Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 185
Văn bản gốc(Tây Tạng)
Trang 9 / 23 (50.000 ký tự/trang)
ག་དང་ངོ་། །ཀྱང་གི་སྒྲ་ནི་རིམ་པ་བཞིན་དུ་ཡིན་ཏེ། རྗེས་སུ་དཔག་པའི་བདག་ཉིད་ཀྱང་ཞེས་བྱ་བའོ། །ཡང་ན་གནས་ཇི་ལྟ་བ་བཞིན་ངེས་པར་བཟུང་བའི་དོན་ཏོ། །གལ་ཏེ་གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པ་ཡང་རྟགས་ཀྱི་ མཚན་ཉིད་མ་ཡིན་ནམ་དེས་ན་འབྲེལ་པ་ལས་ཞེས་ཅི་སྟེ་བརྗོད་སྙམ་ན། ཆོས་དང་བསྒྲུབ་བྱ་དང་འབྲེལ་བ་ཁོ་ན་རྟགས་ཀྱི་མཚན་ཉིད་ཡིན་གྱི། གང་གི་ཕྱིར་འབྲས་སོགས་ནི་དེའི་ཞེས་གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གང་གི་ཕྱིར་འབྲས་སོགས་ རྟགས་ནི་དེའི་ཞེས་བྱ་བ་ཆོས་ཅན་དབང་བསྒྲུབ་བྱ་དང་འབྲེལ་བའི་མཚན་ཉིད་རྟག་པ་ག་ལ་ཡོད་པ་དེའོ། །དངོས་པོ་ཉིད་ཀྱི་གོ་བྱེད་དུ་འདོད་པ་དེའི་ཕྱིར་ན། དེའི་མཚན་ཉིད་ལས་གཞན་པ། གནོད་པ་མེད་པའི་ཡུལ་ཅན་ལ་སོགས་པའི་མཚན་ཉིད་ནི་གཞན་དུ་གསལ་བ་ཟིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །གལ་ ཏེ་དེ་ལྟ་ན་ཡང་རྗེས་སུ་དཔག་པ་འདྲ་བ་འཛིན་པར་ཇི་ལྟར་འགྱུར་སྙམ་ན། ཤིང་གི་ཞེས་གསུངས་སོ། །གང་ཞིག་དཔེ་ལ་ཤིང་གི་དོན་བྱ་བ་བྱེད་པའམ། མེས་སྐྱེད་པའི་དུ་བ་ལ་སོགས་པ་མཐོང་བ་དེ་ནི་འདི་ཡིན་ནོ་ཞེས་བརྟགས་སོ་ཞེས་ཁ་བསྐང་སྟེ། དེའི་ཁོང་ནས་ཕྱུང་བ་དུ་བ་ལ་ སོགས་པའི་རྒྱུ་ཉིད་དང་། ཤ་པ་ལ་སོགས་པའི་འབྲས་བུ་ཉིད་དོ། །དེའི་ཕྱིར་དོན་ཡང་ཞེས་གསུངས་སོ། །ཤ་པ་ལ་སོགས་པར་རོ། །ཡོད་པའི་ཕྱིར་སྐད་ཅིག་མ་ཡིན་ནོ་ཞེས་པ་འདིར་ཡང་འདྲ་བ་རྟོགས་པ་ཉིད་དོ་ཞེས་བརྗོད་པ་ནི། མི་རྟག་པའི་རང་བཞིན་གྱི་ཞེས་བྱ་བའོ། །གཞན་གྱི་ནི་དངོས་པོ་གཞན་གྱིའོ། ། གལ་ཏེ་འབྲས་བུ་ལས་ནི་འདྲ་བ་རྟོགས་ཀྱི་རང་བཞིན་ལས་ནི་མ་ཡིན་ཏེ། དཔེ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཁ་ཅིག་གོ། །དེ་སྤང་བའི་ཕྱིར་བཤད་པ་ནི་རྗེས་སུ་དཔག་པའི་ཞེས་བྱ་བའོ། །འདས་པ་དང་ད་ལྟར་བའི་བསྒྲུབ་པར་བྱ་བ་རྟོགས་པ་ཡང་རྣམ་པ་དེ་ལྟ་བུའི་རྟགས་ལས་འགྱུར་བ་ན་འདྲ་བར་རྟོགས་པ་ཁོ་ནའོ་ཞེས་ བརྗོད་པ་ནི། ཁྱད་པར་འགའ་ཞིག་གིས་ཞེས་བྱ་བའོ། །ཐལ་བ་ལ་སོགས་པའི་རང་བཞིན་ནི་ཞེས་བྱ་བར་རྗེས་སུ་འཇུག་གོ། །ཇི་ལྟར་ན་གཉི་ག་ཅི་རིགས་པར་གོ་བར་བྱེད་པ་ཡིན་སྙམ་ན། འདི་ལྟར་ཞེས་གསུངས་སོ། །དུ་བ་ལ་སོགས་པའི་དངོས་པོ་གང་ཞིག་ཁྱབ་པའི་དུས་སུ་ལན་ཅིག་ཇི་ལྟར་དེ་རྒྱུ་ཉེ་བར་ གནས་པ་ཅན་ནམ། ཉེ་བར་གནས་པ་ཅན་མ་ཡིན་པར་རྣམ་པ་གང་གིས་མཐོང་བ་དེ་ནི་གཞན་ཚེ། རྗེས་སུ་དཔག་པའི་དུས་དེ་ལྟ་བུར་ཏེ། རང་བཞིན་དེ་གཉིས་ཀྱིས་དྲན་པ་སྟེ། ཉེ་བར་གནས་པའམ་ཉེ་བར་མི་གནས་པའི་རྒྱུ་ཅན་དུ་མི་འཛིན་པའི་རྗེས་སུ་དཔག་པའི་བདག་ཉིད་སད་པར་བྱེད་པའི་རྒྱུ་ཡིན་ནོ། ། དེ་ལྟར་ན་ཞེས་བྱ་བ་ནི་དྲན་པ་སད་པ་ལས་མ་འདས་པར་ཅི་རིགས་པར་ཞེས་བྱ་བ་ནི་གང་དུ་ཇི་ལྟར་རིགས་པ་དེར་སྐྱེས་བུ་དེ་ལྟར་འཇུག་པར་བྱེད་པ་ཡིན་ཏེ། རྣམ་པ་དེ་ལྟ་བུའི་དྲན་པའི་སྟོབས་ཀྱིས་ནི་ཞུགས་པ་ཡིན་ཡང་མི་སླུ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་གཞན་དུ་ཞེས་བྱ་བའོ། །ཁྱབ་པའི་དུས་ས་སྔོན་གྱི་མཐོང་ བ་ལས་གཡོས་ཏེ་དྲན་པ་སྟེ། དུ་བ་ལས་བཟློག་པ་སྦྲང་བུའི་ཚོགས་པ་ལ་ཡང་ཡོད་པའི་ཕྱིར་རོ། །དེའི་ཚེ་ནི་མེའི་རྒྱུན་ཅན་ཉིད་དུ་ངེས་པ་ལས་སྦྲང་བུའི་ཚོགས་པ་ལ་སོགས་པ་དེ་ལྟ་བུ་འཇུག་པ་ཡིན་ཡང་། ལྷག་པར་ཞེན་པར་བྱས་པའི་དངོས་པོ་ལ་མི་སླུ་བ་དང་འབྲེལ་པ་ནི་རྙེད་པར་དཀའ་བ་ཁོ་ནའོ། །འོ་ན་ཇི་ ལྟར་དྲན་པ་ནི་མི་སླུ་བ་དང་འབྲེལ་པར་འགྱུར་ཞེ་ན། མངོན་སུམ་ཞེས་གསུངས་སོ། །དུ་བ་ལ་སོགས་པའི་རྟགས་དྲན་པ་ནི་མངོན་སུམ་དེ་ལ་བརྟེན་པ་མི་སླུ་བ་ཡིན་ནོ། །ཇི་ལྟར་འདི་མི་སླུ་བ་ཡིན་པ་དེ་གཞན་དུ་སྔོན་མཐོང་བའི་མེའི་འབྲས་བུ་ཉིད་གལ་ཏེ་དུ་བ་ལ་སོགས་པ་ལ་རྗེས་སུ་དཔག་པའི་བདག་ཉིད་ཀྱི་ དྲན་པ་སྐྱེ་བ་ཡིན་ན། དེའི་ཚེ་ཚད་མ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་མཐོང་བ་འཁྲུལ་པས་ན། །ཞེས་བྱ་བ་ཆུའི་རྣམ་པ་ཅན་མཐོང་བ་ནི་སྨིག་རྒྱུའི་ཚོགས་ལ་ཡང་ཡོད་པས་ན་ཆུ་ལ་འཁྲུལ་པ་ཡིན་ནོ། །དེས་ན་མཐོང་བ་འཁྲུལ་པས་ན་དེ་བཞིན་ཡིན་ཡང་དེ་མཐོང་བ་བཞིན་ དྲན་པ་ཡིན་ཡང་ཆུ་དྲན་པ་ནི་ཚད་མ་ཡིན་ནོ། །དེ་བཞིན་དུ་བ་ལ་སོགས་པའི་རྟགས་དྲན་པ་ཡང་ཚད་མར་མི་འགྱུར་རོ་ཞེས་བྱ་བར་ཕ་རོལ་གྱིས་བསམས་པའོ། །རང་རིག་པའི་མཐར་ཐུག་པའི་མཐོང་བ་ནི་རང་བཞིན་གཉིས་པས་འཁྲུལ་བ་ནི་མ་ཡིན་གྱི། འོན་ཀྱང་དྲན་པ་རྣམ་པ་གཞན་དུ་གྱུར་པ་ལས་ཡིན་ནོ་ ཞེས་ལན་བརྗོད་པ་ནི། མཐོང་བ་འཁྲུལ་པ་དེ་ཡང་ནི་ཞེས་བྱ་བའོ། །རྣམ་པ་གཞན་དུ་བྱུང་བ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །སྨིག་རྒྱུའི་ཚོགས་པ་མཐོང་བ་ནི་དམིགས་པ་མེད་པ་ཡིན་ཏེ། ལྷག་པར་ཤེས་པར་བྱས་པའི་ཆུ་དམིགས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ན་ཡང་ཚད་མ་ཇི་ལྟར་མ་ ཡིན་སྙམ་ན། དྲན་པ་རྣམ་པ་གཞན་དུ་ཡིན་ཞེས་གསུངས་ཏེ། མཐོང་བ་ཇི་ལྟ་བ་བཞིན་དུ་དྲན་པ་ནི་མ་ཡིན་གྱི་འོན་ཀྱང་འདི་ནི་ཆུའོ་ཞེས་བྱ་བར་ནི། དེས་ན་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེས་ན་མཐོང་བ་དེ་ནི་སྨིག་རྒྱུའི་ཚོགས་ཀྱི་དམིགས་པ་དང་བཅས་པ་སྟེ། དམིགས་པ་དང་བཅས་པ་ཡང་དེ་མཐོང་ བ་དེ་བཞིན་ཏེ་མཐོང་བའི་རྗེས་སུ་འབྲངས་ནས་དྲན་པ་མ་ཡིན་ཏེ། དེས་ན་ཚད་མར་མི་འགྱུར་རོ། །འོན་ཏེ་ཚད་མ་མ་ཡིན་ནོ། །མཐོང་བ་གོ་ཅི་སྟེ་ཚད་མ་ཡིན་ནོ་ཞེ་ན། དྲན་པས་ཞེས་གསུངས་སོ། །མཐོང་བ་བཏང་སྙོམས་སུ་གནས་ཀྱང་དྲན་པ་ཉིད་ཀྱང་ཕྱི་རོལ་གྱི་ཡུལ་ཅན་དུ་རྣམ་པར་གཞག་པ་ཡིན་ནོ། ། ཇི་ལྟ་བ་བཞིན་རྣམ་པར་འཇོག་པའི་དྲན་པ་ནི་ཚད་མ་ཡིན་གྱི་གཞན་དུ་ཚད་མ་མ་ཡིན་ནོ་ཞེས་བརྗོད་པ་ནི་དྲན་པ་དེ་ཡང་ཞེས་བྱ་བའོ། །ཡང་གལ་ཏེ་མཐོང་བ་ཡོད་ཀྱང་གང་གིས་དེ་ཚད་མ་ཡིན་པར་འགྱུར་བ་རྣམ་པ་གཞན་དུ་དྲན་པར་ཇི་ལྟར་འགྱུར་ཞེས་དོགས་ན། དྲན་པ་དེར་ཡང་ཞེས་གསུངས་སོ། །གང་ གི་ཕྱིར་གསལ་བ་མ་ཡིན་པ་ལས་དྲན་པ་རྣམ་པ་གཞན་དུ་མིན་པ་དེའི་ཕྱིར་གསལ་བའི་སྟོབས་ཀྱིས་ནི་དེ་ཉིད་དུ་ཞེས་བྱ་བ་འབྲས་བུ་ཉིད་ལ་སོགས་པར་དམིགས་ཤིང་གཏན་ལ་འབེབས་པའི་འབྲས་བུ་དང་རང་བཞིན་དག་ལས་ནིའོ། །གཞན་དུ་ཞེས་བྱ་བ་ནི་ཉེ་བར་མི་མཐོང་ཞིང་དམིགས་པ་ མེད་པར་ནི་དྲན་པ་འཁྲུལ་པར་འགྱུར་བ་ཡིན་ནོ། །གང་གི་ཕྱིར་མཐོང་བ་རང་ཉིད་ལ་བརྟེན་པའི་ཉེས་པ་མ་ཡིན་པ་དེས་ནའོ། །སླུ་བ་ནི་འཁྲུལ་པའི་ཞེས་བྱ་བའི་མིང་ཅན་ནོ། །གང་གི་ཕྱིར་གཏན་ལ་ཕེབས་པའི་འབྲས་བུ་དང་རང་བཞིན་དག་ལས་མཐོང་བའི་དོན་དྲན་པ་དེའི་ཕྱིར་ཞེས་བྱ་བའོ། །དེ་ཡང་མི་དྲན་པའོ། ། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ཉིད་ཀྱི་ཕྱིར་རོ་ཞེས་བཤད་པ་ནི་ཚེ་ཞེས་བྱ་བའོ། །ཡང་ན་གལ་ཏེ་ཇི་ལྟར་རང་གི་ངོ་བོ་རྟོགས་པ་དེ་བཞིན་དུ་རང་གི་ངོ་བོ་དང་འབྲེལ་པ་ལས་ཀྱང་ཡིན་ནོ། །དེས་ན་རང་གི་འཁྲུལ་པར་འགྱུར་བ་རྗེས་སུ་དཔག་པས་རང་གི་ངོ་བོ་མི་རྟོགས་པར་ཇི་ལྟར་འགྱུར་ཞེ་ན། དེ་ཚེ་ཞེས་ གསུངས་སོ། །འབྲེལ་པ་འཛིན་པའི་དུས་སུ་མཐོང་བ་དང་འདྲ་བར་རྗེས་སུ་དཔག་པར་བྱ་བའི་གོ་བར་བྱེད་པ་ཡིན་ལ་གོ་བར་བྱ་བ་ཡང་ཡིན་གྱི། དེའི་དུས་སུ་དེས་འདི་ཁྱབ་པ་ཡིན་ནོ་ཞེས་བྱ་བ་ནི་མ་ཡིན་ཏེ། དེས་ནི་གོ་བྱེད་རྗེས་སུ་འགྲོ་བ་དེ་དང་འདྲ་བར་དེའི་སྤྱིའི་ངོ་བོ་ཉིད་དུ་རྟོགས་ཀྱི། རང་གི་ངོ་བོ་ཉིད་ཀྱི་ནི་ མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ན་སྤྱིའི་གང་ཞིག་གོ་བར་བྱེད་པའི་རྗེས་སུ་དཔག་པ་འགྲོ་བའི་བྱེད་པ་དེས་རྟོགས་པར་བྱ་བ་ལྐོག་ཏུ་གྱུར་པའི་དོན་རྟོགས་སོ། །ལུང་དང་དོན་གྱི་གོ་བ་ལ་སོགས་པ་འབྲེལ་པ་འཛིན་པ་ལ་མི་ལྟོས་པ་དག་ནི་རང་གི་ངོ་བོས་ལམ་དེ་ལྟ་མ་ཡིན་པར་ཡང་གོ་བར་བྱེད་པ་མ་ཡིན་ནོ་ཞེས་གསུངས་ པ་ནི་དེས་ན་ཞེས་བྱ་བའོ། །ཡང་ཅིའི་ཕྱིར་ཁྱད་པར་དུ་མི་རྟོགས་སྙམ་ན། གོ་བར་བྱ་བ་མི་རྟོགས་པ་ནི་ཞེས་གསུངས་སོ། །དེ་ལས་ཅིར་འགྱུར་ཞེ་ན། གོ་བར་བྱེད་པ་དེ་ཡང་ཞེས་གསུངས་སོ། །དེ་ཞེས་བྱ་བ་གོ་བར་བྱེད་པ་ལ་གནས་པའི་ཁྱད་པར་རོ། །གལ་ཏེ་དེ་ལྟ་ན་ཡང་ཅིའི་ཕྱིར་ཁྱད་པར་མི་རྟོགས་སྙམ་ན། གོ་བར་བྱེད་པའི་སྤྱིའི་ནི་གོ་བར་བྱ་བའི་ཁྱད་པར་ལམ་ངེས་པ་ཡིན་ཞེས་བརྗོད་པ་ནི་དུ་བ་ལ་སོགས་པའི་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་ཐམས་ཅད་ལ་མཐོང་བའི་ཕྱིར་རོ། །དེ་ལས་ནི་དུ་བ་ལ་སོགས་པའི་སྤྱི་ལས་སོ། །ཁྱད་པར་ནི་རྩྭ་ལས་བྱུང་བ་དང་ལོ་མ་ལས་བྱུང་བ་ལ་སོགས་པའོ། །ཁྱད་པར་ཞེས་བྱ་བ་ ནི་དོགས་པ་སྟེ། རྟགས་ཀྱིའོ། །རྟོགས་སོ་ཞེས་བྱ་བ་ནི་ཁྱད་པར་ཉིད་དོ། །ཁྱད་པར་ཉེ་བར་མཚོན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ནང་ཚན་གྱི་ཞེས་གསུངས་སོ། །འགའ་ཞིག་གིས་ཞེས་བྱ་བ་ལ་སོགས་པས་རྟོགས་པ་པོའི་ཁྱད་པར་ལ་ལྟོས་ཏེ་ཁྱད་པར་ཉེ་བར་མཚོན་པར་དོགས་པ་བསུ་ནས་ཤིན་ཏུ་ཁྱད་པར་ གྱུར་པ་ནི་མཚོན་པར་བྱེད་མི་ནུས་སོ། །ཞེས་བརྗོད་པ་ནི། མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་ཙནྡན་གྱི་དུ་བ་ལས་ཙནྡན་གྱི་རྟོགས་པ་ནི་ཁོ་ན་མ་ཡིན་ནམ་དེས་ན་ཇི་ལྟར་ཁྱད་པར་མཚོན་པར་མི་ནུས་པ་ཞེ་ན། ཁྱད་པར་ཉེ་བར་ཞེས་གསུངས་སོ། །དེར་ནི་རྟགས་ལའོ། །ཙནྡན་གྱི་དུ་བ་ལ་རིགས་མཐུན་པ་དང་མི་ མཐུན་པ་མ་ལུས་པ་ལས་ལྡོག་པའི་རང་བཞིན་གོ་བར་བྱེད་པ་མ་ཡིན་ཏེ། མཚོན་པར་མི་ནུས་པའི་ཕྱིར་རོ། །འོན་ཀྱང་ནང་གི་སྤྱིའི་རང་བཞིན་དང་ཁྱད་པར་གྱི་བདག་ཉིད་ཀྱི་ཉེ་བར་མཚོན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་སྲིད་པ་དེ་ཙམ་ཞིག་ཅེས་གསུངས་སོ། །རྣམ་པ་ཐམས་ཅད་རྟོགས་པ་ནི་རྟགས་ཀྱི་གང་ ཡིན་པ་ཞེས་བྱ་བ་ནི་སྐྱེས་བུ་ཁྱད་པར་ཅན་ནོ། །དེ་ནི་རྗེས་སུ་དཔག་པའོ། །གལ་ཏེ་ལྐོག་ཏུ་གྱུར་པ་ཡང་སྤྱི་མཐོང་བའི་རྗེས་སུ་དཔག་པ་ལས་ཁྱད་པར་གྱི་རང་བཞིན་དུ་རྟོགས་པ་ཡོད་པ་ཡིན་ནམ་ཞེས་དོགས་པ་ནི་ཁྱད་པར་མཐོང་བ་ལས་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །འདི་ཉིད་ཅེས་བྱ་བ་ནི་ལྐོག་ ཏུ་གྱུར་པ་གོ་བར་བྱེད་པ་ཉིད་དུ་རྗེས་སུ་འགྲོ་བ་སྤྱིའི་རང་བཞིན་དུ་རྟོགས་པ་ཉིད་ནའོ། །ཡང་ན་ལྐོག་ཏུ་གྱུར་པ་ནི་གོ་བར་བྱེད་པའི་རྗེས་སུ་འགྲོ་བ་སྤྱིའི་རང་བཞིན་དུ་རྟོགས་པར་འགྱུར་མོད། དེ་ལྟ་ན་ཡང་དེ་རྗེས་སུ་དཔག་པ་ཇི་ལྟར་ཡིན་ཞེས་དོགས་ན། ཚུལ་གསུམ་པའི་རྟགས་ལས་སྐྱེས་པ་ནི་རྗེས་སུ་དཔག་པ་ ཁོ་ན་ཡིན་ཏེ། གཞན་གྱི་གོ་བར་བྱེད་པ་ཉིད་དུ་ནི་མི་འཐད་པའི་ཕྱིར་རོ་ཞེས་བརྗོད་པ་ནི། འབྲེལ་པ་ཅན་གྱི་ཞེས་བྱ་བའོ། །འབྲེལ་པ་ཅན་སྒྲུབ་པར་བྱེད་པ་དང་། ཆོས་ཅན་དག་དང་ངོ་། །གང་གི་ཕྱིར་ལྐོག་ཏུ་གྱུར་པའི་རིགས་པ་མཐའ་དག་ནི་རྗེས་སུ་དཔག་པ་ཁོ་ན་ཡིན་པ་དེས་ན་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲུབ་པར་ བྱེད་པ་ནི་གཅིག་ཁོ་ནར་ངེས་པ་ཡིན་ཏེ། ལུང་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཅིག་ཁོ་ན་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་སྙམ་ན། མཚན་ཉིད་གཞན་ཞེས་གསུངས་སོ། །གལ་ཏེ་གཞལ་བྱ་གཞན་གྱི་ཞེས་བྱ་བ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་མཐོ་རིས་ལ་སོགས་པའི་སྒྲུབ་པར་བྱེད་པའི་ ཡུལ་ཅན་གཞལ་བྱ་གཞན་གང་ལ་ཡོད་པ་དེ་ནི་ཚད་མ་ཡིན་ཏེ། ལུང་ཡིན་ནོ། །དེ་ལྟ་མ་ཡིན་ན་གསུམ་པ་ལ་མི་འཇུག་པར་འགྱུར་རོ། །དེས་ན་མཚན་མ་གཉིས་སུ་ངེས་པ་མི་འགྲུབ་པོ་ཞེས་བྱ་བ་ནི་རྩོད་པའི་དོན་ཏོ། །ལན་འདེབས་པ་ནི་འདེབས་པ་ཞེས་བྱ་བ་ནི། ལུང་ཡང་གཙོ་བོའི་དོན་ ལ་མི་སླུ་བ་ཉིད་ཀྱིས་ཐམས་ཅད་མཁྱེན་པ་འགྲུབ་པ་དང་མཐུན་པའི་ཕྱིར་རྗེས་སུ་དཔག་པའི་རྒྱུ་ཉིད་ཀྱིས་རྗེས་སུ་དཔག་པ་ཁོ་ནའོ། །མཐོ་རིས་ཀྱི་སྒྲུབ་པར་བྱེད་པ་ལ་སོགས་པ་ནི་ལུང་ཚད་མ་ཡིན་ཏེ། ཡུལ་གཉིས་རྣམ་པར་དག་པས་ན་དོན་ལ་ལྷུར་ཕྱོགས་པའི་ཐེ་ཚོམ་གྱིས་འཇུག་པ་ཡིན་ནོ་ཞེས་དགོངས་པ་ ཡིན་ནོ། །གཞལ་བྱ་ནི་ཚད་མ་འགྲུབ་པའི་རྒྱུ་མཚན་མ་ཡིན་ཏེ། བཟློག་པ་ཡིན་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ཚད་མ་ཡང་རང་རིག་པའི་མངོན་སུམ་གྱིས་གྲུབ་པ་ཁོ་ན་སྒྲུབ་པར་བྱེད་པར་འགྱུར་བ་ཡིན་ནོ་ཞེས་བཤད་པ་ནི་ཚད་མའི་རང་གི་ངོ་བོ་ནི་ཞེས་བྱ་བའོ། །གལ་ ཏེ་གཞལ་བྱ་གཉིས་ལས་ཚད་མ་གཉིས་སུ་ལས་བརྗོད་པ་མ་ཡིན་ནམ། དེ་ནི་ཇི་ལྟར་ཤེས་པའི་རྣམ་པ་ཐ་དད་པ་ལས་ཡིན་པར་བརྗོད་ཅེ་ན། རང་རིག་པ་ནི་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་འོ་ན་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་འདིའི་དོན་ཅི་ཡིན་ཞེ་ན། བཤད་པ་ནི་གཞལ་བྱ་གཉིས་ཕྱིར་ཞེས་བྱ་བ་ ནི་ཞེས་གསུངས་སོ། །དོན་དུ་ལྷག་པར་མོས་པའི་ཡུལ་གྱི་རྣམ་པ་གཉིས་སྒྲུབ་པའི་དོན་དུ་དེ་སྐད་བརྗོད་པ་ཡིན་ནོ། །གལ་ཏེ་གཞལ་བྱ་གཅིག་ཁོ་ནའམ། ཡང་ན་སྤྱི་དང་རང་གི་མཚན་ཉིད་དང་གཉི་ག་ཞེས་བྱ་བ་གསུམ་མ་ཡིན་ནམ། དེས་ན་མངོན་པར་འདོད་པ་ཇི་ལྟར་འགྲུབ་སྙམ་ན། རང་གི་རྣམ་པ་ ཞེས་གསུངས་སོ། །གཅིག་ཅེས་བྱ་བ་ནི་རང་གི་མཚན་ཉིད་དམ་སྤྱིའི་མཚན་ཉིད་གཅིག་ཁོ་ནའོ། །གསུམ་པ་ལ་སོགས་པ་ཞེས་བྱ་བའི་སྒྲས་ནི་གཉི་ག་མ་ཡིན་པའོ། །དེ་ལྟར་ཚད་མ་གཉིས་ཞེས་བྱ་བ་ལ་སོགས་པས་མཚན་ཉིད་མི་མཐུན་པའི་རྣམ་པ་གཉིས་ཉམས་སུ་མྱོང་བ་ལས་ཉམས་སུ་མྱོང་བ་ རྣམ་པར་ཕྱེ་བ་གཉིས་ཡིན་གྱི། གཅིག་མ་ཡིན་ལ་གཞན་ཡང་མ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ད་ནི་གཞལ་བྱ་གཉིས་པོ་འདི་ནི་རྣམ་པར་བྱེད་པ་ཁོ་ན་ཡིན་གྱི། གཉི་གའི་བདག་ཉིད་གཅིག་ཡོད་པ་ནི་མ་ཡིན་ནོ། །གང་གི་དེའི་ཡུལ་ཅན་རྣམ་པ་གསུམ་པར་འགྱུར་དེ་བཞིན་གང་གིས་གཅིག་ཁོ་ན་ཚད་ མར་འགྱུར་བ་རང་གི་མཚན་ཉིད་གཅིག་ཁོ་ན་ཡང་མ་ཡིན་ནོ། །དེ་ལྟར་ན་གསུམ་མམ་གཅིག་ཉིད་ནི་གཞལ་བྱ་གཉིས་ཀྱིས་འགོག་པར་བྱེད་དོ་ཞེས་གསུངས་སོ། །གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར་ཞེས་བྱ་བའོ། །སྔར་ནི་གཞལ་བྱ་གཞན་མེད་པའི་ཕྱིར། གསུམ་པ་ལ་སོགས་པ་མ་ ཡིན་ནོ་ཞེས་བརྗོད་པ་མ་ཡིན་ལ། ད་ནི་གཞན་མེད་ཀྱང་གཉིས་པོ་དེ་གཅིག་ཏུ་གྱུར་པའི་གསུམ་ལས་འཕེན་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁྱད་པར་ཡིན་ནོ། །རྣམ་པར་བཤད་པ་ཡང་ཁོ་ན་ལྟར་བཤད་པར་བྱའོ། །གལ་ཏེ་རང་གི་མཚན་ཉིད་གཅིག་ཁོ་ན་སྤྱི་དང་ཁྱད་པར་གྱི་རང་བཞིན་གྱིས་རྟོགས་པ་ ཡུལ་བཞིན་པའི་ཕྱིར་ན། གཞལ་བྱ་གཉིས་པ་མེད་པ་མ་ཡིན་ནམ་ཞེས་དོགས་པ་ནི་འོན་ཏེ་ཞེས་བྱ་བའོ། །སྤྱི་མེད་པར་ནི་ལོགས་ཤིག་ཏུ་གཞལ་བྱ་མ་ཡིན་པའི་ཕྱིར་ན་རང་གི་མཚན་ཉིད་གཅིག་ཁོ་ན་རྣམ་པ་གཉིས་ཀྱིས་རྟོགས་པར་བྱེད་པ་ཡིན་ནོ་ཞེས་ལན་བརྗོད་པ་ནི་ཁོ་ནའང་འདོད་ཅེས་བྱ་བའོ། ། དེ་ཡང་ཞེས་བྱ་བ་ནི་རང་གི་མཚན་ཉིད་ལས་གཞན་འོ་ན་ཅི་ལྟར་གཞལ་བྱ་གཉིས་ཡིན་ཞེ་ན། དེ་ཉིད་ཅེས་གསུངས་སོ། །མེད་པ་ཞེས་བྱ་བའི་གཏན་ཚིགས་ནི་གཞལ་བྱ་མ་ཡིན་པ་བསྒྲུབ་པར་བྱ་བ་མ་ངེས་པ་ཡིན་ཏེ། མེད་པའི་གཞལ་བྱ་ཡོད་པའི་ཕྱིར་རོ་ཞེས་བརྗོད་པ་ནི་གཞན་ཡང་ཞེས་བྱ་བའོ། །དངོས་ པོ་ཡང་ཡིན་པར་རང་བཞིན་གྱིས་མེད་པར་ནི་གཞན་གྱི་ལྟར་ན་གཞལ་བྱ་ཡིན་ནོ་ཞེས་བརྗོད་པ་ནི། སྤྱིའི་ཡུལ་ཅན་གྱི་རྗེས་དཔག་ཚད་མ་ཡིན་མོད། མེད་པ་ངེས་པའི་རང་བཞིན་ནི་ཚད་མ་གཉིས་པར་འགྱུར་རོ། །དེ་ནི་རྗེས་སུ་དཔག་པའམ་གཞན་ཡིན་ན་ཡང་རུང་སྟེ་ཁྱད་པར་མེད་དོ་ཞེས་བརྗོད་པ་ནི་དེ་ལ་ ཚད་མ་ཞེས་བྱ་བའོ། །གལ་ཏེ་དབང་པོ་ནི་ཡོད་པ་གསལ་བར་བྱེད་པ་ཡིན་པས་དེའི་ཁྱད་པར་མེད་པ་ཡང་གསལ་བར་བྱེད་པ་ཡིན་ཏེ། དབང་པོ་བྱེད་པ་དང་ལྡན་པས་དེ་རྟོགས་པར་མཐོང་བའི་ཕྱིར་རོ་ཞེས་དོགས་པ་མེད་པ། དབང་སྐྱེས་ཞེས་གསུངས་སོ། །དེ་ལས་རྣམ་པར་དབྱེ་བ་མཐོང་བས་དེ་དྲན་པ་དེ་མེད་པར་ ངེས་པས་བྱུང་བས་ན་བདག་ཉིད་སྐྱེ་བ་ནི་དབང་པོ་ལ་ལྟོས་པ་མ་ཡིན་ནོ། །གལ་ཏེ་དྲན་པ་དེ་མེད་པར་ངེས་པས་བྱུང་བས་ན་བདག་ཉིད་སྐྱེ་བ་ནི་དབང་པོ་ལ་ལྟོས་པ་མ་ཡིན་ནོ། །གལ་ཏེ་དྲན་པ་ལ་སོགས་པར་བསྒྲུབས་པའི་དབང་པོ་མེད་པར་ཤེས་པའི་རྒྱུ་མ་ཡིན་ནམ་ཞེ་ན། དོན་གྱི་སྟོབས་ལ་ཞེས་གསུངས་སོ། །དོན་ ཉེ་བ་དང་མི་ཉེ་བ་དག་ལས་ཤེས་པའི་སྣང་བ་ཐ་དད་པ་དང་ལྡན་པ་ནི་དེས་སྐྱེས་པ་ཡིན་ན། དངོས་པོ་ཉེ་བ་དང་མི་ཉེ་བ་དག་ལས་མི་སྣང་བ་ཐ་དད་པ་མ་ཡིན་ཏེ། ཁྱད་པར་མེད་པར་དམིགས་པའི་ཕྱིར་རོ། །འོན་ཏེ་དོན་གྱིས་སྐྱེད་པར་བྱེད་པ་ཉིད་ནི་དམིགས་པ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ལ། དེ་ནི་དངོས་པོ་མེད་པ་ལ་ཡང་ཁྱད་པར་མེད་དོ་སྙམ་པ་དོན་གྱི་ནུས་པས་ཞེས་བྱ་བའོ། །ཉེ་བ་དང་མི་ཉེ་བ་དག་ལས་སྣང་བ་ཐ་དད་པ་ལ་མི་ལྟོས་པར་དེ་དམིགས་པ་ཙམ་གྱིས་དོན་སྐྱེད་པར་བྱེད་པ་ཉིད་ཡིན་ན་ནི། དུ་བས་མེ་རྟོགས་པ་ལ་ཡུལ་དང་ཐལ་བ་ལས་མེ་རྟོགས་ན་དུས་ཀྱིས་བར་ཆོད་པ་དང་། སོགས་པའི་སྒྲ་ རྟགས་རགས་མོས་ཕྲ་མོ་ཤེས་པ་ན། རང་བཞིན་གྱིས་བསྐལ་པ་ཡིན་ཡང་དབང་བསྐྱེད་པ་ཉིད་ཡོད་པར་འགྱུར་རོ། །དེའི་ཚེ་ནི་དབང་པོའི་བྱེད་པས་ཡོད་པ་མ་ཡིན་ནོ། །དེ་ལ་དབང་པོ་གཞན་དུ་ཞུགས་པ་ཡིན་ན་འདི་ཡང་ཅི་སྟེ་མི་འདོད། ཉེ་བ་དང་རིང་བ་དང་ལས་སྣང་བ་ཐ་དད་པ་མེད་པ་ནི་དེས་མ་བསྐྱེད་པའི་ གཏན་ཚིགས་འདིར་ཁྱད་པར་ཡོད་པ་མ་ཡིན་ནོ། །ཡང་ན་གལ་ཏེ་དབང་པོ་ལས་མེད་པ་ངེས་པ་ན་དེ་ཇི་ལྟར་ཚད་མ་གཞན་ཡིན་ཞེ་ན། མེད་ལ་དབང་བསྐྱེད་བློ་མིན་ཏེ། །ཞེས་གསུངས་སོ། །འདི་ག་ལས་སྙམ་ན། དོན་གྱི་ནི་ཞེས་གསུངས་སོ། །གལ་ཏེ་དབང་པོའི་ཤེས་པ་དོན་གྱི་ནུས་པ་ལ་མི་ལྟོས་ན་དེའི་ ཚེ་དུ་བ་ལས་མེ་རྟོགས་པ་ན་ཞེས་བྱ་བ་ལ་སོགས་པ་སྔ་མ་བཞིན་ནོ། །དེ་ལ་ནི་ཞེས་བྱ་བ་ནི་དབང་པོའི་རྣམ་པར་ཤེས་པ་ལའོ། །གལ་ཏེ་རོ་ལ་སོགས་པ་བཞིན་དུ་མེད་པ་ལས་ཡང་དབང་པོའི་བྱེད་པ་ཡོད་པ་ཉིད་མ་ཡིན་ནམ་དངོས་པོའི་ཁྱད་པར་དུ་འཛིན་པའི་ཕྱིར་རོ་ཞེས་དོགས་ན། དེ་འདི་ཉིད་ན་ཞེས་གསུངས་ཏེ། བུམ་ པ་ལ་སོགས་པ་སྟེ་ཡུལ་འདི་ནའོ། །དེའི་ནི་བུམ་པ་ལ་སོགས་པའིའོ། །མེད་ཀྱང་དབང་པོའི་སྤྱོད་ཡུལ་ཡིན་ན་ཅི་སྐྱོན་སྙམ་ན། ཆོས་ཀྱང་ཞེས་གསུངས་སོ། །རྣམ་པར་འཇིག་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་འཇིག་པ་ཉིད་དུ་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་གང་ལ་འདི་མེད་པ་དེ་ནི་ཁྱད་ པར་ཅན་དུ་མངོན་སུམ་གྱི་ཡུལ་དུ་གྱུར་པ་མ་ཡིན་ཏེ། འོན་ཀྱང་གང་ཞིག་ཡུལ་ལ་སོགས་པ་ཉེ་བར་འགྱུར་བ་བུམ་པ་ལ་སོགས་པས་དབེན་པའོ། །དེས་ན་ཆོད་པ་རྟོགས་པར་འགྱུར་བའི་ཉེས་པ་མེད་དོ་ཞེས་བརྗོད་པ་ནི། འོན་ཏེ་ཞེས་བྱ་བའོ། །དབེན་པ་ཞེས་བྱ་བ་འདི་ཅི་ཞིག་ཅེས་བྱ་བ་ལ་སོགས་པ་ནི་དངོས་པོ་ མེད་པ་ངེས་པ་དབང་པོས་བསྐྱེད་པ་མ་ཡིན་པ་ཉིད་ཀྱིས་རྒྱས་པར་སྟོན་པའོ། །འོ་ན་རིག་པ་ལས་ཞེས་བྱ་བ་ནི་མངོན་སུམ་ལས་ནི་མ་ཡིན་པའོ། །གལ་ཏེ་རིག་པ་ཉིད་མི་སྣང་བ་ལ་ལྟོས་ནས་རིག་པ་མེད་པ་ཡིན་ཏེ། དེས་ན་མངོན་སུམ་ཉིད་ལས་དངོས་པོ་མེད་པ་སེལ་བ་ཡིན་ནོ་ཞེས་རྩོད་པ་ནི། དེ་ལས་གཞན་ཞེས་བྱ་བ་ ནི། གང་ལ་ལྟོས་ནས་དེ་བཞིན་དུ་འགྱུར་བ་སྣང་བཞིན་པ་ནི་གཞན་དུ་འགྱུར་བ་མ་ཡིན་ནོ་ཞེས་ལན་བརྗོད་པ་ནི་དེ་མ་རིག་པ་ཞེས་བྱ་བའོ། །དེ་སྔར་ཞེས་བྱ་བ་ནི་དགོས་པ་སྟེ། དགག་པར་བྱ་བ་བུམ་པ་ལ་སོགས་པ་དེ། བུམ་པ་དང་བཅས་པའི་ས་ཕྱོགས་ཀྱི་དུས་སུའོ། །དེའི་ཚེ་ཞེས་བྱ་བ་ནི་ལན་ཏེ། ས་ཕྱོགས་ འགའ་ཞིག་དམིགས་པའི་དུས་དེའི་ཚེ་དགག་པར་བྱ་བ་དེའོ། །ཇི་ལྟར་བུམ་པ་ལ་སོགས་པ་དང་འབྲེལ་པ་ཉིད་ཀྱིས་ཁྱད་པར་དང་བཅས་པའི་མེད་པར་རྟོགས་ཏེ། མི་རྟོགས་པ་ཉིད་དེ་དེའི་ཕྱིར་ཞེས་བྱ་བའོ། །དབང་པོའི་བྱེད་པ་ལས་འདས་པའི་ཕྱིར་རོ། །དེས་ན་ཞེས་བྱ་བ་ནི་དབང་པོ་སྐྱེད་པ་ལས་ཡིན་པས་ ནའོ། །མངོན་སུམ་ཉིད་ལྡོག་པ་ལས་དེ་མེད་པ་ལས་མེད་པར་ངེས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། རང་ལོག་པ་ན་དངོས་པོ་མེད་པ་ངེས་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་རྗེས་སུ་བརྗོད་པའོ། །ལན་ནི་འགལ་བའམ་ཞེས་བྱ་བ་ནི་གནོད་པའོ། །འོན་ཀྱང་དངོས་པོ་མེད་པར་འགྱུར་བའི་ལྡོག་པས་ནི་ཡོད་པ་ བཞིན་དུ་མེད་པ་ལ་ངེས་པར་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཡང་མངོན་སུམ་ལྡོག་པ་ནི་དངོས་པོ་མེད་པར་ངེས་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་དེ་བཏང་བའི་རང་བཞིན་གྱི་ལྡོག་པས་ཡིན་ནོ་སྙམ་ན། ལྡོག་པ་ལས་མེད་པ་ངེས་པར་སྨྲ་བས་རྗེས་སུ་དཔག་པ་ཁས་བླངས་པ་ཉིད་དོ་ ཞེས་བརྗོད་པ་ནི། དེ་ཉིད་ཅེས་བྱ་བའོ། །ཇི་ལྟར་ན་འདི་འགལ་བ་ཡིན་སྙམ་ན། མངོན་སུམ་ཉིད་ཅེས་བྱ་བའོ། །ཇི་ལྟར་ན་རིག་པ་མེད་པ་དངོས་པོ་མེད་པར་ངེས་པའི་རྒྱུ་མ་ཡིན་ཞེ་ན། འདི་སྨྲ་བ་པོ་དག་ཅེས་གསུངས་སོ། །མ་ངེས་པའི་ཕྱིར་ཡང་ངེས་པའི་རྒྱུ་མ་ཡིན་ནོ་ཞེས་བརྗོད་པ་ནི། དེས་ན་མེད་ པའི་རྒྱུ་རིག་པ་མེད་པ་ལས་ཞེས་བྱ་བའོ། །འོན་ཏེ་ཉེས་པ་འདི་གསལ་བའི་དོན་དུ་གཞན་དག་བརྒྱ་ལ་སྣང་བ་མི་དམིགས་པར་ཁས་ལེན་ན་དེས་ན་སྣང་བ་མི་དམིགས་པ་ལས་མེད་པར་ངེས་པར་རྟོག་པ་ནི་འོན་ཏེ་ཞེས་བྱ་བའོ། །སྣང་བ་མི་དམིགས་པ་ཁས་ལེན་ན་རང་གི་གཞུང་མི་འགྲུབ་པོ་ཞེས་ལན་འདེབས་པ་ ནི། འོ་ན་ནི་ཞེས་བྱ་བའོ། །གཞན་ཡང་དེ་ལྟ་ན་ནི་རྗེས་སུ་དཔག་པ་ཁས་བླངས་པར་ཡང་འགྱུར་རོ་ཞེས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལས་ཞེས་བྱ་བ་ནི་ཡོད་པའི་ལས་སོ། །དེ་བས་ན་ཞེས་ཁོང་ནས་ཕྱུང་ལ། རྗེས་སུ་དཔག་པའི་ཞེས་སྦྱར་རོ། །གལ་ཏེ་དེ་ལྟ་ན་རྗེས་སུ་དཔག་ པ་ཐམས་ཅད་ཁས་བླངས་པ་ཇི་ལྟ་བར་འགྱུར་ཞེ་ན། འདིས་ནི་ཞེས་གསུངས་ཏེ། དེ་ཉིད་ལྡོག་པ་དང་ཞེས་བྱ་བ་ལ་སོགས་པས་སོ། །གལ་ཏེ་གཞན་གྱི་སེམས་ཡོད་དོ་ཞེས་ག་ལས་ཤེས་ཞེས་དོགས་ན། སྨྲ་སོགས་ལ་ནི་ཞེས་གསུངས་སོ། །དེའི་ངོ་བོ་ཡང་ངེས་པར་གྲུབ་ཅེས་བྱ་བ་ནི་གཞན་གྱི་སེམས་ ངེས་པར་གྲུབ་པའོ། །གཞན་ཏེ་གཞན་གྱི་སེམས་མངོན་སུམ་ཉིད་ལས་གྲུབ་པ་མ་ཡིན་ནམ། དེས་ན་རྗེས་སུ་དཔག་པ་ཁས་བླངས་པས་ཅི་བྱ་སྙམ་ན། གཞན་གྱི་སེམས་ནི་ཞེས་གསུངས་སོ། །ཇི་ལྟར་མི་འགྲུབ་སྙམ་ན། གཞན་གྱི་སེམས་ཡོད་པ་ཡིན་ནམ་ཞེས་བྱ་བའོ། །དེའི་རྣམ་པར་ཞེས་ གསུངས་སོ། །དེ་ལྟར་རྟོགས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་མངོན་སུམ་ཉིད་དོ། །གཞན་གྱི་སེམས་ནི་དེ་ལྟར་རྟོགས་པ་ཡང་མ་ཡིན་ན། དེའི་ཕྱིར་དེ་ནི་ཐ་སྙད་པ་རྣམས་ཀྱིས་རྗེས་སུ་དཔག་པ་ཁོ་ན་ལས་རྟོགས་པ་ཡིན་ནོ། །གལ་ཏེ་གཞན་གྱི་སེམས་ཙམ་ངེས་ཀྱང་ཞེ་སྡང་ལ་སོགས་པའི་ཁྱད་པར་ཇི་ ལྟར་ངེས་ཤེ་ན། སྣང་བ་ལ་སོགས་པ་ནི་ཞེས་བྱ་བའོ། །ད་ནི་ཕྱེད་ཕྱི་མ་ཞེས་བཤད་པའི་དོན་དུ་དོགས་པ་བསུ་བ་ནས། སྡང་བ་ལ་སོགས་པ་ནི་ཞེས་བྱ་བའོ། །གལ་ཏེ་རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བ་སྟེ། རྣམ་པ་གང་ཡང་རུང་བས་སོ། །ལེན་ནི་བརྗོད་པ་ལ་སོགས་པའི་ཞེས་བྱ་བའོ། །དེ་དང་ རྗེས་སུ་མཐུན་པ་ཞེས་བྱ་བ་ནི་ཚད་མས་གྲུབ་པའི་སེམས་པ་དང་རྗེས་སུ་མཐུན་པའིའོ། །ཇི་ལྟར་རུང་བ་ཞེས་བྱ་བ་ནི་དོགས་པའོ། །འཇུག་པ་ཞེས་བྱ་བ་ནི་བརྗོད་པ་ལ་སོགས་པའི་མཚན་ཉིད་དོ། །ཚད་མ་མེད་པ་ཉིད་འཇུག་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དཔྱད་ནས་ཞེས་གསུངས་ སོ། །ཐབས་གཞན་ཞེས་བྱ་བ་ནི་དོགས་པ་སྟེ། བརྗོད་པ་ལ་སོགས་པ་ལ་གཞན་ནོ། །ལན་ནི་ཐབས་ཞེས་བྱ་བའོ། །ངེས་པ་ནི་མི་དམིགས་པའི་རྟགས་ཀྱིས་བསྐྱེད་པའོ། །འདི་ཇི་ལྟར་ཚད་མ་ཡིན་ཞེ་ན། དེ་ཡང་ཞེས་གསུངས་སོ། །གཞན་གྱིས་ཞེས་བྱ་བ་ནི་འཇིག་རྟེན་རྒྱང་འཕེན་པའི་ དགོས་པའོ། །དེ་སྐད་ཅེས་བྱ་བ་ནི་གཞན་གྱི་སེམས་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་ལས་ཀྱི་དོན་ནི་འདི་ཡིན་ཏེ། གཞན་གྱིས་ཁས་བླངས་པ་ནི་གཞན་ཁོ་ན་རྟོགས་པར་བྱ་བ་ཡིན་གྱི་བདག་ཉིད་ནི་མ་ཡིན་ན། རང་ཉིད་གོ་ཇི་ལྟར་གཞན་གྱི་ སེམས་རྟོགས་པར་བྱེད། གཞན་གྱི་སེམས་མ་རྟོགས་ན་ཡང་ཇི་ལྟར་གཞན་གྱི་དོན་དུ་བསྟན་བཅོས་བྱེད་པར་འགྱུར་ཞེས་བྱ་བའོ། །རེ་ཞིག་རྟེན་གཞན་ཞེས་བྱ་བ་ནི་རྩོད་པའོ། །རྗེས་སུ་དཔག་པ་དོར་ནས་ནི་གཞན་གྱི་སེམས་པ་རྟོགས་པ་ལ་ཐབས་གཞན་ལ་མཐོང་སྟེ། ཐབས་གཞན་མེད་པ་དེས་ ན་དེ་ལྟར་ཞེས་བྱ་བ་རྗེས་སུ་དཔག་པ་ལ་སེམས་པ་ངེས་པར་བྱས་ནས་བདག་བསྟན་བཅོས་བྱེད་པ་ལ་སོགས་པ་ལ་འཇུག་པ་ཡིན་ནོ། །ལན་ནི་འཇིག་རྟེན་ཕ་རོལ་ཡང་ཞེས་བྱ་བའོ། །ཇི་ལྟར་རྟེན་གཞན་མེད་པས་བརྗོད་པ་ལ་སོགས་པའི་རྟགས་ལས་དེའི་སེམས་རྟོགས་པ་དེ་བཞིན་དུ་རྟགས་ གཞན་ལས་འཇིག་རྟེན་ཕ་རོལ་ཡང་དཔོགས་ཤིང་། འཇིག་རྟེན་ཕ་རོལ་ཡང་ཞེས་བྱ་བ་ནི་དགོས་པའོ། །དེར་ཡང་ནི་འཇིག་རྟེན་ཕ་རོལ་ལའོ། །དེ་ལྟར་ཞེས་བྱ་བ་ནི་ལན་ཏེ། འཇིག་རྟེན་ཕ་རོལ་དོར་བ་དང་ད་ལྟར་རོ། །འདི་ལས་ཞེས་བྱ་བ་ནི་འདི་ཚད་མ་ཅན་མ་ཡིན་ཏེ། འདི་ལས་ཁྱབ་པ་འཛིན་པའི་ཚད་ མ་འགལ་བ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སུན་འབྱིན་པ་གཞན་ཡང་བརྗོད་བཞེད། རྣམ་པར་རྟོག་པ་མཛད་པ་ནི་འཚོ་བ་དོན་དུ་གཉེར་བ་ཡང་ཞེས་བྱ་བ་ནི། དེ་ལས་ཞེས་བྱ་བ་ནི་རིམ་བཞིན་སེལ་བའོ། །རྣམ་པར་རྟོག་པ་གཉིས་བཟློག་ནས་ཕྱོགས་གཞན་དགོས་པར་བྱེད་པ་ནི་མ་འོངས་པའི་ ཞེས་བྱ་བའོ། །འོ་ན་ནི་ཞེས་བྱ་བ་ནི་ལན་འདེབས་པ་ནི་འདིས་ཞེས་བྱ་བ་ནི་གཞན་གྱི་སེམས་ངེས་པས་སོ། །གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཐབས་མེད་པར་རོ། །རྗེས་སུ་འགྲོ་བ་དང་ལྡོག་པ་དག་ལས་ཞེས་བྱ་བ་ནི་ཐབས་ཀྱི་རྗེས་སུ་འགྲོ་བ་དང་རྗེས་སུ་བྱེད་པའི་འཚོ་བའོ། །འདིས་ནི་འཇིག་རྟེན་རྒྱང་འཕེན་ པས་མ་འོངས་པའི་རྒྱུ་རྗེས་སུ་དཔོག་པ་ཁས་བླངས་པར་འགྱུར་རོ་ཞེས་བརྗོད་པ་ཡིན་ནོ། །ཇི་ལྟར་རུང་བ་ཞེས་བྱ་བ་ནི་ཚད་མ་ཅན་མ་ཡིན་པའོ། །དང་པོ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གཉིས་པ་ལ་བརྗོད་པ་ནི་འོན་ཏེ་གཞན་ལ་ཞེས་བྱ་བའོ། །ཐབས་མེད་པ་ཁོ་ན་ཞེས་བྱ་བ་ནི་ཚད་མ་མེད་པ་ཁོ་ནའོ། །དེ་ ལྟ་ན་ཡང་གཞན་གྱི་སེམས་རྟོགས་པ་གྲུབ་པོ་ཞེས་བརྗོད་པ་ནི་དེ་ལྟ་ཡིན་པ་ཞེས་བྱ་བའོ། །འོན་ཏེ་འདི་ཡང་ཞེས་བྱ་བ་ནི་གཞན་ལ་ཐབས་མེད་པར་རྟོགས་པའོ། །ལན་དེ་ལྟ་ན་ནི་འོ་ན་ཞེས་བྱ་བའོ། །ཡིད་ཆེས་པས་མེད་པ་ནི་ཅི་གཞན་ལ་ཐབས་མེད་པར་རྟོགས་པ་ཡོད་དམ་འོན་ཏེ་མེད་ ཅེས་བྱ་བར་རོ། །དེས་ན་འཇིག་རྟེན་རྒྱང་འཕེན་ལས་ཕ་རོལ་དུ་གྱུར་པའི་གཞན་ཇི་ལྟར་རྟོགས་པར་བྱེད་དེ་ཐབས་མེད་པར་ན་མི་རྟོགས་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །བདག་རེ་ཞིག་ཅེས་བྱ་བ་ནི་དོགས་པའོ། །དེ་ལྟར་ཞེས་བྱ་བ་ནི་ཐབས་མེད་པ་ཁོ་ནར་རོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །བརྗོད་པ་ནི་གཞན་ རྟོགས་པའི་དོན་དུ་ཡིན་པས་གལ་ཏེ་ཐབས་མད་པ་ཁོ་ནར་ཏེ་རྟོགས་ན་འོ་ན་བརྗོད་པས་ཅི་བྱ། ཇི་ལྟར་བདག་ཚད་མ་མེད་པར་དེ་རྟོགས་པ་དེ་བཞིན་དུ་གཞན་ཡང་ཡིན་ནོ་ཞེས་དོགས་པ་ནི་གཞན་ཡང་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་ལན་ནོ། །ཇི་ལྟར་བདག་རྟོགས་པ་དེ་བཞིན་དུ་གཞན་ཡང་ ཡིན་ནོ་ཞེས་བྱ་བ་འདི་ལ་ཚད་མ་ཅི་ཡང་མེད་དེ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བརྗོད་པ་ལ་སོགས་པའི་འཇུག་པ་ལས་དེ་ཡོད་པ་ངེས་པར་དེས་ནའོ། །གང་གི་ཕྱིར་བརྗོད་པའི་ཕྱིར་ཏེ་ཞེས་ཚུལ་དུ་རྗེས་སུ་དཔག་པ་སྤངས་ནས་གནས་པར་ནུས་པ་མ་ཡིན་པ་དེས་ན། གཞན་ན་འཇིག་རྟེན་རྒྱང་འཕེན་གྱིས་ ཀྱང་རྗེས་སུ་དཔག་པ་ཁས་བླང་བར་བྱ་བ་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པ་ཁས་བླངས་མོད། ཚད་མར་གོ་ཇི་ལྟར་འགྱུར་སྙམ་ན། སླུ་མེད་ཕྱིར་ཏེ་ཞེས་གསུངས་སོ། །གལ་ཏེ་སྨྲ་བ་ཉིད་ལ་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་། འཆི་བའི་སེམས་ཉིད་ལ་ཡང་མཚམས་སྦྱོར་བ་མེད་པས་ཁྱབ་པ་ཡིན་ཡང་ ངེས་པར་བྱེད་པ་མ་ཡིན་ན། འོ་ན་གཞན་ལ་ཡང་ཡིད་བརྟན་དུ་ཅི་ཡོད་དེ་དེའི་མཚན་ཉིད་ཅན་ཡིན་པའི་ཕྱིར་རོ། །དེས་མི་སླུ་བ་མ་ཡིན་ཏེ། དེ་ལྟར་ཉེ་བར་བསྟན་པ་ཐོབ་པས་མི་བྱེད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི། གལ་ཏེ་ཞེས་བྱ་བའོ། །ལན་འདེབས་པ་ནི་རྟགས་ལོག་སྟེ་རྟགས་ངན་པ་མཐོང་བ་ གང་ཡིན་པ་དེ་ནི་དེ་འདྲ་སྟེ། རྟགས་མ་ཡིན་ནོ་སྙམ་པས་རྟགས་དེ་མ་ངེས་ཏེ་རྣམ་པར་མི་འབྱེད་པ་ཡིན་ཏེ། སྨྲ་བ་ཉིད་ལ་སོགས་པ་ནི་ཐམས་ཅད་མཁྱེན་པ་ཉིད་དང་འགལ་བ་མ་ཡིན་པ་ལ་སོགས་པ་འགལ་བ་ཡང་མ་ཡིན་འགལ་བ་པའི་འབྲས་བུ་ཡང་མ་ཡིན། དེས་ཁྱབ་པ་ཡང་མ་ཡིན་ཏེ། དེས་ན་ཐེ་ ཚོམ་ཟ་བ་ཡིན་ནོ། །ཤིན་ཏུ་ཕྱེ་བའི་འབྲས་བུའམ་ཁྱབ་པར་བྱ་བ་དེ་ལས་ནི་ངེས་པ་ཡིན་ནོ། །ལ་ལར་ཞེས་བྱ་བ་ནི་དེའི་བུ་ལ་སོགས་པར་རོ། །བཟློག་པར་ནི་ཚད་མ་ལ་མིན་པར་རོ། །ཇི་ལྟར་སྣང་བ་ཡིན་ཞེ་ན་འབྲེལ་པ་མེད་པས་ཞེས་གསུངས་སོ། །འབྲེལ་པ་མེད་པ་ཉིད་བརྗོད་པ་ནི་དེའི་བུ་ཉིད་ནི་ཞེས་ བྱ་བའོ། །ཕ་དེ་ནི་ཚོགས་པ་གཅིག་ཡིན་ལ་དེ་ནི་དེ་དང་འབྲེལ་པ་ཉིད་དོ་ཞེས་དོགས་པ་ནི་ཚོགས་པ་གཅིག་ལ་ཞེས་བྱ་བའོ། །དེའི་བུ་ཉིད་དང་སྔོ་བསངས་ཉིད་ནི་ཚོགས་པ་གཅིག་ལ་རག་ལས་པ་དེས་ན་རང་བཞིན་མཚུངས་པ་ཉིད་ཡིན་ཏེ་ངོ་བོ་གཅིག་ཡིན་ནོ། །དེའི་བདག་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། ། ལན་དུ་དེའི་བདག་ཉིད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཚོགས་པ་ཞེས་གསུངས་སོ། །ཇི་ལྟར་ཞེ་ན་ལས་དང་ཞེས་གསུངས་སོ། །སྔོ་བསངས་ཉིད་ལ་ནི་རྒྱུ་ལྷག་མ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ཚོགས་པ་གཅིག་ལ་རག་ལས་པ་ཉིད་དུ་ཁས་བླངས་པས་ཉེས་པ་བརྗོད་པ་ནི། ཚོགས་པ་གཅིག་ ལ་རག་ལས་པ་ཡིན་ལ་ནི་ཞེས་བྱ་བའོ། །ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་དང་རོ་དག་ནི་དུས་གཅིག་ཁོ་ནར་སྐྱེ་བ་ཡིན་ནོ། །དེ་བཞིན་དུ་སྔོ་བསངས་ཉིད་དང་དེའི་བུ་དག་ཀྱང་གྱུར་ན་དེ་ལྟ་ན་ཡང་མ་ཡིན་ནོ། །དང་པོ་ནི་བུར་འགྱུར་བས་ཕྱིས་ནི་སྔོ་བསངས་སུ་འགྲོ་བ་དག་ཀྱང་འགྱུར་བའི་ཕྱིར་རོ། ། གང་གི་ཕྱིར་དེ་དང་འབྲེལ་པ་མ་ཡིན་པའི་དེས་ན་རྟགས་ཀྱི་ཞེས་བྱ་བའོ། །འདི་ལྟ་བུའི་ཚུལ་ཅན་ཞེས་བྱ་བ་ནི། སྨྲ་བ་ཉིད་ལ་སོགས་པ་དང་འདྲ་བ་དག་གོ། །གང་ཞིག་མི་འཁྲུལ་ཏེ་གང་ཡང་མ་ཡིན་ནོ། །འགལ་བའི་འབྲས་བུའམ་ཁྱབ་བྱ་ནི་འགའ་ཡང་གྲུབ་པ་མེད་དོ། །རེས་འགའ་དེ་ལ་ཡོད་པ་ ཙམ་གྱིས་ནི་དེའི་འབྲས་བུའམ་དེའི་ཁྱབ་བྱར་མི་འགྲུབ་སྟེ། ཧ་ཅང་ཐལ་བའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དངོས་པོ་གང་ལས་དངོས་པོ་འགའ་ལ་རྒོལ་བ་དེའི་རྟོགས་པ་གྲུབ་པར་གྱུར་པ་སྟེ། ངེས་པའི་རང་བཞིན་ངེས་པའི་མི་མཐུན་པའི་ཕྱོགས་ལས་ལྡོག་པ་ངེས་པར་གྱུར་པའི་དངོས་པོ་ནི་དེ་ལྟར་རྟོགས་ པའི་ཡུལ་དེ་ལས་སྐྱེ་བས་འབྲས་བུའམ། དེའི་ངོ་བོ་ཁྱབ་པར་བྱ་བ་ཡིན་པར་གདོན་མི་ཟའོ། །དེ་ལས་ངེས་པ་ནི་དེའི་འབྲས་བུ་འམ་ཁྱབ་པར་བྱ་བ་མ་ཡིན་པ་མི་སྲིད་དོ། །ངེས་པ་ཉིད་ལ་དེ་ལྟར་བརྗོད་པའི་ཕྱིར་རོ། །གལ་ཏེ་རྗེས་སུ་དཔག་པ་ཐམས་ཅད་དེའི་བུ་ཉིད་ལ་སོགས་པ་དང་། མཚུངས་པ་ མ་ཡིན་ནོ་ཞེས་བྱ་བ་འདི་ག་ལས་ཡིན་སྙམ་ན་དེའི་བདག་ཉིད་དང་དེ་ལས་ཞེས་སྨོས་སོ། །གལ་ཏེ་གང་ལ་བསྒྲུབ་པར་བྱ་བ་འཁྲུལ་པ་མེད་པར་རྟོགས་པ་དེ་ཉིད་རྟགས་མ་ཡིན་ནམ། དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པས་ནི་ཅི་བྱ་སྙམ་ན། གང་ལས་ཞེས་བྱ་བའོ། ། དེ་ལྟ་མ་ཡིན་ན་ནི་ཞེས་བྱ་བ་ནི་དེའི་བདག་ཉིད་དེ་ལས་བྱུང་བའི་འབྲེལ་པ་མེད་ནའོ། །ཧ་ཅང་ཐལ་བ་ནི་ཁས་བླངས་པར་ཡང་མི་འཐད་དོ་ཞེས་གསུངས་པ་ནི། ཐམས་ཅད་ལས་ནི་ཞེས་གསུངས་སོ། །གང་གི་ཕྱིར་གང་ཡང་རུང་བ་ལས་རྟོགས་པ་ནི་འཁྲུལ་པ་ཡིན་པར་དེའི་ཕྱིར་རོ། །གལ་ཏེ་འབྲེལ་ པ་དུ་མ་ཡོད་པ་མ་ཡིན་ནམ། དེས་ན་དེའི་བདག་ཉིད་དང་དེ་ལས་བྱུང་བའི་འབྲེལ་པ་ཉིད་དང་ལྡན་པ་ཞེས་ཅི་སྟེ་ས་བརྗོད་སྙམ་ན། འབྲེལ་པ་ནི་བཀག་པའི་ཕྱིར་རོ། །ཚོགས་པ་གཅིག་ལ་རག་ལུས་པའི་འབྲེལ་པས་ཡང་དེ་ལས་བྱུང་བའི་མཚན་ཉིད་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི་ཚོགས་པ་གཅིག་ ལས་ཞེས་བྱ་བའོ། །དེ་ཉིད་ལས་ཞེས་བྱ་བ་ནི་འབྲེལ་པ་རྣམ་པ་གཉིས་ཁོ་ན་ལས་སོ། །དེ་ཡོད་ཀྱང་མི་འཁྲུལ་བ་ཇི་ལྟར་ཞེ་ན། འདི་ལྟར་ཞེས་གསུངས་སོ། །གཞན་དུ་དེ་མེད་ཀྱང་འགྱུར་བ་མེད་ཀྱང་དེས་ཀྱང་ཇི་ལྟར་དེ་ལ་མི་འཁྲུལ་པ་ཡིན་སྙམ་ན། དེ་དག་རང་བཞིན་ཞེས་བྱ་བ་སྟེ། འབྲས་བུ་ དང་རང་བཞིན་དག་གི་རང་བཞིན་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཉིད་དཔེ་ལ་མཐོང་བ་ཡིན་པ་ཉིད་གཞན་ཡང་རང་བཞིན་ཡིན་ཏེ། དེས་ན་ཇི་ལྟར་འཁྲུལ་པར་འགྱུར། རེ་ཞིག་ཕྱེད་ཕྱི་མ་འཆད་པ་ནི་འབྲས་བུ་དང་ཞེས་བྱ་བའོ། །དེ་ཉིད་ཅེས་བྱ་བ་བསྒྲུབ་པར་བྱ་བ་མེད་ན་མི་འབྱུང་བ་ཉིད་དོ། །དེའི་བུ་ཉིད་ལ་ སོགས་པ་ནི་འདི་ཡོད་པ་མ་ཡིན་ནམ། ངེས་པ་ཐམས་ཅད་དེ་དང་མཚུངས་པ་ཉིད་དུ་ཇི་ལྟར་འགྱུར་ཞེས་བརྗོད་པ་ནི། དེའི་བུ་ཞེས་བྱ་བ་ལ་སོགས་པའོ། །ད་ནི་ཕྱེད་དང་པོ་འཆད་དེ་རྒྱུ་དང་ཞེས་བྱ་བའོ། །གལ་ཏེ་རེ་འགའ་རྒྱུ་དང་རང་གི་ངོ་བོ་ཡིན་ཡང་གཞན་གྱི་ཚེ་ཡང་དེ་ལྟར་ཡིན་པར་ག་ལས་ཤེ་ན། དེ་ལྟར་ རྟོགས་པ་ཞེས་གསུངས་སོ། །ཅི་སྟེ་ཡང་དོན་དམ་པའི་ཚད་མ་སྤྱོད་པ་ན་ཐ་སྙད་མེད་པར་ཐལ་བ་ཅི་སྟེ་བརྗོད་སྙམ་ན་འདི་ནི་ཞེས་གསུངས་སོ། །གཞན་དོན་དམ་པའི་སྐབས་ནི་མ་ཡིན་ནོ། །དེའི་ཕྱིར་ཐ་སྙད་འཆད་པར་ཐལ་བར་གྲུབ་པ་ནི་འཐད་པ་ཡིན་ལ། ཐ་སྙད་མེད་པ་ཡང་མ་ཡིན་ཏེ། དེས་ན་ཐ་ སྙད་པ་དག་གིས་ཞེས་བྱ་བའོ། །གལ་ཏེ་རྗེས་སུ་དཔག་པ་ནི་འཇུག་པའི་ཐབས་མ་ཡིན་ན། དེས་ན་ཇི་ལྟར་དེ་དོན་དུ་གཉེར་བ་ཞེས་དོགས་པ་ནི་ཐབས་མེད་པར་ཞེས་བྱ་བའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །ཅིའི་ཕྱིར་ཞེ་ན། རབ་ཏུ་གྲུབ་པའི་ཕྱིར་ཞེས་བྱ་བ་སྟེ་ཐ་སྙད་དུའོ། །རྣམ་པར་དཔྱད་ ན་ཞེས་བྱ་བ་ནི་དོགས་པའོ། །མ་ཡིན་ཏེ་ཞེས་བྱ་བ་ནི་རྩོད་པ་འགོག་པའོ། །ཅིའི་ཕྱིར་ཞེ་ན། རྣམ་པར་དཔྱོད་པ་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་སྤངས་ཀྱང་དེ་གདོན་མི་ཟ་བར་ཁས་བླངས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །འདི་ཉིད་དཔེའི་སྒོ་ནས་བཞད་གད་དུ་མཛད་པ་ནི་དེ་ནི་ཞེས་བྱ་བ་སྟེ་ ཚུལ་ལུགས་དེ་ནའོ། །གང་ཞེ་ན་ལམ་དུ་ཞེས་བྱ་བའོ། །འབྲས་བུ་དང་རང་བཞིན་གྱི་རྟགས་དང་འབྲེལ་པའི་ཕྱིར་གོ་བར་བྱེད་པ་ཉིད་ཡིན་ནོ། །མི་དམིགས་པ་གོ་ཅི་ལྟར་དེ། དེ་མེད་པའི་ཕྱིར་རོ་ཞེས་དོགས་པ་བསུ་བ་ནི་འོ་ན་ཞེས་བྱ་བའོ། །འབྲེལ་པ་རྣམ་པ་གཉིས་སྲིད་པ་ཁོ་ན་ལས་གོ་བར་བྱེད་པ་ ཡིན་ནོ་ཞེས་བརྗོད་པ་ནི་དེའི་བདག་ཉིད་དང་ཞེས་བྱ་བའོ། །རང་གི་ངོ་བོ་ནི་ཤིང་ལ་སོགས་པར་རང་རྒྱུན་མེ་ལ་སོགས་པ་ལའོ། །བལྟར་རུང་ཞེས་བྱ་བ་ནི་རང་བཞིན་ཁྱད་པར་ཅན་དུ་གྱུར་པའོ། །མཐོང་བའི་རྒྱུ་གཞན་དག་ཡོད་པར་ཞེས་བྱ་བ་ནི་རྐྱེན་གཞན་ཚང་བའོ། །སྣང་བ་མེད་ན་ནི་ཞེས་བྱ་བ་ནི་ཇི་ལྟར་ཡོད་ཅེས་ འབྲེལ་ཏོ། །འདིར་ན་རང་བཞིན་མི་དམིགས་པ་བསྟན་ཏོ། །དེ་དང་ལྡན་པའང་ཞེས་བྱ་བ་ནི་རིམ་པ་གཞན་དུ་བྱས་པའོ། །རང་གི་ངོ་བོ་ངེས་པ་དང་ལྡན་པ་སྟེ། ཇི་སྐད་བརྗོད་པའི་མི་དམིགས་པ་དང་ལྡན་པ་ཞེས་བྱ་བ་ནི་མི་འཐད་དེ། རྒྱུ་དང་ཁྱབ་པར་བྱེད་པ་མི་དམིགས་པ་དག་གིས་ནི། དམིགས་པར་མི་རུང་ བ་དང་ལྡན་པ་དག་ཁོ་ན་མེད་པར་ངེས་པའི་ཕྱིར་རོ། །འདིས་ནི་རྒྱུ་དང་ཁྱབ་པར་བྱེད་པ་དག་བཤད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་འབྲེལ་པ་ཉིད་མ་ཡིན་ནའོ། །གལ་ཏེ་དེ་དང་འབྲེལ་པའང་ཡིན་ལ་དེ་མེད་པར་ཡང་ཡོད་པ་ལ་འགལ་བ་ཅི་ཡོད་ཅེ་ན། གལ་ཏེ་དེ་མེད་ན་ཞེས་བྱ་བའོ། །དེ་མེད་པ་ན་ཡོད་པ་ ཡང་ཡིན་ལ་མེད་པ་ཡང་ཡིན་ནོ་ཞེས་བྱ་བ་ནི་འགལ་བ་ཡིན་ལ་འབྲེལ་པ་ཡང་མེད་པ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཚད་མ་ཡིན་ནོ་ཞེས་བསྒྲུབས་པར་ཇི་ལྟར་འགྱུར་ཏེ། ཚད་མར་ཁས་མ་བླངས་ཀྱང་ཁོ་བོ་ཅག་ལ་ཉེས་པ་མེད་པའི་ཕྱིར་རོ་ཞེས་དོགས་པ་ནི་གང་གི་ཕྱིར་ཞེས་བྱ་བའོ། །སྤྱི་ཞེས་ བྱ་བ་ལྐོག་ཏུ་གྱུར་པའི་བློ་ཚད་མ་མ་ཡིན་ན་ཡང་རང་གི་ཁས་བླངས་པའི་ལྐོག་ཏུ་གྱུར། ཁྱིམ་དང་ཀུན་དགའ་ར་བ་ལ་སོགས་པ་དེ་མེད་འཐོབ་འགྱུར་ཏེ། བདག་ཅག་གིས་འདོད་པའི་འཇིག་རྟེན་ཕ་རོལ་གྱི་དངོས་པོ་བཞིན་ནོ། །འོན་ཀྱང་ཡང་ཁྱིམ་དང་ཀུན་དགའ་ར་བ་ལ་སོགས་པ་མཐོང་བ་ དག་ནི་ཡང་མཐོང་བ་ཡོད་པ་ཡིན་ཏེ། དེས་ན་མེད་པ་མ་ཡིན་ལ། འཇིག་རྟེན་ཕ་རོལ་ནི་ནམ་ཡང་མ་མཐོང་བས་ན་མེད་པར་འགྱུར་རོ་ཞེས་དོགས་པ་ནི། གལ་ཏེ་དབང་རྣམས་ཀྱིས་ཞེས་བྱ་བའོ། །ཁྱིམ་དང་ཀུན་དགའ་ར་བ་ལ་སོགས་པ་ནི་དབང་པོ་མཐོང་བ་ལས་ཕྱིས་མ་མཐོང་ཡང་། ཡང་ཕྱིས་མཐོང་བ་ཡིན་གྱི་ འཇིག་རྟེན་ཕ་རོལ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ལན་ནི་དེ་ཡིན་ཞེས་བྱ་བ་སྟེ། རྣམ་གྲངས་ཀྱིས་མཐོང་བ་ཞེས་བྱ་བ་དེ་ནི་མ་ཡིན་ཏེ། ཤེས་པ་སྐྱེས་པར་ནུས་པའི་བདག་ཉིད་ཀྱིས་དབང་པོ་དང་འབྲས་བུ་ཙམ་སྐྱེས་པའི་བདག་ཉིད་ཀྱི་ནུས་པ་ལའོ། །ཅིའི་ཕྱིར་ཞེ་ན་དབང་པོ་བློ་ནི་སྲིད་ཕྱིར་ཞེས་ གསུངས་སོ། །དབང་པོ་དང་ནུས་པ་ལ་སོགས་པ་དག་ནི་དབང་པོའི་བློས་འཛིན་པ་མ་ཡིན་ཏེ། དེས་ན་འཇིག་རྟེན་ཕ་རོལ་བཞིན་དུ་ཁྱེད་ཉིད་ཀྱིས་འདོད་པའི་དབང་པོ་ལ་སོགས་པ་མེད་པར་ཐལ་ལོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་མེད་མོད་ཅེས་བྱ་བ་ནི་མི་རིགས་ཏེ། རྒྱུ་མེད་པར་མཐོང་བ་ཁས་ལེན་པ་འགལ་བའི་ ཕྱིར་རོ་ཞེས་གསུངས་པ་ནི་མེད་པར་རྟོགས་པ་ཞེས་བྱ་བའོ། །གལ་ཏེ་དབང་རྣམས་ཀྱིས་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་འོན་ཏེ་ཞེས་བྱ་བའོ། །རྣམ་པ་དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་འཇིག་རྟེན་ཕ་རོལ་དང་མཚུངས་པ་དག་ཁོ་ནའོ། །དེ་མིན་ཞེས་བྱ་བའི་འང་གི་སྒྲ་ཡོད་པས་འཕངས་པའི་ལན་ཉིད་རེ་ཞིག་བརྗོད་ པ་ནི་གང་གི་ཚེ་ཞེས་བྱ་བའོ། །མ་མཐོང་བའི་མོད་ཁོ་ན་ལ་ཁྱིམ་དང་ཀུན་དགའ་ར་བ་ལ་སོགས་པ་དེ་ཉིད་ཀྱི་ཚེ་མཐོང་བ་ལས་ཡོད་པར་གྲུབ་མོད། དེ་ལས་སྔར་ནི་ཡོད་པར་མི་གྲུབ་སྟེ་ཚད་མ་མེད་པའི་ཕྱིར་རོ། །དེའི་ཚེ་སྲོག་ཆགས་གཞན་གྱིས་མཐོང་བ་ཡིན་ནོ་ཞེས་དོགས་པ་ནི་སྔར་ཡང་ཞེས་བྱ་བའོ། ། འཇིག་རྟེན་ཕ་རོལ་ནི་ལུས་ཀྱང་རྟོགས་པ་མ་ཡིན་ཏེ། དེས་ན་མེད་པ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་ཕ་རོལ་ཡང་ཞེས་བྱ་བ་ནི་ལན་ནོ། །གཞན་གྱི་རྟོགས་པ་མེད་པ་བཞིན་དུ་ཁྱིམ་དང་ཀུན་དགའ་ར་བ་ལ་སོགས་པ་དག་ལ་ཡང་དེའི་རྟོགས་པ་སྒྲུབ་པར་བྱེད་པའི་ཚད་མ་ནི་འགའ་ཡང་ཡོད་པ་མ་ ཡིན་ནོ་ཞེས་བརྗོད་པ་ནི། འཇིག་རྟེན་ཕ་རོལ་ལས་ཞེས་བྱ་བའོ། །གཞན་བུམ་པ་དང་སྣམ་བུ་ལ་སོགས་པ་ཁྱེད་ཀྱིས་མཐོང་བ་ཉིད་ཀྱང་ངོ་། །སྣམ་བུའི་རྟོགས་པ་དང་རྗེས་སུ་མཐུན་པའི་ཐ་སྙད་མཐོང་བ་ལས་གཞན་རྟོགས་པར་འགྲུབ་པོ་ཞེས་དོགས་པ་བསུ་བ་ནི་དེ་ལྟར་ཞེས་བྱ་བའོ། །ལན་ནི་རྗེས་ སུ་དཔག་པ་ཞེས་བྱ་བའོ། །འང་གི་སྒྲས་འཕངས་པའི་སུན་འབྱིན་པ་བརྗོད་ནས་དེ་མིན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་དབང་པོའི་འམ་ཞེས་བྱ་བའོ། །རུང་བ་ཉིད་ལ་ཞེས་བྱ་བ་ནི་རྒྱུ་རྣམས་ཀྱི་ནུས་པ་ལའོ། །འོ་ན་ཁྱེད་ཀྱིས་དེ་ཅི་ལྟར་རྟོགས་ཤེ་ན། འབྲས་བུ་རང་ཞེས་གསུངས་སོ། །དེ་དག་ཅེས་བྱ་ བ་ནི་དབང་པོ་དང་རུང་བ་དག་གོ། །དེས་ན་དབང་པོ་ལ་སོགས་པ་ལ་ཡང་མེད་པར་འགྱུར་རོ་ཞེས་དོགས་པའོ། །དེ་ལྟ་ཡིན་མོད་ཅི་སྐྱོན་སྙམ་ན། དེ་མེད་ན་ནི་ཞེས་གསུངས་སོ། །དབང་པོ་དང་རུང་བ་དབང་མད་ནའོ། །དེ་ཉིད་ཀྱི་ཕྱིར་རྩ་བར་ཡང་། །བློ་དང་སྐྱེ་བ་རྒྱུ་མེད་འགྱུར། །ཞེས་ཟླས་དབྱེ་བ་ཡིན་ ནོ། །རྒྱུ་མཚན་མེད་པ་ཉིད་ཀྱང་མ་ཡིན་ཏེ་དེའི་ཕྱིར་རོ། །འབྲས་བུ་མཐོང་བ་དང་ཞེས་བྱ་བ་ནི་རྗེས་སུ་འགྲོ་བའོ། །དེ་ལ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའོ། །དེས་ན་ཞེས་བྱ་བ་ནི་རྗེས་སུ་དཔག་པར་བྱ་བ་ཡང་ཡོད་པས་ནའོ། །དེ་ལྟ་བུ་ཉིད་དོ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་བཞིན་དུ་ཤིན་ཏུ་ལྐོག་ཏུ་གྱུར་ པ་རྗེས་སུ་དཔག་པར་བྱ་བ་ནི་ཡོད་པ་ཁོ་ནའོ། །གང་གི་ཕྱིར་ལྐོག་ཏུ་གྱུར་པ་མངོན་སུམ་འཇུག་པ་མ་ཡིན་པ་དེས་ནའོ། །སྤྱི་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའོ། །མངོན་སུམ་གྱིས་སྤྱི་མི་རྟོགས་སོ་ཞེས་བྱ་བ་འདི་ག་ལས་ཤེ་ན། འདི་ལྟར་རྣམ་རྟོག་མེད་ཉིད་ཀྱིས་ན་ཞེས་བྱ་བའོ། །གཏན་ཚིགས་ཀྱི་གཏམ་པའོ། །འོ་ན་ ཇི་ལྟར་སྤྱི་འཛིན་ཞེ་ན། རྣམ་རྟོག་མེད་པར་ཞེས་གསུངས་ཏེ། སྤྱི་ནི་རྣམ་པར་རྟོག་པ་ཁོ་ནས་འཛིན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སྤྱིར་འཛིན་པ་ཡང་རྗེས་སུ་དཔག་པ་ཁོ་ན་ཡིན་ནོ་ཞེས་བརྗོད་པ་ནི། དེ་ཕྱིར་ཞེས་བྱ་བ་མངོན་སུམ་མི་འཇུག་པའི་ཕྱིར་རོ། །དབང་པོ་ལ་སོགས་པ་དེ་ལ་རྗེས་སུ་དཔག་པ་ཉིད་ཚད་ མ་ཡིན་གྱི་མངོན་སུམ་ནི་མ་ཡིན་ནོ། །དེ་ལྟར་གཞལ་བྱ་རང་གི་མཚན་ཉིད་གཅིག་ཁོ་ནའོ། །རང་དང་སྤྱིའི་མཚན་ཉིད་བཞིན་གྱི་རྟོགས་པའི་ཡུལ་ཡིན་ཏེ། དེས་ན་མཚན་མ་གཅིག་ཁོ་ན་ཡིན་ནོ་ཞེས་བྱ་བ་གསལ་བ་ཡིན་ནོ། །རྟོག་པའི་དབྱེ་བ་ཉིད་ཚད་མའི་དབྱེ་བ་ཡིན་པའི་ཕྱིར་རོ། །ད་ནི་རང་དང་སྤྱིའི་མཚན་ ཉིད་ཅན་གཅིག་ཏུ་གྱུར་པའི་གཞལ་བྱ་གསུམ་པ་ཡོད་པའི་ཕྱིར་དེའི་ཡུལ་ཅན་ཚད་མ་གསུམ་པར་འགྱུར་རོ་ཞེས་བྱ་བའི་རྩོད་པ་འགོད་པ་ནི་འོ་ན་ཁ་དོག་ལ་སོགས་པ་ཞེས་བྱ་བའོ། །གལ་ཏེ་སྤྱི་དང་ཁྱད་པར་རང་བཞིན་གྱིས་གཞལ་བྱ་རྣམ་པ་གཉིས་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པ་ཡིན་ ན། འོ་ན་རང་གི་མཚན་ཉིད་འདི་མི་རྟག་པ་ལ་སོགས་པའི་རྣམ་པ་སྤྱིའི་བདག་ཉིད་ཅན་དག་གིས་འཛིན་པ་གང་ཡིན་པ་དེ་ཅི་ལྟར་དེ་རྟོགས་པར་མི་འགྱུར་ཏེ། རྟོགས་པ་ཡང་ཡིན་ཏེ་དེས་ན་དེའི་བློ་ནི་ཚད་མ་གཞན་ཡིན་ནོ། །ཇི་ལྟར་ཞེ་ན་འདི་ནི་ཞེས་བྱ་བའོ། །དེས་ཚད་མ་གཞན་ཡིན་ཏེ་མངོན་སུམ་དང་རྗེས་སུ་ དཔག་པ་དག་ལས་གཅིག་གིས་ཀྱང་རང་བཞིན་གཉིས་ཀ་མི་འཛིན་པའི་ཕྱིར་རོ། །མངོན་སུམ་དང་རྗེས་སུ་དཔག་པ་དག་ལས་གཅིག་གིས་ཀྱང་རང་བཞིན་གཉིས་ཀ་མི་འཛིན་ཏོ་ཞེས་བྱ་བ་འདི་ག་ལས་ཤེ་ན། ཁྱོད་ནི་ཞེས་བྱ་བའོ། །རྩོད་པ་འདི་ཉིད་རྣམ་འགྲེལ་དུ་གསལ་བར་བྱེད་པ་ནི་གཞལ་བྱ་དེས་ན་ཞེས་ བྱ་བ་ནི་རང་གི་མཚན་ཉིད་ནི་མངོན་སུམ་ཁོ་ནའི་ཡུལ་ཡིན་ལ། སྤྱི་ནི་རྗེས་སུ་དཔག་པ་ཁོ་ནའི་ཡིན་ནའོ། །རང་གི་མཚན་ཉིད་ཀྱི་ཁ་དོག་སྤྱི་མི་རྟག་པ་ཉིད་རྟོགས་པར་མི་འགྱུར་རོ། །རྟོགས་པ་ཡང་ཡིན་ཏེ། དེས་ན་གཉིས་ཀའི་བདག་ཉིད་དེའི་བློ་ནི་ཚད་མ་གཞན་ཉིད་དུ་འགྱུར་རོ། །མངོན་སུམ་ནི་མ་ཡིན་ཏེ། སྤྱིའི་ཆ་སྣང་བའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། ཁྱད་པར་གྱི་ཆ་སྣང་བའི་ཕྱིར་རོ། །རྟགས་མེད་པའི་ཕྱིར་ཡང་རྗེས་སུ་དཔག་པ་མ་ཡིན་ནོ་ཞེས་བརྗོད་པ་ནི་རྟགས་མེད་པར་ནི་ཞེས་བྱ་བའོ། །གཞལ་བྱ་ཞེས་བྱ་བ་ནི་འཆད་པའོ། །དེ་ལྟ་ན་ཡང་ཚད་མ་གཞན་ཇི་ལྟར་ཡིན་ཞེ་ན། ཁ་དོག་ལ་སོགས་ པ་ཞེས་བྱ་བའོ། །གཞལ་དུ་ཞེས་བྱ་བ་ནི་མངོན་སུམ་དང་རྗེས་སུ་དཔག་པ་ལས་ཐ་དད་པར་རོ། །ཇི་ལྟར་མཚན་མ་གཞན་ཡིན་ཞེ་ན། རྟགས་མེད་པར་ཡང་ཞེས་བྱ་བའོ། །རྗེས་སུ་དཔག་པ་མ་ཡིན་མོད། མངོན་སུམ་ཅི་སྟེ་མ་ཡིན་ཞེ་ན། སྤྱི་འཛིན་པའི་ཕྱིར་ཞེས་གསུངས་སོ། །སྤྱི་འཛིན་པའི་ཕྱིར་མངོན་ སུམ་མ་ཡིན་ནོ། །རྗེས་སུ་དཔག་པར་གོ་ཅི་སྟེ་མི་འགྱུར་ཞེ་ན། རང་གི་མཚན་ཉིད་ལ་ནི་ཞེས་གསུངས་ཏེ། འཛིན་པ་ཡང་མ་ཡིན་ནོ་ཞེས་འབྲེལ་ཏོ། །རང་གི་མཚན་ཉིད་འཛིན་པར་རྗེས་སུ་དཔག་པར་ཇི་ལྟར་མི་འགྱུར་ཞེ་ན། རྟགས་མེད་པར་ཞེས་སྨྲས་སོ། །འོ་ན་ཇི་ལྟར་མངོན་སུམ་མ་ཡིན་ཞེས་དོགས་ན། སྔར་བཤད་ཟིན་པའི་རྒྱུ་མཚན་ཉིད་དྲན་པར་བྱེད་པ་ནི་ཅི་ཡང་ཞེས་བྱ་བའོ། །ཁྱད་པར་མཐོང་བ་ནི་རྟགས་ཡོད་ཀྱང་རྗེས་སུ་དཔག་པ་མ་ཡིན་ཏེ། སྤྱིའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ་ཞེས་བརྗོད་པ་ནི། ཁྱད་པར་ཞེས་བྱ་བའོ། །ཅིའི་ཕྱིར་སྤྱིའི་ཡུལ་ཅན་ཡིན་ཞེ་ན། དེ་དང་རྟགས་འབྲེལ་བར་མ་བཟུང་བའི་ ཕྱིར་རོ་ཞེས་བརྗོད་པ་ནི། སྤྱི་དང་རྟགས་ཞེས་བྱ་བའོ། །ཁྱད་པར་མཐོང་བ་དེ་ནི་ཚད་མ་གཞན་ཡིན་ནོ། །མངོན་སུམ་མ་ཡིན་ཏེ་དབང་པོ་ལས་མ་སྐྱེས་པའི་ཕྱིར་རོ། །རྗེས་སུ་དཔག་པ་ཡང་མ་ཡིན་ཏེ། སྤྱིའི་ཡུལ་ཅན་མ་ཡིན་པའི་ཕྱིར་རོ། །དེས་ན་ཚད་མ་གཞན་ཁོ་ནའོ། །གཞལ་བྱ་དེས་ན་ཞེས་བྱ་བ་དེའི་ ཤུགས་ཀྱིས་གྲུབ་པ་བརྗོད་པ་ནི་གཞལ་བྱ་མང་ཕྱིར་ཞེས་བྱ་བའོ། །ཁྱད་པར་མཐོང་ལ་ཞེས་བྱ་བ་འདི་ལས་ཤུགས་ཀྱིས་གྲུབ་པ་བརྗོད་པ་ནི་གཅིག་ལ་ཡང་ཞེས་བྱ་བ་ཁྱད་པར་ལ་ཚད་མ་དུ་མ་ཉིད་ནི་འཇུག་པའི་ཕྱིར་ཏེ། མང་པོ་ཉིད་དོ་ཞེས་བྱ་བ་ནི་སྐབས་སུ་བབ་པའོ། །དཔེར་ན་ཁྱད་པར་མཐོང་བཞིན་མིན་དང་ འབྲེལ་པས་ཡང་ན་མང་པོ་ཉིད་འགོག་པའི་རྣམ་པར་རྟོག་པ་སྟེ། གཅིག་ཉིད་ཀྱིས་ཡོངས་སུ་བཅད་པའི་ཕྱིར་རོ། །དཔེར་ན་བྱེད་པ་ནི་དཔེར་ན་ཁྱད་པར་མཐོང་བ་གཞལ་བྱ་ལ་དུ་མ་འཇུག་པའི་ཕྱིར་གཅིག་ཁོ་ནས་ཡོངས་སུ་བཅད་པས་ན་ཚད་མ་མ་ཡིན་ན་བཞིན་ནོ། །དེ་ལྟ་ཡིན་དང་གསུམ་གཅིག་གྲངས་ནི་ གསལ་བའམ་ཞེས་གསུམ་དང་གཅིག་གི་གྲངས་གསལ་བར་བརྗོད་པ་དེར་མི་འགྱུར་རོ་ཞེས་བརྗོད་པ་ནི་གཅིག་གསུམ་ཞེས་བྱ་བའོ། །སེལ་མི་འགྱུར་ཞེས་བྱ་བ་ནི་མི་འགྱུར་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དཔེར་ན་ཁྱད་པར་མཐོང་བའི་ཚད་མ་བཞིན་ནོ་ཞེས་གསུམ་པའི་མཐའ་ཅན་དུ་བཤད་པ་ལ་ནི་གཅིག་ལ་ ཡང་ཞེས་པའི་ཡང་གི་སྒྲ་ནི་འཇུག་ཕྱིར་ཡང་ཞེས་རྒྱུ་མཚན་གྱི་རྣམ་པར་རྟོག་པའོ། །ཇི་ལྟར་གཅིག་གི་གྲངས་གསལ་བར་མི་འགྱུར་སྙམ་ན་ཡུལ་ངེས་པ་ནི་ཞེས་སྨྲས་སོ། །ཇི་ལྟར་གསུམ་གྱི་གྲངས་གསལ་བར་མི་འགྱུར་སྙམ་ན། གཞལ་བྱ་གཞན་ནི་ཞེས་བྱ་བའོ། །གྲངས་ཀྱིས་གསུམ་གྱི་གྲངས་ གསལ་བར་མི་འགྱུར་བ་གཞལ་བྱ་གཞན་ཡོད་ཙམ་ལས་གཞན་དུ་ཇི་ལྟར་འགྱུར་ཞེ་ན། ཁ་དོག་ལ་སོགས་པ་ཞེས་བྱ་བ་སྨྲས་སོ། །ཁྱད་པར་མཐོང་བ་ཡང་ཚད་མ་གཞན་དུ་ཐལ་ལོ་ཞེས་བཤད་པ་ནི་ཁྱད་པར་མཐོང་བ་ལ་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་ཁྱད་པར་གྱི་ཡུལ་ཅན་ཉིད་ངེས་ནའོ། །གལ་ ཏེ་ཁྱད་པར་གྱི་ཡུལ་ཅན་ཡིན་པའི་ཕྱིར་མངོན་སུམ་ཁོ་ནར་འགྱུར་བ་མ་ཡིན་ནམ་ཚད་མ་གཞན་དུ་ཇི་ལྟར་འགྱུར་ཞེ་ན་དངོས་སུ་ཞེས་སྨྲས་སོ། །འོ་ན་རྗེས་སུ་དཔག་པར་འགྱུར་རོ་སྙམ་ན་སྤྱིའི་ཞེས་སྨྲས་སོ། །ཇི་ལྟར་གཅིག་གི་གྲངས་ངེས་པ་མེད་སྙམ་ན་དཔེར་ན་ཞེས་སྨྲས་སོ། །དེར་ ཞེས་བྱ་བ་ནི་གཅིག་གི་གྲངས་གསལ་བར་རོ། །ཅིའི་ཕྱིར་ཞེ་ན་མངོན་སུམ་ཉིད་ཅེས་སྨྲས་སོ། །འོ་ན་ཇི་ལྟར་གསུམ་དང་གཅིག་གི་གྲངས་སེལ་སྙམ་ན། ཡུལ་ངེས་པར་ཡིན་ལ་ཞེས་བྱ་བའོ། །འོ་ན་གཉི་ག་ལྟར་ཡང་མངོན་པར་འདོད་པ་གྲུབ་པོ་ཞེ་ན། བཤད་པའི་ཚུལ་གྱིས་ཞེས་སྨྲས་སོ། །གཉི་ག་ ལ་ཡང་ཞེས་བྱ་བ་ནི་ཡུལ་ངེས་པ་དང་གཞལ་བྱ་གཞན་པའོ། །འཇུག་ཕྱིར་ཡང་ཞེས་བྱ་བའི་རྣམ་པར་རྟོག་པ་འབྲེལ་པ་ནི། ཚད་མ་ངེས་པར་འཇུག་པའི་ཞེས་བྱ་བའོ། །མང་པོ་ཉིད་དགག་པའི་རྣམ་པར་རྟོག་པ་ནི་བསལ་བའི་ཕྱིར་དེ་བཤད་དོ། །གལ་ཏེ་ཞེས་བྱ་བ་ནི་ཟློག་པར་དོགས་པའོ། །ཐ་དད་པར་སྣང་བ་ ལ་ཡང་གཅིག་ཉིད་དུ་དོགས་པ་དེས་ན་ཟློས་པ་མ་ཡིན་ན་བར་བརྗོད་པར་ནི་བདེན་མོད་ཀྱི་ཞེས་གསུངས་སོ། །འདི་ཡང་ཞེས་བྱ་བ་ནི་ཁ་དོག་མི་རྟག་ཅེས་དྲིས་པའི་རང་བཞིན་གྱི་གཞལ་བྱའོ། །འགལ་བ་མི་འཁྲུལ་བ་ཅན་ཞེས་བྱ་བ་ནི་ནུས་ཞེས་བྱ་བ་འདིས་བསྒྲུབ་པའི་གཞལ་བྱ་གཞན་གསལ་བ་གང་ཡིན་པ་དེ་དང་ འགལ་བ་གཞལ་བྱ་གཞན་ཡོད་པ་དེ་ལ་མི་འཁྲུལ་བ་གཉི་གའི་བདག་ཉིད་མཐོང་བར་རིགས་པ་ཅན་ལ་སོགས་པས་ཕ་རོལ་པོས་ཉེ་བར་བྱས་པ་དེས་ན་འདི་ནི་རིགས་པ་ཉིད་ལས་ཟློས་པ་མ་ཡིན་ནོ། །གལ་ཏེ་དེའི་ཕྱིར་ལྐོག་གྱུར་དོན་རྣམས་ཀུན། །ཞེས་ཚད་མ་མ་ངེས་པ་ཡང་བསལ་བ་མ་ཡིན་ནམ་དེས་ན་འདི་ཡང་བཀོད་ པས་ཅི་ཞེ་ན། དེའི་ཕྱིར་ཞེས་གསུངས་སོ། །དེས་ན་ཞེས་བྱ་བ་ནི་སྐབས་ཉེ་བར་བསྡུ་བ་སྟེ། གང་གི་ཕྱིར་གཞལ་བྱ་གཞན་སྲིད་པ་དང་། གཅིག་ལ་ཡང་དུ་མ་འཇུག་པ་ངེས་པའོ། །འདི་ལ་ཞེས་བྱ་བ་ནི་གཞལ་བྱ་ངེས་ན་ཞེས་བྱ་བ་ནས་བརྩམས་ནས། གཞལ་བྱ་གཞན་ནི་ཡོད་ཕྱིར་རོ། །ཞེས་བྱ་བའི་བར་ལའོ། ། ཁ་དོག་ཀྱང་མི་རྟག་ཉིད་བཞིན་དུ་སྤྱིའི་ངོ་བོས་རྣམ་པར་རྟོག་པའི་ཡུལ་ཡིན་ནོ་ཞེས་བཤད་པ་ནི་སྐྱོན་འདིར་ཞེས་བྱ་བའོ། །མི་རྟག་པ་ཉིད་བཞིན་དུ་ཁ་དོག་ཀྱང་སྤྱི་ཉིད་ཡིན་ཏེ། རྣམ་པར་རྟོག་པའི་ཡུལ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །སྦྱོར་བའི་རྣམ་པ་བརྗོད་པ་ནི་མི་རྟག་པའོ་ཞེས་བྱ་བའོ། །དེས་ན་ཞེས་ནི་སྦྱོར་བས་ ནའོ། །གལ་ཏེ་ཁ་དོག་ལ་སོགས་པའི་སྤྱི་ལ་མི་རྟག་པ་ཉིད་ལ་སོགས་པ་སྦྱོར་ན་དངོས་པོའི་ཆོས་ཉིད་དུ་མི་འགྱུར་ལ་ཁྱད་པར་ལ་ལྷག་པར་ཞེན་པ་དང་འཇུག་པར་ཡང་ཇི་ལྟར་འགྱུར་ཞེས་དོགས་པ་ནི། གལ་ཏེ་ཞེས་བྱ་བའོ། །སྤྱི་ཡང་ཞེས་བྱ་བ་ནི་ཁ་དོག་ལ་སོགས་པའིའོ། །དེའི་ཞེས་བྱ་བ་ནི་མི་རྟག་པ་ཉིད་ལ་སོགས་ པའི་རང་བཞིན་ཏེ་ངོ་བོ་ཉིད་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་ཇི་ལྟར་དངོས་པོའི་ཆོས་མ་ཡིན་སྙམ་ན་སྤྱི་ནི་ཞེས་སྨྲས་སོ། །དངོས་པོ་ཉིད་དེ་ལྟར་ལྷག་པར་ཞེན་པར་བྱ་བས་སྤྱི་ཡིན་པས་དེས་ན་དངོས་པོའི་ཆོས་མ་ཡིན་པ་མ་ཡིན་ལ་དེ་ལ་ལྷག་པར་ཞེན་པ་དང་འཇུག་པ་དང་མི་འགལ་ལོ་ཞེས་ལན་འདེབས་པ་ནི། དངོས་མེད་ ངོ་བོ་ཉིད་ཡིན་ཏེ། མི་རྟག་པའི་སྒྲ་ལས་ཁ་དོག་གི་སྤྱི་ནི་དངོས་པོ་ལས་གཞན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་དེ་ཉིད་དེ་ལྟར་དེ་བྱས་པ་ཡིན་པར་གྲུབ་པ་སྟེ། ངེས་པར་གྲུབ་ཕྱིར་རོ། །གལ་ཏེ་རང་གི་མཚན་ཉིད་གཞན་མི་སྣང་བའི་ཕྱིར་མ་འབྲེལ་བའི་རྣམ་པར་རྟོག་པ་གཞན་གྱིས་ཇི་ལྟར་འཐོབ་སྙམ་དུ་དོགས་པ་ནི་རང་ གི་མཚན་ཉིད་གཞན་ལ་མི་སྣང་བའི་ཕྱིར་མ་འབྲེལ་པའི་རྣམ་པར་རྟོག་པ་གཞན་གྱིས་འགྲུབ་པ་མ་ཡིན་ཏེ། འཐོབ་པ་མ་ཡིན་ཞེ་ན་མ་ཡིན་ཞེས་བྱ་བའོ། །རང་གི་མཚན་ཉིད་རྣམ་པར་རྟོག་པ་ལས་འགྲུབ་པ་ཡང་ཡིན་ནོ་ཞེས་བྱ་བར་ནི་མི་འཐད་དོ། །རང་གི་མཚན་ཉིད་དེ་ཉིད་བརྒྱུད་ནས་འབྲེལ་པའི་རྣམ་པར་རྟོག་པས་ འགྲུབ་པའི་ཕྱིར་དེ་འཐོབ་པའི་ཕྱིར་རོ། །གལ་ཏེ་སྤྱི་ཞེས་བྱ་བ་ནས་ཞེ་ནའི་བར་གྱིས་ཁ་དོག་དང་མི་རྟག་པ་གཉི་ག་སྤྱིའི་རང་བཞིན་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པར་དོགས་པ་བསུ་བའོ། །ད་ལྟ་ཁ་དོག་ཉིད་ནི་དངོས་པོའི་ཆོས་དངོས་པོའི་རང་བཞིན་མ་ཡིན་ན། མི་རྟག་པ་ལ་སོགས་པ་དེ་ཡང་དངོས་པོ་ཉིད་མ་ཡིན་པར་ འགྱུར་རོ་ཞེ་ན། ལན་དུ་དངོས་པོ་མ་ཡིན་པ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། དངོས་པོ་ཉིད་ཅེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་གནས་པའི་རང་བཞིན་དུའོ། །གལ་ཏེ་དངོས་པོའི་རང་བཞིན་མི་སྣང་བའི་ཕྱིར་ན་དངོས་པོ་དེ་ལྟར་ཇི་ལྟར་འགྲུབ་སྙམ་ན་རྣམ་པར་རྟོག་པ་ལ་ཞེས་བྱ་བའོ། །དེ་ལ་ཡང་ཡོད་ པ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། ལན་དུ་དངོས་པོ་མ་ཡིན་པ་མ་ཡིན་ནོ། །ཅིའི་ཕྱིར་རང་གི་མཚན་ཉིད་ཉམས་སུ་མྱོང་བ་ཉིད་ལས་ཞེས་གསུངས་སོ། །འདི་ནི་ཐ་སྙད་བྱེད་པའི་སྐྱེ་བོ་ལ་ལྟོས་ནས་བཤད་པ་མ་ཡིན་ནོ། །གཞན་ལ་གཞན་འགྲུབ་ཡིན་ཞེ་ན་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་གལ་ཏེ་རྣམ་པར་རྟོག་པ་ཞེས་ བྱ་བའོ། །ལན་ནི་སྒྲུབ་པར་བྱེད་པ་ཉིད་མ་ཡིན་ན་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་བརྒྱུད་ནས་ཞེས་གསུངས་སོ། །རང་གི་མཚན་ཉིད་མི་སྣང་ཡང་བརྒྱུད་ནས་འབྲེལ་པའི་ཕྱིར་རོ། །འདི་ཉིད་བརྗོད་པ་ནི་དངོས་སུ་ཞེས་བྱ་བའོ། །མི་སླུ་བ་དང་ལྡན་པ་ཉིད་ནི་སྒྲུབ་པར་བྱེད་པ་ཉིད་དོ། །རྗེས་སུ་དཔག་ པ་དངོས་པོ་དང་འབྲེལ་པ་འགོག་པར་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །ལན་ནི་དེའི་བག་ཆགས་དེའི་དངོས་པོ་དང་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་དེའི་བག་ཆགས་རྟགས་ཀྱིས་ཤེས་པ་ནི་ཁྱབ་པར་བྱེད་པའི་དངོས་པོ་དང་འབྲེལ་པའི་ཕྱིར་རོ། །དེའི་བག་ཆགས་དང་འབྲེལ་པ་ཡིན་ཡང་དངོས་པོ་དང་ འབྲེལ་པར་ཇི་ལྟར་འགྱུར་ཞེ་ན། ཞེས་དྲིས་པ་ལ་བརྗོད་པ་ནི་མེ་དང་ཤིང་ལ་སོགས་པའོ། །དངོས་གང་ཇི་ལྟ་བུར་གྱུར་པ་ཞེས་བྱ་བ་ནི་མེ་མ་ཡིན་པའི་བདག་ཉིད་ལ་ལྡོག་པ་དེ་ནི་རྒྱུ་ཡིན་ནོ། །གང་གི་ཞེ་ན། དེ་འདྲ་བའི་རྟགས་སེམས་ཀྱིའོ། །དེ་འདྲ་བའང་ཡིན་ཏེ་དུ་མ་མ་ཡིན་པ་དང་ཤ་པ་མ་ཡིན་པ་ལས་ལྡོག་ པའི་རང་བཞིན་ཡིན་གྱི། ཡོད་པ་དང་ལོ་མ་ལ་སོགས་པ་ལས་བྱུང་བ་ནི་མ་ཡིན་པས་སོ། །རྟགས་ཀྱང་ཡིན་ཏེ་འབྲས་བུའམ་ཁྱབ་པར་བྱ་བ་ཡིན་པས་སོ། །དེ་དག་གི་སེམས་ཀྱིའོ། །དེ་ལས་ཅི་འཁྲུལ་སྙམ་ན། གང་གི་ཕྱིར་དེ་ལྟ་མ་ཡིན་པ་དེའི་ཕྱིར་ཇི་ལྟ་བ་བཞིན་དུ་གྱུར་པ་དེ་ལྟ་བུའི་དངོས་པོ་ལ་སྟེ། ཡུལ་ རྒྱུ་མཚན་ལ་དེས་བསྐྱེད་དེ་རྟགས་ཀྱིས་བསྐྱེད་པ་རྟགས་ཅན་གྱི་བློར་འགྱུར་བ་ཡིན་ཏེ། རྟགས་ཀྱི་སྒོ་ནས་དེ་དེས་བསྐྱེད་པའི་ཕྱིར་ན་འབྲེལ་པར་འགྱུར་བ་ཡིན་ནོ། །དབང་ཕྱུག་ལ་སོགས་པའི་བློ་ནི་མ་ཡིན་ཏེ་བཟློག་པའི་ཕྱིར་རོ། །གལ་ཏེ་དངོས་པོ་དང་འབྲེལ་ཀྱང་དེ་སྣང་བས་སྟོང་པའི་ཕྱིར་ན་ཇི་ལྟར་རྗེས་སུ་དཔག་པ་ མི་སླུ་བ་ཡིན་སྙམ་ན་དེས་ན་ཞེས་སྨོས་སོ། །དེས་ན་འབྲེལ་པ་ཡིན་ནོ་ཞེས་འབྲེལ་ཏོ། །རྟགས་དང་རྟགས་ཅན་བློ་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་ཚུལ་གྱིས་རྗེས་སུ་དཔག་པའི་བདག་ཉིད་ཅན་དག་གོ། །གལ་ཏེ་སྣང་བས་སྟོང་ན་ཇི་ལྟར་མི་སླུ་བ་ཡིན་ཞེ་ན། སྣང་བ་ཉིད་ལས་ཞེས་བྱ་བའོ། །མངོན་སུམ་ ཉིད་ལས་སོ། །ལྷག་པར་ཞེན་པ་ལས་ཀྱང་ཞེས་བྱ་བ་ནི་རྗེས་སུ་དཔག་པ་ལས་ཀྱང་ངོ་། །ཇི་ལྟར་ཞེ་ན་འཇུག་པས་ཞེས་བྱ་བའོ། །འོན་ཏེ་སྣང་བ་མེད་ན་འཇུག་པ་ཉིད་དུ་མི་འགྱུར་ཞེ་ན། འཇུག་པ་ནི་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྗེས་སུ་དཔག་པས་དང་པོ་མི་འཇུག་ན། ཕྱིས་མངོན་ སུམ་གྱིས་འཇུག་པར་མི་འགྱུར་རོ། །འོ་ན་ཇི་ལྟར་མངོན་སུམ་འཇུག་སྙམ་ན་དང་པོ་ཞེས་གསུངས་སོ། །ལྷག་པར་ཞེན་པས་ནི་རྗེས་སུ་དཔག་པས་སོ། །དེ་ལས་ཞེས་བྱ་བ་ནི་ལྷག་པར་ཞེན་པ་ལས་སོ། །གལ་ཏེ་གང་གིས་འཐོབ་པར་འགྱུར་བ་སྣང་བ་མ་ཡིན་པ་ཇི་ལྟར་ཡོད་པ་ཉིད་ཡིན་ཞེས་དོགས་ན། ཇི་ལྟར་ ཞེས་བྱ་བའོ། །གཉི་ག་ལ་ཡང་མི་སྣང་བ་དང་གཞན་དག་ལའོ། །སྣང་བ་ཐོབ་པ་ནི་གང་ན་ཡང་མེད་པའི་ཕྱིར་འདི་ནི་ཁས་བླངས་པ་ཁོ་ནས་བརྗོད་པ་ཡིན་ནོ་ཞེས་བརྗོད་པ་ནི་སྣང་བ་ནི་ཞེས་བྱ་བའོ། །གལ་ཏེ་མི་སྣང་ན་ནི་ཡོད་ཀྱང་དེ་ཇི་ལྟར་རྟོགས་ཤེ་ན། ཇི་ལྟར་ཞེས་བྱ་བའོ། །འབྲེལ་པ་སྣང་བ་ལས་ཀྱང་ཡོད་ པར་ཤེས་སོ་ཞེས་འབྲེལ་ཏོ། །འོན་ཏེ་མི་སྣང་བའི་ཕྱིར་ཐོབ་པའི་ཡུལ་མེད་པ་ཉིད་དེ་ཞེ་ན་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་མི་སྣང་བའི་ཕྱིར་ཐོབ་པའི་ཡུལ་མེད་པ་ཉིད་དོ་ཞེ་ན། དེའི་ཕྱིར་ཞེས་བྱ་བ་སྟེ། གང་གི་ཕྱིར་ཐོབ་པར་བྱ་བའི་ཡུལ་མེད་ན་འཁྲུལ་པ་དང་། ཅིག་ཤོས་ཀྱི་རྣམ་པར་དབྱེ་བ་མེད་པ་དེའི་ཕྱིར་ ཐོབ་པར་བྱ་བ་ལྐོག་ཏུ་གྱུར་པ་རྟོག་ན་འཁྲུལ་པ་ཅིག་ཤོས་ཀྱི་རྣམ་པར་དབྱེ་བར་འགྱུར་བ་ཡིན་ནོ། །གཞན་དུ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པ་མ་རྟོགས་པར་ནི་མ་ཡིན་ཏེ། རང་གི་ངོ་བོས་ནི་ཐམས་ཅད་ཀྱང་མ་འཁྲུལ་པའི་ཕྱིར་རོ་ཞེས་བྱ་བར་ངེས་པ་ཡིན་ནོ། །འབྲེལ་པར་གྱུར་པའི་འབྲེལ་པའི་ཡུལ་ངེས་པར་ བྱེད་པ་ཉིད་རྗེས་སུ་དཔག་པའི་མི་སླུ་བ་སླུ་བ་མེད་པའི་རང་བཞིན་གྱི་ཚད་མ་ཡིན་ནོ་ཞེས་བརྗོད་ནས། འཆད་པ་པོའི་ལོག་པར་རྟོག་པ་བསལ་བའི་དོན་དུ་ཚིགས་སུ་བཅད་པ་ཡང་འདོན་པ་ནི་དེ་ལྟར་རྟགས་དང་ཞེས་བྱ་བའོ། །རྟགས་ཅན་གྱི་ཤེས་པ་བཞིན་དུ་དེ་ངེས་པར་བྱེད་པའི་རྟགས་ཀྱི་ཤེས་པ་ཡང་རྟགས་དེ་དང་ འབྲེལ་པའི་ཕྱིར་དེ་ལ་མི་འཁྲུལ་བ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་དང་འབྲེལ་པ་དང་ལྷག་པར་ཞེན་པ་དང་ཐོབ་པར་བྱེད་པ་ལ་སོགས་པ་ཡིན་ཡང་ཇི་ལྟར་འཁྲུལ་པ་ཡིན་ཏེ་འགལ་བའི་ཕྱིར་རོ་ཞེས་དོགས་ན། སྒྲུབ་པར་བྱེད་པ་ཉིད་ལྷག་པར་ཞེན་པར་བྱེད་པར་རྟགས་དང་རྟགས་ཅན་གྱི་ཤེས་པ་དེ་ནི་རྟགས་ཅན་ དེའི་ངོ་བོ་ཡིན་པའི་ཕྱིར། འཁྲུལ་པ་རྣམ་གཞན་བྱས་པ་ཡིན། །དེའི་ངོ་བོ་ཞེས་བྱ་བ་ནི་དེ་མངོན་དུ་བྱེད་པས་སྟོང་པ་དག་སྟེ། འདི་ནི་གཏན་ཚིགས་སོ། །རང་གི་ངོ་བོ་དངོས་སུ་བྱེད་པ་ཉིད་ནི་མ་འཁྲུལ་པ་ཡིན་ནོ། །བཤད་པ་མཛད་པ་ནི་རང་བཞིན་གྱི་རྗེས་སུ་དཔག་པ་ནི་རྟགས་ཀྱི་ཤེས་པ་ཡིན་ཏེ། རྟགས་ཅན་ ཡང་རྟགས་ཉིད་ཐ་མི་དད་པའི་ཕྱིར་རོ། །འབྲས་བུའི་རྗེས་སུ་དཔག་པ་ནི་རྟགས་ཅན་གྱི་ཤེས་པ་ཡིན་ནོ་ཞེས་འཆད་དོ། །འདི་ལ་ཁ་ཅིག་ན་རེ་ཞེས་བྱ་བ་ནི་སློབ་དཔོན་ཆོས་མཆོག་ལ་སོགས་པ་ཡིན་ཏེ། དུ་བ་ལ་སོགས་པ་ཞེས་བྱ་བ་ནས་བརྩམས་ནས་གཙོ་བོ་ཉིད་དུ་ཡིན་ནོ་ཞེས་བྱ་བའི་བར་རོ། ། རྟགས་ཅན་གྱི་ཤེས་པ་བཞིན་རྟགས་ཀྱི་ཤེས་པ་ཡང་རྟགས་ཅན་གྱི་ཡུལ་ཅན་ཡིན་ཏེ། རྟགས་མེད་ན་མི་འབྱུང་བར་ངེས་པའི་རང་བཞིན་ཉིད་རྟགས་ཀྱི་བྱེད་པ་ཡིན་པས་ན་རྟགས་ཅན་ཡང་འདུས་པའི་ཕྱིར་རོ་ཞེས་བྱ་བ་ནི། སློབ་དཔོན་ཆོས་མཆོག་ལ་སོགས་པའི་ལུས་རྣམ་པར་གཞག་པའོ། ། འདི་གསལ་བའི་རྩོད་པ་བརྗོད་པ་ནི། དེས་ན་ཇི་སྐད་དུ་ཞེས་བྱ་བ་སྟེ། བདེ་བྱེད་ཀྱིས་སོ་དེ་བསལ་བ་ཡིན་ཏེ་ཞེས་བྱ་བ་རྒྱང་རིང་པོར་འབྲེལ་ཏོ། །ཇི་སྐད་སྨྲས་ཤེ་ན། འདིར་ཞེས་བྱ་བའོ། །རྟགས་སྨོས་པ་ནི་སྐབས་སུ་བབ་པ་མ་ཡིན་ཏེ། རྟགས་ཅན་གྱི་བློ་ཉིད་ཀྱི་སྐབས་ཡིན་པའི་ཕྱིར་རོ། །དེས་ན་ རྟགས་ཀྱི་བློ་དཔྱད་པས་ཅི་ཞིག་བྱ། ཅི་སྟེ་དེ་ཡང་ཞེས་བྱ་བ་ནི་རྟགས་ཀྱི་བློའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་རྟགས་ཀྱི་བློ་རྗེས་སུ་དཔག་པའི་བདག་ཉིད་དུ་གྱུར་པ་ནའོ། །རྟགས་དང་རྟགས་ཅན་བློ་ཞེས་ཐ་དད་པར་སྨོས་པ་དོན་མེད་དོ། །སྔོན་གྱི་བློ་ཉིད་བདག་ཉིད་ཡིན་ན་ཡང་དེར་སྣང་བས་སྟོང་པ་ཞེས་མི་འཐད་ དོ་ཞེས་བརྗོད་པ་ནི། གལ་ཏེ་རྟགས་རྟོགས་པ་ཞེས་བྱ་བའོ། །བསྒྲུབ་པར་བྱ་བའི་རྣམ་པར་སྟོང་པས་འཁྲུལ་པ་ཡིན་ན་ཡང་ཧ་ཅང་ཐལ་བར་འགྱུར་རོ་ཞེས་བརྗོད་པ་ནི། རྟགས་ཅན་སྣང་བས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་སྟེ་ཡུལ་མ་ཡིན་པའི་ཕྱིར་རོ། །འདི་ག་ལས་ཤེ་ན་བུམ་པའི་ ཞེས་སྨོས་སོ། །ཇི་ལྟར་འདིས་བསྒྲུབ་སྙམ་ན་རྟགས་དང་ཞེས་སོ། །ཡུལ་གཅིག་པ་ནི་རྟགས་ཅན་དུའོ། །རྟགས་ཅན་གྱིས་ཁྱད་པར་དུ་བྱས་པའི་རྟགས་ནི་མངོན་སུམ་ཉིད་ཀྱང་མ་ཡིན་ནོ་ཞེས་སྨོས་པ་ནི། མངོན་སུམ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་ལྟར་གཞན་དག་འདོད་ལ། གལ་ཏེ་རྟགས་ནི་ ཞེས་བྱ་བ་ལ་སོགས་པའི་རྗེས་སུ་བརྗོད་ནས་སེལ་བར་བྱེད་པ་ནི་ཕྱོགས་ཀྱི་ཆོས་ཉིད་འཛིན་པའི་དུས་ན་ཐུན་མོང་གི་རང་བཞིན་ཅན་མཚུངས་པ་ནི་ཆོས་དག་གི་འབྲེལ་པ་ནི་རྗེས་སུ་དཔག་པ་ལས་ཡིན་ཏེ། དེའི་ཡུལ་མ་ཡིན་པའི་ཕྱིར་ན་མངོན་སུམ་གྱིས་ནི་མ་ཡིན་ན། དེའི་ཚེ་ཐུག་པ་མེད་པར་འགྱུར་རོ་ཞེས་ བརྗོད་པ་ནི། དེ་ལྟ་ཡིན་ན་ཐུག་མེད་འགྱུར། །ཞེས་བྱ་བའོ། །ཇི་ལྟ་ཞེ་ན། དེ་ལའང་ཞེས་གསུངས་ཏེ། རྗེས་སུ་དཔག་པ་ལའོ། །འོན་ཏེ་རྟགས་ནི་ཞེས་བྱ་བ་ལ་སོགས་པས་ནི་ཅི་སྟེ་གོམས་པ་ལས་དེ་མེད་ན་མི་འབྱུང་བའི་རྟགས་ནི་དེ་མེད་ན་མི་འབྱུང་བ་ཉིད་དོ། །རྟོགས་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་ བསུ་ནས། མངོན་སུམ་དེ་ནི་རྟགས་སྣང་བ་ཁོ་ན་ཡིན་ཏེ། དེ་མི་སྣང་བ་དེ་མེད་ན་མི་འབྱུང་བ་ཉིད་དུ་འཛིན་པ་མི་འཐད་པའི་ཕྱིར་རོ་ཞེས་ལན་འདེབས་པ་ནི། དེ་ལྟ་ཡིན་ཞེས་བྱ་བ་དེ་མངོན་སུམ་གྱི་ཡུལ་ཉིད་ཡིན་ནམ། ཇི་ལྟར་འགྱུར་ཞེས་བྱ་བ་ནི་མངོན་སུམ་དེའོ། །ཅི་སྟེ་བྱ་ཞེས་བྱ་བ་ལ་གཟུང་ཡང་ཞེས་བྱ་བ་ལ་ དཔེ་ལའོ། །དེའི་ཚེ་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉིད་འཛིན་པའི་དུས་ནའོ། །དེ་ལྟ་ན་ཞེས་བྱ་བ་ནི་མེད་ན་ལའོ། །དེ་ནི་དྲན་པའོ། །དེ་ལ་ཞེས་བྱ་བ་ནི་མེད་ན་མི་འབྱུང་བ་ཉིད་ལའོ། །ཅིའི་ཕྱིར་ཞེ་ན་ཚད་མ་ཉིད་ཀྱིས་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པའོ། །འོ་ན་ཞེས་བྱ་བ་ནི་ལན་ནོ། །རྗེས་སུ་ དཔག་པ་ནི་ཞེས་བྱ་བ་ནི་དེའི་རང་བཞིན་གྱིས་རྟགས་ལས་སྐྱེས་པའི་ཕྱིར་རོ། །དེ་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །སྔར་ཞེས་བྱ་བ་ནི་ཕྱོགས་ཀྱི་ཆོས་ཉིད་འཛིན་པ་ལས་སོ། །དེ་ལ་ཞེས་བྱ་བ་ནི་མེད་ན་མི་འབྱུང་བ་ཉིད་ལའོ། །གང་གི་ཕྱིར་དེ་ལྟར་གཞན་གྱི་བཤད་པ་མི་འགྲིག་པ་དེའི་ཕྱིར་རོ། །གལ་ཏེ་རྟགས་ཀྱི་ བློའི་སྒྲས་རྟགས་ཅན་གྱི་བློ་ཅི་ལྟར་བརྗོད་ཅེ་ན། དོན་དམ་པར་ཞེས་གསུངས་སོ། །རྒྱུའི་ཡུལ་ཅན་གྱི་རྟགས་ཅན་གྱི་བློ་ཡང་རྟགས་ཀྱི་བློའི་སྒྲས་རྟགས་ཅན་གྱི་བློ་ཅི་ལྟར་བརྗོད་ཅེ་ན། དེར་ནི་ཐ་དད་པའི་ཕྱིར་ཞེས་བྱ་བ་སྟེ་རྒྱུ་དང་འབྲས་བུ་དག་ལའོ། །དེ་ཞེས་བྱ་བ་ནི་རྟགས་ཀྱི་བློའོ། །ཅི་སྟེ་ཡང་དུ་བའི་རང་ བཞིན་མེ་མི་འབྱུང་བ་ཉིད་དུ་ཁས་མི་ལེན་ན་རྟགས་མ་ཡིན་ཏེ། དེས་ན་དེ་ལས་རྗེས་སུ་དཔག་པ་ཇི་ལྟར་འབྱུང་སྙམ་ན་ཤིན་ཏུ་ཞེས་བྱ་བའོ། །སྦྲང་བུའི་ཚོགས་ལ་སོགས་པ་དང་མཚན་ཉིད་མི་མཐུན་པའི་རང་བཞིན་ཤིན་ཏུ་གོམས་པ་ལས་ནི་མེ་མ་རྟོགས་ཀྱང་ཤིན་ཏུ་གསལ་བར་ཉམས་སུ་མྱོང་བས་ཉེ་བར་ མཚོན་པའི་དུ་བས་རྗེས་སུ་དཔག་པ་སྐྱེད་པར་བྱེད་པ་ནི་རྟགས་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །གོམས་པ་མེད་ན་ནི་དེའི་རང་བཞིན་གྱི་རྟགས་ལས་མི་འབྲེལ་བར་འཛིན་པ་ཁོ་ན་རྟགས་བློ་ཡིན་ནོ་ཞེས་བརྗོད་པ་ནི། དུའི་ཞེས་གསུངས་སོ། །དེ་ཉིད་ནི་དུ་བ་ཉིད་དུ་ནིའོ། །མེས་བསྐྱེད་པ་རྣམ་པ་དེ་ལྟ་བུ་ཉིད་ལ་དུའོ་ ཞེས་བསྙད་པའི་ཕྱིར་དུ་བ་ཉིད་དེ་དང་འབྲེལ་པ་ཡིན་ལ། དེ་བཟུང་བ་ཉིད་ཀྱང་དེ་དང་འབྲེལ་པར་བཟུང་བ་ཡིན་ནོ། །དེ་ཉིད་ག་ལས་རྟོགས་སྙམ་ན། དུ་བ་ཉིད་ཀྱང་ངོ་ཤེས་པ་ལས་སོ་ཞེས་བྱ་བའོ། །དེ་ཉིད་རྟགས་ཀྱི་ཤེས་པ་ཡིན་ནོ་ཞེས་ངོ་ཤེས་པ་ལ་ཡང་ཞེས་གསུངས་སོ། །གལ་ཏེ་རྗེས་ སུ་དཔག་པ་འདི་ལ་ཡང་དེ་རང་བཞིན་གྱི་རྟགས་ཕྱོགས་ཀྱི་ཆོས་སུ་གྲུབ་པའི་དོན་དུ་རྗེས་སུ་དཔག་པ་གཞན་དང་གཞན་གྱི་རྗེས་སུ་འགྲོ་བའི་ཕྱིར་ཐུག་པ་མེད་པར་འགྱུར་རོ་ཞེ་ན། ཤིན་ཏུ་གོམས་པ་ལས་སོ་ཞེས་བྱ་བའོ། །གང་གི་ཕྱིར་མེད་ན་མི་འབྱུང་བ་ཉིད་དུ་ངེས་པའོ་ནི་རྟགས་འཛིན་པ་ཉིད་དུ་མི་འཐད་པ་དེའི་ཕྱིར་ རང་གི་མཚན་ཉིད་ཅེས་བྱ་བའོ། །གཞན་གྱིས་འབྲེལ་པ་ངེས་པ་ཉིད་རྟགས་འཛིན་བརྗོད་པ་གང་ཡིན་པ་དེ་ནི་རྟགས་ཅན་འཛིན་པ་ཁོ་ན་ཡིན་ཏེ་རྟོག་པ་གཞན་མེད་པའི་ཕྱིར་རོ་ཞེས་བཤད་པ་ནི་དེའི་ཞེས་བྱ་བའོ། །འབྲེལ་པ་ཉིད་འཛིན་པ་ཉིད་ཡིན་པ་དེ་ནི་ཞེས་འབྲེལ་ཏོ། །དེ་ནི་སྤྱིའི་འཛིན་པ་རྗེས་སུ་དཔག་ པ་ཡིན་ཞེས་འབྲེལ་ཏོ་གཞན་དུ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་རང་བཞིན་མ་ཡིན་པ་རྟགས་ཀྱི་ཤེས་པ་ཡིན་པར་རོ། །རྗེས་སུ་དཔག་པ་དངོས་པོ་དང་འབྲེལ་པ་དེ་ཉིད་ཉེ་བར་སྡུད་པ་ནི་དེའི་ཕྱིར་དངོས་པོ་ཞེས་བྱ་སྟེ། དངོས་པོར་རྟོགས་པར་བྱ་བའི་དངོས་པོ་རྟོགས་པར་བྱ་བ་ལའོ། །ཁྱབ་བྱེད་ནི་རྒྱུ་མཚན་ཡིན་ནོ་སུའི་ ཞེ་ན་ཁྱབ་པར་བྱེད་པ་ཡང་སེམས་ཀྱིའོ། །ཁྱབ་པར་བྱེད་པ་ཡང་དེའི་ངོ་བོའམ་རྒྱུ་ཡིན་པར་འགྱུར་རོ། །ཁྱབ་པར་བྱ་བའི་སེམས་དེ་ཡང་ཁྱབ་པར་བྱེད་པ་དེའི་བློའི་རྒྱུ་ཡིན་ནོ། །གལ་ཏེ་གང་གིས་དངོས་པོ་རྟོགས་པར་བྱ་བ་ལའོ། །བྱེད་པ་བསྒྲུབ་པར་བྱ་བ་གཞན་དག་ཀྱང་སྲིད་དམ་སྙམ་ན་བསྒྲུབ་པར་བྱ་བ་ཞེས་གསུངས་སོ། །དེ་ལྟར་ བསྒྲུབ་པར་བྱ་བ་ཡིན་སྙམ་ན། གང་གི་ཕྱིར་ཞེས་གསུངས་སོ། །ཇི་ལྟར་དེའི་རྒྱུ་ཡིན་ཞེ་ན་དེ་ཡང་ཞེས་བྱ་བའོ། །དེ་ལྟ་ན་ཇི་ལྟར་རྗེས་སུ་དཔག་པ་ཚད་མ་ཡིན་ཞེ་ན། དེ་ཡང་ཞེས་བྱ་བ་སྟེ་ཁྱབ་པར་བྱ་བའི་སེམས་ཀྱང་ངོ་། །དེ་བསྒྲུབ་པའི་ཡུལ་ཅན་གྱི་རྗེས་སུ་དཔག་པ་ཚད་མ་ཉིད་དུ་བསྒྲུབས་ནས་དགག་པའི་ ཡུལ་ཅན་ཡང་བསྒྲུབ་པའི་ཕྱིར་མི་དམིགས་པ་ཞེས་སྨོས་སོ། །གང་གིས་དེའི་ཡུལ་ཅན་གྱི་ཤེས་པ་ཚད་མར་འགྱུར་བ་ཇི་ལྟར་འབྲེལ་པ་ཡོད་ཅེས་དྲིས་པ་ལ་སྟོན་པ་ནི་ཞེས་བྱ་བའི་དོན་ཏོ། །ཐམས་ཅད་དུ་ཞེས་བྱ་བ་ནི་འགའ་ཞིག་ཏུ་དགག་པ་ཞེས་བྱ་བའོ་ཅོག་དེར་ནི་མི་དམིགས་པ་ཁོ་ན་ཡིན་ནོ། །འདི་ག་ལས་ ཤེ་ན་དམིགས་པའི་བདག་ཉིད་ཀྱིས་ཚད་གྲུབ་པ་སྟེ། ངེས་པར་སྨྲ་བ་རྣམས་ཀྱི་དོན་གྱིས་ཞེས་བྱ་བ་མེད་པ་རྟོགས་པའི་རྣམ་པ་གཞན་མེད་པའི་ཤུགས་ཀྱིས་སོ། །བཟློག་པ་ཉིད་ལས་ཞེས་བྱ་བ་ཉིད་འཛིན་པར་བྱེད་པའི་ཚད་མ་བཟློག་པ་ལས་སོ། །མི་དམིགས་པ་ཉིད་ལས་འགག་པ་འགྲུབ་པ་ཞེས་བྱ་བ་འདི་ག་ ལས་ཤེ་ན། གང་དུ་དངོས་པོའི་ཞེས་བྱ་བའོ། །དངོས་པོ་དེ་དགག་པ་ནིའོ། །དེས་ན་ཞེས་བྱ་བ་ནི་དམིགས་པ་ནི་དངོས་པོ་མེད་པའི་སྒྲུབ་བྱེད་ཉིད་དུ་མི་འཐད་པའི་ཕྱིར་རོ། །བཟློག་པ་ཉིད་ཀྱིས་ཞེས་བྱ་བ་ནི་མི་དམིགས་པ་ཉིད་ཀྱིས་སོ། །གལ་ཏེ་གང་གིས་དེ་སྐད་བརྗོད་པ་མི་དམིགས་པས་དགག་པར་འགྲུབ་ལ་གཞན་ གྱིས་ཆེད་ཆེར་འཛིན་པའམ་ཞེ་ན་ཆེད་ཆེར་འཛིན་ཏོ་ཞེས་བསྟན་པའི་དོན་དུ་རྣམ་པ་གཅིག་དཔེར་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །དམིགས་པར་རིགས་པ་ནི་ལྟར་རུང་བའོ། །གལ་ཏེ་གཞན་གྱི་ལྟར་ན་རྣམ་པ་ཅི་ཞིག་ལྟར་མེད་པར་རྟོགས་པར་འགྱུར་བ་ཡིན་ན། ཁྱེད་ལ་ཇི་ལྟར་ཚད་མ་དང་ལྡན་པའི་རྟོགས་པ་ དང་ལྡན་པའི་མངོན་སུམ་པའམ་འབྲེལ་པ་ཅན་མ་ཡིན་པ་མེད་དོ་ཞེས་དོགས་པ་བསུ་ནས་བསྟན་པའི་འབྲེལ་པ་གསལ་བར་བྱེད་པ་ནི་དེ་ཙམ་དང་ཞེས་བྱ་བའོ། །མི་དམིགས་པ་ལས་གཞན་པའི་དགག་པ་ལ་ནི་འབྲེལ་པ་མེད་པར་ཡང་འགྱུར་གྱི། ངེད་ཀྱི་ལ་ནི་མ་ཡིན་གྱི། གཞན་མ་ཡིན་པས་ན་དེའི་བདག་ཉིད་ཡིན་པའི་ ཕྱིར་རོ་ཞེས་བྱ་བའོ། །གལ་ཏེ་དགག་པ་ཉིད་ནི་ཐམས་ཅད་དུ་མི་དམིགས་པ་ལས་གྲུབ་པ་ཡིན་ཞེས་བྱ་བ་ནི་མི་འཐད་དེ། འགལ་བ་དམིགས་པ་ལ་སོགས་པ་ཡང་མེད་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་རོ། །མི་དམིགས་པ་ནི་འདིར་དེའི་བདག་ཉིད་ཀྱང་མ་ཡིན་ཏེ། རུང་བ་མ་ཡིན་པའི་ཡུལ་ཅན་ཉིད་ཀྱིས་དགག་པ་ ལས་ཐ་དད་པའི་ཕྱིར་ཞེས་དོགས་པ་ནི་འགལ་བ་ཡང་ཞེས་བྱ་བའོ། །དངོས་སམ་ཞེས་བྱ་བ་ནི་འགལ་བ་མི་དམིགས་པ་ལའོ། །བརྒྱུད་པས་ཞེས་བྱ་བ་ནི་རྒྱུ་འགལ་བ་ལ་སོགས་པའོ། །འདི་ལ་ཞེས་བྱ་བ་ནི་རྒྱུ་འགལ་བའོ། །འགལ་བ་འཛིན་པའི་དུས་ནས་རྟོགས་པའི་སྣང་བ་མི་དམིགས་པ་དེའི་རང་བཞིན་ མཐོང་བ་ལས་དཔག་པ་ཉིད་དངོས་པོ་མེད་པའི་ཐ་སྙད་ཀྱི་རྒྱུ་ཡིན་ནོ་ཞེས་ལན་འདེབས་པ་ནི་འགལ་བ་བརྗོད་པ་མཐོང་བ་གང་ཡིན་ཞེས་བྱ་བའོ། །གང་གི་ཞེ་ན། དགག་པར་བྱ་བ་གྲང་བ་དེའམ་དེའི་རྒྱུའི་སྟེ་བ་སྤུ་ལངས་པ་ལ་སོགས་པ་གང་ལ་རྒྱུ་གྲང་བ་དེ་དགག་པ་ལའོ། །མཐོང་བ་ལ་གང་ཡིན་པ་དེ་ལ་ཡང་གྲང་བ་ལ་ སོགས་པ་དེ་ཉིད་ཚད་མ་ཉིད་མེད་པ་སྟེ། མི་དམིགས་པ་སྟོན་པར་བྱེད་པ་ཡིན་ཏེ། དཔོག་པར་བྱེད་པ་ཡིན་ནོ། །འགལ་བ་དང་དམིགས་པ་ལ་སོགས་པའི་སྒོ་ནས་མི་དམིགས་པ་ཉིད་རྗེས་སུ་དཔོག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབར་བའི་གཟུགས་མངོན་སུམ་དུ་མཐོང་བས་ནི་ ཚོགས་པ་གཅིག་ལ་རག་ལས་པ་ཉིད་ཀྱིས་གྲང་བ་མི་དམིགས་པའི་རང་བཞིན་དྲོ་བའི་རེག་པ་གོ་བར་བྱེད་པ་ཡིན་ཏེ། དེས་ནི་རྗེས་སུ་དཔག་པས་མི་དམིགས་པ་གྲུབ་པ་ཡིན་ནོ། །དེས་མི་དམིགས་པ་དང་འགལ་བ་ལ་འབྲེལ་ཅི་ཡོད་ཅེས་བརྗོད་པ་དེ་གསལ་བ་ཡིན་ནོ། །དེ་ལ་ཚོགས་པ་གཅིག་ལ་རག་ལས་ པའི་མེའི་གཟུགས་ཀྱིས་ནི་དྲོ་བའི་བདག་ཉིད་ཀྱི་རེག་པ་དཔོག་པ་ཡིན་ནོ་ཞེས་ཀྱང་འཆད་པར་འགྱུར་རོ། །འགལ་བ་ནི་ཞེས་བྱ་བ་ནི་གྲང་བའི་རེག་པའོ། །དོགས་པ་ནི་མེད་པའི་ཚུལ་དུ་ཞེས་བྱ་བའོ། །དེ་ལྟ་ན་ནི་ཞེས་བྱ་བ་ནི་ལན་ནོ། །དེ་ལྟ་མ་ཡིན་ན་དེ་མཐོང་བ་ལས་དེ་མེད་པར་ཇི་ལྟར་རྟོགས་དེ་དང་ནི་ཞེས་བྱ་ བ་ནི་གྲང་བ་མེད་པ་དང་སྟེ་མེ་དང་གྲང་བ་མེད་པ་དག་ནི་ལྷན་ཅིག་ཡིན་པའི་ཕྱིར་རོ། །གང་ལ་མེ་དེ་ཡོད་པ་དེར་གྲང་བ་མེད་པར་འགྱུར་བ་ལ་ནི་དེ་ག་ལས་ཞེས་བྱ་བའོ། །དེ་ལྟ་བུ་ཉིད་དུ་ཞེས་དོགས་པ་བསུ་ནས། ཅི་ཞེས་བྱ་བའི་རྣམ་པར་རྟོག་པ་གཉིས་བྱས་ནས་གལ་ཏེ་ཞེས་བྱ་བས་དང་པོ་སེལ་བའོ། །དེ་སྟེ་ ཞེས་བྱ་བ་ནི་གཉིས་པའོ། །མི་དམིགས་པ་ཁོ་ན་ལས་ཞེས་བྱ་བ་ནི་འགལ་བ་མཐོང་བས་དཔག་པ་ལས་སོ། །གཞན་དུ་ཞེས་བྱ་བ་ནི་འགལ་བར་བསྒྲུབ་པས་མི་དམིགས་པ་རྗེས་སུ་དཔག་པ་མ་ཡིན་ནའོ། །མེ་ལ་སོགས་པའི་དངོས་པོ་གཅིག་ཡོད་པར་བརྗོད་པས་གཞན་གྲང་བའི་རེག་པ་ལ་སོགས་ པ་མེད་པར་རོ། །གང་ལས་ཞེས་བྱ་བ་ནི་ཚད་མས་སོ། །དེ་ཉིད་ཀྱང་ནི་འགལ་བ་ཉིད་ཀྱང་ངོ་། །དེ་ནི་ཞེས་བྱ་བ་ནི་ལྷན་ཅིག་མི་གནས་པའོ། །ཚད་མ་མེད་པ་ཉིད་ནི་མི་དམིགས་པ་ཉིད་དོ། །འོན་ཏེ་གཅིག་ཡོད་པ་ཉིད་ལས་གཞན་འགོག་པའི་ཕྱིར་མི་དམིགས་པས་ཅི་བྱ་ཞེ་ན། གལ་ཏེ་ཞེས་བྱ་བའོ། །འོན་ ཏེ་གཞན་དགག་པ་ནི་འགལ་བ་ལས་ཡིན་པ་དེས་ན་ཧ་ཅང་ཐལ་བ་མ་ཡིན་ནོ་ཞེ་ན་ལྷན་ཅིག་ཅེས་གསུངས་སོ། །གལ་ཏེ་དེ་ལྟ་ཞེས་བྱ་བ་ལ་སོགས་པས་མུ་སྟེགས་པའི་ལུགས་དོགས་པ་བསུ་བའོ། །འདི་འགོག་པ་སློབ་དཔོན་ཆོས་མཆོག་གི་ལུགས་ཀྱིས་དོགས་པ་བསུ་བ་ནི་ཅི་སྟེ་འགལ་བ་བསྒྲུབ་པའི་ཞེས་ བྱ་བའོ། །སྔོན་ཞེས་བྱ་བ་ནི་འགལ་བ་འཛིན་པའི་དུས་སུའོ། །དེའི་རྗེས་སུ་འབྲང་བ་ཉིད་ཀྱིས་ཞེས་བྱ་བ་ནི་སྔོན་ཞུགས་པའི་མི་དམིགས་པའི་རྗེས་སུ་འབྲང་བ་ལས་སོ། །དེ་ཉིད་ཅེས་བྱ་བ་ནི་སྔོན་ཞུགས་པའི་མི་དམིགས་པའོ། །འབྲེལ་པ་འཛིན་པ་ཉིད་ལས་རྗེས་སུ་དཔག་པར་བྱ་བ་འགྲུབ་པས་ན་རྗེས་ སུ་དཔག་པར་ཚད་མ་དུས་སུའོ། །དེའི་རྗེས་སུ་འབྲང་བ་ཉིད་ཀྱིས་ཞེས་བྱ་བ་གལ་ཏེ་དེ་ལྟ་ན་ཞེས་བྱ་བའོ། །ཁོང་པར་མཐོང་བ་ནི་སྣང་བ་མི་དམིགས་པ་སྟེ་འགལ་བ་འཛིན་པའི་དུས་ན་ཞུགས་པ་དེས། གལ་ཏེ་བསྒྲུབ་པར་བྱ་བ་དངོས་པོ་མེད་པར་འགྲུབ་པར་འགྱུར་བ་མེའི་རྗེས་སུ་དཔག་པར་ཚད་མར་ཇི་ལྟར་འགྱུར་ཏེ་མི་ འགྱུར་བ་ཉིད་དོ། །གལ་ཏེ་གཞན་རྣམ་པ་གཞན་དུ་འགྱུར་བས་གཞན་རྣམ་པ་གཞན་དུ་ཇི་ལྟར་འགྱུར་ཞེ་ན། རྗེས་སུ་དཔག་པའི་ཞེས་གསུངས་ཏེ་རྟགས་ཀྱིའོ། །དེ་ཉིད་ལས་ཞེས་བྱ་བ་ནི་མངོན་སུམ་ཉིད་ལས་སོ། །དེར་ཞེས་བྱ་བ་ནི། ལྐོག་ཏུ་གྱུར་པ་ལའོ། །ལན་ནི་ལྐོག་ཏུ་གྱུར་པའི་ ཞེས་བྱ་བའོ། །འཇུག་པ་གང་ཡིན་པ་ཞེས་བྱ་བ་ནི། གྲང་བ་ལ་སོགས་པ་དགག་པར་བྱ་བ་ལྐོག་ཏུ་གྱུར་པའོ། །འོ་ན་ནི་འགལ་བ་འཛིན་པའི་དུས་ན་ཡོད་པའི་མི་དམིགས་པ་དྲན་པའི་ཡུལ་དུ་གྱུར་པ་ཉིད་མེད་པའི་སྒྲུབ་པར་བྱེད་པ་ཡིན་ནོ། །ཞེས་དོགས་པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །འདི་ ཡང་མེའི་རྗེས་སུ་དཔག་པ་དང་མཚུངས་པ་ཡིན་ནོ་ཞེས་ལན་འདེབས་པ་ནི་དེའི་འདི་ཡང་ཞེས་བྱ་བའོ། །དེར་ཡང་ཞེས་བྱ་བ་ནི། ལྐོག་ཏུ་གྱུར་པའི་མེ་ལ་ཡང་ངོ་། །འོ་ན་ཇི་ལྟར་འགལ་བ་དམིགས་པ་ལ་སོགས་པར་མི་དམིགས་པ་ལས་མེ་འགྲུབ་པ་ཇི་ལྟར་ཡིན་ཞེ་ན། དོགས་པ་བསུ་ནས་མཇུག་སྡུད་པའི་སྒོ་ནས་ མཇུག་གི་ལུགས་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །འདི་ལས་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ཁོ་ནའི་དོན་ཅན་ཞེས་བྱ་བ་ལུང་གི་སྐད་ཀྱིས་ནི་དོན་གྱི་དེ་ཉིད་བརྗོད་པ་ཡིན་ནོ། །གང་གི་ཕྱིར་འགལ་བ་འཛིན་པའི་དུས་ན་མེ་གྲང་བ་མེད་པ་དང་འབྲེལ་པ་ནི་དམིགས་པ་བརྟེན་པ་དེས་ན་མེ་དེ་གྲུབ་པས་གྲང་ བའི་རེག་པ་མེད་པར་གྲུབ་པའོ། །དེ་ལྟ་ན་ཡང་མི་དམིགས་པ་སྒྲུབ་པར་བྱེད་པར་ཇི་ལྟར་འགྱུར་ཞེ་ན། མེད་པ་དེ་ཡང་ཞེས་བྱ་བའོ། །དེས་ན་ཞེས་བྱ་བ་ནི་གཞན་ལ་ཡིན་པས་ནའོ། །མི་དམིགས་པ་ཉིད་ཅེས་བྱ་བ་ནི་གྲང་བ་མེད་པའི་རང་བཞིན་དྲོ་བའི་རེག་པའི་ངོ་བོ་ཉིད་དེ། །གལ་ཏེ་གང་གིས་དཔེར་འགྱུར་བ་མངོན་ སུམ་གྱིས་གྲུབ་པའི་མི་དམིགས་པར་བརྗོད་པ་ཡོད་དམ་ཞེ་ན། གང་འཆད་པར་འགྱུར་རོ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ན་ཡང་རྗེས་སུ་དཔག་པས་གྲུབ་པ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འགྱུར་སྙམ་ན། འདིར་ཡང་ཞེས་གསུངས་སོ། །མངོན་སུམ་རང་ཉིད་ལས་ཞེས་བྱ་བ་ནི་ཉེ་བར་མཚོན་པ་ཡིན་ ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་རྒྱུ་འགལ་བ་དམིགས་པར་མི་དམིགས་པ་ལས་དངོས་པོ་མེད་པར་ཇི་ལྟར་འགྲུབ་སྙམ་ན་གང་གི་ཚེ་ཞེས་བྱ་བ་ནི་སླ་ཞིང་འ