Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 17 / 23 (50.000 ký tự/trang)
འི་རྣམ་པར་གཞག་པ་མཐའ་དག་གི་ཇི་ལྟར་འཇིག་པར་འགྱུར་སྙམ་ན། གཅིག་དང་དུ་མ་ལས་ཞེས་གསུངས་སོ། །འདི་ཞེས་བྱ་བ་ཐ་དད་པ་མེད་པར་མྱོང་བ་གཅིག་ཉིད་
ཀྱིས་སྒྲུབ་བྱེད་མ་ཡིན་ན། ཐ་དད་པའི་གྲུབ་པར་བྱེད་པ་ཡང་མི་འགྲུབ་པོ། །གཅིག་མ་གྲུབ་ན་ཞེས་བྱ་བ་ཐ་མི་དད་པར་མ་གྲུབ་ན། གཉིས་ཀ་ཡང་ཞེས་བྱ་བ་ཐ་དད་པ་དང་ཐ་མི་དད་པའོ། །གང་དག་ལ་ས་ཆེན་པོ་ཡོད་པ་དེ་དག་ཐམས་ཅད་ལ་ཁྱད་པར་བྱེད་པ་གནས་སྐབས་ཀྱི་ཁྱད་པར་འཛིན་པར་བྱེད་པ་རྣམ་པར་
རྟོག་པ་དང་བཅས་པ་རྣམས་སོ། །ཅི་སྟེ་མི་འདོད་ཅེས་བྱ་བ་ནི་ཐ་དད་པར་འདོད་པར་བྱ་བ་ཁོ་ནའོ་ཞེས་བྱ་བའི་དོན་ཏོ། །དེས་ན་ཐ་དད་པ་མེད་པར་རིག་པ་ནི་གཅིག་ཡིན་ནོ་ཞེས་ཐ་དད་པ་མེད་པར་རིག་པ་ཉིད་གཅིག་སྒྲུབ་པ་ལ་སེམས་ཐ་དད་པ་སེམས་ཀྱི་འཁོར་དུ་གྱུར་པ་གང་ཡིན་པ་དེ་དག་གིས་མ་ངེས་སོ། །བློ་དང་

མྱོང་བ་དག་ཀྱང་རེས་འགའ་དེ་ལྟར་ཐ་དད་པར་མཐོང་ངོ་། །དེས་ཐ་དད་པར་མ་རྟོགས་ཀྱང་ཐ་དད་པར་འགྱུར་རོ་ཞེ་ན། བློ་དང་མྱོང་བ་དག་ནི་དེ་ལྟ་མ་ཡིན་ཏེ་ཞེས་གསུངས་སོ། །འོ་ན་སེམས་ལས་བྱུང་བ་རྣམས་ལ་ཡང་ཐ་དད་པར་མི་འཛིན་པ་མེད་པ་ཉིད་དོ་ཞེ་ན། སེམས་ལས་བྱུང་བ་དག་ནི་ཞེས་གསུངས་
སོ། །མཚན་མར་འཛིན་པ་ལ་སོགས་པ་ཞེས་བྱ་བ་ནི། མཚན་མར་འཛིན་པ་གང་ཡིན་པ་འདུ་ཤེས་ཀྱི་རྣམ་པར་ཤེས་པ་ཉིད་ཡིན་པར་དམིགས་ཀྱི། རྣམ་པར་མི་རྟོག་པ་ནི་མ་ཡིན་ནོ། །དེས་ན་ཇི་ལྟར་དེ་ལ་མཚན་མར་འཛིན་པ་ལ་སོགས་པ་རྣམ་པར་གཞག་སྙམ་ན། མ་ཡིན་ཏེ་ཞེས་གསུངས་སོ། །
དེ་ལ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པ་ལ་ཡང་ངོ་། །ཇི་ལྟར་སྙམ་ན་དེས་ན་ཞེས་གསུངས་སོ། །སྔར་ཞེས་བྱ་བ་ནི་ཚད་མ་གྲུབ་པའི་ལེའུར་རོ། །དོན་གྱི་མཐུ་ལས་བྱུང་བའི་ཕྱིར། །རྣལ་འབྱོར་པའི་ཤེས་པ་དེ་ལྟར་གྱི་དོན་ཡུལ་ཅན་ནིའོ། །མེད་པ་རི་བོང་གི་རྭ་ལ་སོགས་པ་དེའི་ཡུལ་ཅན་ནོ། །
འདི་ལ་བརྗོད་པ་ནི་མེད་པའི་ཞེས་བྱ་བའོ། །དེ་ལྟ་བུ་གསལ་བའི་རང་བཞིན་ཅན་གྱི་འབྲས་བུ་གང་ཡིན་དེ་ལ་ནུས་པའོ། །གང་དུ་གཞན་ན་མེད་པའི་ཡུལ་བསྒོམས་པ་གང་ཡིན་པ་དེ་ཡང་འབྲས་བུའི་རང་བཞིན་གྱིས་འབྲས་བུ་ལ་ནུས་པ་ཡིན་ནོ་ཞེས་སྦྱར་རོ། །འོན་ཏེ་གང་ཞིག་དོན་གྱི་
མཐུ་ལས་མི་སྐྱེ་བ་དེ་རྣམ་པར་རྟོག་པ་དང་བཅས་པ་ཁོ་ནའོ་ཞེ་ན་ཡང་དག་པ་མ་ཡིན་པའི་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཅན་ཉིད་དུའོ། །གལ་ཏེ་བསླད་པའི་དབང་གིས་རྣམ་པར་རྟོག་པ་ཡང་འགལ་ཏེ་གསལ་བའི་རྣམ་པ་ཅན་དུ་གྱུར་ན། དེའི་ཚེ་ཉམས་པ་ཅི་
ཡོད་སྙམ་ན། རྣམ་པར་རྟོག་པ་ནི་རྨི་ལམ་ན་ཡང་ཞེས་གསུངས་སོ། །འོན་ཏེ་རྨི་ལམ་དུ་མི་གསལ་བའི་རྣམ་པ་ཅན་གྱི་རྣམ་པར་རྟོག་པར་མི་འགྱུར་བ་ཁོ་ནའོ་ཞེ་ན། ཉམས་སུ་མྱོང་བ་དྲན་པ་ཡི། །ཞེས་གསུངས་སོ། །མེད་པའི་དངོས་པོ་ནི་རང་གི་ངོ་བོ་ཉིད་མེད་པ་དེས་ན། དེ་འཛིན་པ་
ལ་ཤེས་པ་ལ་ཅི་ཞིག་སྣང་བར་འགྱུར། འོ་ན་ཁྱེད་ཀྱི་ལུགས་ཀྱི་རྣལ་འབྱོར་པ་འདས་པ་ལ་སོགས་པ་རིག་པར་ཇི་ལྟར་འགྱུར་སྙམ་ན། རྣལ་འབྱོར་པའི་ཞེས་གསུངས་སོ། །འོན་ཏེ་ཟད་པ་ལ་སོགས་པ་ནི་ཡོད་པ་ཉིད་ཡིན་ཏེ། དེས་ན་དེ་དག་འཛིན་པ་ཡིན་ནོ་ཞེ་ན། མི་གཙང་བ་ལ་སོགས་པ་

ནི་ཞེས་བྱ་བའོ། །འོན་ཏེ་ཞེས་བྱ་བ་ནི་དགོངས་པའོ། །བསྒོམས་པ་ཙམ་གྱིས་ཞེས་གསུངས་སོ། །རིགས་པའི་མཚན་ཉིད་སེམས་དེ་ལས་བྱུང་བ་དེའི་རང་བཞིན་གྱི་ཤེས་པའོ། །ཚད་མ་ཡིན་ལ་དེ་དང་ལྡན་པ་ནི་རྣལ་འབྱོར་པའི་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་དེ་དང་ལྡན་པའོ། །ཞི་
གནས་ཏེ་ཞི་བར་གནས་པའི་ཏིང་ངེ་འཛིན་དང་ལྷག་མཐོང་སྟེ་ཤེས་རབ་དེ་གཉིས་དང་ལྡན་པས་གཟུགས་གང་ཡིན་པ་དེ་ཉིད་འབྲེལ་པ་སྟེ། མཚུངས་པར་འཇུག་པའི་ལམ་དེའོ། །གལ་ཏེ་འབྱོལ་ཡང་ཟད་པར་ཆུ་ལ་སོགས་པ་སྣང་བ་ཁོ་ན་མ་ཡིན་ནམ་ཞེ་ན། དེ་ལ་གལ་ཏེ་ཞེས་གསུངས་སོ། །འདི་
དག་ཅེས་བྱ་བར་ཟད་པར་ས་ལ་སོགས་པའོ། །དེ་ཙམ་གྱིས་ཞེས་བྱ་བ་ནི་སྣང་བ་ཙམ་གྱིས་སོ། །གལ་ཏེ་སྣང་ངོ་ཞེ་ན། དེ་ཙམ་གྱིས་དེ་ཁོ་ནར་འགྱུར་རོ་སྙམ་ན། སྣང་བ་ཙམ་གྱིས་ཞེས་སྨྲས་སོ། །གལ་ཏེ་བརྟག་བཟོད་པ་མ་ཡིན་མོད། དེ་ལྟ་ན་ཡང་རེ་ཞིག་དེ་བསྒོམས་པས་ནི་གསལ་བར་བྱེད་པ་
ཡིན་ལ། བསྒོམས་པས་གསལ་བར་བྱས་པ་ནི་དེ་ཁོ་ན་མ་ཡིན་པའི་རང་བཞིན་དུ་འཐད་པ་ཡང་མ་ཡིན་ནོ་སྙམ་ན། རྟོག་པ་ཙམ་ལས་ཞེས་བྱ་བའོ། །འོ་ན་བསྒོམས་པ་ནི་དེ་ཁོ་ན་རྟོགས་པའི་རྒྱུ་ཉིད་མ་ཡིན་པར་འགྱུར་ཏེ། དེས་ན་སྐད་ཅིག་མ་ཉིད་ལ་སོགས་པ་གསལ་བར་བྱས་པ་ཡང་དེ་ཁོ་ན་མ་ཡིན་
པར་འགྱུར་རོ་ཞེ་ན། ཚད་མའི་ཞེས་གསུངས་སོ། །དེ་ལྟར་ཡིན་ནོ་ཞེས་བྱ་བ་ནི་དེ་ཁོ་ན་སོགས་པའི་རྒྱུའོ། །དངོས་པོའི་སྒོ་ནས་རྟོགས་པར་འཐད་ན་ནི་དེ་ཁོ་ན་ངེས་པར་ཏེ། གཏན་ལ་ཕེབས་པར་འདོད་པའི་ཡིན་ནོ། །གལ་ཏེ་མེད་པ་ནི་སུས་ཀྱང་བསྒོམ་པ་ཉིད་དུ་བྱེད་པ་མ་ཡིན་ཏེ། དེས་ན་དེ་གསལ་བ་
ཉིད་དུ་ཇི་ལྟར་འགྱུར་ཞེ་ན། ཡོད་པ་འབའ་ཞིག་ནི་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་མེད་པ་ཡང་ངོ་། །གསལ་བ་དང་མི་རྟོག་པའི་བློའི་འབྲས་བུ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །གཞན་དུ་འགྱུར་བར་ཞེས་བྱ་བ་ནི་མི་གསལ་བའི་ཤེས་པའི་རྒྱུར་རོ། །སླུ་བ་མེད་པ་ཅན་གང་ཡིན་པ་དེའི་
ཡུལ་ཅན་ཉིད་མངོན་སུམ་ཡིན་ནོ་ཞེས་འབྲེལ་ཏེ། ཡུལ་དེ་གང་ཡིན་ཞེ་ན། སྔར་སྤྱད་ཅེས་སྦྱར་རོ། །འདོད་པ་ལ་སོགས་པའི་ཡུལ་ཅན་ནི་ཞེས་བྱ་བ་ནི། འདོད་པ་ལ་སོགས་པའི་ཡུལ་གྱི་རྒྱུ་མཚན་གང་ལ་ཡོད་པ་དེ་ནི་ཚད་མ་མ་ཡིན་ནོ། །དེ་ནི་ཞེས་བྱ་བ་ནི་འདོད་པ་ལ་སོགས་པའི་ཡུལ་ཅན་ནོ། །དེ་དག་གི་

ཤེས་པ་ནི་བསྒོམས་པའི་སྟོབས་ལས་སྐྱེས་པ་ཉིད་མ་ཡིན་སྙམ་ན། དེ་དག་ལ་ཡང་ཞེས་སྨྲས་ཏེ། མུ་སྟེགས་པ་རྣམས་ལ་ཡང་ངོ་། །གལ་ཏེ་དེ་དག་གིས་རང་གི་ལུགས་ཀྱི་བརྟགས་པ་དེ་དག་མ་བསྒོམས་པ་ཉིད་ཡིན་ནོ། །དེའི་ཚེ་འཇིག་རྟེན་གྱི་ཐུན་མོང་བའི་དོན་ཉིད་རྗེས་སུ་མ་བརྗོད་པར་འགྱུར་རོ། །དེ་ལྟར་
ན་འཇིག་རྟེན་དང་ཐུན་མོང་བའི་དོན་གང་ཡིན་པ་དེ་འགའ་ཞིག་ཁོ་ན་ལ་ཡོད་པ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་གང་ཡིན་པ་དེ་ཅི་རིགས་པ་ལས་འདའ་བར་གནས་པ་མ་ཡིན་ནམ་སྟེ། འདས་པ་ཉིད་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་དག་གི་དོན་དེ་བསྒོམས་པ་ལས་གྱུར་པ་མ་ཡིན་གྱི་
འོན་ཀྱང་འཇིག་རྟེན་དང་ཐུན་མོང་ཁོ་ན་ཡིན་ན་དེའི་ཚེ་ཐམས་ཅད་ཀྱིས་ཅིའི་ཕྱིར་མ་དམིགས་ཞེས་བསམས་པའོ། །དེ་དག་གིས་ཞེས་བྱ་བ་ནི་རྣལ་འབྱོར་རྣམས་ཀྱིས་སོ། །དེའི་ཚིག་ལ་ནི་རྣལ་འབྱོར་པའི་ཚིག་ལའོ། །གཞན་ཞེས་བྱ་བ་ནི་དབང་ཕྱུག་ལ་སོགས་པའི་ཚིག་ལའོ། །འདི་ལ་བྲམ་ཟེར་
བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་སྐྱེས་བུའི་ཚད་མས་སོ། །ཡུལ་མཚུངས་ལ་ཞེས་བྱ་བ་ནི་ཡུལ་གང་ལ་དབང་པོ་ལས་འདས་པའི་ཡུལ་ཅན་གྱི་ཚད་མ་འཇུག་པ་དེ་ཉིད་ལ་གལ་ཏེ་སྐྱེས་བུའི་ཚད་མ་ཡང་འཇུག་པ་ཡིན་ན། གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་འགྱུར་བ་ཞིག་ན་
དེ་ལྟར་ཡང་མ་ཡིན་ནོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི། རྣལ་འབྱོར་པའི་ཤེས་པས་ཀྱང་ཞེས་གསུངས་སོ། །ཤིན་ཏུ་དབང་པོ་ལས་འདས་པའི་ཡུལ་ཅན་དེའི་ཚིག་གི་རྒྱུ་གང་ཡིན་པའི་རྣམ་པར་ཤེས་པའི་རང་བཞིན་དེ་ཤེས་པ་དེ་ལ་གནོད་པ་ཉིད་དུ་དེ་བཞིན་གཤེགས་པའི་གསུང་གིས་བསྟན་
པ་ཡིན་ནོ་ཞེས་འབྲེལ་ཏོ། །ཇི་ལྟར་ཞེས་དབང་པོ་ལས་འདས་པའི་ཡུལ་ཅན་གྱི་ཚད་མ་དེ་དག་ནི། དེ་བཞིན་གཤེགས་པའི་གསུང་དག་དང་འགལ་བ་རྣམ་པར་གནས་པའི་ཕྱིར་རོ། །འདི་ནི་བཟློག་པ་ལ་ཡང་མཚུངས་སོ་ཞེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པའི་གསུང་གི་དབང་པོ་ལས་འདས་པའི་
ཡུལ་ཅན་གྱི་ཚད་མ་དེ་དག་གནོད་པ་དེ་བཞིན་དུ་དེ་དག་གིས་དེ་བཞིན་གཤེགས་པའི་གསུང་ལ་གནོད་པར་འགྱུར་རོ་ཞེས་བསམས་པའོ། །ལན་ནི་དེ་ལྟ་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཚིག་ལས་ཞེས་བྱ་བ་ནི་རིག་པར་བྱེད་པའི་ཚིག་ལས་སོ། །ཡང་ཇི་ལྟར་ན་དབང་པོ་ལས་འདས་པའི་དོན་བརྗོད་པའི་ཚིག་ལ་མི་

འཇུག་སྙམ་ན། དབང་པོ་ལས་འདས་པའི་དོན་དང་ཕན་ཚུན་འགལ་བ་ཡང་མུ་སྟེགས་པ་ཐམས་ཅད་ཀྱི་ཚིག་ལ་ཡོད་པ་ཡིན་ཏེ། ཕྱུགས་རྣམས་མཆོད་སྦྱིན་དོན་དུ་ནི། །རང་བྱུང་རང་ཉིད་ཁོ་ན་སྤྲུལ། །ཞེས་བྱ་བ་དང་། སྲོག་ཆགས་འགའ་ལའང་འཚེ་མི་བྱེད། །མི་འཚེ་བ་ནི་ཆོས་
ཀྱི་མཆོག །ཅེས་བྱ་བ་བཞོན་པ་གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན། དེ་ལ་འགའ་ཡང་འཇུག་པར་མི་འགྱུར་རོ། །ཅིག་ཤོས་བདག་ཅག་ལ་སོགས་པ་ལྟ་བུ་རྣམས་ཀྱིས་གཅད་པར་ཏེ། ངེས་པར་ནུས་པ་དོན་གང་ཡིན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །མི་སྲིད་པའི་ཕྱིར་ཞེས་བྱ་བ་ནི། གལ་ཏེ་གཞན་གྱིས་ཡོངས་
སུ་གཅད་པར་ནུས་པའི་དབང་པོ་ལས་འདས་པའི་དོན་སྲིད་ན་དེའི་ཚེ་དེ་ལྟ་བུ་ཉིད་སྟོན་པར་འགྱུར་བ་ཞིག་ན། འོན་ཀྱང་འདི་དེ་ལྟར་མི་སྲིད་པ་དེས་ཇི་ལྟར་སྟོན་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱིས་གྲུབ་པའི་རྣལ་འབྱོར་པའམ། རིག་བྱེད་ནི་དབང་པོ་ལས་འདས་པའི་དོན་དེའི་སྟོན་བྱེད་ཡིན་པས་ན། དབང་
པོ་ལས་འདས་པའི་དངོས་པོ་ངེས་པ་ཡིན་ནོ་ཞེ་ན། དེའི་ཚེ་འདིར་དེ་དང་ནི། གདོས་པོ་ལ་ཚད་མ་ག་ལ་ཡོད་དེ། དེ་ནི་དེས་དོན་དེ་འདྲ་བ་ཁོ་ན་ཡིན་ནོ་ཞེས་མི་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་དོན་གཉེར་རྣམས་ཀྱིས་ཞེས་བྱ་བ་ནི། དབང་པོ་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱིའོ། །དེས་ན་གཅད་པར་མི་
ནུས་པ་ཁོ་ན་ཉེ་བར་སྟོན་པ་ཡིན་ནོ་ཞེ་ན། དེ་ནི་མི་རིགས་སོ། །འདི་ལྟར་འཁོར་བའི་སྡུག་བསྔལ་དང་བྲལ་བའི་དོན་དུ་གཉེར་བ་རྣམས་ཀྱིས་ནི། རེ་ཞིག་སྡུག་བསྔལ་དང་བྲལ་བའི་རྒྱུ་བཙལ་བར་བྱ་བ་ཡིན་ཏེ། དེ་རྣམས་ཀྱིས་སྡུག་བསྔལ་ཆད་པ་ནི་གཙོ་བོ་མ་ཡིན་པ་མ་ཡིན་ནོ། །དེས་ན་གཅད་པར་ནུས་
པ་ཡིན་ཡང་གལ་ཏེ་སྡུག་བསྔལ་དང་བྲལ་བའི་ཐབས་ཉེ་བར་སྟོན་ན། དེའི་ཚེ་གང་གིས་གཅད་པར་མི་ནུས་པ་ཁོ་ན་ཉེ་བར་སྟོན་པ་ཅི་དེ་དག་གིས་བླང་བྱར་མི་འགྱུར་རམ་ཞེས་བྱ་བའི་དོན་ཏོ། །བདག་དང་བདག་གིར་འཛིན་པ་དང་ལྡན་པས་བདེ་བ་དང་ཡང་འབྲེལ་པ་ཡིན་ཏེ། དེས་བདག་དང་བདག་གིར་
འཛིན་པ་དང་བྲལ་ན་བདེ་བ་རྣམས་དང་ཡང་འབྲལ་བར་འགྱུར་རོ་ཞེ་ན། སྡུག་བསྔལ་མེད་པ་བདེ་བའི་མཆོག །ཅེས་གསུངས་སོ། །བདག་དང་བདག་གིར་འཛིན་པས་རབ་ཏུ་སྦྱར་བས་ཅི་བྱ་སྟེ། སྡུག་བསྔལ་མེད་པ་དེ་ནི་ཡོད་པ་ཁོ་ན་ཡིན་པ་དེས་ན་འདི་བླང་བར་བྱ་བ་ཡིན་ནོ། །འདི་ཉིད་གཞུང་འཛུགས་པ་ནི་

གལ་ཏེ་ཞེས་བྱ་བའོ། །གལ་ཏེ་རྟག་ཏུ་སྟེ་དུས་ཐམས་ཅད་དུ་སྡུག་བསྔལ་ལས་བཟློག་པ་རིག་པ་ཡོད་ན། དེའི་ཚེ་སྡུག་བསྔལ་ལས་བཟློག་པ་དེ་ལས་གཞན་བླང་བྱ་གང་ཞིག་ཡོད་དེ། སྡུག་བསྔལ་ལས་བཟློག་པ་དེ་ཉིད་བླང་བྱ་རིག་པ་དང་འབྲེལ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། སྡུག་བསྔལ་ལས་
བཟློག་པའི་རང་བཞིན་རིག་པ་ཉིད་ཐར་པ་ཡིན་ནོ་ཞེས་བྱ་བ་མི་བཟོད་པས་གཞན་གྱིས་བརྗོད་པ་ནི་མར་མེ་ཞེས་བྱ་བའོ། །འགོག་པ་ནི་འདི་ནི་ཞེས་བྱ་བའོ། །ཚད་ཅན་མིན་པ་ཉིད་ཉེ་བར་བསྟན་པའི་དོན་དུ་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་དེ་ལྟ་ན་ཡང་རྣམ་པར་ཤེས་པ་ནི་ཁྱི་རྡུལ་དང་
འདྲ་བའི་ཕྱིར་ན། བསྒོམས་པས་བཅད་པར་ནུས་པ་མ་ཡིན་ནམ་སྙམ་ན། དེའི་གནས་སྐབས་ཞེས་གསུངས་ཏེ། མྱ་ངན་ལས་འདས་པའི་གནས་སྐབས་རྟོགས་པའི་རྣལ་འབྱོར་པ་དེའོ། །རྣམ་འབྱེད་ལས་ཞེས་བྱ་བ་ནི་མར་མེ་ལྟར་ཞི་བ་འདི་ནི་མཆོག་ཡིན་ལ་རྣམ་པར་ཤེས་པ་ནི་བཟང་པོ་མ་ཡིན་
ནོ་ཞེས་རྣམ་པར་འབྱེད་པ་ལས་རྒྱབ་ཀྱིས་ཕྱོགས་པར་འགྱུར་ཏེ། རྣམ་པར་འབྱེད་པ་དེ་འདྲ་བ་ནི་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལ་གཞན་གྱིས་བརྗོད་པ་ནི་གལ་ཏེ་སྐྱོ་བ་ལས་ཏེ། སྐྱོ་བ་སྐྱེད་པར་བྱེད་པའི་རྣམ་པར་ཤེས་པའི་ཕུང་པོ་ལ་རྒྱབ་ཀྱིས་ཕྱོགས་ན། དེའི་ཚེ་འདི་ལ་འགལ་བ་ཅི་ཞིག་ཡོད་སྙམ་ན། འདི་
ལ་བརྗོད་པ་ནི་མཉམ་པ་ཉིད་ནི་ཞེས་བྱ་བའོ། །ཁས་བླངས་ནས་ཀྱང་བརྗོད་པ་ནི། ཡང་ན་རྒྱབ་ཀྱིས་ཕྱོགས་པར་འགྱུར་མོད། དེ་ལྟ་ན་ཡང་གལ་ཏེ་རྣམ་པར་ཤེས་པའི་ཕུང་པོ་ལ་ཉེ་བར་འཚེ་བ་ཅུང་ཟད་མཐོང་ན། དེའི་རྣམ་པར་ཤེས་པ་དེ་ཡང་འདོར་བར་འགྱུར་བ་ཞིག་ན། རྣམ་པར་ཤེས་པ་དེ་ལ་ནི་གནོད་པར་བྱེད་པ་
འགའ་ཡང་ཡོད་པ་མ་ཡིན་ན། དེ་ཇི་ལྟར་རྣམ་པ་དེ་ལྟ་བུ་ངེས་པར་ཞི་བར་འདོད་པར་འགྱུར། འོན་ཏེ་བཀྲེས་པ་ལ་སོགས་པ་གནོད་པར་བྱེད་པ་ཡོད་དོ་སྙམ་ན་ཏིང་འཛིན་ཞེས་བྱ་བའོ། །དེ་ལྟར་ནི་ཏིང་འཛིན་ལ་སོགས་པའོ། །གཞན་ཡང་བསྒོམས་པའི་སྟོབས་ཉིད་ལས་དཔའ་བ་ལ་སོགས་པ་ཡང་ཡོད་པ་
ཡིན་ཏེ། དེས་ན་དེ་ལ་མཚོན་གྱིས་བརྡེགས་ཀྱང་དཔའ་བརྟན་ཅན་བཞིན་དུ་གནོད་པར་བྱེད་པ་མ་ཡིན་གྱི། ཕྱིར་ལ་དགའ་བ་ཁོ་ན་བྱེད་པ་ཡིན་ནོ། །གལ་ཏེ་ཉི་མ་རེ་རེ་ཞིང་ཟས་ལ་སོགས་པ་ཚོལ་བས་རེས་འགའ་སྐྱོ་བ་སྐྱེ་ཡང་སྲིད་དེ། དེས་ན་སེམས་ཉིད་འགོག་པར་བྱེད་དོ་སྙམ་ན། བརྟན་པ་ཞེས་གསུངས་

སོ། །ཟས་ཚོལ་བ་ནི་ལུས་རྒྱས་པའི་དོན་དུ་ཡིན་ནོ། །ལུས་རྒྱས་པ་ནི་དེ་ལས་བརྟན་པ་ཙམ་དུ་འགྱུར་བ་ཡིན་ཏེ། དེས་ན་ཟས་ལ་སོགས་པ་ཚོལ་བ་མ་ཡིན་ནོ། །གྱི་ནའི་ཞེས་བྱ་བ་ནི་ཟས་ངན་ངོན་ལ་སོགས་པས་སོ། །དེ་ལྟ་ཡིན་དང་ཁ་ཟས་མེད་ཀྱང་ཡོངས་སུ་རྒྱས་པའི་མཚན་ཉིད་ཅན་
ཡིན་པའི་ཕྱིར་དེའི་དོན་ནི་ཡོད་པར་སྲིད་དོ། །གལ་ཏེ་དོན་ཐམས་ཅད་བསྒོམས་པར་མི་ནུས་པའི་ཕྱིར་ན། དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་སྲིད་སྙམ་ན་སྐྱེ་བ་ཞེས་གསུངས་སོ། །དེས་ན་ནི་སྐྱོ་བ་གཞན་སོགས་རིགས་ནའོ། །འདི་ཉིད་གསལ་བར་བྱེད་པ་ནི་རྒྱུ་དང་ཞེས་བྱ་བའོ། །གལ་ཏེ་བསྒོམས་པ་ལས་
བྱུང་བའི་ཤེས་པ་ནི་མུ་སྟེགས་པ་རྣམས་ལ་ཡང་འཐད་དོ་ཞེས་སྨྲས་ཟིན་པ་མ་ཡིན་ནམ་ཞེ་ན། དེ་ནི་ངེད་ཅག་ཅེས་བྱ་བའོ། །དངོས་པོ་རྣམས་ཀྱི་བདག་མེད་པ་ལ་སོགས་པ་རྟོགས་པ་ནི། རྣམ་པ་ཐམས་ཅད་བརྟན་ཞིང་འཁྲུལ་པ་ལ་མེད་པར་རྟོགས་པ་ནི་སྐྱོབ་པ་ཡིན་ནོ། །མུ་སྟེགས་པ་རྣམས་ཀྱི་ཡང་དེ་ལྟར་འགྱུར་
བ་དེས་ན་ཡང་ཁྱད་པར་ཅི་ཞིག་ཡོད་སྙམ་ན། ཆགས་ལ་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་སྐྱོབ་པ་ཇི་ལྟ་བར་རོ། །བཅོམ་ལྡན་འདས་ལ་དེ་འདྲ་བའི་མཁྱེན་པ་མངའོ་ཞེས་ཇི་ལྟར་ཤེས་སྙམ་ན། དེ་ལྟར་འགྱུར་བའི་ཞེས་བྱ་བ་སྟེ། ཚད་མས་དེ་ལྟར་འགྱུར་བའི་དོན་གསུངས་པའི་ཚིག་ལས་དེ་བྱེད་དེ། དེ་
ཚིག་བྱེད་པ་པོ་མཁྱེན་པ་དང་ལྡན་པར་རྟོགས་སོ། །གལ་ཏེ་ཚིག་ཚད་མས་མི་སླུ་བ་དང་ཕན་པར་མཐོང་བ་དེ་ལྟ་ན་ཡང་མཁྱེན་པ་དེ་ལྟ་བུ་ཉིད་དུ་ཇི་ལྟར་འགྱུར་སྙམ་ན། ཤེས་པ་ཞེས་བྱ་བའོ། །ཚིག་གིས་སྤྲོས་པ་གང་ཡིན་པ་དེ་ནི་རང་རྟོགས་ཏེ། རང་གི་རྣམ་པར་བོད་པའི་རྗེས་སུ་འབྲངས་པས་ཡིན་གྱི་མངོན་དུ་
མཐོང་བས་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་རང་གི་རྟོག་པའི་རྗེས་སུ་འབྲང་བ་ཙམ་གྱིས་མ་ཡིན་གྱི། འོན་ཀྱང་བསྒོམ་པའི་ཤེས་པ་ཡང་དེ་ལ་མངའ་བ་ཡིན་ནོ། །ཡོད་པའི་དོན་ལ་ཚད་མས་འཐད་པའི་དོན་ལ་མ་གུས་པ་ནི་མ་ཡིན་ནོ། །དེས་ན་འཐད་པའི་དོན་དེ་བསྒོམ་པ་ཡང་ཡོད་པ་ཡིན་ནོ། །དེས་
ན་ནི་བསྒོམས་པས་ནའོ། །དེ་ནི་ཞེས་བྱ་བ་ནི་དོན་ཐམས་ཅད་ཤེས་པའོ། །འདི་ལ་བརྗོད་པ་ནི་དེ་དག་འབད་པ་ཞེས་བྱ་བ་སྟེ། ཉན་ཐོས་ལ་སོགས་པ་དེ་དག་གོ། །དེ་དག་གིས་ཐམས་ཅད་རིག་པ་ནི་འབད་པ་མ་བཅུག་གོ། །དེ་གྲུབ་པར་གྱུར་པ་ན་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ཟད་པ་དེ་ཡོངས་སུ་

རྫོགས་པ་ནའོ། །གོང་དུ་ཞེས་བྱ་བ་ནི་ཐམས་ཅད་རིག་པ་བསྒྲུབ་པའི་ཡུལ་ལའོ། །ཡང་ཅི་དེ་དག་འབད་པ་མི་བྱེད་སྙམ་ན། ངལ་སོའི་བདེ་བ་ཐོབ་འདོད་པས་ཏེ། ངལ་སོས་པའི་མཚན་ཉིད་ཀྱི་བདེ་བ་གང་ཡིན་པ་སྟེ་ཐོབ་པར་འདོད་པས་སོ། །འོ་ན་ཇི་ལྟར་ཐམས་ཅད་ཀྱིས་ཀྱང་ཐམས་ཅད་མཁྱེན་པ་ཁོ་ན་
ཐོབ་པར་བྱ་བ་ཡིན་ཞེས་རབ་ཏུ་སྨྲ་བ་ཡིན་སྙམ་ན། ཀུན་མཁྱེན་ཞེས་བྱ་བའོ། །བདག་ལ་ཞེས་བྱ་བ་ནི་རྣམ་པར་ཤེས་པའི་མཚན་ཉིད་ལའོ། །གལ་ཏེ་རྟོག་པ་མངོན་དུ་བྱས་པའི་རྣལ་འབྱོར་པ་དེ་དེ་ལས་ལྷག་པ་ཞེས་བྱ་བ་ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པའི་རྒྱུད་ལས་ལྷག་པར་འདོད་ནའོ། །དེའི་
ཚེ་འདི་ཉིད་ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པའི་རྒྱུན་དེ་ལ་ཡང་གུས་པ་མེད་པ་སྟེ་དེ་ཆད་པའི་ཕྱིར་མི་འཛིན་པར་བྲལ་བར་འདོད་པ་ཇི་ལྟར་ཡིན་ཏེ་མ་ཡིན་ནོ། །དོན་འདི་ཡིན་ཏེ། རེ་ཞིག་གལ་ཏེ་དེས་མངོན་པར་འདོད་པར་བྱ་བ་གཞན་འགའ་ཞིག་ཡོད་ན་དེའི་ཚེ་དུས་དུ་མར་གོམས་པས་བསྐྱེད་པའི་གསལ་བ་
དང་ལྡན་པ་ཉོན་མོངས་པ་མེད་པའི་རྣམ་པར་ཤེས་པའི་རྒྱུན་ནི་རྟག་པ་དང་ལྡན་པ་དེས་གཅིག་གཅད་པར་མི་འཐད་དེ། དེ་ཉིད་ལ་ཡོན་ཏན་གཞན་ལྷག་པར་བསྒྲུབ་པར་བྱ་བ་ཡིན་གྱི། དེ་ཆད་པ་ཉིད་དུ་གོ་ཅི་སྟེ་འདོད་དེ། རྟོག་པ་དང་མི་ཉན་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་ཡིན་ནོ། །འདི་ལ་བྲམ་
ཟེ་དག་ཐར་པའི་གནས་སྐབས་ན་བདེ་བ་གཅིག་ཀྱང་མེད་པའི་ཕྱིར་ཐར་པ་ཉེ་བར་མཁོ་བ་མེད་དེ་ཞེས་སྟོན་པ་ནི། འདོད་ཆགས་དང་བྲལ་ལ་བུད་མེད་དང་ཞེས་བྱ་བ་ལ་སོགས་པའོ། །འདི་ལ་བརྗོད་པ་ནི་དེ་ནི་འདི་ལྟར་ཞེས་བྱ་བའོ། །འདི་ཀུན་ཞེས་བྱ་བ་ནི། ཆང་འཐུང་བ་ལ་སོགས་པའོ། །ཐར་པ་མེད་པ་
ལ་ཞེས་བྱ་བ་ནི་བྲམ་ཟེ་རྣམས་ལའོ། །མ་ལ་སོགས་པའི་འདོམས་དང་འབྲེལ་པའི་བདེ་བ་ཡང་སོག་པོ་པར་སིག་མ་ཡིན་པ་ལ་མེད་དེ། དེས་ན་དེ་ཡང་བྲམ་ཟེ་དོན་དུ་གཉེར་བར་བྱ་བ་ཉིད་དུ་འགྱུར་རོ། །དེ་ཉིད་ཅེས་བྱ་བ་ནི། བདག་ཅག་ཀྱང་ཁྱད་པར་དུ་འཕགས་པའི་བདེ་བ་ཉིད་འདོད་པ་ཡིན་ན་བུད་མེད་
འཁྱུད་པ་ལ་སོགས་པ་ནི་ཞི་བའི་བདེ་བ་ལ་ཁྱད་པར་དུ་འཕགས་པ་མ་ཡིན་ནོ། །དེས་ན་དེ་མེད་ཀྱང་གནོད་པ་འགའ་ཡང་མེད་དོ། །དེ་ལ་ཐམས་ཅད་མཁྱེན་པ་སྲིད་པར་བསྟན་པའི་ཕྱིར། ཐབས་སྟོན་པར་བྱེད་པ་ནི་ཐབས་ནི་ཞེས་བྱ་བའོ། །དེ་ཤེས་པ་ཡང་ཇི་ལྟ་བུ་ཡིན་ཞེས་བྱ་བ་དེ་ལ་བརྗོད་པ་ནི་ཐམས་ཅད་

རིག་པ་ཞེས་བྱ་བའོ། །དེ་བདག་ཅག་གིས་ཤེས་པ་ནི་མ་ཡིན་གྱི། དེ་ནི་རང་ཉིད་རྟོགས་པ་ཡིན་ཏེ། དེའི་རང་བཞིན་བསྟན་པ་ལ་སོགས་པ་རྗེས་སུ་བསྒྲུབས་པ་རྣམ་པ་དེ་འདྲ་བའི་དངོས་པོ་འཐོབ་པའི་ཕྱིར་རོ། །རྩོད་པ་གསུམ་པ་སྤང་བའི་དོན་དུ་བརྗོད་པ་ནི་ཐམས་ཅད་མཁྱེན་པ་ཡིན་ན་
ཞེས་བྱ་བའོ། །གཞན་འདོད་ཆགས་དང་བྲལ་བའི་རྒྱུད་རིག་པའི་དུས་ན། དེས་འདོད་ཆགས་དང་བྲལ་བ་ཉིད་ཀྱང་རིག་པར་བྱ་བ་ཡིན་ནོ། །དེ་ལྟ་ཡིན་ན་འདོད་ཆགས་དང་བྲལ་བར་རིག་པ་དེ་ལ། འདོད་ཆགས་དང་བཅས་པའི་རྒྱུད་ཀྱིས་ཟིན་པའི་ཆགས་པ་ཅན་ཉིད་ཀྱང་རིག་པར་བྱ་
བར་འགྱུར་རོ། །དེ་ལྟར་ཡིན་དང་། རྣལ་འབྱོར་པ་དེ་ལ་གཉི་ག་ཡང་ཡོད་དོ་ཞེས་བྱ་བའོ། །ཤིན་ཏུ་འགྲིགས་པར་དཀའོ། །འདོད་ཆགས་དང་འདོད་ཆགས་མེད་པ་དག་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །གཉི་ག་ཡང་ཞེས་བྱ་བ་ནི་འདོད་ཆགས་དང་ཆགས་བྲལ་བསྐལ་པ་གཉི་ག་
ཡང་དེའི་ཚེ་ཉིད་ཡོད་པ་ཡིན་ཞེ་ན། འདི་འགོག་པ་ནི་གཅིག་ཀྱང་ཞེས་བྱ་བའོ། །གཞན་གྱི་ཆགས་པ་དང་བྲལ་བ་གཅིག་གིས་ཀྱང་ཐམས་ཅད་མཁྱེན་པའི་རྒྱུད་གང་ཡིན་པ་ཟིལ་གྱིས་མནན་པ་དེ་མེད་ན། ཐམས་ཅད་མཁྱེན་པ་དེ། འདོད་ཆགས་ཅན་དུ་ཇི་ལྟར་འདོད། །འོ་ན་ཇི་ལྟར་གཞན་གྱིས་
ཆགས་པ་སོགས་རིག་སྙམ་ན། བཏང་སྙོམས་པར་ནི་ཞེས་བྱ་བའོ། །ཇི་ལྟར་ཞེས་བྱ་བ་ནི་འདོད་ཆགས་ཅན་དུའོ། །དེ་ནི་ཞེས་བྱ་བ་ནི་རྣལ་འབྱོར་པའི་སྟེ། གཞན་གྱིས་འདོད་ཆགས་ལ་སོགས་པ་རིག་པར་ཇི་ལྟར་རྣམ་པར་གཞག་རང་གི་ངོ་བོར་གྱུར་པའི་འདོད་ཆགས་རིག་ན་ནི་བདག་ཉིད་ཀྱི་འདོད་
ཆགས་སུ་གྱུར་ན་དེ་ནི་བདག་ཉིད་ཀྱི་ཡང་མ་ཡིན་ནོ། །དེས་རང་གི་ངོ་བོར་གྱུར་པའི་འདོད་ཆགས་རིག་པ་ནི་མ་ཡིན་ནོ། །འོ་ན་ཇི་ལྟར་གཞན་གྱི་འདོད་ཆགས་སུ་འགྱུར་སྙམ་ན་དེ་ཉིད་ཅེས་སྨོས་ཏེ། རང་ཉིད་ཀྱིས་རིག་བཞིན་པའོ། །འདི་ལྟར་ཞེས་བྱ་བ་ལ་སོགས་པས་ནི་སུན་འབྱིན་པ་གཉི་ག་ཡང་མདོར་
བསྡུས་ནས་སྟོན་ཏེ། དེ་ཉིད་དུ་ཞེས་བྱ་བ་ནི་རང་གི་ངོ་བོར་རོ། །ལུས་ངག་རྣམ་པར་འགྱུར་བ་ཉིད་དུ་ཅི་སྟེ་མི་འགྱུར་སྙམ་ན། གང་གི་ཕྱིར་འདོད་ཆགས་ལ་སོགས་པའི་བག་ཆགས་ནི་གཞན་གྱི་རྒྱུད་ལ་གནས་པ་ཡིན་པ་དེས་ལུས་དང་ངག་རྣམ་པར་འགྱུར་བ་མ་ཡིན་ནོ། །རྒྱུད་གང་ལ་འདོད་ཆགས་ལ་སོགས་

པའི་བག་ཆགས་ཡོད་པ་དེ་ཉིད་ལ་ལུས་དང་ངག་དག་རྣམ་པར་འགྱུར་བར་བྱེད་པ་ཡིན་ནོ། །གཉི་ག་ཡང་ནི་ཞེས་བྱ་བ་ནི་ལུས་དང་ངག་གི་རྣམ་པར་འགྱུར་བ་དག་གོ། །གོམས་པའི་འདུ་བྱེད་གང་ཡིན་པ་དེ་ཉིད་བག་ཆགས་ཡིན་ནོ། །དེ་ལ་ཞེས་བྱ་བ་དེ་ལྟར་གནས་པ་ན་སྟེ། གོམས་པའི་འདུ་བྱེད་
ཡོད་ན་རྣལ་འབྱོར་པ་དེ་ལ་བག་ཆགས་མེད་པར་ཇི་ལྟར་འགྱུར། འོན་ཏེ་བསྒོམ་པ་ཡོད་པ་དེ་ལྟར་ན་ཡང་བག་ཆགས་མེད་པ་ཁོ་ན་ཡིན་ཏེ། འདི་གཉིས་ཐ་དད་པའི་ཕྱིར་རོ་སྙམ་དུ་དོགས་པ་བསུ་ནས་བརྗོད་པ་ནི་གོམས་པ་དང་ཞེས་བྱ་བའོ། །འདོད་ཆགས་ལ་སོགས་པའི་གོ་བར་བྱེད་པ་བ་སྤུ་ལྡང་བ་ལ་
སོགས་པ་གང་ཡིན་པ་དེའི་ཁྱད་པར་མཐར་ཕྱིན་པར་རྟོགས་པ་ན། གཞན་གྱི་སེམས་འདོད་ཆགས་ལ་སོགས་པ་གང་ཡིན་པ་དེའི་ཁྱད་པར་སྣང་བར་འགྱུར་བ་ཡིན་ནོ། །གང་གིས་ཉེས་པ་འདིར་འགྱུར་བ་དེ་ལ་འདོད་ཆགས་ལ་སོགས་པ་ཉིད་ནི་སྣང་བ་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ལ་ནི་ཞེས་བྱ་བ་ནི་འདོད་
ཆགས་ལ་སོགས་པ་གོ་བར་བྱ་བ་ནི་རྟགས་ཀྱི་ཁྱད་པར་གང་ཡིན་པ་དེ་ཉེ་བར་འཚེ་བ་ལ་སྟེ། ཉེ་བར་མཚོན་པའི་རྒྱུ་མཚན་དུ་སྒོམ་པའི་བྱེད་པ་འཇུག་པ་ཡིན་གྱི་དེ་ལ་ཞེས་བྱ་བ་རྟགས་ཀྱི་ཁྱད་པར་བསྒྲུབ་པའི་དུས་ན་གོ་བར་བྱ་བའི་དོན་གྱི་བསྒོམ་པ་གང་ཡིན་པ་དེའི་བྱེད་པ་ནི་ཡོད་པ་མ་ཡིན་ནོ། །ཡང་ན་
གོ་བར་བྱ་བ་བསྒོམ་པ་ནི་ཡོད་ཀྱང་བདག་ཉིད་ཀྱང་འབྲེལ་པར་ནི་སྒོམ་པར་བྱེད་པ་འཇུག་པ་མ་ཡིན་ཏེ་རྒྱུ་དེས་ནའོ། །དེ་ལ་ཞེས་བྱ་བ་ནི་འདོད་ཆགས་ལ་སོགས་པ་ལའོ། །འདིའི་སྟེ་རྣལ་འབྱོར་པའི་ལས་ལས་སྐྱེས་པའི་དབང་པོས་མི་གཙང་བ་ལ་སོགས་པ་རིག་ན། མི་གཙང་སོགས་བཅས་འགྱུར་ཏེ་
གོམས་པའི་སྟོབས་ལས་འབྱུང་བའི་དབང་པོ་གཞན་དག་གི་རིག་པ་ནི། མི་གཙང་བ་ལ་སོགས་པ་དང་བཅས་པར་འགྱུར་བ་ཡིན་ནོ་དེ་ནི་ཞེས་བྱ་བ་རྨི་ལམ་མོ། །མི་སླུ་བ་ཉིད་བསྟན་པའི་ཕྱིར་བརྗོད་པ་ནི་གང་ཚེ་ཞེས་བྱ་བའོ། །དེའི་ཚེ་ཞེས་བྱ་བ་ནི་དུས་ཏེ་རྨི་ལམ་དེ་ལྟར་རྨིས་པའི་དུས་ནའོ། །དེའི་
སྒྲ་གཉིས་པ་ནི་གང་གི་ཚེ་སྒྲ་ལ་ལྟོས་ཏེ་སྦྱར་བར་བྱའོ། །ཁྱེད་ལ་ཡང་ནི་བྲམ་ཟེ་ལ་ཡང་ངོ་། །བསྟན་བཅོས་ནི་ཚད་དང་བཅས་པའི་ཕྱིར་ན། སྐད་ཅིག་གཅིག་ཁོ་ན་ལ་དེའི་དོན་སྣང་བར་རུང་གི་རྣལ་འབྱོར་པས་རིག་པར་བྱ་བ་གང་ཡིན་པ་དེ་ནི་ཐོག་མ་དང་ཐ་མ་མེད་པ་ཡིན་ན། དེ་སྐད་ཅིག་གཅིག་

གིས་རིག་པར་ཇི་ལྟར་འགྱུར་ཞེ་ན། འདི་ལ་བརྗོད་པ་ནི་ཚད་དང་ཞེས་བྱ་བའོ། །བསྟན་བཅོས་ཚད་དང་ལྡན་པ་ཞེས་བྱ་བ་དེ་ཙམ་གྱིས་ནི། དེའི་དོན་མཐའ་དག་སྣང་བ་ཞེས་བྱ་བ་ནི་མ་ཡིན་གྱི། འོན་ཀྱང་གོམས་པ་ལས་ཡིན་ནོ། །གོམས་པ་ནི་དོན་ཐམས་ཅད་རིག་པ་ལ་ཡང་སྲིད་པ་
ཡིན་ནོ་ཞེས་དགོངས་པའོ། །འདི་ལ་གཞན་གྱིས་བརྗོད་པ་ནི་བསྟན་བཅོས་ཀྱི་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་སྔར་ཉམས་སུ་མྱོང་བ་ལ་སྣང་བ་གང་ཡིན་པ་དེ་ཉིད་ཕྱིས་དྲན་པ་ལ་སྣང་བ་ཡིན་གྱི། སྔ་ན་མེད་པ་ནི་སྣང་བ་མ་ཡིན་ནོ། །ཉམས་མྱོང་ལས་ནི་དྲན་པ་འབྱུང་། །ཞེས་བྱ་བ་ལུགས་ཡིན་
པའི་ཕྱིར་རོ། །དེས་ན་མ་འོངས་པ་ལ་སོགས་པས་རིག་པ་ནི་རྣམ་པ་ཐམས་ཅད་དུ་མི་སྲིད་དོ་ཞེས་བྱ་བ་ཡིན་ནོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ཡང་ཞེས་བྱ་བ་ནི་སྣང་བ་ཡང་ངོ་། །གལ་ཏེ་དངོས་པོ་རྣམས་ལ་ཡང་འབྲེལ་པ་ཡོད་པ་ཉིད་མ་ཡིན་ནམ། དེས་གཅིག་འགའ་ཞིག་
སྣང་བ་ན་སྔ་ན་མེད་པ་ཡང་སྣང་བར་འགྱུར་རོ་ཞེས་དོགས་པ་བསུ་ནས་ཕ་རོལ་པོ་ཉིད་ཀྱིས་སྨྲས་པ་ནི། ཐོག་མ་དང་ཐ་མ་མེད་པའི་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་ཐམས་ཅད་མཚུངས་ཞེས་བྱ་བའོ། །འདི་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །དོན་རྣམས་ལ་ཞེས་བྱ་བ་ནི་བསྟན་
བཅོས་ཀྱིས་བརྗོད་པར་བྱ་བའི་དོན་རྣམས་ལའོ། །ཐ་སྙད་ལ་ཡང་ཞེས་བྱ་བ་ཐ་སྙད་དུ་བྱས་པས་ཐ་སྙད་དེ། འཇིག་རྟེན་གསུམ་ན་ཡོད་པའི་དོན་གྱི་ཚོགས་མཐའ་དག་གོ། །དེ་ལ་ཡང་རྒྱུ་དང་འབྲས་བུའི་འབྲེལ་པ་དེ་ནི། ཇི་ལྟར་ཡོད་པ་མ་ཡིན་ཏེ་ཡོད་པ་ཁོ་ནའོ། །འདིའི་ནི་འཇིམ་པ་ལ་
སོགས་པའིའོ། །འདི་ཡིན་ཏེ་ཞེས་བྱ་བ་ནི་བུམ་པ་ལ་སོགས་པའོ། །སྔ་མ་ཞེས་བྱ་བ་ནི་རྒྱུའོ། །སྐྱེ་བ་སྔ་མ་ལ་སོགས་པ་རིག་པར་གྱུར་པ་ན་ཡང་ཕན་ཚུན་འབྲེལ་པའི་དངོས་པོ་གང་ཡིན་པ་དེ་རྣམ་པ་ཐམས་ཅད་ཀྱི་རིག་པ་ཡིན་ལ། སྐྱེ་བ་སྔ་མ་ཤེས་པ་ལས་བསྐལ་པ་ཡང་རིག་པ་ཡིན་ནོ། །
དེ་ལྟ་ན་བསྐལ་པ་ནས་བསྐལ་པ་གཞན་སྐྱེ་བ་ན། རྒྱུ་དང་འབྲས་བུའི་དངོས་པོར་རིག་པ་སྲིད་པ་ཡིན་ནོ། །དེས་ན་འགྲོ་བ་ཀུན་གྱིས་དེ་ཉིད་དེ་རང་བཞིན་རིག་ལ། རང་བཞིན་དེའི་ནང་གི་ཁྱད་པར་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་སྒྲུབ་བྱེད་དུ་རྣམ་པར་གནས་པ་རིག་པ་ཡིན་ནོ། །དེས་ན་

ཐམས་ཅད་རིག་པ་སྲིད་པ་ཉིད་དོ། །དེ་ཉིད་མཇུག་སྡུད་པ་ནི། དེ་ལྟར་དེ་བཤད་ཟིན་པའི་ཚུལ་གྱིས་དོན་ཐམས་ཅད་རིག་པ་བསྟན་པ་ཡིན་ནོ། །ཅི་ཞིག་བྱས་ནས་ཤེ་ན། ལུགས་ཀུན་ཏེ་བྲམ་ཟེ་ལ་སོགས་པའི་འདོད་པ་སྤངས་ནས་སོ། །སངས་རྒྱས་པ་འདིར་གཞུང་གང་ཡིན་པ་དེའི་རྗེས་སུ་འབྲངས་ཏེ། མཆོག་
སྟེ་དམ་པར་གྱུར་པ་ཉེ་བར་མཁོ་བའི་ཐམས་ཅད་མཁྱེན་པ་གང་ཡིན་པ་དེ་ཡང་གཞན་དག་གིས་བདེ་བླག་ཏུ་རྟོགས་པར་བྱའོ། །མཐའ་དག་མཁྱེན་པ་སྒྲུབ་པ་ན། ཉེ་བར་མཁོ་བ་རིག་པ་ཡང་བདེ་བླག་ཏུ་འགྲུབ་པ་ཡིན་ནོ་ཞེས་དགོངས་པའོ། །རྣམ་འགྲེལ་ལ་འཇུག་པར་བྱ་བའི་དོན་དུ་གལ་ཏེ་ཞེས་བརྗོད་དོ། །
གཞན་དུ་ན་ཞེས་བྱ་བ་ནི་དོན་དངོས་སུ་གསལ་བ་མེད་པ་ནི། གལ་ཏེ་མི་གསལ་བའི་རྣམ་པས་རྗེས་སུ་བྱེད་པ་ཡང་མེད་ན་ནི། དོན་དེ་ལ་ཚད་མ་ཉིད་དུ་མི་འགྱུར་རོ་ཞེས་དོགས་པ་བསུ་ནས་ཕ་རོལ་པོ་ཉིད་ཀྱིས་བརྗོད་པ་ནི། འོ་ན་ཞེས་བྱ་བ་སྟེ། རང་གི་ངོ་བོ་ལ་ཡང་རྣམ་པ་མི་གསལ་བ་ཉིད་འདོད་པར་བྱའོ་
ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དོན་ལ་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རྣམ་པར་རྟོག་པའི་རྣམ་པར་ཤེས་པ་ལ་རྣམ་པར་སྣང་བ་དེ་ལྟར་དོན་ནི་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན། རྣམ་པ་གསལ་བ་རང་གི་ངོ་བོར་གྱུར་པ་ནི། རང་རིག་པས་རིག་པའི་ཕྱིར། རང་གི་ངོ་བོ་
ལ་རྣམ་པར་མི་རྟོག་པ་ཡིན་ལ་དོན་ལ་ནི་རྣམ་པར་མི་གསལ་བའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ། །དེ་ལྟར་དེ་རྣམ་པ་འདིས་ན་དྲན་པ་ཞེས་གྲགས་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་དོན་དྲན་པ་ཡིན་ལ། རང་གི་ངོ་བོ་ལ་ནི་མངོན་སུམ་ཡིན་ནོ། །འདི་ལ་གཞན་གྱིས་རང་གི་ངོ་བོ་ལ་ཞེས་
གསུངས་སོ། །ལན་ནི་རང་གི་ངོ་བོ་ནི་ཞེས་བྱ་བ་སྟེ། རང་གི་ངོ་བོ་ཁོ་ནས་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །གཞན་གྱིས་དོན་ནི་མྱོང་བ་གཞན་གྱིས་རིག་པའི་ཕྱིར་རོ། །གལ་ཏེ་དེ་ལྟ་ཡིན་མོད། དེ་ལྟ་ན་རང་གི་ངོ་བོ་ལ་ནི་མ་འཁྲུལ་པ་ཡིན་ལ། དོན་ལ་ནི་འཁྲུལ་པ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བར་
ཇི་ལྟར་འགྱུར་ཞེ་ན། དེའི་ཕྱིར་དེས་བྱ་བ་མྱོང་བ་གཞན་གྱིས་སོ། །རྣམ་པ་གཞན་དུ་ཞེས་བྱ་བ་ནི་མི་གསལ་བའི་རྣམ་པར་རོ། །འོན་ཏེ་རང་གི་ངོ་བོ་ལ་འཁྲུལ་པ་མ་ཡིན་མོད། རྟོག་པ་གོ་ཅི་སྟེ་མ་ཡིན་ཞེས་དོགས་པ་བསུ་ནས་འཁྲུལ་པ་ཉིད་བཟློག་པ་ཉིད་ཀྱིས་རྟོག་པ་ཡང་བཟློག་པར་འགྲུབ་བཞིན་དུ་

ཁས་བླངས་ཀྱང་བརྗོད་པ་ནི། རང་གི་ངོ་བོ་ལ་ནི་ཞེས་བྱ་བའོ། །དེ་ནི་རང་གི་ངོ་བོའོ། །གང་ཞིག་སྔར་ཡོད་པ་དང་རིག་པ་དེ་ཉིད་དྲན་པར་འགྱུར་བ་ཡིན་ནོ། །རང་གི་ངོ་བོ་ནི་དེ་ལྟར་མ་ཡིན་ནོ་ཞེས་དགོངས་པའོ། །འོན་ཏེ་རང་གི་ངོ་བོ་ཡང་སྔར་ཡོད་པ་ཁོ་ན་ཡིན་ནོ་སྙམ་ན་གལ་ཏེ་ཞེས་
སྨོས་སོ། །དེ་ཉིད་ཀྱི་སྔ་མས་སོ། །འདོད་ཅེས་བྱ་བ་ནི་མངོན་སུམ་ཉིད་དུའོ། །དོན་ལ་ནི་མངོན་སུམ་ཉིད་དུ་འདོད་པ་མ་ཡིན་ཏེ། དེ་ལ་ནི་རྣམ་པར་རྟོག་པའི་རྒྱུའི་ཕྱིར་རོ། །བཤད་དོ་ཞེས་བྱ་བ་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །འོན་ཏེ་གང་གི་ཚེ་གཞན་གྱིས་རང་གི་ངོ་བོ་འཛིན་པ་དེའི་ཚེ་དེས་སྒྲ་
དང་འདྲེས་པ་ཉིད་དུ་འཛིན་པའི་ཕྱིར། རྣམ་པར་རྟོག་པ་དང་བཅས་པར་འགྱུར་རོ་སྙམ་ན་དེ་ཉིད་ཀྱིས་ཞེས་སྨོས་ཏེ། རང་གི་ངོ་བོ་ཉིད་ཀྱིས་སོ། །དེ་ཞེས་བྱ་བ་རང་གི་ངོ་བོའོ། །གཞན་གྱིས་གཟུང་བ་ནི་དེ་མངོན་དུ་བྱེད་པར་མི་འགྱུར་རོ་ཞེས་བྱ་བར་བསམས་པའོ། །གཞན་གྱི་ཡང་ཞེས་བྱ་བ་ནི་རྣམ་
པར་མི་རྟོག་པའིའོ། །སྤྱི་མ་ཡིན་ལ་ཞེས་བྱ་བ་ནི་གཞན་གྱིས་བསམས་པའོ། །མངོན་པར་ཞེན་པའི་ཡུལ་ནི་གཅིག་ཏུ་མངོན་པར་ཞེན་པའོ། །དེ་མ་ཡིན་པ་ནི་རང་གི་ལུས་ཀྱིས་སོ། །གལ་ཏེ་རང་གི་ངོ་བོ་སྒྲའི་དོན་མ་ཡིན་མོད། དེ་ལྟ་ན་ཡང་དེ་འཛིན་པ་རྣམ་པར་རྟོག་པར་ཇི་ལྟར་མི་འགྱུར་ཞེ་ན།
རྟོག་པའི་སྒྲའི་དོན་ཞེས་སྨོས་སོ། །དེའི་ཕྱིར་ཞེས་བྱ་བ་ནི་སྒྲའི་དོན་འཛིན་པ་མེད་པའི་ཕྱིར་རོ། །བཏང་བའི་ཕྱིར་ཞེས་བྱ་བ་ནི། གང་གི་ཚེ་རྟོག་པའི་ཤེས་པ་ལ་སྣང་བའི་དངོས་པོ་གང་ཡིན་པ་དེའི་རང་བཞིན་དོར་བའི་ཕྱིར་གཞན་ཐོབ་པ་དེའི་ཚེ་སྔར་མི་གསལ་བར་འགྱུར་མོད། རང་གི་ངོ་བོ་འདོར་བ་མེད་པ་
ཁོ་ན་ཡིན་པ་དེས་ན། རང་གི་ངོ་བོ་ཡང་མི་གསལ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །རང་རིག་པ་མེད་མོད་ཅི་སྐྱོན་སྙམ་ན། དེ་ལྟ་དེ་ལྟ་ན་ནི་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་དོན་གྱི་རང་བཞིན་ལ་ཡང་ངོ་། །དེ་ཡང་ཞེས་བྱ་བ་ནི་དོན་གྱིས་གོ་བ་གཞན་ཡང་ངོ་། །དེ་ལྟ་ཡིན་པས་ཞེས་བྱ་བ་ནི།
དོན་གྱིས་གོ་བས་ཤེས་པར་བྱ་བ་ཡིན་པས་སོ། །གཞན་ཡང་དོན་མྱོང་བ་གྲུབ་པ་ན། ཕྱིས་དོན་གྱིས་གོ་བས་བསྒྲུབ་པའམ། འོན་ཏེ་མ་གྲུབ་པ་ན་དང་པོ་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་དོན་གྲུབ་ན་དོན་གྱིས་གོ་བ་གྲུབ་པ་ཡིན་གྱི་དོན་མྱོང་བ་གྲུབ་པ་ནི་མ་ཡིན་ཏེ་དེ་ནི་གྲུབ་པར་བྱ་བ་

ཡིན་པའི་ཕྱིར་རོ་ཞེས་དོགས་ན་དོན་གྲུབ་པ་དེ་གང་ཡིན་ཞེས་བྱ་བའོ། །གལ་ཏེ་སྐྱེ་བ་ཉིད་དོན་གྲུབ་པ་ཡིན་ན། དེའི་ཚེ་དོན་ཐམས་ཅད་སྐྱེ་བ་ཡིན་པའི་ཕྱིར་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟ་ན་ཡང་དོན་གྱིས་གོ་བས་ཐམས་ཅད་ཤེས་པས་འགྲུབ་པར་འགྱུར་རོ། །འོན་ཏེ་དོན་ཤེས་པ་འགྲུབ་
པ་ཡིན་ན། དེའི་ཚེ་དོན་འདིར་འགྱུར་ཏེ་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་མིག་གི་བྱེད་པ་ཡོད་ན་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་སྣང་བའོ། །ད་ནི་གྲངས་ཅན་གྱི་ལུགས་འགོད་པ་ནི་རྣ་བ་ཞེས་བྱ་བའོ། །རྣ་བ་ལ་སོགས་པའི་འཇུག་པ་ཞེས་བྱ་བ་ནི་རྣ་བ་ལ་སོགས་པ་རྣམས་ཀྱི་ཡུལ་ལ་མངོན་དུ་
ཕྱོགས་པའི་ཁྱད་པར་ཡང་རྣ་བ་ལ་སོགས་པའི་འཇུག་པ་ཞེས་བརྗོད་དེ། དེ་ལྟ་བུའི་རྣ་བ་ལ་སོགས་པའི་འཇུག་པའི་ཤེས་པའི་མཚན་ཉིད་ཀྱི་རྣ་བ་ལ་སོགས་པའི་འཇུག་པ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །འདིར་ཡང་མ་གྲུབ་ན་དབང་པོ་རྣམས་ཀྱིས་དེ་ལ་མངོན་པར་ཕྱོགས་པ་ཡང་མི་གྲུབ་པོ་ཞེས་བྱ་
བ་ཡལ་བར་དོར་ནས་གཞན་བརྗོད་པ་ནི། རྣ་བ་ལ་སོགས་པའི་འཇུག་པ་ནི་མངོན་སུམ་ཡིན་ཏེ། རྒྱུ་དེས་ན་རྣ་བ་ལ་སོགས་པའི་འཇུག་པ་དེ་ནི་ཤེས་ན་ཤེས་པ་གོ་གང་ལས་ཤེས་པ་ཡིན། མངོན་དུ་ཕྱོགས་པའི་མཚན་ཉིད་ཀྱི་རྣ་བ་ལ་སོགས་པའི་འཇུག་པ་ནི། གང་དུ་ཡང་ཤེས་པ་དང་
འབྲེལ་པར་མི་གྲུབ་པོ་ཞེས་པ་ནི་ཐམས་ཅད་ཀྱི་ཚེ་ལྐོག་ཏུ་གྱུར་པའི་ཕྱིར་རོ། །དེས་ན་དེ་ལ་ཤེས་པ་གང་ལ་འགྲུབ་ཅེས་དགོངས་པའོ། །གཞན་གྱིས་དེ་ལྟ་མ་ཡིན་ན་ཞེས་བརྗོད་དེ། གལ་ཏེ་རྣ་བ་ལ་སོགས་པའི་འཇུག་པ་ལ་ཤེས་པ་ཤེས་པར་བྱ་བ་མ་ཡིན་ན། དེའི་ཚེ་རྣ་བ་ལ་སོགས་པའི་འཇུག་
པས་ཅི་བྱ་ཞེ་ན། འདི་ལ་བརྗོད་པ་ནི་ཅི་ཞེས་བྱ་བའོ། །གཞན་དུ་ཞེས་བྱ་བ་ནི་གལ་ཏེ་དགོས་པ་མེད་པ་མི་འབྱུང་ན། ཁྱེད་ཀྱི་དགོས་པ་མེད་པར་དངོས་པོ་འབྱུང་བར་མི་འགྱུར་བ་ཞིག་ན། འབྱུང་བ་ཡང་ཡིན་ཏེ། དེས་ན་གལ་ཏེ་རྣ་བ་མངོན་དུ་ཕྱོགས་པར་འགྱུར་མོད། དེ་ལྟ་ན་ཡང་ཤེས་པ་ལ་ཡང་ཅི་
ཞིག་འོངས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱིའོ། །ལན་ནི་གལ་ཏེ་ཞེས་བྱ་བའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་ཤེས་པ་སྐྱེས་ཀྱང་ངོ་། །དེ་ཞེས་བྱ་བ་ནི་ཤེས་པ་སྐྱེ་བའོ། །འོན་ཏེ་རྨི་ལམ་གྱི་ཤེས་པ་སླུ་བ་དང་བཅས་པ་དེ་ཇི་ལྟར་མངོན་སུམ་དུ་འགྱུར་སྙམ་དུ་དོགས་པ་བསུ་ནས་མི་སླུ་བ་ཡང་

ཞེས་སྨྲས་སོ། །འདི་ནི་མེད་དེ་ཞེས་བྱ་བ་ལ་སོགས་པས་ནི་རྣམ་འགྲེལ་འདིས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་འཕངས་པ་ཡིན་ནོ་ཞེས་བསྟན་ཏོ། །དེ་བཤད་པ་ཞེས་བྱ་བ་ནི་རྣམ་པ་བཞི་ཉིད་བརྗོད་པའི་རྟེན་ཏེ་དབང་པོ་ལ་སོགས་པ་རྣམས་རབ་རིབ་ལ་སོགས་པས་བསླད་པ་དེ་ལས་
བྱུང་བ་གང་ཡིན་པ་དེ་ཐམས་ཅད་ནི་རྟོག་པ་མེད་པ་གཅིག་ཡིན་ནོ། །དོན་གཞན་རེག་པ་སྒྲོ་འདོགས་པ་དེའི་ཕྱིར་དང་། དེའི་ངོ་བོར་ཞེས་བྱ་བ་ཡན་ལག་ཅན་གྱི་རྣམ་པར་རྟོག་པས་འཇུག་པའི་ཕྱིར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་འདི་འཆད་པ་ནི་འོད་ཟེར་ཞེས་བྱ་བའོ། །ཤེས་པ་སྔ་མ་སྔ་མས་
བརྟགས་པའི་ཡན་ལག་ཅན་གྱི་རྫས་ཀྱང་བརྟགས་པ་སྟེ། སྒྲོ་བཏགས་པའི་ཕྱིར་རོ། །གལ་ཏེ་ཡང་རྟོག་པའི་མཚན་ཉིད་ཐ་མི་དད་པ་དེ་ལྟ་ན་ཡང་མཚན་ཉིད་གཅིག་དང་ལྡན་པའི་དཔེར་བརྗོད་པ་སྣ་ཚོགས་པ་སྟོན་པ་ཡིན་ནོ་སྙམ་ན། དུ་མ་ཙམ་ཞེས་སྨྲས་སོ། །ཧ་ཅང་ཐལ་བ་ནི་རྟོག་པ་ཐམས་
ཅད་སྟོན་པར་ཐལ་བའོ། །དགོས་པ་ཞེས་བྱ་བ་ནི་དཔེར་བརྗོད་པ་དུ་མའིའོ། །ཚིག་དང་པོ་ཞེས་བྱ་བ་ནི་དབང་པོ་དང་དོན་ཕྲད་པ་ལས་བྱུང་བ་ཞེས་བྱ་བ་འདིས་སོ། །དེ་ནི་ཞེས་བྱ་བ་ནི་ཟ་བ་གཉིས་ཀྱི་ཤེས་པའོ། །སྒྲུབ་བྱེད་ཡིན་ཕྱིར་ཞེས་བྱ་བ་ནི་དཔེ་ཡིན་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དཔེ་
གྲུབ་དགོས་སྙམ་ན། མ་གྲུབ་པས་ནི་ཞེས་གསུངས་སོ། །འདིར་ཞེས་བྱ་བ་ནི་དབང་པོ་ལས་སྐྱེས་པ་ཉིད་ལའོ། །གལ་ཏེ་དབང་པོ་ལས་སྐྱེས་པ་ཉིད་ལ་གཞན་གྱི་འཁྲུལ་པའི་རྒྱུ་ཡོད་ན་དེའི་ཚེ་འཁྲུལ་པ་དེ་བཟློག །བསྒྲུབ་པར་བྱ་བ་འགྱུར་བ་ཞིག་ན། ཡོད་པ་ཡང་མ་ཡིན་ནོ། །དེས་ན་ཅི་
ཞིག་སྒྲུབ་ཏུ་ཡོད་ཅེས་བྱ་བའི་ཐ་ཚིག་གོ། །འོན་ཏེ་ཆུ་ནི་སྒྲོ་འདོགས་པ་ཉིད་ཡིན་པས་དེ་ཇི་ལྟར་རྣམ་རྟོག་ཡིན་ཞེ་ན། ཆུ་ནི་ཞེས་སྨོས་སོ། །ཡོད་པའི་ཕྱིར་ཞེས་བྱ་བ་ནི་སྔར་ཡོད་པའི་ཕྱིར་རོ། །བཟློག་པ་ཉིད་སྟོན་པ་ནི་སྒྲོ་བཏགས་པ་ནི་ཞེས་བྱ་བའོ། །གཉི་གར་ནི་ཡན་ལག་ཅན་དང་ཆུ་ལའོ། །
གཉི་ག་ནི་སྒྲོ་འདོགས་པ་དང་རྣམ་པར་རྟོག་པའོ། །དེར་ཞེས་བྱ་བ་ནི་སྒྲོ་འདོགས་པ་དང་རྣམ་པར་རྟོག་པ་དེར་རོ། །དེ་དག་ཉིད་ཅེས་བྱ་བ་ནི་སྒྲོ་འདོགས་པ་དང་རྣམ་པར་རྟོག་པ་དག་གོ། །དེས་ཞེས་བྱ་བ་ནི་ཉེ་བར་གནས་པའི་རང་བཞིན་གྱིས་སོ། །རྗེས་སུ་དཔག་པ་ཉིད་བརྗོད་པ་ནི་ཇི་ལྟར་ཞེས་བྱ་བ་ལ་

སོགས་པའོ། །དེ་ལ་ཞེས་བྱ་བ་ནི་ཉམས་སུ་མྱོང་བ་དྲན་པ་ལའོ། །ལྟོས་པའི་རྗེས་སུ་འབྲང་བ་སྟེ་རག་ལས་པའོ། །མངོན་སུམ་ལས་ཉམས་པར་འགྱུར་ཏེ་མངོན་སུམ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་རྗེས་སུ་དཔག་པས་ནི་འབྲེལ་པ་འཛིན་པ་ལ་ལྟོས་པར་བྱ་བ་ཡིན་གྱི། བརྡ་ལ་ནི་མ་ཡིན་ནམ་དེས་ན་བརྡ་
ལ་ལྟོས་སོ། །ཅི་སྟེ་བརྗོད་སྙམ་ན། རྗེས་སུ་དཔག་པའི་ཞེས་བྱ་བའོ། །དེར་ནི་མངོན་སུམ་དུའོ། །གལ་ཏེ་རྗེས་སུ་དཔག་པ་ནི་ཉམས་སུ་མྱོང་བ་དྲན་པ་ལ་ལྟོས་པས་མངོན་སུམ་མ་ཡིན་གྱི། ཡན་ལག་ཅན་གྱི་རྣམ་པར་རྟོག་པ་གོ་ཇི་ལྟར་ཉམས་སུ་མྱོང་བ་དྲན་པ་ལ་ལྟོས་ཏེ། འགར་ཡང་ཡན་ལག་ཅན་མཐོང་
བ་མེད་པའི་ཕྱིར་རོ། །དེས་ན་ཉམས་སུ་མྱོང་བ་དྲན་པ་ལ་ལྟོས་པའི་གཏན་ཚིགས་མ་གྲུབ་ན། མངོན་སུམ་མ་ཡིན་པར་སྒྲུབ་པའི་ནུས་པ་ཡོད་པ་མ་ཡིན་ནོ་སྙམ་ན་དེ་བཞིན་དུ་ཞེས་གསུངས་སོ། །རྟོགས་པའི་གཟུགས་ལ་སོགས་པ་ལ་ལྟོས་པར་མ་གྱུར་པ་རོ་ལ་སོགས་པ་དག་གོ། །གལ་ཏེ་
རྟོགས་པ་འདིས་དཀར་པོ་དང་རྩུབ་མོ་དག་གཅིག་ཉིད་དུ་རྟོགས་པ་མ་ཡིན་ནམ། དེས་ན་ཡན་ལག་ཅན་ཐ་དད་པར་ཇི་ལྟར་འགྲུབ་སྙམ་དུ་དོགས་པ་བསུ་ནས་ཕ་རོལ་པོ་ཉིད་ཀྱིས་སྨྲས་པ་ནི་འདི་ལྟར་ཞེས་བྱ་བའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་
ཁ་དོག་དང་རེག་པ་དག་གོ། །ཉེ་བར་བརྟགས་པར་འགྱུར་མོད་ཅི་སྐྱོན་སྙམ་ན་འདི་ལ་ཞེས་བྱ་བ་གསུངས་སོ། །འོན་ཏེ་ཉེ་བར་བརྟགས་པ་རྟོགས་པ་ཡོད་པ་ནའོ་སྙམ་ན་ཉེ་བར་བརྟགས་པ་ཡོད་ཀྱང་ཞེས་བྱའོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་རྣམ་པ་གཞན་གྱི་སྒོ་ནས་ཉེ་བར་བརྟགས་པ་གང་ཡིན་པ་དེས་ཀྱང་ངོ་། །རྣམ་
པ་དེ་ཉིད་སྟོན་པ་ནི་ཡུལ་ཞེས་བྱ་བའོ། །དེ་འགྱུར་ན་འགྱུར་བ་ཉིད་བརྗོད་པ་ནི་རེག་པ་མཉེས་པར་འགྱུར་བ་ན་ཞེས་བྱ་བའོ། །གཞན་ཉིད་ཅེས་བྱ་བ་ནི་ཡན་ལག་ཅན་གྱི་མཚན་ཉིད་དོ། །དེ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་རྣམས་ཡན་ལག་ཅན་དེ་ལས་ཐ་དད་པར་རོ། །ཅི་སྟེ་ཞེས་བྱ་བ་སྟེ་དགོས་པའོ། །ཡན་
ལག་ཅན་ནི་ཞེས་བྱ་བ་ནི་ལན་ནོ། །དེ་གསུམ་ཞེས་བྱ་བ་ནི་གཟུགས་དང་རེག་བྱ་དང་ཡན་ལག་ཅན་ནོ། །འདུ་བའི་འབྲེལ་པའི་སྟོབས་ཀྱིས་མ་འགྱེས་པ་ཡིན་ནོ་ཞེས་གཞན་གྱི་དོགས་པ་བསུ་ནས་དེ་ཡང་ཞེས་གསུངས་སོ། །འདུ་བ་ཡང་བྱ་བར་འགྱུར་རོ། །མ་འགྱེས་པ་ཞེས་བྱ་བ་འདི་ཉིད་འདུ་བའི་རང་བཞིན་

ཡིན་ནོ་སྙམ་ན་འདི་ཉིད་དང་པོ་ཞེས་གསུངས་ཏེ་གང་གི་ཡན་ལག་ཅན་མེད་ཀྱང་མི་འགྱེས་པ་གཟུགས་ལ་སོགས་པ་རྣམས་ཀྱི་རང་བཞིན་ཡང་འདི་ཉིད་ཡིན་ནོ། །གཟུགས་ལ་སོགས་པ་འདི་ལ་ནི་རང་བཞིན་ཡིན་པར་ཡང་སྲིད་དེ་སྐྱེ་བ་ཡོད་པའི་ཕྱིར་རོ། །འདུ་བ་ལ་ནི་ཐམས་ཅད་མི་སྲིད་པ་
ཁོ་ནའོ་ཞེས་བསྟན་པའི་དོན་དུ་བརྗོད་པ་ནི། རང་གི་རྒྱུ་ལས་ཞེས་བྱ་བའོ། །འདི་ཐམས་ཅད་རིམ་གྱིས་རྣམ་པར་འགྲེལ་པ་ནི། གལ་ཏེ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་མི་འགྱེས་པའི་མཚན་ཉིད་དོ། །འཕྲོད་པ་འདུ་བའི་རྟེན་གཟུགས་ལ་སོགས་པ་གང་ཡིན་པ་དེའོ། །རང་གི་རྒྱུ་གང་ཡིན་པ་དེའི་རང་
བཞིན་ནི་འདི་ཡིན་ཏེ། གང་ཞིག་གང་གིས་གཟུགས་ལ་སོགས་པ་དེས་བསྐྱེད་པ་བསྟན་ནས་འདུ་བ་མི་འགྱེས་པར་འགྱུར་བའོ་ཞེ་ན་འདི་བརྗོད་པ་ནི་དེ་ལྟར་ཞེས་བྱ་བའོ། །བརྒྱུད་པ་ཉིད་སྟོན་པ་ནི་གང་གིས་བྱ་བའོ། །དེ་དག་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་དེའི་རྒྱུ་ཉིད་གཟུགས་ལ་སོགས་པ་དེ་དག་
མི་འགྱེས་པའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ལ་མཆོག་ཅི་ཡོད་ན་གང་གི་དོན་འདུ་བ་ལ་སོགས་པ་བརྗོད་པའི་རང་བཞིན་ཅན་བརྒྱུད་པ་འདོད། དེ་ལས་ལྷག་པ་ནི་གཟུགས་ལ་སོགས་པ་ལས་ཐ་དད་པའོ། །དེ་ཞེས་བྱ་བ་རྟོག་པ་བ་དང་པོ་ཟེར་བ་ཉིད་བཟློག་པའི་དོན་དུའོ། །དེ་སྨོས་སོ་ཞེས་བྱ་བ་རབ་རིབ་
བབས་ཞེས་སྨོས་སོ། །དེ་ལྟ་མ་ཡིན་ཞེས་བྱ་བ་གལ་ཏེ་རབ་རིབ་ལས་བྱུང་བ་རྟོགས་པ་མེད་པ་མ་ཡིན་ནོ། །འདི་ཡང་ནི་རབ་རིབ་ལས་བྱུང་བའོ། །འདི་ལ་གཞན་གྱི་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །གལ་ཏེ་རབ་རིབ་ལས་བྱུང་བའི་ཤེས་པ་རྟོག་པ་དང་བཅས་པ་ཉིད་ན། དེའི་ཚེ་མངོན་སུམ་
དུ་འགྱུར་ཏེ། རྟོག་པ་དང་བྲལ་བའི་ཕྱིར་རོ། །སློབ་དཔོན་ཕྱོགས་ཀྱི་གླང་པོས་མངོན་སུམ་ནི་རྟོག་པ་དང་བྲལ་བའི་ཞེས་འདི་ཙམ་ཞིག་མངོན་སུམ་གྱི་མཚན་ཉིད་དུ་བརྗོད་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པ་ནི་རྟོག་པ་དང་བྲལ་ལོ་ཅོག་ནི་ཞེས་བྱ་བའོ། །བརྟགས་ཏེ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་
སོ། །དེ་དང་བྲལ་བ་ལས་ནི་དམིགས་ཀྱིས་བསལ་བ་དང་བྲལ་བའི་ཡུལ་ལའོ། །འདི་ལ་ཞེས་བྱ་བ་ནི་སྤྱིར་བརྗོད་པ་ལ་ཁྱད་པར་བརྗོད་པས་གནོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་འདི་ལ་ཚད་མ་ཅི་ཡོད་སྙམ་ནའོ། །མི་མཐུན་པའི་ཕྱོགས་ལ་མཐོང་བ་ཙམ་གྱིས་གཏན་ཚིགས་རྟོག་པ་དང་

བྲལ་བ་ཙམ་ལས། གང་རྟོག་པ་དང་བྲལ་བ་དེ་ཐམས་ཅད་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་ལྷག་མ་དང་ལྡན་པ་དེ་མ་ངེས་པའི་རྗེས་སུ་དཔག་པ་གང་གི་ཚེ་འཇུག་པར་བྱེད་ཧ་ཅང་ཐལ་བར་འགྱུར་བའི་རྗེས་སུ་དཔག་པ་དེ་ལ་ཁྱད་པར་ཞེས་བྱ་བ་མ་འཁྲུལ་བར་གྱུར་པའི་རྟོག་པ་མེད་པ་གང་
ཡིན་པ་དེ་ནི་མངོན་སུམ་ཡིན་ནོ་ཞེས་དེ་ལྟར་མཚན་ཉིད་བྱས་པ་ན་གསལ་བའི་ཁྱད་པར་དེ་ཉིད་གནོད་པར་བྱེད་པ་ཡིན་ནོ། །རྒྱུ་དེས་ན་དེ་ལས་གཞན་ཉིད་ལ་ཞེས་བྱ་བ་ཁྱད་པར་གྱི་རྣམ་པར་གཅད་པ་ལས། གཞན་པའི་དོན་ལ་རྗེས་སུ་དཔག་པ་སྔ་མ་དེ་ནི་འཇུག་པ་ཉིད་དེ་རབ་ཏུ་འཇུག་པ་ཁོ་ནའོ། །གལ་ཏེ་
དེ་ལྟར་སྤྱི་དང་ཁྱད་པར་གྱི་དོན་དག་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོར་འགྱུར་མོད། ཚིག་དག་ལ་གོ་ཇི་ལྟར་ཞེ་ན། དོན་དེ་ཞེས་སྨོས་སོ། །དེ་ཉིད་ཅེས་བྱ་བ་ནི་དོན་གྱི་གང་ཡིན་པ་ཉིད་དོ། །སྤྱིར་མཐོང་བའི་རྗེས་སུ་དཔག་པ་ལས་ཞེས་བྱ་བ་ནི་གང་རྟོག་པ་དང་བྲལ་བ་ཙམ་ལས་སོ། །དེའི་ཞེས་
བྱ་བ་ནི་ཁྱད་པར་གྱི་རྗེས་སུ་དཔག་པའི་དོན་ཏོ། །རེ་ཞིག་དང་པོ་ནི། སྤྱིར་བསྟན་པ་ཉིད་བྱས་ལ་ཕྱིས་ནི་ཁྱད་པར་བྱ་དགོས་པའི་ཕྱིར་འདི་ནི་གླང་པོའི་ཁྲུས་དང་འདྲ་བར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྟོག་པ་དང་བྲལ་བ་སྨོས་པ་དེ་མ་ཐག་པ་ཁོ་ནར་རབ་རིབ་བཅས་ཞེས་སྨོས་
པས་ཐོབ་པར་བྱ་བ་མ་འཁྲུལ་པར་དོན་ཐོབ་པར་བྱ་བའི་ཕྱིར་ཡིན་ནོ་ཞེ་ན། འདི་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གལ་ཏེ་དེའི་དེ་མ་ཐག་ཁོ་ནར་བསྟན་པའི་མི་འཁྲུལ་པ་སྨོས་པ་རྟོག་པ་དང་བྲལ་བ་སྨོས་པ་དང་ལྷན་ཅིག་མ་འབྲེལ་ན། དེའི་ཚེ་དེ་ལྷན་ཅིག་ཏུ་སྨོས་པས་ཀྱང་ཅི་བྱ་
འབྲེལ་བ་ཡོད་དོ་ཞེ་ན་ནི། ཕྱིས་སྨོས་ཀྱང་མཚུངས་སོ་ཞེས་བྱ་བའི་དོན་ཏོ། །དོན་དུ་ཞེས་བྱ་བ་ནི་དོན་གྱི་སྒོ་ནས་མི་མཚུངས་པ་མ་འབྲེལ་བ་རྣམས་ལ་ནི་དེ་མ་ཐག་པ་ཉིད་དུ་རྒྱུར་འགྱུར་བ་མ་ཡིན་ནོ། །དེ་ན་དེ་མ་ཐག་ཏུ་བསྟན་ཀྱང་འབྲེལ་པ་ལ་ལྟོས་དགོས་ལ། འབྲེལ་པ་དེ་ནི་མེད་པ་ལ་ཡང་
འགྱུར་བའི་ཕྱིར་ཁྱད་པར་མེད་དོ། །རྣམ་པ་འདི་ནི་གནོད་བྱེད་ཀྱི་དངོས་པོ་གང་ཇི་སྙེད་པ་དེ་མཐའ་དག་ནི་གལ་ཏེ་ཚད་མའི་ཡུལ་ཡིན་ན། དེའི་ཚེ་བསྟན་པས་ཀྱང་འགྱུར་བ་ཡིན་གྱི། དངོས་སུ་བསྟན་པ་འབའ་ཞིག་གིས་ནི་ཡིན་པར་མ་ཟད་དོ་ཞེས་བྱ་བར་བསྟན་ཏོ། །གལ་ཏེ་དུས་གཞན་དུ་མ་

འཁྲུལ་པ་སྨོས་པར་བྱ་བ་ཡིན་ན། དེའི་ཚེ་འདི་ཉིད་དུ་ཅིའི་ཕྱིར་མི་བྱེད་ཅེས་བྱ་བ་ནི་ཕ་རོལ་པོའི་བསམ་པའོ། །འདི་བརྗོད་པ་ནི་བདེན་ཏེ་ཞེས་བྱ་བའོ། །བདེན་ལུགས་ཉིད་སྟོན་པ་ནི་མངོན་སུམ་ནི་ཞེས་བྱ་བའོ། །དེ་ཡང་ནི་མངོན་དུ་བྱེད་པའོ། །ཇི་ལྟར་མ་འཁྲུལ་པ་སྨོས་པས་རྟོག་
པའི་ཤེས་པ་མ་བཟློག་པ་དེ་བཞིན་དུ་བསྒྲུབ་བྱ་ཡང་། མི་འགྲུབ་བོ་ཞེས་བརྗོད་པ་ནི་དོན་དུ་ཞེས་བྱ་བའོ། །འོ་ན་ཅིའི་ཕྱིར་རྟོག་པ་དང་བྲལ་བ་སྨོས་པ་གཞག་ནས་མ་འཁྲུལ་པ་དེ་ཉིད་ཅི་སྟེ་མ་སྨོས་སྙམ་ན། ཕ་རོལ་དག་ནི་ཞེས་གསུངས་སོ། །དེའི་དབང་དུ་ནི་ཕ་རོལ་པོའི་དབང་དུའོ། །འདི་གཉིས་
ནི་རྟོག་པ་དང་བྲལ་བ་དང་མ་འཁྲུལ་བའོ། །བཤད་དོ་ཞེས་བྱ་བ་ནི། སློབ་དཔོན་ཕྱོགས་ཀྱི་གླང་པོས་སོ། །ཡང་ན་ཞེས་བྱ་བ་ལ་སོགས་པ་ནི་སྤྱི་དང་ཁྱད་པར་དག་རྣམ་པ་གཞན་གྱི་སྒོ་ནས་གནོད་བྱ་གནོད་བྱེད་དུ་བསྟན་ཏོ། །སྐྱེས་བུ་གང་གིས་གནོད་བྱེད་མཐོང་བ་མེད་པ་དེ་ལ་དེ་སྐད་ཅེས་བྱ་བའོ། །
གནོད་པར་བྱེད་པ་རབ་རིབ་བཅས། །ཞེས་སྨོས་པ་མཐོང་བ་ལས་སོ། །གལ་ཏེ་མི་འཚེ་བ་ནི་ཆོས་ཀྱི་མཆོག་ཅེས་བྱ་བ་དང་། ཕྱུགས་རྣམས་མཆོད་སྦྱིན་དོན་དུ་སྤྲུལ། །ཞེས་བྱ་བ་འདིར་ཡང་དང་པོར་སྤྱིར་རྟོགས་པ་ཡིན་ལ། ཕྱིས་ནི་ཁྱད་པར་དུ་ངེས་པ་ཡིན་ནོ་ཞེས་གནོད་བྱ་གནོད་བྱེད་ཀྱི་
དངོས་པོར་འགྱུར་རོ་ཞེ་ན་སྐྱེས་བུས་མ་བྱས་པའི་ཞེས་བྱ་བས་སོ། །སྔར་གྱི་བ་ཞེས་བྱ་བ་ནི་རྟོག་པ་དང་བྲལ་ལོ་ཅོག་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་འདིའོ། །བློ་ཕྱི་མས་ཞེས་བྱ་བ་ནི་རབ་རིབ་བཅས་ཞེས་བྱ་བ་ལས་སྐྱེས་པས་སོ། །རིག་བྱེད་ལས་ཀྱང་དེ་བཞིན་དུ་འགྱུར་རོ་སྙམ་ན། རིག་བྱེད་ལ་ནི་
ཞེས་གསུངས་སོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་གལ་ཏེ་རིག་བྱེད་ལས་ཀྱང་བློ་འཁྲུལ་བ་སྐྱེ་ན་དེའི་ཚེ་ཚད་མ་མ་ཡིན་པར་འགྱུར་རོ། །ཐམས་ཅད་ཅེས་བྱ་བ་རིག་བྱེད་ཀུན་ལྟ་བས་འཁྲུལ་པའི་བློ་སྐྱེད་བྱེད་དུ་ཐལ་བའི་ཕྱིར་རོ། །བློ་གང་ཞིག་གང་གནོད་པ་དེ་ནི་ཚད་མ་མ་ཡིན་གྱི། གནོད་པ་མེད་ན་ནི་བློ་
ཚད་མར་འགྱུར་རོ་ཞེ་ན། འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རྟོག་པར་བྱེད་པའི་སྐྱེས་བུ་ལ་རིག་བྱེད་ཀྱི་དོན་དེ་ཉིད་རྣམ་པ་གཞན་དུ་འགྱུར་བ་ཡིན་ནོ་ཞེས་བྱ་བ་ནི་མཐོང་བ་ཡིན་ནོ། །དེ་ལྟ་བུ་ནི་ཞེས་བྱ་བ་ནི་གནོད་བྱེད་འབྱུང་བའོ། །རིག་བྱེད་སྨྲ་བས་ཀྱང་ཚད་མ་ནི་བརྟན་པར་ཁས་བླངས་པ་ཡིན་ན་ཞེས་

བརྗོད་པ་ནི་དེ་ལྟར་ཡིན་དང་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ཚད་མ་དང་འགལ་བའི་དོན་དོར་བར་བྱ་བ་མ་ཡིན་ན་དེའི་ཚེའོ། །རབ་རིབ་བཅས་ཞེས་བྱ་བ་འདི་ནི་རྟོག་པ་དང་ཕྲལ་བ་ལས་སྨོས་པའི་བཟློག་པའི་ཞེས་བྱ་བ་ནི་མཐུན་པའི་དཔེ་ཡིན་ནོ། །དེ་ལྟ་བུའི་ཆོས་ཞེས་བྱ་བ་ནི། སད་
བསྐྱེད་པར་བྱེད་པའི་ཆོས་ཅན་ནོ། །གཡོ་བ་མེད་པ་སྟེ། མི་འགྱུར་བར་གནས་པའི་མིག་གཉིས་ཀྱི་དབུས་ན་གནས་པའི་ཟླ་བ་ཟུར་གཉིས་སུ་མིག་གཉི་གས་རིམ་གྱིས་དམིགས་པ་ན། དུས་ཆ་ཕྲ་བའི་ཕྱིར་ན་དུས་གཅིག་བཞིན་དུ་མཚོན་པ་ཡིན་ནོ། །དེས་ན་ཟུར་གཉིས་སུ་དམིགས་པ་
གཅིག་ཁོ་ན་ལས་གཉིས་ཉིད་དུ་སྒྲོ་བཏགས་པ་ཡིན་ནོ་ཞེས་བྱ་བའོ། །དེའི་ཞེས་བྱ་བ་ནི་དབང་པོའི་རྣམ་པར་རིག་པའོ། །དེ་ལྟ་བུའམ་ཞེས་བྱ་བ་ནི་རྣམ་པར་རིག་པ་དེ་ལྟ་བུའོ། །གཞན་དུ་གྱུར་པ་ནི་ཉེ་བར་གནོད་པའོ། །ཇི་ལྟར་གཞུང་འདི་འགལ་སྙམ་ན། ཟླ་བ་གཉིས་སུ་སྣང་བ་ཞེས་བྱ་བ་སྨོས་
ཏེ། ཟླ་བ་གཉིས་སུ་སྣང་བའི་རྒྱུ་ཡིན་ནོ་ཞེས་དབང་པོ་རྒྱུ་ཡིན་པར་བརྗོད་པར་མི་ནུས་ཏེ་མི་འཐད་དོ། །ཡིད་ཡིན་ཡང་དབང་པོ་ཟླ་བ་གཉིས་སུ་སྣང་བའི་བརྒྱུད་པའི་རྒྱུ་ཉིད་ལའོ། །བརྒྱུད་པའི་རྒྱུ་ཡིན་ཡང་འགལ་བར་ཇི་ལྟར་མི་འགྱུར་སྙམ་ན་དངོས་སུ་ཞེས་སྨོས་སོ། །དེའི་རྣམ་པ་ཅན་ནི་ཞེས་བྱ་བ་ནི་
དོན་གྱི་རྣམ་པ་ཅན་དུའོ། །རྣམ་པ་གཞན་གྱིས་ཞེས་པ་ནི་དེའི་རྣམ་པ་ཅན་མ་ཡིན་པར་རོ། །གང་ལས་ཞེས་བྱས་པ་ནི་དོན་ལས་སོ། །མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི། དེའི་རྣམ་པ་ཅན་དུའོ། །མི་སྲིད་པ་ཉིད་བརྗོད་པ་ནི་རྡུལ་ཕྲ་རབ་རྣམས་ཞེས་བྱ་བ་ཡིན་ནོ། །ཤེས་པ་ལ་གནས་པ་རིལ་པོ་གཅིག་
གི་རྣམ་པ་རགས་པ་ཉིད་དེ་ནི། རྡུལ་ཕྲ་རབ་རྣམས་ལ་མེད་པའི་ཕྱིར་རོ། །བུམ་པ་ལ་སོགས་པ་གཟུང་བར་བྱ་བ་ནི། དང་པོ་ནི་རྡུལ་ཕྲ་རབ་ཕན་ཚུན་དབེན་པ་དག་སྣང་བ་ཡིན་ནོ། །ཚིག་ལེའུར་བྱས་པ་འདི་ཉིད་བཤད་པའི་དོན་དུ་གསུངས་པ་ནི་གཞན་དག་ན་རེ་ཞེས་བྱ་བའོ། །དེའི་ཡང་ཞེས་བྱ་བ་
ནི། རྣམ་པར་རྟོག་པ་ནི་རྣམ་པར་ཤེས་པའིའོ། །རྡུལ་ཕྲ་རབ་དག་ཀྱང་དེ་བཞིན་དུ་རྣམ་པར་རྟོག་པའི་རྣམ་པར་ཤེས་པའི་ཡུལ་མ་ཡིན་ནོ། །གཞན་དུ་གྱུར་པ་ཞེས་བྱ་བ་ནི། ཉེ་བར་གནོད་པའོ། །ཟླ་བ་གཉིས་ཀྱི་ཡིད་ཀྱིས་ཤེས་པའོ། །དེས་ན་གལ་ཏེ་བུམ་པ་ལ་སོགས་པར་རྣམ་པར་

རྟོག་པའི་ཡིད་ལ་ལྟོས་ནས་བརྒྱུད་པའི་རྒྱུ་ཡང་ཡུལ་ཉིད་ཡིན་ན། དེའི་ཚེ་མིག་ལ་སོགས་པ་ཡང་ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ལ་ལྟོས་ནས་ཡུལ་ཉིད་དུ་འགྱུར་རོ་ཞེས་དེ་ལྟར་ཊཱི་ཀཱ་བྱེད་པ་གཞན་གྱིས་སློབ་དཔོན་ཕྱོགས་ཀྱི་གླང་པོའི་གཞུང་བཤད་དོ། །དེ་ལ་སློབ་
དཔོན་གྱིས་ཉེས་པ་འདི་ཡོད་དོ་ཞེས་སྟོན་པ་ནི། འདི་ལ་བརྗོད་པ་ཞེས་བྱ་བའོ། །རང་ཉིད་ཀྱིས་ཀྱང་ཉེས་པ་གཞན་བརྗོད་པ་ནི། ཡིད་ཉིད་ཡིན་ན་ཞེས་བྱ་བ་སྟེ། ཟླ་བ་གཉིས་ཀྱི་ཤེས་པ་ཡིད་ཡིན་ནའོ། །ཡུལ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི། འདི་ནི་རྣམ་པ་གཞན་ཁོ་ནས་ཡུལ་མེད་པར་འགྲུབ་པོ་
ཞེས་དགོངས་པའོ། །འདི་ལ་ཞེས་བྱ་བ་ནི་དང་པོ་ནི་རྡུལ་ཕན་ཚུན་དབེན་པ་སྣང་བ་ཡིན་ལ་ལི་ལ་སོགས་པ་རྣམ་པ་ཅན་གྱི་རྣམ་པར་རྟོག་པ་ནི་ཕྱིས་འབྱུང་བ་ཡིན་ནོ་ཞེས་བྱ་བ་འདི་ལ་ཚད་མ་ཅུང་ཟད་ཀྱང་མེད་དོ། །ཕན་ཚུན་དབེན་པའི་རྡུལ་དུ་སྣང་བ་ནི་རྣམ་པ་ཐམས་ཅད་དུ་ཉེ་བར་མཚོན་པ་མེད་པའི་ཕྱིར་རོ། །
དེ་ལྟར་བྱས་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས། དེར་མི་སྣང་ཕྱིར་ཞེས་བྱ་བ་ལ་སོགས་པའི་ལན་ནི་རིགས་པ་ཁོ་ནའོ། །ཡིད་ཉིད་ཅེས་ཧ་ཅང་ཐལ་བར་བརྩད་པ་ནི་རིགས་པ་མ་ཡིན་ནོ། །དེ་ཉིད་ཕྱིར་ཞེས་བྱ་བ་ནི། རིགས་པའི་རྒྱུ་ཉིད་ཀྱི་ཕྱིར་བརྗོད་པ་ནིའོ། །ཡིད་ཉིད་དུ་གཞུང་འཛུགས་པ་ནི་དང་པོ་ནི་ཞེས་བྱ་
བའོ། །རང་གི་རྣམ་པ་ནི་རྡུལ་ཕྲ་རབ་ཀྱི་རྣམ་པ་ནི་ཤེས་པའོ། །ཕྱིས་དོན་གྱི་རྣམ་པ་ཞེས་བྱ་བ་ནི། ལིངས་པོ་གཅིག་གིས་རྣམ་པར་སྣང་བར་ཡིད་ལ་སྣང་བ་ཡིན་ནོ། །དེས་ན་ཀ་བ་ལ་སོགས་པའི་ཡུལ་ཅན་ལིངས་གཅིག་ཏུ་སྣང་བའི་ཤེས་པ་ཉིད་དུ་ཐལ་བར་འགྱུར་རོ། །ཅི་སྟེ་འདི་ལ་ཚད་མ་མེད་དོ་ཞེས་
བྱ་བ་ཀ་བ་ལ་སོགས་པའི་ཡུལ་གྱི་ཤེས་པའི་གཞལ་བྱ་བཤད་ཟིན་པའི་མཚན་ཉིད་ཅན་ཡིན་པ་ལ་ཚད་མ་མེད་དོ། །རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་གྱི་ཤེས་པ་ནི་རྣམ་པ་ཐམས་ཅད་དུ་ཉེ་བར་མཚོན་པ་མེད་པའི་ཕྱིར་རོ་ཞེ་ན། འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི་དེ་ལྟ་ན་ནི་ཞེས་བྱ་བའོ། །དེ་ལ་ཡང་དང་པོ་
ནི་ཟླ་བ་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་སྐྱེས་སོ་ཞེས་བྱ་བ་འདིར་ཚད་མ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དབང་པོ་ལ་བརྟེན་པ་ཡང་ཞེས་བྱ་བ་ནི་དང་པོར་སྐྱེས་པ་ཟླ་བ་གཅིག་གི་རྣམ་པ་ཅན་ནོ། །དངོས་སུའོ་ཞེས་བྱ་བ་ནི་གང་ཞིག་དབང་པོ་རྣམ་པར་འགྱུར་ན། དངོས་སུ་རྣམ་པར་འགྱུར་བ་དེ་ནི་དབང་པོ་

ལ་བརྟེན་པ་ཡིན་ན། ཟླ་བ་གཉིས་ཀྱི་ཤེས་པ་ནི་བརྒྱུད་ནས་རྣམ་པར་འགྱུར་བ་ཡིན་ཏེ། དེས་ན་དེ་ནི་དབང་པོ་ལ་བརྟེན་པ་མ་ཡིན་ནོ་སྙམ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ལ་ཞེས་བྱ་བ་ཟླ་བ་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་ལ་རྣམ་པར་འགྱུར་བ་གང་ཡིན་པ་དེ་མཐོང་བ་མེད་པའི་ཕྱིར་
རོ། །གལ་ཏེ་དཔེ་ཙམ་གྱིས་བསྒྲུབ་བྱ་འགྲུབ་ན། དེའི་ཚེ་དབང་པོ་ལ་རྟེན་ཉིད་དུ་འདོད་པ་ཟླ་བ་གཅིག་གི་རྣམ་པ་ཅན་གྱི་ཤེས་པ་དེ་ཡང་ཡིད་ཉིད་ཡིན་པར་ཐལ་ཏེ། དེས་ན་དབང་པོ་ལས་སྐྱེས་པའི་རྣམ་པར་འགྱུར་བ་གཞན་ལ་བརྟེན་པར་བྱ་བ་ལ། དེ་ཡང་རྣམ་པར་འགྱུར་བའི་ཕྱིར་ཡིད་ཡིན་པས་ཐུག་པ་མེད་དོ། །
འདི་ཉིད་ཅེས་བྱ་བ་ནི་ཟླ་བ་གཉིས་ཀྱི་རྣམ་པ་ཅན་ཉིད་དབང་པོ་ལས་སྐྱེས་པ་ཡིན་ནོ། །ཟླ་བ་གཉིས་ལ་སོགས་པའི་ཤེས་པ་ཡང་ལྡོག་གོ་སྙམ་ན། ཟླ་བ་གཉིས་ལ་སོགས་པའི་ཞེས་གསུངས་སོ། །མིག་རབ་རིབ་ཅན་གྱིས་བསྒྲིབས་ཏེ་རང་བཞིན་གཞན་དུ་རྣམ་པར་འགྱུར་བ་དང་ལྡན་པར་གྱུར་པ་ན་ཡང་
ནག་པོ་ལ་སོགས་པའི་རང་བཞིན་ཡོད་པ་ཁོ་ནའོ། །དེ་ལྟ་ན་ཡང་རབ་རིབ་ཡོད་དམ་མེད་ཀྱང་ཡོད་པའི་ཐག་པ་ནག་པོ་ཉིད་ཇི་ལྟར་ལྡོག །དཔེ་སྒྲུབ་ཀྱི་ཤེས་པ་ལས་ལྡོག་པ་མ་གྲུབ་པས་འདི་སྒྲུབ་བྱེད་དོ། །དཔེ་ཅི་ལྟར་འགྱུར། བསྒྲུབ་བྱས་སྟོང་པའི་ཕྱིར་རོ་ཞེས་དགོངས་པའོ། །དེ་ཡང་མི་རིགས་ཏེ་ཞེས་བྱ་བ་
ལ་དེའི་དོན་ནི་དབང་པོའི་བསླད་པ་ལོག་ཀྱང་ཡོད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་འདི་ཡིན་ལ། ཡིད་ཉིད་དུ་མངོན་པར་འདོད་པའི་འཁྲུལ་པ་ཡང་དེ་ལྟར་འགྱུར་བ་ནི་མ་ཡིན་ནོ། །འདི་ཉིད་སྟོན་པ་ནི་ཡིད་ཀྱི་ཆུར་ཞེས་བྱ་བའོ། །དེ་བཞིན་གཞན་གྱིས་བརྒྱུད་པ་ནི་བརྗོད་པ་དག་གི་འགའ་ཚེ་འཇོག་པ་གང་
ཡིན་པ་དེ་ཡང་མི་རིགས་སོ་ཞེས་སྟོན་པ་ནི་ཆུར་འཁྲུལ་པ་ནི་ཞེས་བྱ་བ་ནི། མཐོང་བ་ཉིད་སྟོན་པ་ནི་ཚད་མས་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་ནི། ཆུར་འཁྲུལ་མཐོང་བ་དྲན་པ་ལྟོས་མི་འགྱུར། །ཞེས་བྱ་བ་དེ་ཡང་མ་འབྲེལ་ལོ་ཞེས་སྟོན་པ་ནི་སྦྲུལ་དུ་ཞེས་བྱ་བ་ནི། ཡོངས་སུ་གསལ་བར་སྣང་མི་འགྱུར། །
ཞེས་བརྗོད་པ་ཡང་རིག་པ་དང་འབྲེལ་པ་མ་ཡིན་ནོ་ཞེས་བརྗོད་པ་ནི། ཡོངས་སུ་གསལ་བར་ཞེས་བྱ་བའོ། །དབང་སྐྱེས་གང་ཡིན་ཞེས་བྱ་བ་ལ་སོགས་པ་ལང་མ་འབྲེལ་བ་ཡིན་ནོ་ཞེས་བརྗོད་པ་ནི། དེ་ཡང་ན་ཡོད་པ་དང་ཞེས་བྱ་བའོ། །ནག་པོ་ལ་སོགས་པར་སྣང་བ་ཉིད་ཀྱང་ངོ་། །ཡིད་ཀྱང་ཞེས་བྱ་བ་ནི་

ཡོངས་སུ་གསལ་བར་སྣང་བ་ཉིད་དུ་འགྱུར་རོ་ཞེས་འབྲེལ་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ལན་ནོ། །དེ་ཞེས་བྱ་བ་ནི་ཡིད་ཀྱི་ཡོངས་སུ་གསལ་བའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་མེད་པ་ཉིད་ཡིན་ནའོ། །གཞན་དག་ཡིད་ཡིན་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པ་དང་
འདོད་པ་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ཤེས་སྙམ་ན། འདི་ལྟར་ཞེས་གསུངས་སོ། །གང་གི་ཕྱིར་སློབ་དཔོན་གྱིས་འདི་འདིར་བསྒྲུབ་པར་བྱ་བ་ཡིན་པ་དེས་ན། ཕ་རོལ་པོ་དག་གི་འདི་ལས་བཟློག་པ་ཉིད་དུ་འདོད་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་འདི་བསྒྲུབ་པར་བྱ་བ་ཉིད་དུ་མི་འགྱུར་རོ་ཞེས་དགོངས་པའོ། །འཁྲུལ་པ་
ཐམས་ཅད་རྣམ་པར་རྟོག་པ་དང་བཅས་པ་ཡིན་ནོ་ཞེས་གཞན་གྱི་མངོན་པར་འདོད་པ་ནི་དེའི་ཚེ་ཞེས་བྱ་བ་འཁྲུལ་པ་རྣམ་པ་གཉིས་སུ་གྱུར་པ་ན་གསལ་བར་འགྱུར་རོ། །དེ་མེད་པའི་ཕྱིར་ཞེས་བྱ་བ་ནི། བསྒོམ་པ་མེད་པའི་ཕྱིར་རོ། །དེ་ལ་ཡང་ཞེས་བྱ་བ་ནི་ཟླ་བ་གཉིས་སུ་འཁྲུལ་པ་ལ་ཡང་ངོ་། །
བརྗོད་པ་དང་བྲལ་བ་ཡིན་ཏེ་ཞེས་བྱ་བ་ནི་ཐམས་ཅད་ལ་བར་དུ་གཅོད་པའི་གོམས་པ་ཡོད་པ་ཡིན་ནོ་ཞེས་བརྗོད་པར་ནུས་པའི་ཕྱིར་རོ། །གལ་ཏེ་གོམས་པས་སྐྱེད་པ་སྒྲུབ་པ་ལ་སོགས་པ་འཁྲུལ་པ་ཡང་རྣམ་པར་རྟོག་པ་མེད་པ་ཡིན་ལ། ནག་པོ་ལ་སོགས་པར་སྣང་བ་ཡང་དབང་པོ་ལས་བྱུང་བ་
ཡིན་ན། དེའི་ཚེ་འོ་ན་གང་ཞིག་དཔེར་འགྱུར། སྦྲུལ་དུ་འཁྲུལ་པའི་ཡིད་རྣམ་པར་རྟོག་པ་དང་བཅས་པ་དང་ཆུ་ལ་སོགས་པ་འཁྲུལ་པ་གང་ཡིན་ཞེ་ན། འདི་ལ་བརྗོད་པ་ནི་ཕན་འདོགས་པར་བྱེད་པ་དང་། གནོད་པར་བྱེད་པར་སྣང་བ་ནི་རྣམ་པར་རྟོག་པའི་རང་བཞིན་དེས་ཀྱང་འཁྲུལ་པ་ཡིན་ནོ་ཞེས་
འབྲེལ་ཏོ། །གཞན་དག་ལ་ཡང་ཞེས་བྱ་བ་ནི། ཡོངས་སུ་གསལ་བར་སྣང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་ལའོ། །སློབ་དཔོན་གྱིས་མངོན་སུམ་ལྟར་སྣང་བ་རྣམ་པ་གཉིས་ཉིད་བསྟན་ཏོ་ཞེས་བྱ་བར་ཇི་ལྟར་ཤེས་སྙམ་ནའོ་ཞེས་བྱ་བས་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་རྣམ་
པ་གཉིས་སུ་མི་བཞེད་ནས་ཞེས་ལོགས་ཤིག་ཏུ་གཅོད་པར་སྟོན་པ་ནི། མི་མཁས་པ་བརྗོད་པའི་རྒྱུར་འགྱུར་རོ། །འཁྲུལ་པའི་ཤེས་པས་འཁྲུལ་པ་ཉིད་ནི་ཡིད་ཀྱི་འཁྲུལ་པ་སྟེ། མི་གསལ་བའི་རྣམ་པའི་ཡུལ་ཅན་ཡིན་ནོ་ཞེས་བརྗོད་པའི་ཕྱིར་ཟླ་བ་གཉིས་ཀྱི་ཤེས་པ་ནི། ཡིད་གཉིས་ཡིན་པར་

བཞེད་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ནི་ཞེས་བྱ་བའོ། །གང་གི་ཞེས་བྱ་བ་ནི་རིག་པ་ཅན་གྱིའོ། །ཡང་ཇི་ལྟར་ན་དེའི་ལུགས་དང་སྦྱར་ན། འཁྲུལ་པ་ཉིད་ཡིན་པར་གནས་ཤེ་ན་དབང་པོ་དང་ཞེས་གསུངས་སོ། །དབང་པོ་དང་ཕྲད་པ་ལས་བྱུང་བའི་ཤེས་པ་གང་ཡིན་པ་དེ་ལ་ནི། རེ་ཞིག་འཁྲུལ་
པ་ཉིད་མི་སྲིད་དེ་དེས་ན་ལྷག་པར་གྱུར་པས་ཞེས་བྱ་བ་ལ་སོགས་པར་སྦྱར་རོ། །སྒྲ་ལ་སོགས་པའི་ཡུལ་ཅན་གྱི་འཁྲུལ་པ་གང་ཡིན་པའོ། །དབང་པོ་དང་དོན་ལས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་ལ་ནི་བརྗོད་པ་ཐ་མ་ཉིད་དང་། སྐོམ་པ་སྨོས་པས་འཁྲུལ་པ་ལ་སོགས་པ་སྲིད་པ་མ་ཡིན་ནོ་ཞེས་སློབ་
དཔོན་ཕྱོགས་ཀྱི་གླང་པོས་བརྗོད་པ་ཡིན་ནོ། །དེས་ན་འཁྲུལ་པ་ནི་དོན་སྨོས་པ་ཉིད་ཀྱིས་གསལ་བ་ཡིན་ནོ། །དེས་ན་དོན་སྨོས་པ་ཉིད་དེ་གསལ་བའི་ཕྱིར་འཁྲུལ་པ་ནི་ཡིད་ཀྱི་ཡུལ་ཅན་ཁོ་ནར་རྣམ་པར་གནས་སོ་ཞེས་དགོངས་པའོ། །ངོ་བོ་བརྗོད་པ་ལྷུར་བྱེད་པ་ཉིད་སྟོན་པ་ནི། དབང་པོ་དང་ཞེས་བྱ་
བའོ། །རང་བཞིན་ནི་གང་ཡིན་གཞན་ལ་མི་སྲིད་པ་དང་དེ་ལ་ནི། དེ་ཡང་ཡོད་པ་དེ་ལ་བརྗོད་དོ། །ཞེན་པའི་རང་བཞིན་ཉིད་ནི་དབང་པོ་ལས་སྐྱེས་པ་འགའ་ཡང་མི་སྲིད་པ་ཡིན་ཏེ། རྣམ་པར་རྟོག་པ་མེད་པ་ཡང་དབང་པོ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །གཞན་མངོན་སུམ་མ་ཡིན་པར་འདོད་པ་ལ་ཡང་ཡོད་པ་
ཡིན་ཏེ། དེས་ན་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེའི་ཕྱིར་ཞེས་བྱ་བ་ནི་བརྗོད་པར་མི་འཐད་པའི་ཕྱིར་རོ། །དེ་ནི་མངོན་སུམ་ཡིན་གྱི་ཞེས་བྱ་བ་ནི་དེ་ཁོ་ན་མངོན་སུམ་ཡིན་པའོ། །གཞན་ནི་ཞེས་བྱ་བ་ནི་ཞེན་པའི་བདག་ཉིད་ནི་མངོན་སུམ་མ་ཡིན་ནོ་ཞེས་རྣམ་པ་དེ་ལྟར་རྣམ་
པར་གཅད་པར་བྱ་བ་ཉིད་དུ་འཐད་དོ། །ཅུང་ཟད་ནི་ཞེས་བྱ་བ་ནི་ཞེན་པའི་བདག་ཉིད་ཅེས་བྱ་བ་འདིའོ། །ཅུང་ཟད་ནི་ཞེས་བྱ་བ་ནི་མ་འཁྲུལ་པ་ཞེས་བྱ་བ་ལ་སོགས་པའོ། །གཉི་ག་ཡང་སྟོན་པ་ནི་དེས་ན་ཞེས་བྱ་བའོ། །ངོ་བོ་བརྗོད་པ་ལ་ཡང་མ་འཁྲུལ་པ་ཉིད་བརྗོད་པར་རིགས་སོ། །ཅིའི་ཕྱིར་ཞེ་ན། དེ་
ལྟ་ན་ཞེས་སྨོས་སོ། །བརྗོད་དུ་མེད་པ་ནི་ཡུལ་ཅན་ཉིད་དུ་བསྟན་པས་ནི་དགོས་པ་ཅི་ཡང་མེད་དོ། །འོན་ཏེ་དགོས་པ་མེད་པས་དེ་ལྟ་ན་ཡང་ངོ་བོ་ཙམ་བརྗོད་པ་ཡིན་ནོ་སྙམ་ན་རང་གི་ངོ་བོ་བརྗོད་ན་ཞེས་གསུངས་སོ། །བདག་ལ་སོགས་པ་ཡང་ཕྲད་པ་ཡང་ཐུན་མོང་མ་ཡིན་པ་ཁོ་ན་སྟེ། དེས་ན་དེ་ཡང་

བརྗོད་པར་བྱའོ་ཞེ་ན་བདག་ལ་སོགས་པ་ཐུན་མོང་བ་ནི་ཞེས་བྱ་བ་སྟེ། རྗེས་སུ་དཔག་པ་ཡང་བདག་ལ་སོགས་པ་ཕྲད་པ་ལས་སྐྱེས་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་འོ་ན་ཞེས་བྱ་བ་ནི་གལ་ཏེ་མངོན་སུམ་ཉིད་ཀྱིས་ཐུན་མོང་མ་ཡིན་པ་གང་ཡིན་པ་དེ་ཉིད་བརྗོད་པར་བྱ་བ་ཡིན་ན་དེའི་ཚེ། དེ་ལྟར་
རིགས་པའི་མཚན་ཉིད་སུན་བཏོན་ནས། བྲམ་ཟེའི་ཡང་སུན་འབྱིན་པ་ནི་ཞེས་བྱ་བའོ། །འདི་ལ་སུན་འབྱིན་པ་གཞན་ཡང་བརྗོད་པའི་དོན་དུ་རྣམ་པར་རྟོག་པ་གཉིས་བྱེད་པ་ནི། འདི་ལྟར་ཞེས་བྱ་བའོ། །དོན་གཞན་བསྒྲུབ་པའི་དོན་དུ་ངོ་བོ་བརྗོད་པ་ཡིན་ཞེས་བྱ་བ་ནི་རྣམ་པར་རྟོག་པ་གཉིས་པའོ། །
དང་པོ་ལ་བརྗོད་པ་ནི་དེ་ལ་ཞེས་བྱ་བའོ། །དེའི་ཚེ་ཡོད་པ་དང་ཕྲད་པའི་ཤེས་པ་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་གྱི། གཞན་ནི་མཁོ་བ་མེད་དོ། །ཕྲད་པ་ཡང་གཟུང་བ་འཛིན་པའི་མཚན་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་དོན་གང་ཞིག་རྣམ་པར་གནས་པ་སྟེ་བརྗོད་པ་ནི་ཡོད་པའི་
ཞེས་བྱ་བའོ། །ཡང་ན་དབང་པོ་ལས་སྐྱེས་པའི་ཤེས་པ་གནོད་པ་མེད་པ་ནི་མངོན་སུམ་ཡིན་ནོ་ཞེས་བྱ་བ་ཉིད་བརྗོད་པར་བྱ་བར་འགྱུར་རོ། །ཡོད་པ་དང་ཕྲད་ན་སྐྱེས་བུའི་དབང་པོ་ཉིད་ཀྱི་བློ་སྐྱེ་བ་གང་ཡིན་པ་དེ་མངོན་སུམ་ཡིན་ནོ་ཞེས་དེ་སྐད་ནི་བརྗོད་པར་མི་བྱ་བའོ། །རྣམ་པར་རྟོག་པ་གཉིས་པ་འགོད་པ་ནི་
ཅི་སྟེ་ཞེས་བྱ་བའོ། །རྒྱུ་དེས་ན་རང་གི་ལུགས་ཀྱི་མཚན་ཉིད་ཀྱིས་གཞན་སངས་རྒྱས་པ་ལ་སོགས་པའི་མཚན་ཉིད་རྣམས་གསལ་བར་བྱ་བ་ཡིན་ནོ། །ཡང་ཅིའི་དོན་དུ་སངས་རྒྱས་པ་ལ་སོགས་པའི་མཚན་ཉིད་གསལ་བར་བྱ་ཞེ་ན། སངས་རྒྱས་པའི་ཞེས་བྱ་བའོ། །འོན་ཏེ་གལ་ཏེ་སངས་རྒྱས་པའི་
མཚན་ཉིད་བདག་ཅག་གི་མཚན་ཉིད་ཀྱིས་གསལ་བར་མི་ནུས་པ་དེ་ལྟ་ན་ཡང་ཕྱི་རོལ་གྱི་དོན་སྒྲུབ་པར་བྱེད་པ་ཡིན་ནོ་སྙམ་ན། བཤད་པ་རྡེག་འཆོས་པས་ནི་རྔ་མོ་འཛིན་པ་སྟེ། འཕྲོག་པར་མི་ནུས་སོ། །རྔ་མོ་ནི་སྟེང་དུ་ཞོན་ནས་དབྲོག་པར་བྱ་བ་ཡིན་ནོ། །དེས་གལ་ཏེ་འདིར་ཡང་མཚན་ཉིད་ཀྱིས་
རྨོངས་པར་འགྱུར་ན་དེའི་ཚེ་ཕྱི་རོལ་གྱི་དོན་སྒྲུབ་པར་ཡང་འགྱུར་བ་ཞིག་ན་གང་གི་ཚེ་ཁྱེད་མཚན་ཉིད་ཀྱི་འོག་ཏུ་བསྒྱུར་བ་དེའི་ཚེ་ཕྱི་རོལ་གྱི་དོན་ཅི་ལྟར་སྒྲུབ་པར་བྱེད། གལ་ཏེ་དེ་ལྟ་ན་ཞེས་བྱ་བ་ནི། གྲུབ་པའི་མཐའ་སྨྲ་བའིའོ། །དོན་དམ་པར་མི་འགྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཆོས་མ་ངེས་པའོ། །

གཞན་དུ་ཞེས་བྱ་བ་ནི་གང་གི་ཚེ་དཔྱོད་པས་ཆོས་འཁྲུལ་པ་སྲེག་པ་དེའི་ཚེའོ། །ལུགས་གཞན་ལ་ཞེས་བྱ་བ་ནི་སངས་རྒྱས་པ་ལ་སོགས་པའི་ལུགས་ལ་ཆོས་ཀྱི་མིང་ཡང་མེད་པར་འགྱུར་རོ། །དེས་ན་འཇིག་རྟེན་གྱི་གྲགས་པ་རྗེས་སུ་བརྗོད་པ་ཡིན་ནོ་ཞེས་མི་བྱ་སྟེ། ཆོས་ཉིད་ཀྱང་འཇིག་རྟེན་ལས་གྲུབ་པར་
ཐལ་ཕྱིར་རོ། །དེས་ན་ཚད་མས་གྲུབ་པ་ཉིད་རྗེས་སུ་བརྗོད་པར་བྱ་བ་ཡིན་ནོ། །དེ་ཉིད་བརྗོད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་བཞིན་དུ་ཞེས་བྱ་བ་ནི། ཇི་ལྟར་རྗེས་སུ་བརྗོད་པ་ཚད་མས་གྲུབ་པར་བྱེད་པ་དེ་ལ་ཐུག་པ་མེད་པའི་ཉེས་པ་ཡང་མེད་པ་དེ་བཞིན་དུ་མཚན་ཉིད་ཀྱང་བྱ་བ་ཡིན་ནོ། །འདི་ཡང་ཞེས་བྱ་བ་ནི་
ཚད་མ་ཆོས་ཀྱི་རྒྱུ་མཚན་ཡིན་པ་ཉིད་དོ། །སྔར་ཞེས་བྱ་བ་ནི་ཚད་མ་གྲུབ་པའི་ལེའུར་རོ། །དེ་ལྟར་བྲམ་ཟེའི་མཚན་ཉིད་ཀྱང་བསལ་བ་ནས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་མཚན་ཉིད་གཞུང་གཟུགས་པའི་དོན་དུ་བརྗོད་པ་ནི། དོན་དེ་ལས་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་ཟླ་བ་གཉིས་ཀྱི་ཤེས་
པའོ། །དེ་ཉིད་ལས་ཞེས་བྱ་བ་ནི་སྣང་བཞིན་ཟླ་བ་གཉིས་ཀྱི་མཚན་ཉིད་ལས་སོ། །གཞན་ལས་ཞེས་བྱ་བ་ནི་ཟླ་བ་གཅིག་ལས་སོ། །སློབ་དཔོན་ནི་ཕྱོགས་ཀྱི་གླང་པོས་སོ། །གང་ཞིག་སྣང་བའི་རྣམ་པར་རིག་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ནོ། །ཅི་ལྟར་ཞེ་ན་ལྔ་པོ་ཞེས་བྱ་བ་དབང་པོ་ལྔའི་རྣམ་པར་ཤེས་པའོ། །
བསགས་པ་སྟེ་རགས་པ་ལ་དམིགས་པ་གང་ཡིན་པ་སྟེ། དེ་ལྟར་གྱུར་པ་ཡིན་ནོ། །དེ་ནི་རགས་པ་ལས་སྐྱེ་བ་མ་ཡིན་ཏེ། རྡུལ་ཕྲ་རབ་རྣམས་ལས་སྐྱེ་བའི་ཕྱིར་རོ། །འདི་འཆད་པ་ནི་དམིགས་པའི་ཞེས་བྱ་བའོ། །འོན་ཏེ་གལ་ཏེ་ཤེས་པ་རྡུལ་ཕྲ་རབ་ཀྱི་རྣམ་པ་ཅན་མ་ཡིན་མོད། དེ་ལྟ་ན་ཡང་དེ་ལས་སྐྱེས་པ་
ཙམ་གྱིས་དེའི་ལུས་ཅན་དུ་འགྱུར་རོ་སྙམ་ན། རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའོ། །དེ་དག་ཀྱང་ཞེས་བྱ་བ་ནི་མིག་ལ་སོགས་པའི་རྡུལ་ཕྲ་རབ་དག་གོ། །འདི་སློབ་དཔོན་གྱིས་ཇི་ལྟར་གསུངས་ཞེས་བྱ་བ་ནི་ཕྱོགས་སྔ་མའོ། །འདི་ལ་གྲུབ་པའི་མཐའ་པས་བརྗོད་པ་ནི། འདི་ནི་ཞེས་བྱ་བའོ། །རྩོད་པ་སྒྲུབ་པ་ནི་
སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་སྟེ། དེ་ནི་ཚིག་ནིའོ། །རྣམ་པར་དཔྱོད་པ་སྟོན་པ་ནི་དོན་དེ་ལས་ཞེས་བྱ་བའོ། །གལ་ཏེ་རེ་ཞིག་སྣང་བཞིན་པའི་དོན་ལས་སྐྱེ་བའི་ཤེས་པ་གང་ཡིན་པ་སྟེ། མངོན་སུམ་ཡིན་ན་དེའི་ཚེ་འདི་མ་གྲུབ་པ་ཡིན་ནོ། །སྣང་བཞིན་པའི་དོན་ལས་ནི་ཤེས་པ་སྐྱེ་བ་མ་ཡིན་ཏེ་སྣང་བཞིན་

པའི་རང་གི་རྣམ་པ་ཡིན་པའི་ཕྱིར་རོ། །འོན་ཏེ་རང་གི་རྣམ་པ་ལས་ཀྱང་མངོན་སུམ་སྐྱེ་ན་འོ་ན་ནི་ཟླ་བ་གཉིས་པ་ཡང་རང་གི་རྣམ་པ་ལས་སྐྱེ་བའི་ཕྱིར་མ་ངེས་པ་ཡིན་ནོ། །སུན་འབྱིན་པ་གཞན་ནི་ཕྱེད་ཕྱི་མས་སོ། །དེ་ཉིད་རྣམ་པར་འགྲེལ་པ་ནི་རྡུལ་ཕྲ་རབ་དག་ཉིད་ཅེས་བྱ་བའོ། །རྡུལ་ཕྲ་རབ་དག་
ཉིད་སྐྱེད་པར་བྱེད་པ་ཡིན་ནོ། །གལ་ཏེ་རྣམ་པ་གཞན་དུ་གྱུར་པ་དེ་དག་སྐྱེད་བྱེད་ཙམ་གྱིས་དམིགས་པ་ཉིད་ཡིན་ན། དེའི་ཚེ་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྣམས་ཀྱང་འགྱུར་རོ། །ད་ནི་ཕྱེད་སྔ་མ་རྣམ་པར་འགྲེལ་པ་ནི་ཅི་སྟེ་ཞེས་བྱ་བའོ། །མ་ངེས་པ་ཡང་ཡིན་ནོ་ཞེས་བྱ་བ་འདི་ཉིད་བཤད་པའི་ཕྱིར་དོགས་
པ་བསུ་བ་ནི་ཅི་སྟེ་ཞེས་བྱ་བའོ། །ཚོགས་པར་སྣང་བའི་དངོས་པོ་ནི་ཕྱི་རོལ་གྱི་དོན་མ་ཡིན་པ་ནི་དེས་ན་དེ་ཅི་ལྟར་དེས་སྐྱེད་པ་ཡིན། ཡིན་དུ་ཆུག་པ་དེ་ལྟ་ན་ཡང་འཁྲུལ་པའི་ཤེས་པས་མ་ངེས་པ་ཉིད་དོ། །དེ་ཡང་ཕྱི་རོལ་དེས་སྐྱེད་པ་ནི་ཡོད་ལ། དེའི་ཕྱི་རོལ་དམིགས་པ་ནི་མ་ཡིན་ནོ། །རང་སྐྱེ་བ་ལས་སྔར་གྱི་
དོན་གྱི་ཡོད་པ་ནི་ཤེས་པས་འཛིན་པ་མ་ཡིན་ནོ། །འོན་ཏེ་ཤེས་པ་གཞན་གྱིས་སྔར་ཡོད་པ་འཛིན་ན་དེའི་ཚེ་ཤེས་པ་དེ་ཡང་མངོན་སུམ་ཡིན་པར་བརྗོད་པར་བྱ་བ་ཡིན་ལ། མངོན་སུམ་ཡང་དོན་གྱིས་བསྐྱེད་པ་ཁོ་ན་ཡིན་ནོ། །དེས་ན་ཤེས་པ་གཞན་དེ་ཡང་ཇི་སྲིད་དོན་གྱིས་བསྐྱེད་པ་ཉིད་དུ་མ་གྲུབ་པ་དེ་སྲིད་ནི་
མངོན་སུམ་ཉིད་མ་ཡིན་ལ། དོན་གྱིས་བསྐྱེད་པ་ཉིད་ཀྱང་དོན་གྱི་སྔར་ཡོད་པ་མ་བཟུང་བར་མི་སྲིད་དོ། །དེས་ན་ཤེས་པ་དེ་ནི་གང་ཡིན་པ་དེ་ཡང་གཞན་གྱིས་ཡོད་པར་ཤེས་པར་བྱ་བ་ཡིན་ཏེ། དེས་ན་ཐུག་པ་མེད་དོ། །རྗེས་སུ་དཔག་པས་དོན་གྱི་སྔར་ཡོད་པ་ཤེས་པ་ཁས་ལེན་ན། རྗེས་སུ་དཔག་པ་དེ་
ཡང་མངོན་སུམ་ཉིད་ལས་ཡིན་ནོ། །དེ་ལྟ་ན་ཡང་རྗེས་སུ་དཔག་པ་ཡིན། མངོན་སུམ་གྱི་རྒྱུ་ཅན་ཡིན་ལ། མངོན་སུམ་ཡང་རྗེས་སུ་དཔག་པའི་རྒྱུ་ཅན་ཡིན་ནོ། །དེ་ལྟར་ཕན་ཚུན་རྒྱུ་ཡིན་ན། དང་པོ་གང་ཞིག་འབྱུང་བར་འགྱུར་ཏེ། གང་ཡང་མ་ཡིན་ནོ། །འོན་ཏེ་མངོན་སུམ་དང་རྗེས་སུ་དཔག་པ་དག་དུས་
མཚུངས་པ་ཁོ་ན་ཡིན་ཏེ། དེས་ན་ཕན་ཚུན་བརྟེན་པར་མི་འགྱུར་རོ་སྙམ་ན། མངོན་སུམ་དང་ནི་ཞེས་གསུངས་སོ། །གྲངས་ཅན་གྱི་མཚན་ཉིད་ཀྱང་སུན་འབྱིན་པ་ནི་རྣ་བ་ལ་སོགས་པའི་ཞེས་བྱ་བ་ཡིན་ནོ། །སུན་འབྱིན་པ་གཞན་ནི། རྣ་བ་ལ་སོགས་འཇུག་པ་ནི། །ཤེས་པ་མེད་པར་མཚོན་མ་ཡིན། །ཞེས་

བྱ་བའོ། །རེ་ཞིག་ཕྱེད་ཕྱི་མ་འཆད་པ་ནི། འཇུག་པར་འདོད་པས་ཞེས་བྱ་བའོ། །རྣ་བ་ལ་སོགས་པའི་འཇུག་པ་མ་ཤེས་པར་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་གང་ལས་ཤེ་ན། མ་རྟོགས་པར་ཅི་ལྟར་ཞེས་བྱ་བའོ། །མཚན་ཉིད་ནི་འཇུག་པར་བྱེད་པ་ཡིན་པར་བརྗོད་པར་བྱས་པ་ཡིན་ནོ་ཞེས་དགོངས་པའོ། །
འོ་ན་ནི་ཞེས་བྱ་བ་ནི་མངོན་སུམ་གང་གིས་རྣ་བ་ལ་སོགས་པའི་འཇུག་པ་ཉེ་བར་མཚོན་པར་བྱ་བ་ཡིན་ཏེ་དེའིའོ། །དེས་ན་དེ་ལ་ཕ་རོལ་པོས་འདི་ལྟར་ལན་གདབ་པར་བྱ་བ་ཡིན་ནོ་ཞེས་སྟོན་པ་ནི་དེ་ཡང་ཞེས་བྱ་བ་སྟེ། རྣ་བ་ལ་སོགས་པ་ནི་འཇུག་པ་འཛིན་པར་བྱེད་པའི་མངོན་སུམ་ཡང་ངོ་། །ཕྱེད་སྔ་མ་འཆད་
པ་ནི་འཁྲུལ་པའི་ཤེས་པ་ལ་ཡང་རྣ་བ་ལ་སོགས་པའི་འཇུག་པ་ཡོད་པ་དེས་ན་ཇི་ལྟར་དེ་མངོན་སུམ་གྱི་མཚན་ཉིད་ཡིན། འོན་ཏེ་རྣ་བ་ལ་སོགས་པ་འཇུག་པ་གང་ཞིག་དོན་ལ་འཇུག་པ་སྟེ། མཚན་ཉིད་ཡིན་ལ་འཁྲུལ་པའི་ཤེས་པ་ལ་ནི་དོན་ལ་འཇུག་པ་མེད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན། འདི་ལ་བརྗོད་པ་ནི་
དོན་ལ་ཞེས་བྱ་བའོ། །ཅི་སྟེ་དོན་དེའི་ངོ་བོ་གང་ཡིན་པ་དེ་རིག་པ་ཉིད་མཚན་མ་ཡིན་ན་འདི་ལ་ཡང་བརྗོད་པ་ནི་དེ་ལྟ་ན་ཞེས་བྱ་བའོ། །དེ་ལྟར་མངོན་སུམ་ལྟར་སྣང་བ་རྫོགས་པར་བྱས་ནས་ཚད་མ་དང་འབྲས་བུ་རྣམ་པར་གཞག་པར་བྱ་བའི་ཕྱིར་དྲི་བ་ནི་ཡང་ཞེས་བྱ་བའོ། །ལན་ནི་གཞལ་བྱ་ཞེས་བྱ་བའོ། །
གལ་ཏེ་ཁྱོད་ཀྱི་ལྟ་བ་ལ་དེ་ནི་ཤེས་པ་ཉིད་ཡིན་གྱི་གཞན་ནི་འགའ་ཡང་མ་ཡིན་ནོ། །ཤེས་པ་དེ་ལ་ཡང་འབྲས་བུ་ཡིན་པར་བརྗོད་པ་དེའི་ཕྱིར་ཚད་མ་གང་ཡིན། ཚད་མ་ནི་འབྲས་བུ་ལས་ཐ་དད་པ་ཡིན་པར་འཐད་པ་ཡིན་ན། ཤེས་པའི་མཚན་ཉིད་ཀྱི་འབྲས་བུ་ལས་ཐ་དད་པ་ནི་འགའ་ཡང་ཡོད་པ་མ་
ཡིན་ནོ། །དེས་ན་ཚད་མ་ཉིད་མེད་པར་འགྱུར་རོ་ཞེ་ན་རྩོད་པ་འདི་ལ་གཞན་དག་གིས་བརྗོད་པ་ནི། ཁ་ཅིག་ན་རེ་ཞེས་བྱ་བའོ། །དབང་པོ་དང་དོན་དག་གི་ཕྲད་པ་དང་ལྟ་བའི་ཤེས་པ་དང་ཁྱད་པར་གྱི་ཤེས་པ་ནི་ཚད་མ་ཡིན་ནོ་ཞེས་སོ། །ཤེས་པའི་བདག་ཏུ་གྱུར་པ་རྟོགས་པའི་སྒྲུབ་བྱེད་ཀྱང་དབང་པོ་ལ་
སོགས་པ་བསྐྱེད་པའི་རྒྱུད་ཉིད་ཡིན་ནོ། །རྣམ་པར་གཞག་པར་བྱ་བ་འདོད་པའི་དོན་གང་ཡིན་པ་དེ་བཞིན་དུའོ། །མ་ཡིན་ན་ནི་རྣམ་པར་མ་བཞག་པ་བཞིན་དུ་རྣམ་པར་གཞག་པར་འོས་པ་ཡང་རྣམ་པར་མི་གཞག་པར་འགྱུར་རོ། །ཉམས་སུ་མྱོང་བ་དེ་ལ་ནི། རྣམ་པར་བཞག་པ་དང་རྣམ་པར་མ་

བཞག་པའི་དོན་དག་ལ་ཡོད་པ་ཙམ་ལས་མ་རྟོགས་པ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །གལ་ཏེ་ཁྱོད་ཀྱིས་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པའོ། །འདི་ནི་བདག་གི་རང་གི་ངོ་བོ་ལས་ཞེས་བྱ་བ་ནི། སྔོན་པོ་ལ་སོགས་པ་གཅོད་
པར་བྱེད་པའི་ལས་སོ། །གྲུབ་པའི་མཐའ་ནི་གལ་ཏེ་ཞེས་བྱ་བའོ། །ངག་ནི་བདག་གི་དེའི་བདག་ཉིད་དུ་གྱུར་པ་ཡིན་ཡང་ཞེས་བྱ་བ་ནི། སྔོན་པོ་ཡོངས་སུ་གཅོད་པའི་རང་བཞིན་དུ་ནི་ཡིན་ཡང་གལ་ཏེ་བདག་ཉིད་ཀྱིས་རང་བཞིན་མི་ཤེས་ན། དེའི་ཚེ་དེའི་ཁྱད་པར་ཅན་གྱི་དོན་དེ་ཡང་ངས་མ་ཤེས་པ་ཁོ་ནར་
འགྱུར་ཏེ། རྒྱུ་དེས་ན་སྐྱེས་བུ་ནི་འཇལ་བྱེད་མ་ཡིན་ནོ། །དེ་ཉིད་གསལ་བས་བྱེད་པ་ནི་སྐྱེས་བུའི་ཞེས་བྱའོ། །འཇིག་རྟེན་དེ་ཡང་དོན་དེའི་རྟོགས་པར་བྱེད་པ་པོའི་བདག་མི་ཤེས་ཇི་ལྟར་ལོངས་སྤྱོད་པ་ཤེས་དེ་ལྟར་ཞེས་བྱ་བ་ནི། བདེ་བ་དང་སྔོན་པོ་ལ་སོགས་པ་རྟོགས་པ་བར་རོ། །གལ་ཏེ་བློ་ལོངས་སྤྱོད་པ་
ཡིན་མོད། དེ་ལྟ་ན་རྣམ་པ་ཇི་ལྟར་ཚད་མ་ཡིན་ན། བདེ་བ་ལ་སོགས་པ་ཞེས་གསུངས་སོ། །བློས་ཞེན་པར་བྱ་བའི་དོན་སྐྱེས་བུས་སེམས་པར་བྱེད་པ་དེས་ན། རིག་པ་གཞན་གྱིས་ཅི་བྱ་ཞེས་ཇི་ལྟར་བརྗོད་སྙམ་ན། འདི་ལ་བརྗོད་པ་ནི་བློ་དེ་གང་ཡིན་ཞིང་ཞེས་བྱ་བའོ། །འདི་ལ་གཞན་གྱིས་ལན་གསུམ་
བཏབ་པ་ནི་ཞེས་བྱ་བའོ། །གྲུབ་པའི་མཐའ་པ་སུན་འབྱིན་པ་ནི་སྐྱེས་བུས་ཞེས་བྱ་བའོ། །ལས་ཉིད་དུ་འདོད་པ་ཞེན་པའི་བྱེད་པོ་ནི་སྐྱེས་བུ་ཉིད་ཡིན་པ་དེས་ན་བློས་ཅི་བྱ་རྟོགས་པ་པོས་སྒྲུབ་ཅེས་རྗེས་སུ་འཇུག་གོ། །འདི་ལ་བརྗོད་པ་ནི་རྟོགས་པ་དང་ཞེས་བྱ་བའོ། །ཁྱད་པར་མེད་པ་ཉིད་བརྗོད་པ་ནི། དེའི་རྣམ་པ་
ཞེས་བྱ་བའོ། །ཕ་རོལ་པོ་ཁྱད་པར་སྟོན་པ་ནི་དེའི་ཚེ་ཞེས་བྱ་བའོ། །མངོན་དུ་ཞེན་པ་ནི་རྟོགས་པའི་མཚན་ཉིད་ཡིན་པ་དེ་སྟེ། །སྐྱེས་བུའི་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། ཕ་རོལ་པོའི་བསམ་པའོ། །གལ་ཏེ་བློའི་རྣམ་པ་ཅན་ཡིན་མོད། དེ་ལྟ་ན་ཡང་མ་ཡིན་ཏེ། སྐྱེས་བུ་ཇི་ལྟར་རྟོགས་བྱེད་ཡིན་ཏེ་མ་ཡིན་པ་
ཁོ་ནའོ། །འོན་ཏེ་བློའི་རང་བཞིན་མངོན་དུ་བྱེད་པའི་ཕྱིར། རིག་པར་བྱེད་པར་བརྗོད་ན། དེའི་ཚེ་དེ་ལྟར་ཞེས་བྱ་བ་ནི་བློའི་རང་བཞིན་ལྟར་མངོན་དུ་དོན་ཉིད་ཅེས་མི་བྱེད་པ་འཆད་པ་ནི་གལ་ཏེ་ཞེས་བྱ་བའོ། །ཡུན་རིང་པོ་མ་ཡིན་པའི་དོན་གྱི་རྣམ་པར་རྟོགས་སོ། །དོན་ནི་འདི་ཡིན་ཏེ། གལ་ཏེ་བློ་མེད་ན་དེའི་

དོན་གྱི་རྣམ་པ་མ་བསྟབས་པའི་ཕྱིར་ན་ཉེ་བར་གནས་པ་ཉིད་དུ་མ་རྟོགས་པར་འགྱུར་རོ་ཞེ་ན། འདི་ལ་བརྗོད་པ་ནི་བདག་ཁྱབ་པར་ཞེས་བྱ་བའོ། །གལ་ཏེ་བློས་དོན་གྱི་རྣམ་པ་སྟོབས་ན་དེའི་ཚེ་ཡུལ་ཐག་རིང་པོ་ཞེས་བྱ་བར་རྟོགས་པར་ཡང་མི་འགྱུར་ཏེ། དོན་གྱི་རྣམ་པ་མཐའ་དག་ནི་བློས་བསྟབས་པ་ཡིན་པའི་
ཕྱིར་རོ། །གལ་ཏེ་བློ་དེའི་རྣམ་པ་ཅན་ཁས་ལེན་ན། དེའི་ཚེ་དེ་ལས་ཐ་དད་པའི་དོན་ཡོད་དོ་ཞེས་བྱ་བར་ཡང་མི་འགྱུར་རོ། །བློ་ཁོ་ན་ལས་ཞེས་བྱ་ནི། །ཞེས་བྱ་བ་ནི་རང་བཞིན་ལས་ནི་བློ་སྐྱེ་ལ་དེ་ལས་ནི། དངོས་སམ་བརྒྱུད་པས་ཐམས་ཅད་སྐྱེ་བ་ཡིན་ནོ། །བདེ་བ་ན་དེ་ཁོ་ན་ལས་དེའི་རྣམ་པ་ཅན་གྱི་དོན་རྣམས་
སྐྱེ་བ་ཡིན་གྱི་དོན་ལས་ནི་དེའི་རྣམ་པ་ཅན་གྱི་སྐྱེ་བ་མ་ཡིན་ནོ་ཞེས་བྱ་བ་ནི། ཁྱེད་ཀྱི་གྲུབ་པའི་མཐའ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའ་ཡིན། དེ་ཇི་ལྟར་ཕྱིན་ཅི་ལོག་ཏུ་ཁས་ལེན། རང་གི་བཞིན་ལྟར་ཞེས་བྱ་བ་ནི་གཞན་གྱིའོ། །གང་དུ་དོན་རྣམས་འཕྲོས་པ་དེ་ནི་བློ་ཡིན་ཏེ་དེ་ལྟར་དེས་བློ་ནི་ཇི་ལྟར་དོན་
མེད་པ་ནི་གཞན་ནི་སྟེ་དོན་རྣམས་ནི་ཡུལ་རུང་བ་མ་ཡིན་པ་ཉིད་མ་ཡིན་ནོ། །གལ་ཏེ་ཐབས་གཞན་དུ་འཕོས་པ་ཁོ་ན་རྟོགས་པར་བྱ་བ་ཡིན་ནོ། །དེའི་ཚེ་མེ་ལོང་ལ་ཡང་ཞེས་བྱ་བར་སྦྱར་རོ། །དེ་ཡང་ནི་མེ་ལོང་ཡང་ངོ་། །འགྲོ་བ་ལྡོང་བར་འགྱུར་རོ། །ལྡོངས་པ་མ་ཡིན་ཏེ། དེས་ན་བློ་ནི་གདོན་མི་ཟ་བ་ཁོ་ནར་ཤེས་
གཞན་གདོན་མི་ཟ་བ་ཁོ་ནར་ཤེས་པར་བྱ་བ་ཡིན་ནོ། །ཇི་ལྟར་བློ་གཞན་དུ་མ་འཕོས་པ་ཁོ་ན་རྟོགས་པ་དེ་བཞིན་དུ་དོན་ཡང་རྟོགས་མོད། བློས་ཅི་བྱ་དེས་ན་ཉེས་པ་སོ་ན་འདུག་གོ་