱིས་གོ་བ་ནི་ཚད་མ་གཞན་ནི་མ་ཡིན་ནོ་ཞེས་ལན་གསུངས་པ་མ་ཡིན་ནོ། །གལ་ཏེ་རྟགས་དེ་ཡོད་ན། ཡོད་པ་ཉིད་རྟོགས་པ་ལས་དེའི་འབྲས་བུ་ཉིད་དུ་རྟོགས་པ་གཞན་ཡིན་པར་འགྱུར་ན་ནི་དེའི་ཚེ་དཔྱོད་པའམ་དོན་གྱིས་གོ་བ་ལས་གྲུབ་བོ་ཞེས་འཐད་པ་ཡིན་ནོ། །གལ་ཏེ་ཞེས་ བྱ་བའོ། །འོ་ན་འདི་འཐད་པ་ཁོ་ནའོ་སྙམ་ན། དེ་ལས་འགྱུར་བ་མ་གཏོགས་པར་ཞེས་གསུངས་ཏེ། དེའི་འབྲས་བུ་ཉིད་དེ་ཁོ་ན་ཡོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ཡིན་ལ་རག་མོད་ཅན། །དེ་ལ་སྐྱོན་ནི་སྔར་བརྗོད་དེ། །ཞེས་གསུངས་སོ། །དེ་ཁོ་ན་ལས་སོ་ཞེས་ཁྱབ་པ་ནི་ངེས་པ་ཡིན་ ན། དེ་ལའང་མངོན་སུམ་མམ་དེས་བསྐྱེད་པའི་རྣམ་པར་རྟོག་པས་རྟོགས་པར་བྱ་བ་ནི་མ་ཡིན་ཏེ་ཡུལ་དང་དུས་ངེས་པ་ཅན་ཡིན་པའི་ཕྱིར་རོ། །གལ་ཏེ་ཞེས་བྱ་བ་ནི་འཆད་པའོ། །རྟོགས་པའི་ཡུལ་དུ་སྲིད་པ་ནི། །ཞེས་བྱ་བ་ནི་རྟགས་དེ་མེད་ན་ནི་ཡོད་པ་ལས་ཐ་དད་པར་རོ་ཞེས་རྟོགས་པར་བྱའོ། ། ཚིག་ལེའུར་བྱས་པའི་གཉིས་པའི་ཕྱེད་སྔ་མ་རྣམ་པར་འགྲེལ་པ་ནི། དེ་ནི་ཞེས་བྱ་བའོ། །འོན་ཏེ་ཡང་དེ་ཡོད་པ་ལས་དེའི་འབྲས་བུ་ཉིད་གཞན་མ་ཡིན་མོད། དེ་ཉིད་ནི་ཡིན་པར་འགྱུར་རོ་སྙམ་དུ་དོགས་པ་སེལ་བས་ཕྱེད་ཕྱི་མ་འཆད་པ་ནི་ངེས་པར་ཞེས་བྱ་བའོ། །འོན་ཏེ་དུས་ཉིད་དུ་དེ་ཡོད་ ན་ཡོད་པ་ཉིད་དེའི་འབྲས་བུ་ཉིད་ཡིན་ནོ་ཞེ་ན། །དེ་ནི་ཞེས་གསུངས་སོ། །དེའི་ཁྱབ་པ་ཉིད་ཀྱི་ཡིན་པའི་ཕྱིར་རོ། །འོན་ཏེ་དེ་ཡོད་ན་ཡོད་པ་ཙམ་ནི་རྟགས་ཡིན་ལ། དེ་ཡོད་པ་ཉིད་ན་ཡོད་པ་ནི་རྟགས་ཅན་ཡིན་ནོ་སྙམ་ན་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཙམ་ལ་ནི་ངེས་པ་ཁྱབ་པར་མངོན་སུམ་གྱིས་གྲུབ་པ་ མེད་དོ་ཞེས་ལན་འདེབས་པ་ནི། གལ་ཏེ་དེ་ལྟར་དེ་ལས་ཞེས་བྱ་བའོ། །མ་ཁྱབ་པའི་དེ་ཡོད་ནི་ཡོད་པ་ལས་ཀྱང་དེའི་འབྲས་བུ་ཉིད་དུ་རྟོགས་སོ་སྙམ་དུ་དོགས་པ་བསུ་བ་ནི་དེ་ལྟ་བུ་ཁོ་ནར་རྟོགས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བའོ། །མ་ཁྱབ་པ་ལས་རྟོགས་པ་གཅིག་ཏུ་ངེས་པར་མི་འགྱུར་རོ་ཞེས་ ལན་འདེབས་པ་ནི། འོ་ན་བུམ་པ་ཡང་ཞེས་བྱ་བའོ། །དེ་ལ་བུམ་པ་ལ་ཡང་ངོ་། །དེ་ལྟར་ཞེས་བྱ་བ་ནི་དེའི་འབྲས་བུ་ཉིད་དུ་རྟོགས་པར་འགྱུར་རོ། །འདི་ཉིད་སྣམ་བུ་ནི་སྣམ་བུ་ལ་འཁྲུལ་པར་མཐོང་བ་དེ་ནི་དེའི་འབྲས་བུ་ཉིད་དུ་རྟོགས་པ་མ་ཡིན་ཞེས་དོགས་པ་བསུ་བ་ ནི། དེ་ལ་ནི་འཁྲུལ་པ་ཞེས་བྱ་བའོ། །འོ་ན་ནི་ཇི་ལྟར་དེ་ཡོད་ན་ནི་ཡོད་པ་ཙམ་སྲིད་པ་ཡིན་ཡང་བུམ་པ་དེའི་འབྲས་བུ་ཉིད་མ་ཡིན་པ་དེ་བཞིན་དུ་མངོན་པར་འདོད་པའི་དུ་བ་ལ་སོགས་པ་ཡང་མེ་ལ་སོགས་པས་འབྲས་བུ་ཉིད་དུ་མི་འགྱུར་རོ་ཞེས་ལན་འདེབས་པ་ནི། འདི་ཉིད་ཀྱིས་ཞེས་བྱ་བ་སྟེ་བུམ་ པ་ཉིད་ཀྱིས་སོ། །དེ་ལ་ཡང་ནི་དུ་བ་ལ་སོགས་པ་ཡང་ངོ་། །འོན་ཏེ་དུ་བ་ལ་སོགས་པ་ནི་འཁྲུལ་པ་མ་མཐོང་བའི་ཕྱིར་ན། ཡིད་མི་ཆེས་པ་ནི་རྟོགས་པ་མེད་པའོ། །དེས་ན་འབྲས་བུ་ཉིད་ནི་དེ་ཙམ་ལས་རྟོགས་པ་ཡིན་ནོ་སྙམ་པ་ནི་ཡིད་མི་ཆེས་པའི་རྟོགས་པ་ཞེས་བྱ་བའོ། །རིང་པོ་མཐོང་བ་ མ་ཡིན་པ་ཞེས་བྱ་བ་ནི་ལན་ནོ། །བསུ་བ་དེ་ནི་ཞེས་བྱ་བ་ཡིད་མི་ཆེས་པ་མེད་པའོ། །རིང་པོ་མཐོང་བ་རྣམས་ནི་ལྷན་ཅིག་མ་ཡིན་པར་ལྷན་ཅིག་ཏུ་མཐོང་བ་རྣམས་ལ་ཡང་འཁྲུལ་པ་མཐོང་བའི་ཕྱིར་མ་མཐོང་བ་ཡང་ཡིད་ཆེས་པའོ། །ཡུལ་དང་དུས་ལ་སོགས་པས་བསྐལ་པ་དག་ནི། མ་ མཐོང་བས་མེད་པ་སྒྲུབ་པ་མ་ཡིན་ཏེ། དེ་ན་དེ་ཙམ་ལས་ནི་དེའི་འབྲས་བུ་ཉིད་དུ་རྟོགས་པ་གཅིག་ཏུ་ངེས་པ་མེད་དོ། །འོན་ཏེ་འཇིག་རྟེན་པ་དག་གི་དེའི་འབྲས་བུ་ཉིད་ཡིད་ཆེས་པའི་རྟོགས་པ་ནི་མང་དུ་མཐོང་བ་ཉིད་ལས་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འཇིག་རྟེན་གྱི་ཐ་སྙད་ནི། དེ་ལྟ་བུ་ཉིད་དོ་ཞེ་ན་ ཞེས་བྱ་བའོ། །རིང་པོ་མ་མཐོང་བ་རྣམས་ཀྱིས་ཡིད་བརྟན་དུ་མེད་པའི་ཡུལ་ལ་ཤེས་པའི་ཐ་སྙད་དུ་བྱེད་པ་ཡང་ཀུན་རྫོབ་ཁོ་ན་ཡིན་གྱི། དོན་ཚད་མ་ཅན་ནི་མ་ཡིན་ནོ་ཞེས་ལན་འདེབས་པ་ནི་ནུས་པ་ཞེས་བྱ་བའོ། །དེ་ལྟ་ན་རྒྱུ་དང་འབྲས་བུའི་དངོས་པོ་ལ་སྒྲུབ་པར་བྱེད་པའི་ཚད་མ་མེད་དོ་ཞེས་བསྟན་ པ་ཡིན་ནོ། །རྒྱུ་དང་འབྲས་བུ་རྟོགས་པ་ལ་ཡང་སྒྲུབ་པར་བྱེད་པའི་ཚད་མ་མེད་དོ་ཞེས་བསྟན་པའི་ཕྱིར་དོགས་པ་བསུ་བ་ནི་ཅི་སྟེ་དུས་གཞན་དུ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ཞེས་བྱ་བ་ནི་སྔར་འབྲས་བུ་ཉིད་མ་རྟོགས་ནའོ། །མཐོང་བ་ངོ་ཤེས་པ་དག་ལ་ཡང་སྔ་མ་བཞིན་དུ་དེའི་འབྲས་བུ་ཉིད་དུ་འཛིན་ པའི་ཚད་མ་མེད་དོ་ཞེས་ལན་འདེབས་པ་ནི། ངོ་ཤེས་སྔར་གྱི་ཞེས་བྱ་བའོ། །འོན་ཏེ་དེ་ནི་དོན་གྱིས་གོ་བ་ལ་སོགས་པས་རྟོགས་སོ་སྙམ་ན། དཔྱོད་པའམ་ཞེས་བྱ་བ་སྨོས་སོ། །ཅི་སྟེ་དྲན་པ་ལས་ཞེས་བྱ་བ་ནི་སྐབས་ཀྱིས་མཐོང་བས་འབྲས་བུ་ཉིད་འཛིན་པ་ནི་ཞེས་བྱ་བའོ། །ཇི་ལྟར་དྲན་ པ་དེ་འཇོག་པར་བྱེད་པ་ཡིན་སྙམ་ན། འདི་ལྟར་ཞེས་སྨྲས་སོ། །དྲན་པའང་ཞེས་བྱ་བ་ནི་ལན་ཏེ། ངོ་ཤེས་འབའ་ཞིག་ཏུ་མ་ཟད་པའོ། །དྲན་པ་ཉམས་སུ་མྱོང་བ་དང་འབྲེལ་པར་ནི་དེའམ་གཞན་གྱིས་ཤེས་པ་ནུས་པ་མ་ཡིན་ལ། འབྲེལ་པ་རྟོགས་པ་ལས་དེ་རྟོགས་པ་ཡང་མ་ཡིན་ནོ་ཞེས་ དགོངས་པ་ཡིན་ནོ། །འོན་ཏེ་འབྲེལ་པ་འཛིན་པ་མེད་པའི་ཕྱིར་དྲན་པ་རྟགས་མ་ཡིན་མོད། །ཚད་མ་མ་ཡིན་ནོ་སྙམ་དུ་དོགས་ན། དྲན་པ་ནི་ཞེས་བྱ་བའོ། །དེས་ན་དེ་གྲུབ་ཀྱང་ཚད་མ་གྲུབ་པ་ནི་མ་ཡིན་ཞེས་མ་གུས་པ་བརྗོད་པ་ནི། དེ་གྲུབ་པ་ནི་ཞེས་བྱ་བའོ། །དེ་ལྟར་དོགས་པ་བསུ་ནས་ཞེས་བྱ་ བ་ནི། འདོད་ན་ཞེས་བྱ་བའི་བར་གྱིས་སོ། །གསུངས་སོ་ཞེས་བྱ་བ་ནི་ཅི་ལྟར་དེ་ལྟར་འགྱུར་ཞེས་བྱ་བ་ལ་སོགས་པས་སོ། །ཅི་ལྟར་དེ་ལྟར་གྱུར་ཞེས་བྱ་བ་འདི་ནི་ཇི་ལྟར་ཡིན་ན་ཡང་ཡིན་ཞེས་མ་གུས་པ་བརྗོད་པ་ནི་མ་ཡིན་གྱི། འོན་ཀྱང་ཀུན་རྫོབ་ཇི་ལྟར་དེ་ལྟར་ཡིན་མོད། ཚད་མ་འཇུག་པ་པས། ཀུན་རྫོབ་བཀུག་པར་མ་བྱེད་ཅིག །ཅེས་རྣམ་པར་དབྱེ་བ་བརྗོད་པ་ཡིན་ནོ། །ཚད་མ་བཅུག་ན་ནི་འབྲས་བུ་ཉིད་ལ་སོགས་པའོ། །ཀུན་རྫོབ་རྣམ་པར་འཇིག་པར་འགྱུར་ཏེ། རྣམ་པར་དབྱེ་བ་མེད་པའི་ཕྱིར་རོ་ཞེས་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཅེས་བྱ་བའོ། །འདི་ཁོ་ན་ལྟར་ཞེས་བྱ་བ་ནི་ཚད་མ་ མ་ཡིན་པའོ། །དོན་དམ་པ་ནི་ཞེས་བྱ་བ་ནི་ཚད་མས་རྣམ་པར་དཔྱད་པའོ། །འོ་ན་འཇིག་རྟེན་གྱི་འབྲས་བུ་ཉིད་ལ་སོགས་པ་ཇི་ལྟར་འགྲུབ་སྙམ་ན་མོས་པའི་རྣམ་པར་དབྱེ་ཞེས་གསུངས་སོ། །འདི་ལ་དཔེ་ནི་རྨི་ལམ་གྱི་ཞེས་བྱ་བའོ། །ཅི་ལྟར་རྨི་ལམ་ན་བཏུང་བ་དང་། རྐྱལ་པ་ལ་སོགས་པ་ཆུ་ལ་ངེས་ པའི་ཐ་སྙད་དུ་མོས་པ་ཙམ་གྱིས་ཡིན་པ་དེ་བཞིན་དུ་ཡང་འདིར་ཡང་ཡིན་ནོ། །གལ་ཏེ་བུམ་པ་དང་སྣམ་བུ་བཞིན་དུ་དུ་བ་དང་མེ་དག་ཀྱང་རྒྱུ་འབྲས་མ་ཡིན་པའི་ཕྱིར་ཅི་ལྟར་གཅིག་ལས་འབྲས་བུ་ཉིད་ལ་སོགས་པའི་ཐ་སྙད་དུ་བྱེད་ཀྱི་གཞན་དུ་ནི་མ་ཡིན་སྙམ་དུ་དོགས་པ་བསུ་ནས། ཀུན་རྫོབ་ཁོ་ནར་ ཐོག་མ་མེད་པའི་བག་ཆགས་ངེས་པ་ལས་དེ་ངེས་པ་ཡིན་ནོ་ཞེས་གསུངས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཞེས་གསུངས་སོ། །ཡང་ན་གལ་ཏེ་ཉམས་སུ་མྱོང་བ་མེད་ན་ཚད་མ་དང་ཚད་མ་མ་ཡིན་པ་རྣམ་པར་དབྱེ་བ་ནི་རྣམ་པར་རྟོག་པ་དང་། འབྲས་བུ་དང་། ཅིག་ཤོས་ལ་ སོགས་པའི་རྣམ་པར་མི་འགྱུར་རོ་ཞེས་དོགས་པ་བསུ་ནས། ཐོག་མ་མེད་པའི་རྣམ་པར་རྟོག་པའི་བག་ཆགས་ཡོད་ན་འགྱུར་བ་ཁོ་ནའོ་ཞེས་བརྗོད་པ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་ཞེས་བྱ་བའོ། །འདི་ནི་གདོན་མི་ཟ་བར་རྣམ་པར་ཤེས་པར་སྨྲས་པས་ཁས་བླངས་དགོས་སོ་ཞེས་བརྗོད་པ་ནི་དེ་ལྟ་མ་ཡིན་ ན་ཞེས་བྱ་བ་སྟེ། བག་ཆགས་རྒྱུར་ཁས་མི་ལེན་ནའོ། །ཡང་ན་གང་དག་ཅེས་བྱ་བ་ནི་འབྲེལ་པ་བྱེད་པའོ། །ཀུན་རྫོབ་ཅེས་བྱ་བ་འདི་ཅི་ཞིག་ཡིན་ཞེས་བྱ་བ་ལ་སོགས་པས་འབྲི་བ་ཉིད་བྱས་ནས། བདེན་ན་ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པའོ། །ཨུཏྤ་ལའི་སྔོན་པོ་བཞིན་དུ་བདེན་པའོ། ། ཁྱད་པར་དུ་ནི་ཀུན་རྫོབ་འཐད་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་བརྫུན་དང་དམ་པའི་ཞེས་བྱ་བའོ། །ཇི་ལྟར་སྔོན་པོ་དང་སྔོན་པོ་མ་ཡིན་པའི་ཐུན་མོང་བ་ཨུཏྤ་ལ་ཉིད་སྔོན་པོས་ཁྱད་པར་དུ་བྱེད་པ་དེ་བཞིན་དུ་བདེན་པ་ནི་བརྫུན་པ་དང་དོན་དམ་པ་དག་གི་ཐུན་མོང་བ་ཉིད་མ་ཡིན་པ་དེ་ཇི་ལྟར་ན་དེ་དག་གིས་ ཁྱད་པར་དུ་ཕྱེད་སྔ་མའི་འབྲེལ་པ་ནི་ཀུན་རྫོབ་ཀྱང་ཞེས་བྱ་བའོ། །ལྷག་མ་ནི་མ་བཀྲལ་ཏེ་གསལ་བའི་ཕྱིར་རོ། །རེ་ཞིག་དབུ་མའི་ལུགས་ལ་བརྟེན་ནས་འགལ་བ་མེད་པར་བསྟན་པའི་དོན་དུ་ཀུན་རྫོབ་ཀྱི་རང་བཞིན་གསུངས་སོ། །ཀུན་རྫོབ་ཅེས་བྱ་བ་འདི་ནི་ཞེས་བྱའོ། །གང་གི་ཕྱིར་ཀུན་རྫོབ་ཀྱི་ རང་བཞིན་དེ་འདྲ་བ་ཡིན་པ་དེས་ནའོ། །དོན་ནི་ཞེས་བྱ་བ་ནི་འཆད་བཞིན་པ་འགལ་བ་མེད་པའི་མཚན་ཉིད་དོ། །དེ་ཉིད་བརྗོད་པ་ནི་ཐོག་མ་མེད་པ་ཞེས་བྱ་བ་ནས་མི་འགལ་ལོ་ཞེས་བྱ་བའི་བར་ཡིན་ནོ། །བྱིན་པོ་ལ་སོགས་པ་ནི་སྣང་བ་ཚད་དུ་ཟད་དེ་བདེན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྣང་ བ་ཙམ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། སྔོན་པོ་ལ་སོགས་པ་ནི་ཞེས་གསུངས་སོ། །གཅིག་དང་དུ་མ་དང་བྲལ་བའི་ཕྱིར་སྙམ་དུ་དགོངས་པའོ། །འོ་ན་ཤེས་པ་ནི་ཡོད་པ་ཡིན་ནོ་སྙམ་ན་རྣམ་པར་ཤེས་པ་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་ལས་ཐ་དད་པ་མ་ཡིན་ པས་ནའོ། །སྔོན་པོ་ལ་སོགས་པ་ཉིད་བཞིན་དུ་ཤེས་པ་ཡང་ཡོད་པ་མ་ཡིན་ནོ། །འོ་ན་སྔོན་པོ་ལ་སོགས་པ་ཇི་ལྟར་ཡིན་སྙམ་ན། གང་གི་ཕྱིར་འཇིག་རྟེན་གྱི་ཐ་སྙད་འདི་ནི་སྔོན་པོའོ་འདི་ནི་སེར་པོའོ་ཞེས་བྱ་བ་ལ་སོགས་པའི་རང་བཞིན་ཅན་དེ་ཚད་མ་ཡིན་ཏེ། མེད་པ་ཉིད་མ་ཡིན་པ་དེས་ན་ཐ་ སྙད་ལ་ཉེ་བར་མཁོ་བས་ན་བདེན་པ་ཡིན་ནོ། །དེ་ལས་ཅིར་འགྱུར་སྙམ་ན། དེ་ལྟར་ན་ཞེས་གསུངས་སོ། །དོན་འདི་ཡིན་ཏེ། སྔོན་པོ་ལ་སོགས་པ་ནི་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་མེད་པས་ན་དེ་དང་ཐ་མི་དད་པའི་ཤེས་པ་ཡང་མེད་པས་ཀུན་རྫོབ་པ་ཡིན་ནོ། །འཇིག་རྟེན་གྱི་ཐ་སྙད་དུ་མགུ་བ་ བསྐྱེད་པ་ཉིད་ཡིན་པའི་ཕྱིར་ན་དེའི་མངོན་པའི་ང་རྒྱལ་གྱིས་བདེན་པ་ཡིན་ནོ་ཞེས་བྱ་བར་མི་འགལ་ལོ་ཞེས་བྱ་བའོ། །འོ་ན་དོན་དམ་པའི་བདེན་པ་གང་ཡིན་སྙམ་ན། མཇུག་བསྡུ་བའི་སྒོ་ནས་དེ་ཡང་སྟོན་པ་ནི་དེས་ན་ཞེས་བྱ་བའོ། །གང་གི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་དེ་ལྟར་གནས་པ་དེས་ན་དོན་དམ་ པའི་བདེན་པ་ནི་བདག་ཉིད་ཐམས་ཅད་དབེན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བདེན་པ་ཉིད་ནི་ཀུན་རྫོབ་དང་། ཅིག་ཤོས་ཀྱི་ཐུན་མོང་ཡིན་པས་ཀུན་རྫོབ་དང་དོན་དམ་པས་ཁྱད་པར་དུ་བྱེད་པ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་སྣང་བའི་ཕྱི་རོལ་གྱི་རྗེས་སུ་འགྲོ་བ་དང་རྟོག་པ་པའི་རྗེས་སུ་འགྲོ་བའི་ ཕྱིར་ན་དེ་ནི་དོན་བྱ་བ་བྱེད་པ་ཉིད་ཀྱི་ཡོད་པ་ཡིན་པའི་ཕྱིར་བདག་ཉིད་ཐམས་ཅད་ཇི་ལྟར་དབེན་སྙམ་ན། ཕྱི་རོལ་གྱི་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་མ་མཐོང་མོད། །དེ་ལྟ་ན་ཡང་དེ་རྒྱུད་ཉིད་ཡིན་པ་ཇི་ལྟར་དག་སྙམ་ན་འོན་ཀྱང་ཞེས་གསུངས་སོ། །འོ་ན་ཇི་ལྟར་སད་པའི་རྟོག་པ་ལ་དེ་དགག་སྙམ་ ན། གཞན་ཡང་ཞེས་བྱ་བ་སྟེ། སད་པའི་རྟོག་པ་ཡང་ངོ་། །དེ་བཞིན་ཞེས་བྱ་བ་ནི་བག་ཆགས་ཀྱི་རྒྱུ་ཡིན་པར་རོ། །ཕྱི་རོལ་རྒྱུ་ཡིན་པ་བཀག་པའི་བདག་ཉིད་ཐམས་ཅད་དབེན་པ་ཡིན་ནོ་སྙམ་དུ་དགོངས་པའོ། །དེ་ལྟར་དབུ་མ་པའི་ལུགས་ཀྱིས་འགལ་བ་མེད་པར་བསྟན་ནས་རང་རིག་ པའི་མངོན་སུམ་གྱིས་ཤེས་པ་ཡོད་པ་ལས་ཐ་དད་པ་མ་ཡིན་པའི་སྔོན་པོ་ལ་སོགས་པ་ཡང་དེའི་བདག་ཉིད་དུ་བྱེད་པ་ཡིན་ནོ། །སྐྱེ་བ་ལ་སོགས་པ་ཉིད་ནི་དེ་ལྟ་མ་ཡིན་ཏེ། དེ་ལ་མེད་པའི་ཀུན་རྫོབ་ཡིན་ལ་སྔ་མ་དང་ཕྱི་མའི་མངོན་སུམ་ལས་སྐྱེས་པའི་རྣམ་པར་རྟོག་པས་རྟོགས་པར་ བྱ་བ་ཡིན་པའི་ཕྱིར། ཡོད་པ་ཉིད་ཡིན་ནོ་ཞེས་རྣལ་འབྱོར་སྤྱོད་པའི་ལྟ་བ་བཤད་པ་ནི། ཡང་ན་ཞེས་བྱ་བའོ། །དེ་ལྟར་ཚད་མ་དང་འཇིག་རྟེན་གྱི་ཐ་སྙད་ལ་ལྟོས་ནས་ཡོད་པ་དང་མེད་པ་དག་མི་འགལ་ཡང་འགྲེལ་པ་བྱེད་པས་འགལ་བ་བརྗོད་པ་ནི་རྩོད་པ་བསླང་བ་ནི། ཅི་སྟེ་ཀུན་རྫོབ་ཅེས་ཞེས་བྱ་བའོ། །འགོག་པར་བྱེད་པ་ནི་དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་དོན་དམ་པར་ནུས་པ་ལྟར་རོ། །དེ་ལྟར་ནི་ཞེས་བྱ་བ་ནི་རྟོགས་པ་ཙམ་གྱིས་རྣམ་པར་གཞག་པའི་ནུས་པས་སོ། །དགོངས་པ་འདི་ཡིན་ཏེ། གལ་ཏེ་རང་བཞིན་གང་གིས་ནུས་པ་ མེད་པ་དེ་ལྟར་སྐྱེ་བ་ཡིན་ན་ནི་འགལ་བར་འགྱུར་བ་ཞིག །གང་གིས་ཆོས་ཇི་ལྟར་ནུས་པ་མེད་པ་དེ་ལྟར་ནི་མི་སྐྱེ་ལ། ཇི་ལྟར་སྐྱེ་བ་དེ་ལྟར་ཡང་ནུས་པ་ཚད་མ་དང་བྲལ་བ་ཡིན་པ་དེའི་ཚེ་འགག་པའི་གཏམ་ག་ལ་ཡོད་ཅེས་བྱ་བ་ཡིན་ནོ། །གལ་ཏེ་སྐྱེ་བ་ལ་སོགས་པ་ཉིད་ཀུན་རྫོབ་ཡིན་པ་དེའི་ཚེ་ཀུན་ རྫོབ་ཏུ་སྐྱེའོ་ཞེས་བྱ་བ་ནི། སྐྱེ་བ་པོ་ཞེས་བྱ་བའི་ཉེས་པར་འགྱུར་རོ་སྙམ་དུ་དོགས་ན། སྐྱེ་བ་པོ་ཞེས་བྱ་བར་ཡང་ཞེས་གསུངས་སོ། །གང་གི་རང་བཞིན་དུ་ཞེས་བྱ་བའི་དྲི་བའོ། །ཀུན་རྫོབ་ཏུ་ཞེས་བྱ་བ་ནི་ལན་ཏེ། ཚད་མས་མ་བཅད་པ་ཉིད་ཀྱིས་སོ། །གང་ཡང་འགྲེལ་པ་བྱེད་པས་ཀུན་རྫོབ་ སུན་ཕྱུང་ནས། ཀུན་རྫོབ་ཅེས་མིང་ཙམ་བྱས་པ་ཡིན་ན་ཡང་ཞེས་བརྗོད་པ་དེ་མིང་མ་གཏོགས་པའི་ཆོ་འཕྲུལ་ཡིན་ནོ་ཞེས་གསུངས་པ་ནི། དེ་བཞིན་ཀུན་རྫོབ་ཅེས་བྱ་བའོ། །དེ་སྨྲས་པ་གཞན་དག་ཀྱང་བཀོད་ནས་སུན་འབྱིན་པའོ། །གང་ཡང་རྒྱུ་དང་འབྲས་བུ་དག །ཅེས་བྱ་བའོ། །འདས་ པ་ཉིད་ནི་འདས་མ་ཐག་པའོ། །འདས་ནས་ཞེས་བྱ་བ་ནི་ཁྱད་པར་གྱི་དོགས་པ་བསུ་བའོ། །བཟློག་པའི་ཕྱིར་མི་སྐྱེ་བའི་དུས་ན་ཡོད་པའི་ཕྱིར་རོ། །ཁྱད་པར་མེད་པར་གྲུབ་པའི་དོན་དུ་འདྲི་བ་ནི། སྐྱེ་བའི་དུས་དེ་གང་ཡིན་ཞེས་བྱ་བ་སྟེ། འབྱུང་བའི་དུས་ལྷ་འབྱིན་པའི་དུས་ཡིན་ཞེས་བྱ་བའི་དོན་ཏོ། ། གལ་ཏེ་ཞེས་བྱ་བ་ནི་དང་པོ་སེལ་བའོ། །འབྱུང་བ་པོ་འབྲས་བུའི་རྒྱུ་ཡོད་པར་འགྱུར་ཞེས་བྱ་བའི་དོན་ཏོ། །གཉིས་པ་སེལ་བ་ནི་འོན་ཏེ་ཞེས་བྱ་བའོ། །འབྱིན་པ་ཞེས་བྱ་བ་ནི་སྐྱེད་པར་བྱེད་པའོ། །ཡོད་པ་ནི་འདས་མ་ཐག་པའི་རྒྱུའོ། །དེ་ལྟ་ཡིན་ན་ཅི་སྐྱོན་སྙམ་ན། དེའི་ཕྱིར་ཆོད་པ་ཡང་ཞེས་བྱ་ བའོ། །དེ་མ་ཐག་པའི་རྒྱུ་ནི་གལ་ཏེ་འབྲས་བུ་ལས་སྔར་ཡོད་པ་ཡིན་ལ་འདས་ནས་ཡུན་རིང་དུ་ལོན་པ་ནི་མེད་པ་ཡིན་ནོ། །དེས་ན་གང་ཞིག་དེ་མ་ཐག་པ་ཉིད་ཀྱིས་འབྲས་བུ་མེད་པའི་དུས་ན་ཡོད་པའི་དེ་ཉིད་ནི་རྒྱུ་ཡིན་གྱི། སྔ་མ་དག་ནི་མ་ཡིན་ཏེ་ཆོད་པའི་ཕྱིར་རོ་ཞེས་དོགས་པ་ན་སྐད་ཅིག་གིས་ཞེས་ གསུངས་སོ། །དྲི་ལ་སོགས་པའི་སྐད་ཅིག་ཀྱང་གཟུགས་ཀྱི་སྐད་ཅིག་བཞིན་དུ་གཟུགས་ཀྱི་འབྲས་བུའི་དེ་མ་ཐག་པ་ཡིན་པ་དེ་དག་ཀྱང་རྒྱུར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཧ་ཅང་ཐལ་བ་སྤང་བའི་དོགས་པ་བསུ་བ་ནི་རྒྱུད་ཐ་དད་པའི་ཕྱིར་ཞེས་བྱ་བའོ། །དེ་མ་ཐག་པ་ཉིད་ཀྱི་རྒྱུ་ཡིན་ན་དྲི་ལ་སོགས་པ་ རྒྱུད་ཐ་དད་པ་ཉིད་དུ་མི་འགྲུབ་ཅེས་ལན་འདེབས་པ་ནི། འདི་ནི་ཞེས་བྱ་བའོ། །རྒྱུད་ཐ་དད་པ་ཉིད་ནི་རྒྱུ་ཉིད་དང་འགལ་བ་ཡང་མ་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །མ་བརྟགས་པ་ནི་རྣམ་པར་རྟོག་པ་མེད་པར་ཤེས་པ་ཡིན་པས། དེས་གྲུབ་པ་ཡང་མ་བརྟགས་པས། གྲུབ་པ་ཡིན་ཡང་ཚད་ མས་གྲུབ་པ་ཁོ་ན་ཡིན་པས་ཇི་ལྟར་ཀུན་རྫོབ་ཡིན་ཞེས་སུན་འབྱིན་པ་བརྗོད་པ་དེ་ཡང་མི་བདེན་པ་སྟེ་ཞེས་ཁོང་ནས་དབྱུང་ངོ་། །ཇི་ལྟར་མི་བདེན་ཞེ་ན། བརྟགས་པ་ནི་ཚད་མ་ལ་བརྗོད་ཀྱི་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བརྟག་པ་ཚད་མ་ཡིན་པས་ནའོ། །འོ་ན་རྒྱུ་མི་འདོད་ན་གང་ཡིན་སྙམ་ན་སྒྱུ་མའི་དོན་ ཡང་ཞེས་བྱ་བའོ། །འདི་ཉིད་ཅེས་བྱ་བ་ནི་ཚད་མ་མ་ཡིན་པས་རྟོགས་པའི་དོན་ཉིད་དོ། །འཇིག་རྟེན་ལ་གྲགས་པའི་སྒྲས་ཚད་མ་ཅན་མ་ཡིན་པའི་རྟོགས་པ་འདོད་པ་ཡིན་ནོ་ཞེས་བརྗོད་པ་ནི་འཇིག་རྟེན་ལ་གྲགས་པའི་ཞེས་བྱ་བའོ། །ཚད་མ་ཅན་མ་ཡིན་པའི་རྟོགས་པ་ནི་ཀུན་རྫོབ་དང་སྒྱུ་མ་ལ་སོགས་ པའི་སྒྲས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟར་ཀུན་རྫོབ་དང་སྒྱུ་མ་ལ་སོགས་པའི་སྒྲའི་དོན་མ་རྟོགས་པར་གྲགས་པའི་དོན་ཡིན་པའི་རྒྱུ་དེས་ན་མ་བརྟགས་ན་གྲགས་པའི་དོན་ནི་ཚད་མས་གྲགས་པའི་དོན་དུ་འགྱུར་རོ་ཞེས་བྱ་བའི་དོན་སྐྱོན་མེད་དོ། །རྟོགས་པ་གང་ལ་ཚད་མ་རྗེས་ སུ་འགྲོ་བ་ཡོད་པ་དེ་ནི་ཀུན་རྫོབ་མ་ཡིན་ནོ་ཞེས་གསུངས་པ་ནི་བསྟན་བཅོས་བྱེད་པའི་ཞེས་བྱ་བའོ། །རང་རིག་པ་ལས་ཕྱི་རོལ་དུ་གྱུར་པའི་ཚད་མ་ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་ནི། ཀུན་རྫོབ་ཉིད་ཡིན་ཏེ། ཕྱི་རོལ་ལྟོས་པའི་ཕྱིར་རོ་ཞེས་གསུངས་པ་ནི། ཚད་མ་དང་ཚད་མ་མ་ཡིན་པའི་ཞེས་བྱ་བའོ། །ཅིའི་ ཕྱིར་ཞེ་ན་འདི་ལྟར་ཞེས་གསུངས་སོ། །མི་སླུ་བའི་རང་བཞིན་བརྗོད་པ་ན་ནི་མི་སླུ་བ་ཡང་ཞེས་བྱ་བའོ། །གང་ལ་ལྟོས་ནས་སྒྲུབ་པར་བྱེད་པའི་ཤེས་པ་ཚད་མར་འགྱུར་བ་དེ་ནི་ཤེས་པ་གཞན་ཡིན་ནོ་ཞེས་བརྗོད་པ་ནི་ཐོབ་པ་ཡང་ཞེས་བྱ་བའོ། །དེ་ལས་ཅིར་འགྱུར་སྙམ་ན་ གལ་ཏེ་དོན་ཞེས་བྱ་བའོ། །ཤེས་པ་སྔ་ན་དོན་མྱོང་ན་ཤེས་པ་ཕྱི་མ་དོན་མེད་པ་ལ་ཅི་སྟེ་ལྟོས་ཏེ། དེ་ཙམ་གྱིས་རྟོགས་པའི་ཕྱིར་རོ། །དེས་ན་ཐོབ་པ་དོན་དུ་གཉེར་བ་ལ་དོན་ཅི་ཞིག་ཡོད་པར་འགྱུར་རོ། །དེས་ན་ཞེས་བྱ་བ་ནི་ཐོབ་པ་དོན་དུ་གཉེར་བ་མེད་པའི་ཕྱིར་རོ། །ཤེས་པ་ཕྱི་མས་ལྷག་པར་རྟོགས་ པར་དོགས་པ་བསུ་བ་ནི། འོན་ཏེ་ཕྱིས་པ་དེ་ནི་གཞན་ཡིན་ནོ། །ཞེས་བྱ་བའོ། །འདི་དེས་བསྟན་པ་ན་མེ་ཡིན་ནོ་ཞེས་བྱ་བ་ནི་ལན་ནོ། །དེས་ཞེས་བྱ་བ་ནི་ཤེས་པ་སྔ་མས་སོ། །དེ་ཐོབ་པས་ཚད་མར་འགྱུར་རོ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པ་སྟེ། དེ་ནི་ཤེས་པ་སྔ་མའོ། །ཐོབ་པ་ཞེས་བྱ་བ་འདི་སྐབས་ཀྱི་གཞན་ ནོ། །དེ་ལྟ་ན་ཞེས་བྱ་བ་ནི་ལན་ཏེ། གལ་ཏེ་གཞན་ཐོབ་པས་གཞན་ཚད་མས་ཡིན་ན་ཤེས་པ་ཐམས་ཅད་ལ་ཅི་ཡང་རུང་བ་ཐོབ་པ་ཡོད་པའི་ཕྱིར། ཚད་མར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །བསལ་ཟིན་པའི་ཕྱོགས་གཉིས་ལ་ནི་མི་འཐད་པ་ཉིད་དོ་ཞེས་བརྗོད་པ་ནི་ཅི་སྟེ་ཉེ་བར་བསྟན་པ་ལ་ཡང་ཞེས་བྱ་ བའོ། །དེ་ལྟ་ཡིན་ན་ཚད་མ་དང་ཚད་མ་མ་ཡིན་པའི་རྣམ་པར་དབྱེ་བ་མེད་པར་འགྱུར་རོ་ཞེས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །ཅུང་ཟད་ཀྱང་ཞེས་བྱ་བ་ནི་གཞལ་བྱ་བ་ལ་སོགས་པའོ། །འོན་ཏེ་གཞན་ཙམ་གྱི་ཡུལ་ཅན་ནི་ཚད་མ་མ་ཡིན་གྱི་འོན་ཀྱང་མངོན་པར་འདོད་པ་ཐོབ་པའི་མཐར་ཐུག་པ་ཅན་ འཇིག་རྟེན་མངོན་པར་འདོད་པ་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་དེ་ཀུན་རྫོབ་པ་ཁོ་ནར་འགྱུར་རོ་ཞེས་བརྗོད་པ་ནི་ཀུན་རྫོབ་ཏུ་ཇི་ལྟ་བ་དེ་ལྟར་ཡིན་དུ་ཟད་དོ་ཞེས་བྱ་བའོ། །ཅིའི་ཕྱིར་མངོན་པར་འདོད་པ་ཡིན་སྙམ་ན། དངོས་པོའི་དེ་ཉིད་ལས་འདས་ནས། །ཞེས་བྱ་བའོ། །གང་ཞིག་ཇི་ལྟར་ཡོད་པ་དེ་ཁོ་ན་ལྟར་ དེ་ཉིད་དུ་ཡོད་པ་ལ། ཚད་མ་ལ་སོགས་པའི་རྣམ་པར་དབྱེ་བ་ཡང་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །དེ་ལྟ་ཡིན་དང་དེ་ནི་དེ་ཁོ་ནར་ཡོད་པ་ཡིན་ནོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་པ་འཇུག་པའོ། །སྤྱི་ལ་ཡང་ཞེས་བྱ་བ་ནི་དོན་བྱ་བ་ཡོད་པའོ། །སྤྱི་ནི་ཤེས་པ་དང་བརྗོད་པ་ཐ་དད་པ་ མེད་པའི་མཚན་ཉིད་ཀྱི་དོན་བྱེད་པ་ཡིན་ནོ། །ཀུན་ལ་ཞེས་བྱ་བ་ནི་སྤྱི་ལ་སོགས་པ་ལ་ཡོད། མིན་ཏེ་ཞེས་བྱ་བ་ནི་སྤྱི་ལ་དོན་བྱ་བ་ཡོད་པ་ཞེས་འབྲེལ་ཏོ། །ཅིའི་ཕྱིར་ཞེ་ན། སྤྱིའི་མཚན་ཉིད་ལ་བློ་དང་འབྲེལ་པའི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་མི་སྣང་བའི་ཕྱིར་རོ། །མིག་དང་གཟུགས་སོགས་བློ་ བཞིན་ནོ། །ཞེས་བྱ་བ་ནི་ཆོས་མི་མཐུན་པའི་དཔེའོ། །དམིགས་པ་དང་བདག་པོའི་རྐྱེན་གྱིས་ཡུལ་ལ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཡུལ་དང་མིག་ལ་སོགས་པ་བདག་པོ་སྟེ། དེ་དག་ཉིད་རྐྱེན་ཡིན་ཏེ་ལྷན་ཅིག་བྱེད་པ་ཡིན་པའི་ཕྱིར་རོ། །ཡུལ་གང་ཡིན་པ་ཞེས་ཚིག་རྣམ་པར་སྦྱར་རོ། །དེ་བཞིན་ དུ་སྤྱིའི་བློ་དག་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དམིགས་པ་དང་བདག་པོའི་རྐྱེན་གྱི་ཡུལ་ལ་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་མཐོང་བའི་འབད་རྩོལ་ཞེས་གསུངས་སོ། །གལ་ཏེ་སྤྱིའི་བློ་བཞིན་དུ་དམིགས་པ་ལ་སོགས་པའི་བློ་དག་ཀྱང་ནང་གི་བྱེད་པ་ཙམ་ལས་འབྱུང་ བ་མ་ཡིན་ཞེ་ན། དེ་ལྟར་ཞེས་གསུངས་སོ། །ཅིའི་ཕྱིར་འགྱུར་རོ་ཞེས་བྱ་བ་ནི་དངོས་པོ་སྔར་ཡོད་པའོ་ཞེས་བྱ་བར་བལྟའོ། །གལ་ཏེ་གང་གིས་དོན་སྔར་ཡོད་པར་རྟོག་པ་དོན་ལ་མི་ལྟོས་ན་ཉེས་པ་ཅི་ཞིག་ཡོད་སྙམ་ན། གལ་ཏེ་ཞེས་བྱ་བ་གསུངས་སོ། །དེའི་ཚེ་ ཞེས་ཁོང་ནས་ཕྱུང་ལ། གང་ལ་དང་གང་དུ་ཞེས་བྱ་བ་ལ་སོགས་པ་དང་སྦྱར་རོ། །ཅི་དང་འདྲ་བར་ཞེ་ན། རབ་རིབ་ཅན་གྱིས་ཞེས་བྱ་བའོ། །བཟློག་པ་བརྗོད་པ་ནི་དེ་དང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བཟློག་པས་སོ། །དེ་ལྟ་ན་ཡང་ཇི་ལྟར་ནུས་པ་རྟོག་སྙམ་ན། དེས་ན་ཞེས་བྱ་བ་དེ་ལྟར་གྱི་དོན་ཏོ། །སྣམ་བུ་ལ་སོགས་པའི་དོན་དེ་ལས་བློ་སྐྱེ་བ་ན་ཞེས་བྱ་བ་འབྲེལ་ཏོ། །ཇི་ལྟར་དེ་ལས་སྐྱེ་ན། རྗེས་སུ་འགྲོ་བ་དང་ཞེས་བྱ་བ་ལ་སོགས་པ་གཏན་ཚིགས་ཀྱི་ཚིག་སྦྱར་ཏེ། སྤྱིའི་བློ་ནི་དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ནི། སྤྱིའི་བློ་ནི་དེ་ལྟ་མ་ཡིན་ཏེ་ཞེས་འབྲེལ་ཏོ། །ཅིའི་ ཕྱིར་ཞེ་ན། གང་གི་བྱེད་པ་ཙམ་ལས་ཞེས་བྱ་བའོ། །འདི་ཉིད་སྦྱོར་བས་རྒྱས་འདེབས་པ་ནི། འབྲས་བུ་གང་ཞིག་ཅེས་བྱ་བའོ། །སྤྱིའི་བློ་ཡང་འབད་རྩོལ་ཙམ་ལས་སྐྱེས་པ་ཡིན་ནོ་ཞེས་ཕྱོགས་ཀྱི་ཆོས་བསྡུ་བ་ནི་མ་བརྗོད་དེ། གསལ་བའི་ཕྱིར་རོ། །དགག་པར་བྱ་བ་དངོས་པོ་ཐ་དད་པར་ནུས་པ་ རྟོགས་པར་བྱེད་པའི་ཁྱབ་བྱེད་ནི་དེ་ཙམ་ལས་མི་འབྱུང་བ་ཡིན་ལ། དེ་དང་འགལ་བ་ནི་དེ་ཙམ་ལས་བྱུང་བ་ཉིད་ཡིན་ཏེ། དེས་ན་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །འདི་མ་གྲུབ་པར་དོགས་པ་བསུ་བ་ནི། བ་ལང་ཉིད་ཀྱི་ཞེས་བྱ་བ་ལ་སོགས་པའོ། །འོ་ན་ མི་སྐྱེ་བ་ཇི་ལྟར་ཡིན་ཞེ་ན། བག་ཆགས་སད་བྱེད་དེ་མིན་པས། །ཞེས་བྱ་བ་སྟེ། རྟ་དེ་མིན་པས་སོ། །ཕྱེད་ཕྱི་མ་འཆད་པ་ནི་རྟ་དེ་ནི་ཞེས་བྱ་བའོ། །ཅིའི་ཕྱིར་རྟ་དེ་མི་ཕྱེད་པ་སྙམ་ན། དེ་ཉིད་ལ་ཞེས་བྱ་བ་སྟེ། ནོག་ལ་སོགས་པ་དང་ལྡན་པ་ཉིད་ལས་སོ། །ཕྱེད་སྔ་མ་འཆད་པ་ནི་བ་ལང་ཉིད་མེད་པ་ ལས་ནི་ཞེས་བྱ་བ་སྟེ། དེ་ལ་བ་ལང་ཉིད་ཀྱི་བློ་ཞེས་འབྲེལ་ཏོ། །འོ་ན་དེ་ལ་བ་ལང་གི་བློ་མེད་པ་ཅིའི་ཕྱིར་ཞེ་ན། འོན་ཀྱང་ཞེས་བྱ་བའོ། །བ་ལང་གི་ཚོགས་ལ་ཡང་གོང་བུ་བཞིན་དུ་རྟ་ལ་སོགས་པ་དང་མི་མཐུན་པ་རྗེས་སུ་འགྲོ་བའི་རང་བཞིན་ནི་མཐོང་བ་ལ་སྣང་བ་མ་ཡིན་ནོ་ཞེས་བཤད་པ་ནི། གང་གིས་ ཞེས་བྱ་བ་སྟེ་རྟོགས་པ་ཉིད་ཀྱིས་སོ། །དེ་ཡོད་དམ་ཞེས་བྱ་བ་ནི་བ་ལང་གི་ཚོགས་ལའོ། །མ་ཡིན་ཞེས་བྱ་བ་ནི་རྟ་ལ་སོགས་པ་ལ་སྟེ། དེ་ལྟར་རྣམ་པར་གཞག་པའི་བྱ་བའོ། །གང་གི་ཕྱིར་དེ་ལྟར་རྟོགས་པ་ལས་སྔ་ཕྱིར་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་ཡང་ མ་གྲུབ་པར་དོགས་པ་བསུ་བའོ། །དོན་དམ་པ་ནི་དངོས་པོའོ། །ཕན་ཚུན་ཞེས་བྱ་བ་ནི་ལན་ནོ། །ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་ནི་རྣམ་པར་རྟོག་པའི་བློ་ཕན་ཚུན་ལྡོག་པ་ཡིན་གྱི་གསལ་བ་ནི་རང་གི་རྒྱུའི་སྟོབས་ལས་ཕན་ཚུན་ལྡོག་པར་སྐྱེ་བ་ཡིན་ནོ། །དེས་ན་གྲུབ་པ་ཉེ་བར་འཇུག་པའི་ ཕྱིར་ཅི་ཞིག་བྱ། གལ་ཏེ་རྟོགས་པར་བྱ་བ་ཡོད་པ་ལ་བློ་མི་ལྡོག་པ་མ་ཡིན་ནམ་ཞེ་ན། བདེན་ཏེ་འོན་ཀྱང་རྟོགས་པར་བྱ་བའི་རྗེས་སུ་འགྲོ་བ་དང་ལྡོག་པའི་རྗེས་སུ་བྱེད་པ་ཡིན་གྱི། གཞན་ནི་མ་ཡིན་ནོ་ཞེས་བརྗོད་པ་གལ་ཏེ་ཞེས་བྱ་བའོ། །བསལ་བར་བྱ་བས་ན་བསལ་བ་སྟེ་སྤྱིའོ། །གལ་ཏེ་དེ་མེད་ ཀྱང་མི་འགྱུར་གྱི། འོན་ཀྱང་དེ་ཡོད་པ་ཉིད་ན་དེ་ཡོད་པ་ཡིན་ན་ནི། དེའི་ཚེ་ནུས་པ་མེད་པར་མི་འགྱུར་རོ། །གལ་ཏེ་ཐམས་ཅད་ལ་བློ་ཡོད་ན་རྟོགས་པར་བྱ་བ་ཡང་ཐམས་ཅད་ནི་ཡོད་པར་འགྱུར་རོ་ཞེས་དོགས་པ་བསུ་བ་ནི་དེ་ནི་སྤྱི་ནི་ཞེས་བྱ་བའོ། །རབ་རིབ་ཅན་གྱིས་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་བུ་ ཁོ་ནར་ནི་ཁྱབ་པ་ཉིད་དུའོ། །སྤྱི་དེ་ལ་ཡང་གཞན་གྱིས་མཐོང་བའི་ཕྱིར་ཁྱབ་པར་བྱེད་པ་མ་ཡིན་པ་ཞེས་བྱ་བའི་སྐྱོན་དུ་འགྱུར་རོ། །དེ་ཡོད་པ་ནི་འབད་རྩོལ་ལ་སོགས་པ་ཡོད་ནའོ། །རབ་རིབ་ཅན་གྱིས་ཞེས་བྱ་བ་ལ་སོགས་པའོ། །ཇི་ལྟར་རབ་རིབ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་ཁོ་ན་མ་ཡིན་པ་ དམིགས་པར་བྱེད་པ་ཉིད་ཡིན་པ་དེ་བཞིན་དུ་ཕྱིན་ཅི་ལོག་གི་འདུ་བྱེད་སད་པ་ཡང་ནང་གི་བྱེད་པ་ཉམས་པའི་རྒྱུ་ཡིན་པའི་ཕྱིར་ན་དེ་ཁོ་ན་མ་ཡིན་པ་དམིགས་པར་བྱེད་པ་ཡིན་ནོ་ཞེས་གསུངས་པ་ནི་གཞན་ཡང་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་སྡུད་པའོ། །དོགས་པ་ལྷག་པ་བསུ་བ་ནི། དོན་བྱ་བ་ གྲུབ་པ་ཞེས་བྱ་བའོ། །སྒྲ་ལ་སོགས་པ་ལ་དོན་བྱ་བ་གྲུབ་པ་མེད་པས་ན། མི་བདེན་པའི་ཕྱིར་དབང་པོ་ཉམས་པར་གྲུབ་པ་དེས་ན་ཕན་ཚུན་བསྟེན་པའི་ཉེས་པ་མེད་དོ་ཞེ་ན། ལན་དུ་འདི་ནི་བརྗོད་མ་ཐག་པའི་སྤྱི་ལ་ཡང་མཚུངས་ཏེ། དོན་བྱ་བ་མེད་པས་མི་བདེན་པ་ཡིན་ལ། དེ་ལས་ནི་སྤྱིའི་ འཛིན་པའི་ཤེས་པ་ཉམས་པ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །དེས་ན་ཞེས་བྱ་བའི་དོན་བརྗོད་པ་ནི། ཤེས་པ་ཙམ་ལ་ཡང་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་སྤྱིའི་བློ་ནང་གི་བྱེད་པ་ལས་བྱུང་བར་བསྟན་པས་སོ། །རྩོལ་བ་ནི་དྲན་པའི་ནུས་པའོ། །སོགས་པའི་སྒྲས་ནི་མ་འོངས་པ་ལ་སོགས་པས་ བསྡུའོ། །དེ་དག་ཉིད་ནང་གི་ཡན་ལག་སྟེ། ཉེ་བར་གནས་པའི་རྒྱུ་ཡིན་ནོ། །དེ་དག་རྗེས་སུ་འཇུག་པ་ནི་རྗེས་སུ་བྱེད་པ་སྟེ། དེའི་ཕྱིར་ན་བློ་ནང་གི་བྱེད་པ་ལས་བྱུང་བར་བཤད་པ་ཡིན་ནོ། །སྤྱི་ནི་འདོགས་པ་ཉིད་ཀྱིའོ། །གྲངས་སོགས་ཞེས་བྱ་བ་ནི་སོགས་པའི་སྒྲས་བཤད་པ་འདི་ལའོ་ཞེས་བྱ་བ་ ལ་སོགས་པའི། གལ་ཏེ་རྣམ་པར་དབྱེ་བ་མེད་པའི་རྫས་ཁོ་ན་སྣང་བ་མ་ཡིན་ནམ། རྡུལ་ཕྲ་རབ་རྣམས་ནི་སོ་སོར་དབང་པོ་ལས་འདས་པས་ན། ཚོགས་པ་རྣམས་ཀྱང་དབང་པོ་ལས་འདས་པའི་ཕྱིར་རོ། །དེས་ན་གཅིག་ཏུ་མངོན་པར་ཞེན་པའི་རྫས་ཀྱི་བློ་སྣང་གི་བྱེད་པ་ཙམ་ལ་རག་ལས་པ་ཇི་ ལྟར་ཡིན་སྙམ་དུ་དོགས་པ་བསུ་བ་ནི། ནང་བྱེད་པ་ཙམ་ལ་རག་ལས་པར་བསྟན་པའི་དོན་དུ་གཟུགས་ཅན་མ་ཡིན་པ་ལ་སོགས་པའི་རང་བཞིན་ཅན་སྣང་བ་ཉིད་དུ་ཁས་བླངས་པའི་རྫས་ལ་ནི་མ་དམིགས་པས་གནོད་དོ་ཞེས་བརྗོད་ན་ནི། འདི་ལྟར་ཞེས་བྱ་བའོ། །གཟུགས་མེད་པ་ལ་སོགས་པའི་ རང་བཞིན་ནི། རྣམ་པར་རྟོག་པ་དང་བཅས་པ་འམ། རྟོག་པ་མེད་པའི་མངོན་སུམ་ལ་སྣང་བ་མེད་དེ། གསལ་བ་དང་། མི་གསལ་བ་ཉིད་དུ་གཟུགས་ལ་སོགས་པ་ཁོ་ན་སྣང་བའི་ཕྱིར་རོ། །དེས་ན་ཡན་ལག་ཅན་ནི་སྲིད་པ་མ་ཡིན་ནོ། །རྡུལ་ཕྲ་རབ་རྣམས་ནི་སོ་སོར་ དབང་པོ་ལས་འདས་པ་ཡིན་ཡང་། ཚོགས་པ་རྣམས་ཕན་ཚུན་ཕན་འདོགས་པས་མངོན་སུམ་ཉིད་དུ་འགྱུར་བའི་ཕྱིར་དབང་པོ་ལས་འདས་པ་མ་ཡིན་ནོ། །ཇི་ལྟར་རབ་རིབ་ཅན་ལ་སྐྲ་གཅིག་ལ་མངོན་སུམ་མ་ཡིན་ཡང་། མང་པོ་རྣམས་ནི་ཕན་ཚུན་ཕན་འདོགས་པས་མངོན་སུམ་མ་ཡིན་ནོ། ། རབ་རིབ་མེད་པ་ལ་སྐྲ་རེ་རེ་མངོན་སུམ་དུ་འགྱུར་བ་ནི་རབ་རིབ་ཅན་ལ་ཕན་པ་མ་ཡིན་ནོ། །ཕན་པ་ཡིན་ལ་ཡང་ཕྲ་རབ་རྣམས་ཀྱི་རྣལ་འབྱོར་གྱི། མངོན་སུམ་ཡིན་པ་ཉིད་ཀྱང་བདག་ཅག་ལ་སོགས་པ་ཉེ་བར་མཁོ་བར་འགྱུར་རོ། །དེ་བས་ན་རབ་རིབ་ཅན་གྱིས་སྐྲ་ཤད་མངོན་སུམ་ཉིད་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་ རབ་རྣམས་མངོན་སུམ་ཉིད་ཡིན་པ་མི་འགལ་ལོ། །འདི་སྐད་དུ་ཡང་འགལ་བ་ཡང་ཅི་ཡོད་ཅེས་བྱ་བ་ལ་སོགས་པ་འཆད་པར་འགྱུར་རོ། །དེས་ན་བུམ་པའི་བདག་ཉིད་ཀྱི་རྫས་ལ། བུམ་པའི་བློ་རྗེས་སུ་འགྲོ་བ་དང་ལྡོག་པ་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །ནང་གི་བྱེད་པ་ཙམ་ལ་རག་ལས་ པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་ཡན་ལག་ཅན་མ་ཡིན་ན་ཇི་ལྟར་དམིགས་ཤེ་ན། མིག་ལ་སོགས་པའི་བློས་ནི། ཞེས་གསུངས་སོ། །གལ་ཏེ་གཟུགས་ལ་སོགས་ལ་བུམ་པ་དང་སྣམ་བུ་གཉིས་ལ་ཁྱད་པར་མེད་པའི་ཕྱིར། གཅིག་ཁོ་ན་ལ་བུམ་པའི་བློ་ཇི་ལྟར་འགྱུར་སྙམ་ན། རང་གི་རྒྱུའི་མཐུ་ ལས་ཡུལ་དེ་དང་དེར་ཁྱབ་པས་མི་འདྲ་བ་ཉིད་དུ་སྐྱེས་པའི་གཟུགས་ལ་སོགས་པ་ཁྱད་པར་ཅན་གྱི་དོན་བྱ་བ་བྱེད་པ། བརྡའི་ཁྱད་པར་གྱི་ཡུལ་དུ་གྱུར་པ་འགའ་ཞིག་ཁོ་ན་དེའི་བག་ཆགས་སད་པའི་རྒྱུར་འགྱུར་བས། དེའི་སྒྲས་བརྗོད་པ་ཡིན་ནོ་ཞེས་བྱ་བའི་དོན། བརྗོད་པ་ནི་དེས་ན་ཞེས་བྱ་བའོ། །འོན་ ཏེ་མིག་ལ་སོགས་པའི་བློ་ནི་གཟུགས་ཙམ་ལ་མ་ཡིན་གྱི། མཐོང་བ་ཉིད་ལ་རེག་གོ་སྙམ་པའི་རྣམ་པར་རྟོག་པ་ནི་མཐོང་བ་ལས་བྱུང་བ་ཡིན་གྱི། རང་རྒྱུད་ནི་མ་ཡིན་ནོ། །མཐོང་བ་ཡང་གཟུགས་ལ་སོགས་པ་དག་ལས་ཐ་དད་པའམ། ཐ་མི་དད་པའི་རྫས་ལ་ཡིན། ཐ་དད་པ་དང་མི་དད་པའི་རྫས་ མ་མཐོང་བར་འབྱུང་བའི་རྣམ་པར་རྟོག་པའི་བག་ཆགས་ཙམ་ལས་བྱུང་བ་ཡིན་ནོ་ཞེས་རྟོག་པ་ཡིན་ནོ་ཞེས་བྱ་བའོ། །གཞན་མིན་པའམ་ཞེས་བྱ་བ་ནི་ཐ་མི་དད་པའོ། །དང་པོ་ལ་བརྗོད་པ་ནི་གཞན་མ་ཡིན་པར་ཞེས་བྱ་བའོ། །འདི་ལ་གཟུགས་ཡོད་པ་ན་གཟུགས་ལྡན་ནོ། །བཟློག་པར་འཛིན་པ་ ཞེས་བྱ་བ་འདི་ལ་བརྗོད་པ་ནི་གཞན་དུ་ཞེས་བྱ་བའོ། །རྣམ་པ་གཉིས་སུ་ཞེས་བྱ་བ་ནི་བཟློག་པ་བརྗོད་པའོ། །གལ་ཏེ་བག་ཆགས་ཙམ་ལས་བྱུང་བའི་རྣམ་པར་རྟོག་པས་ཀྱང་ཕྱི་རོལ་རྣམ་པར་འཇོག་པ་མ་ཡིན་ནམ་སྙམ་ན་ཡང་ཐ་དད་པ་དང་། མི་དད་པ་རིག་པ་མེད་པ་ཉིད་བལྟར་རུང་བ་མེད་པར་རིག་པར་ བྱེད་པ་ཡིན་ནོ་ཞེས་བྱ་བ་ལན་ཡིན་པར་ལྟའོ། །གལ་ཏེ་བྱ་བའམ་རྣམ་པར་རྟོག་པའི་ཕྱི་རོལ་རྟོགས་པར་བྱེད་པ་ཡང་རང་རྒྱུད་ཁོ་ན་ཡིན་ཏེ། གནོད་པ་མེད་པའི་ཕྱིར་རོ། །རྒྱུ་ནི་དེ་གཞན་དུ་མི་འཐད་པས་བག་ཆགས་ཀྱི་རང་བཞིན་ནམ་གཞན་ཡང་རུང་སྟེ། ཅི་ཡང་རུང་བ་ཞིག་ཡིན་པར་འགྱུར་རོ་ཞེས་ དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །འཁྲུལ་པ་མེད་པ་ཡིན་ཞེས་བྱ་བ་ནི་གནོད་པ་མེད་པའོ། །བུམ་པའོ་སྙམ་པའི་རྣམ་པར་རྟོག་པས་ནི་བུམ་པ་གཟུགས་ལ་སོགས་པ་ལས་ཐ་དད་པར་རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བརྡ་ཐུན་མོང་མ་ཡིན་པས་བྱས་པ། བརྡ་ཇི་ལྟ་བ་བཞིན་བརྗོད་ པ་དང་། རྟོག་པ་དག་ཏུ་འགྱུར་བའི་ཕྱིར་དེ་ལས་དངོས་པོ་ཐ་དད་པ་མི་འགྲུབ་པོ་ཞེས་ལན་འདེབས་པ་ནི། དེ་ཡང་མི་བདེན་ཏེ་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་བརྡ་ཐ་སྙད་པས་སོ། །དེ་བཞིན་ནི་ཐ་དད་པར་རོ། །གཞན་དུ་ཞེས་བྱ་བ་ནི་རང་གི་དོན་གྱི་རྗེས་སུ་དཔག་པར་རོ། །གལ་ཏེ་གང་ལ་གཟུགས་ཡོད་ པ་དེ་ཉིད་ལ་རེག་བྱ་ཡོད་དེ་ཞེས་བྱ་བ་ནི་བརྡ་ཙམ་ལས་འབྱུང་བ་མ་ཡིན་གྱི་འོན་ཀྱང་དངོས་པོ་དེ་ལྟར་གྱུར་པ་ལས་ཡིན་ནོ་ཞེས་བྱ་བར་དོགས་པ་ནི་ཅི་སྟེ་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་བུའི་དངོས་པོ་མེད་ཀྱང་དེ་ལྟ་བུའི་སྒྲས་བརྗོད་པ་ནི། དམག་ལ་སོགས་པ་དག་ལ་མཐོང་བ་མ་ཡིན་ནོ་ཞེས་ལན་འདེབས་པ་ ནི། ཚོགས་པ་གཅིག་ལ་ཞེས་བྱ་བའོ། །ཚོགས་པ་གཅིག་ལ་རག་ལུས་པ་དང་། འབྲས་བུ་གཅིག་ལ་སྦྱོར་བས་ན་གཟུགས་ལ་སོགས་པ་ཚོགས་པ་གཅིག་ཏུ་རབ་ཏུ་བརྟགས་པ་ཡིན་ལ། དེ་ལས་ནི་གང་ལ་དེ་ལ་ཞེས་རྟོག་པ་ཡིན་གྱི་ཡན་ལག་ཅན་ཡོད་པ་ནི་མ་ཡིན་ནོ། །གང་གིས་དེ་སྐད་ བརྗོད་པ་ན་ཡན་ལག་ཅན་མེད་པ་དེ་ལྟར་ཐ་སྙད་དུ་བྱེད་པ་འགའ་ཞིག་ཏུ་མཐོང་ངམ་ཅི་སྙམ་ན། དམག་གང་ལ་ཞེས་བྱ་བའོ། །འོན་ཏེ་ཡང་གླང་པོ་ལ་སོགས་པ་ལ་ནི་དམག་གམ་ནགས་མང་པོ་ཉིད་ཡོད་པ་ཡིན་ནོ། །དེས་ན་གང་ཡང་དེ་ལ་ཞེས་བྱ་བར་བརྗོད་པ་ཡིན་ནོ་སྙམ་ན་ སྐྱེས་བུ་ལ་སོགས་པ་ཞེས་གསུངས་སོ། །དམག་ལ་སོགས་པ་ཐ་དད་པ་ཡོད་ཀྱང་ཐ་སྙད་འདི་རྫས་ལ་མི་འཁྲུལ་བ་ནི་མ་ཡིན་ཏེ། དེ་མེད་ཀྱང་ཡོད་པའི་ཕྱིར་རོ། །དེས་ན་དེ་ལས་ཇི་ལྟར་གྲུབ། གཅིག་ཙམ་སྒྲུབ་པར་བྱེད་པ་ཡང་མ་ཡིན་ཏེ། མི་དམིགས་པས་གནོད་པ་ལ་རིགས་མི་སྲིད་པའི་ཕྱིར་རོ། ། དེའི་ཕྱིར་ཐམས་ཅད་དུ་སྒྲ་ལས་བྱུང་བའི་རྟོག་པ་ནི། བརྟགས་པའི་ཡུལ་ཅན་ཡིན་གྱི། དངོས་པོའི་དེ་ཁོ་ན་ལ་ལྟོས་པ་ནི་མ་ཡིན་ཏེ། ཇི་ལྟར་བརྟགས་པ་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། དེའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཡན་ལག་ཅན་ཐ་དད་པ་མེད་ན། དེ་ལྟ་ན་ནི་འོ་ན། ཐ་དད་པ་མེད་པའི་ལུས་སུ་ གྱུར་པ་སྟེ་དང་པོ་འོག་གི་ཐ་དད་ཀྱང་གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར་གཅིག་ཉིད་དུ་འགྱུར་བ་ཡོད་པ་ཡིན་ནོ་ཞེས་བྱ་བ་ཡང་འདིས་ཉེ་བར་མཚོན་པ་ཡིན་ནོ། །གལ་ཏེ་ཡན་ལག་ཅན་ཡན་ལག་ཉིད་ཡིན་ན། དེའི་ཚེ་ཡན་ལག་ཅན་གྱི་ཡན་ལག་ཅེས་ཐ་དད་པའི་ཐ་སྙད་ཇི་ལྟར་འགྱུར་སྙམ་ན། དེའི་ཡན་ ལག་ནི་ཞེས་གསུངས་ཏེ། གྲུབ་པ་དང་བདེ་བ་གཅིག་པ་དང་འབྲེལ་པར་གྱུར་པའི་ཡན་ལག་ཅན་དེའིའོ། །ཡན་ལག་ནི་ཕན་ཚུན་ལྡོག་པའི་གཟུགས་ལ་སོགས་པའོ། །དེ་ལྟར་ན་ཐ་དད་པར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པའི་རྟོག་པ་དེ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །མཐོང་བ་གང་ཡིན་པ་དེ་ ལ་རག་གོ་སྙམ་པའི་རྟོག་པ་ནི་གཟུགས་ལ་སོགས་པ་རྣམས་ཀྱིས་གྲུབ་པ་དང་བདེ་བ་གཅིག་པ་ཉིད་རྗེས་སུ་འབྲེལ་པའི་རང་བཞིན་ཡུལ་དུ་བྱེད་པའི་རྗེས་སུ་འགྲོ་བའི་རྟོགས་པའོ། །གཟུགས་སོ་སྙམ་པ་ལ་སོགས་པའི་རྟོགས་པས་ནི། ལྡོག་པའི་གཟུགས་ཡུལ་དུ་བྱེད་པའི་ཕྱིར་ལྡོག་པའི་རྣམ་པར་ ལྡོག་པའོ། །གཟུགས་ལ་སོགས་པ་རྣམས་ལ་མི་འབྲལ་བའི་རང་བཞིན་རྫས་ཡིན་པ་འབའ་ཞིག་ཏུ་ནི་མ་ཟད་ཀྱི་འོན་ཀྱང་། ཡུལ་ཐ་མི་དད་པར་ཡང་ཞེས་བྱ་བའོ། །གྲུབ་པ་དང་བདེ་བ་གཅིག་པ་ཉིད་གཅིག་རྟོགས་ན་རྟོགས་པའམ། རྣམ་པ་གཞན་དུ་རྟོགས་པར་ཁས་བླང་བར་བྱ་བ་ཡིན་ནོ། ། དེ་ལྟ་མ་ཡིན་ན་ནི་བརྟགས་པ་ཁོ་ནར་འགྱུར་རོ། །གཟུགས་ལ་སོགས་པ་ནི་དེ་ལྟ་མ་ཡིན་ཏེ། རྟོགས་པ་ཐ་དད་པ་ཅན་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། གལ་ཏེ་ཞེས་བྱ་བའོ། །རང་བཞིན་ཐ་དད་མེད་གྱུར་ན། །ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་གཅིག་པ་ནི་ཐ་དད་པར་རྟོགས་པའི་མཚན་ཉིད་ཡིན་ནོ། ། གཟུགས་སོགས་དབྱེ་བ་ཞེས་བྱ་བ་ནི་གྲུབ་པ་དང་བདེ་བ་ཐ་དད་པ། བརྡ་ཐ་དད་པའི་རྟོགས་པའི་མཚན་ཉིད་དོ། །དེ་ཉིད་བརྗོད་པ་ནི་སྣང་བ་ཐ་དད་པར་ཐལ་བའི་ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་བུམ་པ་ཞེས་རྟོགས་པ་ནི་གྲུབ་པ་ནི་བདེ་བ་མི་འཐད་པ་ཡིན་ཏེ། རྟོགས་པ་གཅིག་པ་ཅན་ཡིན་པའི་ཕྱིར་རོ། ། གཟུགས་དང་རོ་ལ་སོགས་པ་ཐ་དད་པར་རྟོགས་པ་ནི་ཁྱད་པར་ཐ་དད་པས་བྱས་པའི་འཁྲུལ་པ་ཁོ་ན་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །འོ་ན་ཇི་ལྟར་ཐ་དད་པར་རྟོགས་སྙམ་ན། དབང་པོ་ཐ་དད་པས་ཞེས་གསུངས་སོ། །ཐ་དད་པ་ལྟ་བུའམ་ཐ་དད་པ་དང་ལྡན་པར་རྟོགས་པའོ། ། འདི་ཉིད་བརྗོད་པ་མིག་གི་དབང་པོ་ཞེས་བྱ་བའོ། །མངོན་སུམ་ནི་ཐ་དད་པར་འཛིན་པ་ཡིན་ལ། རྣམ་པར་རྟོག་པས་ཐ་མི་དད་པར་འཛིན་པ་ཡིན་ཏེ། དེས་ན་སྟོབས་ཆུང་བས་སྟོབས་དང་ལྡན་པ་ལ་གནོད་པར་འགྱུར་ཞེས་ལན་འདེབས་པ་ནི། འཛིན་པའི་དབྱེ་བས་ཞེས་བྱ་བའོ། །གཞན་དུ་ཞེས་ བྱ་བ་ནི་ཐ་དད་པ་དང་ལྡན་པར་རོ། །གཅིག་ཉིད་དོ་ཞེས་བྱ་བའི་རྣམ་པར་རྟོག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཚད་མ་མེད་ཅེ་ན་གཅིག་ཉིད་དོ་སྙམ་པའི་རྣམ་པར་རྟོག་པའི་ཤེས་པ་ནི་ཐ་དད་པར་མཐོང་བས་གནོད་པའི་ཕྱིར་འཁྲུལ་པ་ཁོ་ནའོ་ཞེས་བརྗོད་པ་ནི་གཅིག་ཉིད་ནི་ཞེས་བྱ་བའོ། །གཞན་དུ་ འཛིན་པ་མེད་པར་ཞེས་བྱ་བ་ནི་ཐ་མི་དད་པར་འཛིན་པའོ། །དེ་ཉིད་ཅེས་བྱ་བ་ནི་ཐ་དད་པར་འཛིན་པ་ཉིད་གཅིག་ལ་མི་འཁྲུལ་པ་ཡིན་ཏེ། དེ་ནི་དེ་ལྟར་ནི་མངོན་སུམ་གྱིས་མཐོང་བའི་རང་བཞིན་དུའོ། །ཐ་མི་དད་པར་རྟོགས་པ་མེད་ན་ནི་དེ་རྟོགས་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་ཐ་དད་པར་ཞེས་བྱ་བའོ། ། མི་འབྲལ་བ་དང་ཡུལ་གཅིག་པ་ཉིད་དེ་ལྟ་མ་ཡིན་པར་མི་འཐད་པས་ཐ་མི་དད་པར་དོགས་པ་བསུ་བ་ནི། ཅི་སྟེ་ཡང་ཞེས་བྱ་བའོ། །ཡུལ་མེད་པའི་ཕྱིར་ཡུལ་གཅིག་པ་ཉིད་མ་གྲུབ་པོ་ཞེས་ལན་བརྗོད་པ་ནི་དེ་ནི་རྟོགས་པར་བླ་སྟེ་ཞེས་བྱ་བའོ། །འོ་ན་ཡུལ་ཅན་ཉིད་ཐ་མི་དད་དོ་སྙམ་ན། གཟུགས་ལ་སོགས་པ་ཡུལ་ཅན་ཡང་སྣང་བ་ཐ་དད་པའི་ཕྱིར་གང་ལས་ཐ་མི་དད་པ་ཡིན་ཏེ། མ་ཡིན་པ་ཁོ་ནའོ། །རྐང་པ་གཉིས་པ་འབྲེལ་པ་ནི། །ཡུལ་ཞེས་བྱ་བའོ། །དེ་ལས་གཞན་དུ་སྣང་མེད་ཕྱིར། །ཞེས་བྱ་བའི་གཏན་ཚིགས་ཀྱི་ཚིག་ནི་འདིར་ཡང་སྦྲེལ་ བར་བྱའོ། །གཞན་ཡང་གཟུགས་ལ་སོགས་པ་དག་ལས་གཞན་པའི་ཡུལ་ནི་སྣང་བ་ཐ་དད་པ་ཉིད་ལས་ཡིན་ལ་སྣང་བ་ཐ་དད་པར་ནི་གཟུགས་ལ་སོགས་པ་རྣམས་ལ་ཡོད་པའི་ཕྱིར། ཇི་ལྟར་ཕན་ཚུན་ཐ་མི་དད། །ཅེས་བརྗོད་པ་ནི། དེ་དག་ལས་ཞེས་བྱ་བ་སྟེ་ཡུལ་དེའོ། །འོན་ཏེ་ཡུལ་ གཟུགས་ལ་སོགས་པ་ལས་ཐ་དད་པ་ནི་ཡུལ་གཞན་ཐ་དད་པར་ནི་ཞེས་བྱ་བའོ། །ཡུལ་བཞིན་ཐ་དད་པས་ནི་གཟུགས་ལ་སོགས་པ་ལས་ཡུལ་ཐ་དད་པར་འགྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། ཐུག་པ་མེད་པར་ཞེས་གསུངས་སོ། །ཡུལ་གཟུགས་ལ་སོགས་པ་ཐ་དད་པ་ ཡུལ་གཞན་ཐ་དད་པ་ལས་ཡིན་ལ། དེ་ཡང་ཡུལ་གཞན་ཐ་དད་པས་ཐ་དད་པ་ཡིན་ལ། དེ་བཞིན་གཞན་ཡང་ཡིན་པའི་ཕྱིར་ཐུག་པ་མེད་པས་ཡུལ་ཐ་དད་པ་ནི་མི་རྟོགས་པ་ཉིད་དུ་འགྱུར་རོ། །འོན་ཏེ་རང་གི་ངོ་བོ་ཁོ་ནས་དེ་དག་ལས་ཡུལ་ཐ་དད་པ་ཡིན་ནོ་ཞེ་ན། གལ་ཏེ་ཐུག་པ་མེད་པར་འགྱུར་ བའི་ཕྱིར་རོ། །གཞན་གྱི་ཐ་དད་པ་བྱེད་པ་མ་ཡིན་ན་རང་གི་ངོ་བོ་ཡང་ཇི་ལྟར་ཡིན་སྙམ་ན། སྣང་བའི་གཟུགས་ལས་ཞེས་བྱ་བའོ། །འོན་ཏེ་གཟུགས་ལ་སོགས་པའི་སྣང་བ་ཐ་མི་དད་པའི་ཕྱིར་ཇི་ལྟར་ཐ་དད་པ་སྙམ་ན། སྣང་བ་ཡང་ཞེས་གསུངས་སོ། །ཅིའི་ཕྱིར་ཞེ་ན། གཟུགས་ཞེས་ གསུངས་སོ། །གཟུགས་སྣང་བ་ན་རོ་ནང་དུ་འདུ་བ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ནང་དུ་འདུ་ན་མྱོང་བས་གནོད་པ་གཞན་ནས་སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། དབང་པོ་གཞན་ཞེས་བྱ་བའོ། །གཟུགས་དང་རོ་དག་ཐ་མི་དད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་སྦྱར་རོ། །ཐ་མི་དད་པ་མ་ གྲུབ་པར་དོགས་པ་བསུ་བ་ནི། དབང་པོ་ཐ་དད་པའི་ཕྱིར་རོ་ཞེས་བྱ་བའོ། །ཐ་མི་དད་པ་ནི་གཞན་ཐ་དད་པས་ཐ་དད་པར་སྣང་བ་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི། དེ་ནི་མི་བདེན་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་ཐ་མི་དད་པ་དབང་པོ་ཐ་དད་པས་ཐ་དད་པ་ཡིན་ནོ། །འདིས་ནི་གཅིག་སྣང་ བ་ན་གཞན་སྣང་བ་ནང་དུ་འདུས་པའི་མཚན་ཉིད་མི་འབྲལ་བ་ཡིན་པ་ཡང་གསལ་བ་ཡིན་ནོ། །བཟློག་པ་ནི་ཚོགས་པ་གཅིག་ལ་རག་ལས་པས་ཀྱང་ཐ་དད་པ་ཡིན་ཏེ། དེས་ན་ཐ་མི་དད་པ་སྒྲུབ་པར་ནི་མི་ནུས་སོ་ཞེས་བྱ་བ་ནི་དགོངས་པའོ། །གཟུགས་ལ་སོགས་པ་ཙམ་ཞེས་བྱ་བ་ནི་རྟོགས་པ་ཐ་ དད་པ་ཅན་ནོ། །དངོས་པོ་གཅིག་ཡིན་ན་ནི་དབང་པོ་ལས་བྱུང་བའི་བློ་ཐམས་ཅད་ཚད་མ་མ་ཡིན་པར་འགྱུར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཞན་དུ་གྱུར་ཞེས་བྱ་བ་ནི་གཅིག་གོ། །རྣམ་པ་གཞན་དུ་ནི་ཐ་དད་པར་རོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ། འཁྲུལ་པ་ཉིད་དུ་འགྱུར་རོ་ཞེས་ སྦྱར་རོ། །ཚད་མ་མ་ཡིན་པར་ཐལ་བའོ་ཞེས་བྱ་བའི་དོན་ཏོ། མ་འཁྲུལ་པ་ཉིད་ནི་ཚད་མའོ། །དབང་པོའི་ཁྱད་པར་ཉིད་ལས་ཏེ་ཞེས་བྱ་བ་ནི་དོན་གྱི་ཁྱད་པར་ལས་མ་ཡིན་པའོ། །སྣང་བ་རྣམ་པ་དེ་ལྟ་བུ་ནི་རེག་བྱ་ལ་སོགས་པར་སྣང་བ་ཐ་དད་པའོ། །དེ་ལྟར་ཞེས་བྱ་བ་ནི་མི་བླུ་བའོ། །མི་བླུ་བ་མ་ གྲུབ་པས་སོ། །དབང་པོ་ཐ་དད་པ་ཉིད་ལས་སྣང་བ་ཐ་དད་པ་ཡིན་ན་ནི། དེ་ལས་ཐ་དད་པའི་དོན་མེད་པ་ཉིད་དོ་ཞེས་ཐལ་བར་བརྗོད་པ་ནི། མི་བླུ་བ་འམ་ཞེས་བྱ་བ་འམ། ཇི་ལྟར་འདི་གཞན་གང་དུ་བྱ་བ་ཡིན་སྙམ་ན། དོན་མེད་པར་ཞེས་གསུངས་སོ། །ཅི་སྟེ་དེ་ལྟ་མ་ཡིན་ཞེ་ན། དེ་ནི་ཞེས་ གསུངས་སོ། །ཡན་ལག་ཅན་ནོ། །གང་གི་ཕྱིར་དེ་ལྟར་དོན་མེད་པར་ཐལ་བ་དེའི་ཕྱིར་རོ། །གཅིག་མེད་པ་དེའི་ཕྱིར་ཇི་ལྟར་རྫས་མེད་པས་ན། དེའི་བློ་ནང་གི་བྱེད་པ་ལ་རག་ལས་པ་ཡིན་ནོ་ཞེས་བསྒྲུབས་ནས། འདོགས་པའི་བློ་ཡང་དེ་མེད་པའི་ཕྱིར་དེ་བཞིན་ནོ། །སྟོན་པ་ནི་འདོགས་པར་ རྟོགས་པ་ཡང་ཞེས་བྱ་བའོ། །ནང་གི་བྱེད་པ་ཉིད་ལས་ཞེས་ངེས་པར་བཟུང་བས་ཐོབ་པས་ལྡོག་པར་བརྗོད་པ་ནི། ཡུན་གྱི་སྟོབས་ཀྱི་ཞེས་བྱ་བའོ། །ནང་གི་བྱེད་པ་ཉིད་ལས་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་སྙམ་ན། རྟོགས་པ་སྒྲོ་འདོགས་པ་ཡིན་པའི་ཕྱིར་རོ། །གལ་ཏེ་ནང་གི་བྱེད་པ་ ལས་བྱུང་བ་ཡིན་ན་ཁྱད་པར་མེད་པའི་ཕྱིར་ཐམས་ཅད་ལ་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེས་ན་རྫས་ཀྱི་སྟོབས་ཀྱིས་འབྱུང་བ་ཡིན་ནོ་སྙམ་ན། དེ་ཚོགས་འབའ་ཞིག་ལ་ཞེས་སྦྱར་རོ། །ལག་པ་ལ་སོགས་པའི་སྐད་ཅིག་གིས་ཚོགས་པ་ཉིད་ལ་བྱུང་བ་ཡིན་ཏེ། །དེའི་བག་ཆགས་ ནི་དེ་ཉིད་ཀྱིས་སད་པའི་ཕྱིར་རོ། །གཞན་དུ་མ་ཡིན་ནོ་ཞེས་དགོངས་པའོ། །ཡང་ཅིའི་ཕྱིར་དེ་ལ་འདུས་པའི་བྱ་བ་རྒྱུ་མཚན་མ་ཡིན་གྱི་འོན་ཀྱང་ཚོགས་པ་ཉིད་ཡིན་སྙམ་ན་ལག་པ་ལ་སོགས་པའི་སྐད་ཅིག་གིས་གསུངས་སོ། །དེ་ལས་མ་རྟོགས་པར་བྱ་བའི་སྐད་ཅིག་མ་ རྣམས་མ་དམིགས་པའི་ཕྱིར་རོ། །རྒྱུ་དེའི་ཕྱིར་ན་ཚོགས་པ་ཁོ་ན་རྒྱུ་ཡིན་པས་དེ་ཁོ་ན་ལས་འགྱུར་བ་ཡིན་ནོ། །འདོགས་པའི་སྤྱི་བཟློག་པའི་དོན་དུ་གཞན་གྱི་འདོད་པ་སློང་བར་བྱེད་པ་ནི་གལ་ཏེ་འདོགས་པའི་བྱ་བ་དེའི་ཡུལ་མ་ཡིན་ན། དེ་ལྟ་ན་འོ་ན་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་ པའོ། །གསལ་བས་གསལ་བར་བྱ་བའི་ཕྱིར་རོ་ཞེས་བྱ་བ་ནི་རང་གི་གསལ་བས་གསལ་བར་བྱ་བའི་ཕྱིར་རོ། །འདི་ཉིད་སྐབས་ལ་ཉེ་བར་སྦྱོར་བར་བྱེད་པ་ནི་ལས་ཀྱི་སྤྱི་ནི་ཞེས་བྱ་བའོ། །དེ་ལྟ་ཡིན་མོད་སྙམ་དུ་དོགས་པ་བསུ་ནས་མི་དམིགས་པའི་ཕྱིར་ན་ལས་ཀྱི་སྤྱི་མེད་དོ་ཞེས་བརྗོད་པ་ནི། ལག་ པ་ལ་སོགས་པའི་སྐད་ཅིག་གིས་གསལ་བ་དེ་ལ་ནི་བརྟེན་པའམ་ཞེས་བྱ་བ་སྨོས་སོ། །དེ་ལྟ་མ་ཡིན་པའི་ཞེས་བྱ་བ་ནི་བརྟེན་པ་མ་ཡིན་པའོ། །བར་གྱི་གསལ་བ་མེད་པའི་ཕྱིར་ན། དེ་གཞན་གྱི་གསལ་བར་བྱ་བར་འགྱུར་རོ་ཞེ་ན། གསལ་བ་གཞན་གྱིས་ཀྱང་ཞེས་གསུངས་སོ། །རིགས་འགའ་ ཞིག་ནི་གསལ་བས་གསལ་བ་གཞན་གྱིས་ཀྱང་གསལ་བར་འགྱུར་རོ་སྙམ་ན་ནི་འོན་ཏེ་ཞེས་བྱ་བའོ། །གསལ་བར་བྱ་བ་མ་ཡིན་པ་ཉིད་གསལ་བར་བྱེད་པ་ནི་འདོགས་པ་ཉིད་ཅེས་བྱ་བའོ། །ཅིའི་ཕྱིར་སྙམ་ན་སྐད་ཅིག་དང་པོ་ཉིད་ལ་ཞེས་གསུངས་སོ། །དུས་ཐ་དད་པ་དུ་མས་གསལ་བར་བྱེད་དོ་སྙམ་ པ་ནི་འོན་ཏེ་ཞེས་བྱ་བའོ། །ཕྱོགས་འདི་ཡང་བརྡ་སྤྲོད་པ་པ་རྣམས་ཀྱི་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་བརྡ་སྤྲོད་པ་བས་ཞེས་བྱ་བའོ། །གལ་ཏེ་ཇི་སྐད་བརྗོད་པའི་སྐྱོན་ཡོད་པའི་ཕྱིར་ན། རིགས་རེ་རེ་གསལ་བ་མིན་ན་ལན་ནི་ཚོགས་ལས་གསལ་བར་བྱ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། རྣམ་པ་གཞན་ མེད་པའི་ཕྱིར་རོ་ཞེས་གསུངས་སོ། །གང་གིས་ཅིག་ཅར་མ་ཡིན་པ་རྣམས་ཀྱིས་གསལ་བར་འགྱུར་བ་འདས་པ་ནི་གསལ་བར་བྱེད་པ་མ་ཡིན་ཏེ་རང་ཤེས་པས་གཞན་གྱི་བློའི་རྒྱུ་ཉིད་མི་སྲིད་པའི་ཕྱིར་རོ། །དེ་ན་རྣམ་པ་གཉིས་ལས་རྣམ་པ་གཞན་ནི་མི་སྲིད་པ་མ་ཡིན་ནོ། །དེ་ལ་སྐད་ཅིག་རེ་རེས་ གསལ་བར་བྱེད་པ་ཉིད་ནི་གསལ་མ་ཐག་པ་ཡིན་ནོ། །ཅིག་ཅར་ཚོགས་པ་ཡང་མི་སྲིད་དེ། དེས་ན་དེ་གསལ་བར་བྱ་བ་ཉིད་ཀྱང་མ་ཡིན་ནོ་ཞེས་དགོངས་པ་ཡིན་ནོ། །གལ་ཏེ་གོམས་པ་ལས་ནོར་བུ་དང་དངུལ་ལ་སོགས་པ་གསལ་བ་དེ་བཞིན་དུ་སྐད་ཅིག་གཅིག་གིས་གསལ་བར་བྱེད་པ་ཡིན་ནོ་ སྙམ་པ་ནི་དོགས་པ་ལས་ཞེས་བྱ་བའོ། །ནོར་བུ་དང་དངུལ་ལ་སོགས་པའི་དངོས་པོ་སྣང་བ་ནི། གོམས་པ་ལས་དེ་ལྟར་གསལ་བར་འགྱུར་རོ་ཞེས་རིགས་ཀྱི། འདོགས་པ་ལ་སོགས་པར་ནི་མ་ཡིན་ཏེ། བཏགས་པ་ཡིན་པའི་ཕྱིར་ཞེས་བཏབ་པ་ནི་འོག་ན་ནི་ཞེས་བྱ་བའོ། །ཤེས་པ་དེ་ཞེས་བྱ་བ་ ནི་འདོགས་པའི་ཤེས་པའོ། །གྲངས་ལ་སོགས་པའི་རྟོགས་པ་རྣམས་ཀྱང་དམིགས་པ་མེད་པ་ཉིད་དུ་སྟོན་པའོ། །དེ་བཞིན་དུ་ཞེས་བྱ་བའོ། །གལ་ཏེ་གང་གིས་དེའི་རྟོགས་པ་རྣམས་དམིགས་པ་མེད་པ་ཉིད་དུ་འགྲུབ་པ་ལྡན་པ་ལ་སོགས་པ་རྣམས་ཇི་ལྟར་མེད་པ་ཡིན་སྙམ་ན་དེ་སྐད་དུ་ཡང་ཞེས་ བྱ་བའོ། །དེའི་ཕྱིར་སྤྱི་ལ་སོགས་པ་ལས་དོན་བྱ་བ་ཡོད་པ་མ་ཡིན་ཏེ། དེས་ན་མཚན་ཉིད་ཧ་ཅང་ཁྱབ་པའི་ཉེས་པ་མེད་དོ། །དེའི་ཕྱིར་དོན་བྱེད་ནུས་པ་ནི་རང་གི་མཚན་ཉིད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ནོ། །ད་ནི་དོན་ཞེས་བྱ་བའི་ཁྱད་པར་དང་བྲལ་བའི་ནུས་པ་མེད་པ་སྤྱིའི་མཚན་ཉིད་ཧ་ཅང་ཁྱབ་ པ་ཡིན་ཏེ། དོན་མེད་པ་ལ་ཡོད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །དོན་ཉིད་ནུས་པའི་རང་བཞིན་དུ་སྣང་བ་ནི་རང་གི་མཚན་ཉིད་ཡིན་ལ། ནུས་པ་མེད་པའི་རང་བཞིན་དུ་སྣང་བ་ནི་སྤྱི་ཡིན་ནོ་ཞེས་ཁྱད་པར་དུ་བྱེད་པས་ཉེས་པ་མེད་དོ་ཞེས་བརྗོད་པ་ནི། སྐྲ་ཤད་ལ་སོགས་ཞེས་ བྱ་བའོ། །རབ་རིབ་ཅན་གྱིས་མཐོང་བའོ། །འདི་དོན་གྱི་མཚན་ཉིད་ནི་མ་ཡིན་གྱི། འོན་ཀྱང་ཐ་དད་པའི་མཚན་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་འདི་ནི་དོན་གྱི་ཐ་དད་པའི་མཚན་ཉིད་ཡིན་པའི་ཕྱིར་ན་དངོས་པོ་མེད་པ་ལ་མི་འགྱུར་ཏེ། དོན་མ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནས་བཤད་ པ་ནི་ཤེས་བྱར་གསུངས་སོ། །མེད་པ་ཡང་ཤེས་བྱ་ཉིད་ཡིན་ཏེ། གཞན་ཡོད་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་ཚད་མས་ཡོངས་སུ་བཅད་པ་ཉིད་ཡིན་ལ། དོགས་པ་མེད་པར་འགྲོ་བའི་དོན་ཡིན་པའི་ཕྱིར་དོན་ཀྱང་ཡིན་ནོ། །དེས་ན་དོན་མེད་པར་མངོན་པར་ཞེན་པ་ཡིན་པའི་ཕྱིར་ན་དོན་ མ་ཡིན་ནོ་ཞེས་བྱ་བ་ནི་ཉེས་པ་མེད་དོ། །གལ་ཏེ་སྐྲ་ལ་སོགས་པ་སྤྱི་མ་ཡིན་ན་འོ་ན་དེ་དག་སྤྱི་ཡིན་སྙམ་ན་སྤྱིའི་རང་བཞིན་བཤད་པ་ནི། དོན་ཉིད་ཅེས་གསུངས་སོ། །རང་གི་མཚན་ཉིད་ཀྱི་བདག་ཉིད་ཇི་ལྟར་སྤྱི་ཡིན་སྙམ་ན། སྤྱིའི་རང་བཞིན་དུ་རྟོགས་པ་ན་ཞེས་སྦྱར་རོ། །གལ་ཏེ་ དོན་ཡིན་ན། ཇི་ལྟར་མེད་པའི་དོན་གྱི་རང་བཞིན་དུ་སྨྲ་ཞེས་བྱ་བའི་དོགས་པ་བསུ་བ་ནི། གལ་ཏེ་འདི་ཞེས་བྱ་བའོ། །ནུས་པ་མེད་པར་སྣང་བ་ཉིད་བཤད་པ་ནི་དངོས་སུ་ཞེས་བྱ་བའོ། །ཤེས་པའི་མཚན་ཉིད་ཀྱི་དོན་བྱེད་པ་དངོས་སུ་མི་ནུས་པ་དེ་ནི་སྤྱི་དང་ནུས་མེད་ཉིད་ཅེས་སྦྱར་རོ། །དོན་ཉིད་བརྗོད་ པ་ནི་བརྒྱུད་པ་ཡིས་ནི་ཞེས་བྱ་བའོ། །བརྒྱུད་པས་ནུས་པ་གང་ཡིན་པ་དེ་ནི་དོན་དང་ནུས་པ་ཞེས་བརྗོད་པ་ཡིན་ནོ་ཞེས་སྦྱར་རོ། །གལ་ཏེ་ཕྱི་རོལ་གྱི་དོན་དེ་ལྟ་ཡིན་མོད། རྣམ་པར་རྟོག་པ་ལ་སྣང་བའི་སྤྱིའི་ཇི་ལྟར་དོན་དུ་བརྗོད་སྙམ་ན་སྤྱིའི་ཞེས་གསུངས་སོ། །འདི་ནི་ཞེས་བྱ་བ་ནི་རྣམ་པར་རྟོག་ པ་ལ་སྣང་བའི་སྤྱིའོ། །ཉེ་བར་འདོགས་པའི་རྒྱུ་མཚན་བརྗོད་པ་ནི་བརྒྱུད་ནས་ཞེས་བྱ་བའོ། །ནུས་པའི་རང་བཞིན་དུ་སྣང་བའི་དོན་དེ་འབྲས་བུ་ག་ལ་ཡོད་པ་དེའི་དངོས་པོ་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་དོན་གྱི་འབྲས་བུ་ཉིད་ཡིན་པའི་ཕྱིར་རོ། །དགོས་པ་ནི་ལྐོག་ཏུ་གྱུར་པའི་དོན་རྟོགས་པ་ལ་ ཐབས་གཞན་མེད་པར་བསྟན་པའི་ཆེད་དུའོ། །གལ་ཏེ་རྣམ་པར་རྟོག་པ་རྣམ་པའི་སྤྱིའི་དོན་གྱིས་བྱས་པའམ། དོན་གྱིས་འབྲས་བུ་ཅན་ཡིན་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །འོན་ཏེ་འདི་ཡང་དོན་ཀྱང་བྱས་པའམ་དེའི་འབྲས་བུ་ཡིན་ན་དེ་ཇི་ལྟར་སྤྱི་མ་ཡིན་པ་སྙམ་ན། ཆུ་ཀླུང་གི་ཞེས་སྨྲས་སོ། ། གང་གི་ཕྱིར་ཆུ་ཀླུང་གི་འགྲམ་ན་ཞེས་བྱ་བ་ལ་སོགས་པའི་ངག་གི་ཡུལ་རྣམ་པར་རྟོག་པའི་རྣམ་པ་གང་ཡིན་པ་དེ་ནི་བརྒྱུད་པས་ཀྱང་དོན་བྱ་བ་མ་ཡིན་ཏེ། དེས་ན་འདི་ནི་སྤྱི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདི་ནི་ངེད་ཀྱི་འདོད་པ་ཉིད་ཡིན་ནོ་ཞེས་ལན་འདེབས་པ་ནི་དེ་སྤྱི་མེད་མོད་ཅེས་བྱ་བའོ། །གལ་ཏེ་ སྒྲ་སྤྱིའི་ཡུལ་ཅན་ཡིན་ཡང་ཚད་མར་མི་འགྱུར་བ་ཅི་སྟེ་སྙམ་ན། འདི་ལྟར་ཞེས་གསུངས་སོ། །དེའི་ཚེ་ཞེས་ཁོང་ནས་ཕྱུང་ལ་སྒྲ་ཚད་མར་འགྱུར་རོ་ཞེས་སྦྱར་རོ། །སྒྲ་སྤྱིའི་ཡུལ་ཅན་ཡིན་ན་ནི་ཚད་མ་མ་ཡིན་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྒྲའི་ཡུལ་སྤྱི་མ་ཡིན་ནི་འོ་ན་ཇི་ལྟར་ཞེས་ བྱ་བའོ། །བརྗོད་ཅེས་བྱ་བ་ནི། སྒྲ་ཡི་ཡུལ་དང་ཡུལ་ཡིན་ཕྱིར། །ཞེས་བྱ་བ་འདིས་སོ། །གཞན་གྱི་དོན་གྱི་རྗེས་སུ་དཔག་པའི་བདག་ཉིད་ཅན་སྒྲ་འགའ་ཞིག་གི་ཡུལ་ནི་སྤྱི་ཡིན་ཏེ། དོན་གྱི་འབྲས་བུ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ནི་མ་ཡིན་ཏེ་དེ་མེད་པའི་ཕྱིར་རོ་ཞེས་ལན་ བརྗོད་པ་ནི། སྤྱི་ཁོ་ན་ཞེས་བྱ་བའོ། །གལ་ཏེ་སྒྲའི་ཡུལ་ཡང་འགའ་ཞིག་སྤྱི་མ་ཡིན་ན། འོ་ན་ཇི་ལྟར་ཡུལ་ཉིད་དུ་བསྟན་ཅེ་ན། སྒྲའི་ཡུལ་ཉིད་ཀྱིས་ནི་རྗེས་སུ་འགྲོ་བ་རྣམ་པ་ཉིད་མཚོན་པ་ཡིན་ནོ་ཞེས་གསུངས་སོ། །གང་གིས་འགལ་བར་འགྱུར་བ་སྤྱི་ནི་མ་ཡིན་ནོ་ཞེས་ བྱ་བར་དོགས་པའོ། །ཡུལ་མིན་ཞེས་བྱ་བ་རང་གི་མཚན་ཉིད་ལ་ཡང་། ཧ་ཅང་ཐལ་བ་སྤང་བའི་དོན་དུ་དོན་ཁྱད་པར་ཡིན་ནོ་ཞེས་བཤད་པ་ནི། དེ་བཞིན་དུ་ཞེས་བྱ་བའོ། །གལ་ཏེ་རང་གི་མཚན་ཉིད་སྒྲའི་ཡུལ་མ་ཡིན་པ་འགའ་ཞིག་རང་གི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ འདི་ལྟར་སྙམ་ན་འདི་ཡང་ཞེས་བྱ་བའོ། །ཚད་མའི་ཡུལ་མ་ཡིན་པ་ཡང་སྒྲའི་ཡུལ་མ་ཡིན་པ་ཡང་མ་ཡིན་པས། སྤྱི་འམ་རང་གི་མཚན་ཉིད་མ་ཡིན་ཏེ། ཚད་མའི་ཡུལ་གྱི་དབྱེ་བས་དེའི་དབྱེ་བ་བསྟན་པའི་སྐབས་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། སྒྲའི་ཡུལ་མ་ཡིན་ཞེས་བྱ་བ་ སྨོས་སོ། །གལ་ཏེ་ཚད་མ་མ་ཡིན་ཡང་དེའི་ཡུལ་རང་གི་མཚན་ཉིད་ཅི་སྟེ་མ་ཡིན་དོགས་ན་འདི་ལྟར་ཞེས་གསུངས་སོ། །དེ་ཐ་དད་པ་ནི་ཚད་མ་ཐ་དད་པའོ། །དེའི་ཕྱིར་ཚད་མ་དེ་ཡུལ་ཉིད་ཐ་དད་པར་རོ། །དེས་ན་ཞེས་བྱ་བ་ནི་ཚད་མའི་ཡུལ་ཐ་དད་པར་བསྟན་པར་བྱ་བ་ཡིན་པས་ནའོ། ། སྐྲ་ཤད་ལ་སོགས་པའི་ཚད་མའི་ཡུལ་མ་ཡིན་པ་ཡུལ་ཉིད་དུ་སྟེ། སྤྱི་དང་རང་གི་མཚན་ཉིད་དུའོ། །ཕྱེད་ཕྱི་མ་བཤད་པའི་དོན་དུ་ཕྱོགས་སྔ་མ་འགོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་ཚེ་ཁོང་ནས་ཕྱུང་ལ། དངོས་པོ་མེད་པ་ཉིད་ནི་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །འོན་ ཏེ་དངོས་པོ་མེད་པ་ནི་ཚད་མའི་ཡུལ་མ་ཡིན་པ་ཉིད་དོ་སྙམ་ན། དེ་ནི་ཞེས་སྨོས་སོ། །དངོས་པོ་མེད་པ་སྤྱི་ཉིད་དུ་ཡང་བསྒྲུབ་པ་ནི། སྤྱིའི་ངོ་བོ་ཡང་ཡིན་ཏེ་ཞེས་བྱ་བའོ། །ཤེས་བྱ་ཉིད་གསལ་བར་བྱེད་པ་ནི། དངོས་པོ་མེད་པ་ཡང་ཞེས་བྱ་བའོ། །འགའ་ཞིག་གི་ཞེས་ བྱ་བ་ནི་ས་ཕྱོགས་ལ་སོགས་པས་སོ། །འདི་ནི་རང་གི་འདོད་པ་ཙམ་ཡིན་ནོ་ཞེ་ན། བཤད་པ་གཞན་གྱི་དངོས་པོ་ཞེས་བྱ་བའོ། །གལ་ཏེ་དེ་ལྟར་ཡང་ཇི་ལྟར་དོན་ཉིད་ཡིན་ཞེ་ན། དེ་ཡང་ཞེས་བྱ་བའོ། །བཤད་པ་གཞན་གསུངས་པ་ནི་ཡང་ན་ཞེས་གསུངས་སོ། །གལ་ ཏེ་གང་གིས་ཚད་མར་གཅད་པར་བྱ་བ་ཉིད་འགྱུར་བ་དེ་ཇི་ལྟར་དོན་ཉིད་ཡིན་སྙམ་ན། དགོས་པ་ཡོད་པའི་ཕྱིར་ཞེས་གསུངས་སོ། །དེ་ཉིད་སྟོན་པ་ནི་དངོས་པོ་མེད་ཀྱང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་དགོས་པ་དང་ལྡན་པས་ནའོ། །དེ་ལ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལའོ། །གལ་ཏེ་དོན་ཡིན་ན་ཇི་ལྟར་དངོས་ པོའི་ཐ་སྙད་དུ་མི་འགྱུར་སྙམ་ན་རང་གི་ངོ་བོས་ཞེས་གསུངས་སོ། །སྐྲ་ཤད་ལ་སོགས་པ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། སྐྲ་ལ་སོགས་པ་ནི་ཞེས་གསུངས་སོ། །དོན་མ་ཡིན་པ་སྟེ་ཞེས་འབྲེལ་ཏེ། ཅིའི་ཕྱིར་ཞེ་ན་འཁྲུལ་པའི་ཞེས་གསུངས་སོ། །གལ་ཏེ་སྒྲ་ལ་སོགས་པ་ཡང་ཞེས་བྱ་བ་ནི་ དགོས་པ་དང་ལྡན་པའི་ཕྱིར་དོན་ཡིན་ནོ་ཞེས་འབྲེལ་ཏོ། །ཇི་ལྟར་དེ་ལ་དགོས་པ་ཡོད་སྙམ་ན། གང་གི་ཕྱིར་ཞེས་གསུངས་སོ། །འདི་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་ཡུལ་ངེས་པ་མེད་པ་སྟེ། དེས་ནི་སྒྲུབ་པར་བྱེད་པའི་རང་བཞིན་བརྗོད་པ་ཡིན་ནོ། །མི་བདེན་ནོ་ཞེས་བྱ་བ་ལ་སོགས་པ་ནི་བསྒྲུབ་ པར་བྱ་བ་གཉིས་བསྟན་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་དངོས་པོ་མེད་པ་འགའ་ཞིག་ཏུ་ནི་མ་ཟད་ཀྱི། སྐྲ་ཤད་ལ་སོགས་པ་ཡང་ངོ་། །དེའི་ཕྱིར་ཞེས་བྱ་བ་ནི་དགོས་པ་དང་ལྡན་པའི་ཕྱིར་རོ། །རྩོད་པ་སྨྲ་བ་ཉིད་ཀྱིས་མི་བདེན་པ་ཉིད་དུ་ཡོངས་སུ་དམ་བཅས་པའི་ཕྱིར་དེ་དག་ཀྱང་སྤྱིའི་རང་བཞིན་ཁོ་ན་ ཡིན་ནོ་ཞེས་བྱ་བའི་དོགས་པ་བསུ་ནས། དེ་ལྟ་ཡིན་ན་གསལ་བར་སྣང་བ་ཉིད་དུ་མི་འགྱུར་རོ་ཞེས་བརྗོད་པ་ནི་ཅི་སྟེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་མི་བདེན་པར་ཡོངས་སུ་བཅད་པའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་སྤྱིའི་རང་བཞིན་ཉིད་ནའོ། །གལ་ཏེ་སྐྲ་ཤད་ལ་སོགས་པ་དང་སྤྱིར་ཤེས་པའི་ཡུལ་ ཡིན་ན་སྔོན་པོ་ལ་སོགས་པ་བཞིན་དུ་གསལ་བར་སྣང་བ་ཇི་ལྟར་ཞེས་བྱ་བའི་དོན་ཏོ། །གསལ་བ་ཡང་སྤྱི་མ་ཡིན་ནོ་ཞེས་བརྗོད་པ་ནི། གསལ་བར་སྣང་བ་ཉིད་ཀྱིས་ཞེས་བྱ་བའོ། །དེས་ན་སྐྲ་ལ་སོགས་པའི་ཤེས་པ་ཡུལ་མེད་པར་མི་འགྱུར་རོ་ཞེ་ན། དེ་དག་གི་ཡང་ཞེས་གསུངས་ཏེ་ སྐྲ་ཤད་ལ་སོགས་པའི་ཡང་ངོ་། །ད་ལྟའི་དངོས་ནི་མི་བདེན་པར་ཡོངས་སུ་བཅད་པའོ། །སྤྱིའི་རང་བཞིན་ནི་བཀག་པ་མེད་པའི་ཕྱིར་རོ། །འདིས་ནི་ཚད་མའི་ཡུལ་ཉིད་དུ་འགྱུར་རོ་ཞེས་ལན་གྱིས་ཐལ་བར་བསྒྲུབས་པས་འདོད་པ་ཉིད་དོ་ཞེས་བསྟན་ཏོ། །གསལ་བར་སྣང་བ་ཉིད་དུ་མི་འགྱུར་ རོ་ཞེས་བྱ་བའི་རྩོད་པ་གསལ་བ་ནི་ཤེས་པའི་ངོ་བོས་ཞེས་གསུངས་སོ། །ད་ནི་མི་བདེན་པའི་ཡུལ་ཅན་སྤྱིའི་རྟོགས་པ་གང་ཞིག་ཡིན་སྙམ་དུ་དོགས་ན། །སྐྲ་སོགས་ཞེས་བྱ་བ་གསུངས་སོ། །སྐྲ་སོགས་ཞེས་བྱ་བའི་རྟགས་ཐོགས་སུ་མ་ཡིན་ནོ་ཞེས་བྱ་བ་འཐོབ་སྟེ། དེ་གང་གི་ ཡང་དེ་ལྟའི་དངོས་ཞེས་བྱ་བའི་སྐབས་ཡིན་པའི་ཕྱིར་རོ། །འདིས་ནི་རང་གི་མཚན་ཉིད་པས་ཞེས་བྱ་བའི་མཐར་ཐུག་པའི་རྩོད་པ་བསལ་བ་ཡིན་ནོ། །འོ་ན་དོན་མེད་གང་ཡིན་སྙམ་ན་སྐྲར་སྣང་ཞེས་གསུངས་སོ། །ཕྱིའི་དོན་གྱི་དོན་མེད་པ་ཡིན་ནོ། །ཤེས་པ་གང་ཞིག་སྐྲ་ཤད་ཀྱི་རང་བཞིན་དུ་སྣང་བ་ དེ་ནི། ཕྱི་རོལ་གྱི་ཡུལ་ཅན་ཉིད་དུ་ཁས་བླངས་པ་མེད་པས་ན། གནོད་བྱེད་ཀྱི་ཚད་མའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྐྲར་སྣང་བ་རང་གི་ངོ་བོས་འགོག་པ་མ་ཡིན་ནོ་ཞེས་བཤད་པ་ནི། གལ་ཏེ་ཞེས་བྱ་བའོ། །སྐྲ་ཤད་ལ་སོགས་པ་ནི་ཡོད་པ་དང་། མེད་པ་དག་གིས་སྤྱིའི་རང་བཞིན་ དུ་སྣང་བ་དེ་ནི། ཕྱི་རོལ་ཉིད་ཀྱི་སྒོ་ནས་བརྗོད་པ་ནི་མི་བདེན་པས་ཞེས་བྱ་བའི་དོན་གཅིག་ཡིན་ཞེ་ན་ཞེས་བྱ་བའོ། །དེས་ཞེས་བྱ་བ་ནི་ཤེས་པ་གཞན་ནམ། སྐྱེས་བུ་གཞན་དེས་དམིགས་པར་རུང་བ་ཉིད་མེད་པར་ཡོངས་སུ་བཅད་པས་སྐྲ་ལ་སོགས་པ་དངོས་པོ་མེད་པར་ནི་དགག་པ་ལ་ལྟོས་ནས་ གཞལ་བྱ་ཉིད་ཡིན་ཏེ། ས་ཕྱོགས་བཞིན་ནོ། །གང་ཞིག་ཡུལ་ངེས་པ་མེད་པ་དེ་ནི་མི་བདེན་པ་ཡིན་ནོ། །དཔེར་ན་སྔོན་མཐོང་བའི་སྐྲ་ཤད་ལ་སོགས་པ་བཞིན་ནོ། །སྐྲ་ཤད་ལ་སོགས་པ་འདི་ཡང་ཡུལ་མ་ངེས་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་མི་དམིགས་པ་སྟེ། ཡུལ་མ་ངེས་པར་དམིགས་ པ་ནི་ཡོད་པ་ཉིད་མི་དམིགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྐྲ་ཤད་ལ་སོགས་པ་མེད་པ་སྤྱིའི་རང་བཞིན་དུ་བཤད་ནས་ཡོད་པའི་སྒོ་ནས་ཀྱང་བརྗོད་པ་ནི་ཡང་གང་གི་ཚེ་ཞེས་བྱ་བའོ། །གང་ཞིག་འདི་ལྟ་བུར་གྱུར་པ་དེའི་ཚེ་སྐྲ་གཞན་དང་འདྲ་བ་ཡིན་ཏེ། དཔེར་ན་སྔོན་མཐོང་བའི་སྐྲ་ནི་ཚོགས་རྣམ་ པ་དེ་ལྟ་བུ་གཞན་དང་འདྲ་བཞིན་ནོ། །འདི་ཡང་འདི་ལྟ་བུར་གཞན་དང་འདྲ་བཞིན་ནོ། །འདི་ཡང་འདི་ལྟ་བུར་གྱུར་པ་ཡིན་ནོ་ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །གལ་ཏེ་སྤྱིའི་རང་བཞིན་ཉིད་ཡིན་ན་འོ་ན་ཇི་ལྟར་ཞེས་བྱ་བའོ། །ཤེས་པའི་རང་བཞིན་གྱི་ཞེས་བྱ་བ་ ནི་རྩ་བ་ལས་འདེབས་