Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 185

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
ལ་གནས་ཏེ་དེ་བཞིན་དུ་མངོན་སུམ་དུ་རིག་པ་ཡང་རང་གི་རིག་པ་ཙམ་ཡིན་གྱི། དོན་རིག་པ་ནི་མ་ཡིན་ནོ། །དེའི་དེ་མ་ཐག་ཏུ་བྱུང་བའོ། །འབྲས་བུ་འདི་ནི་དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་བུའི་རྣམ་པ་ཅན་རྣམ་པར་རྟོག་པའི་ཤེས་པ་སྐྱེས་པ་ན། དོན་དེའི་གོ་བྱེད་
དུ་འགྱུར་གྱི་གཞན་དུ་ཞེས་བྱ་བ་ནི། གལ་ཏེ་དོན་རིག་གོ་མ་ཤེས་ན། དེའི་གོ་བྱེད་པ་མ་ཡིན་ནོ། །དེ་ནི་སད་པའི་ཤེས་པའི་དོན་ཏོ། །གཞན་ནི་སྐྱེས་བུ་གཞན་གྱིས་སོ། །ལན་ནི་རྨི་ལམ་དུ་ཡང་ཞེས་བྱ་བའོ། །དེ་ཡོད་པའི་ཕྱིར་ཞེས་བྱ་བ་ནི་གཉིད་ལོག་པའི་ཤེས་པའོ། །སེམས་འདི་ནི་གཉིད་
ཀྱིས་མ་ཉམས་པར་བྱས་པ་ཡིན་ནོ་ཞེས་དེ་ལྟར་རྟོགས་པ་མ་ཡིན་ནོ། །འདི་ལ་བརྗོད་པ་ནི་ཐམས་ཅད་ནི་ཞེས་བྱ་བའོ། །ཁྱེད་ཀྱི་བརྗོད་པ་ནི་རྣམ་པར་དབྱེ་བ་གང་ཡིན་པ་རྨི་ལམ་གྱི་ཤེས་པ་ལ་ནི་སད་པའི་ཤེས་པས་གནོད་པར་བྱེད་པ་ཉིད་ཡིན་ལ་རྨི་ལམ་གྱི་ཤེས་པ་ཤེས་པ་ནི་སད་པའི་ཤེས་པའོ། །
གནོད་བྱེད་མ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུའི་རང་བཞིན་འདི་གང་གིས་ཀྱང་མ་ཡིན་ནོ། །འོན་ཏེ་སད་པ་དག་ལ་ནི་ཡིད་ཆེས་པ་མཐོང་སྟེ། དེས་ན་སད་པའི་ཤེས་པ་ཉིད་གནོད་པར་བྱེད་པ་ཡིན་ནོ་ཞེ་ན། རྨི་ལམ་དུ་ཡང་ཞེས་གསུངས་སོ། །དེ་ལྟར་ཞེས་བྱ་བ་ནི་ཡིད་ཆེས་པ་མཐོང་བའོ། །མི་བདེན་པ་ཡིན་
ནོ་ཞེས་རྨི་ལམ་དུ་ཡང་ཡིད་ཆེས་པ་མ་མཐོང་ངམ་ཅི་དེས་ན་རྨི་ལམ་ཡང་བདེན་པ་ཉིད་དུ་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་རེས་འགའ་ནི་བདེན་པ་ཞེས་བྱ་བར་རེས་འགའ་ནི་ལོག་པ་མ་ཡིན་ནོ་ཞེས་ཡིད་ཆེས་པ་མཐོང་བའི་ཕྱིར་རོ། །འདི་ལ་བརྗོད་པ་ནི་འདི་ཡང་ཞེས་བྱ་བ་སྟེ་སད་པ་ཡང་ངོ་། །
དེར་ཞེས་བྱ་བ་ནི་སད་པའི་གནས་སྐབས་སུའོ། །འདི་ལ་ལན་ནི་འདི་ནི་ཞེས་བྱ་བའོ། །དེར་ཡང་ནི་སད་པའི་གནས་སྐབས་སུ་ཡང་ཡིད་དུ་འོང་བ་ལ་སོགས་པ་མཐོང་བ་མོད་ལ་འཇིག་པར་འགྱུར་རོ། །ཉི་མ་གང་ལ་ཡིད་དུ་འོང་བ་མཐོང་བ་རྒྱུན་མི་འཆད་པར་ཏེ། ཡུན་རིང་པོར་མཐོང་བ་དེ་ལྟ་བུའི་ཉི་མ་ནི་

རྨི་ལམ་ན་ཡང་ཡང་ངོ་། །ཕྱོགས་དང་དཔེ་མ་གྲུབ་པ་ནི་གང་གི་ཚེ་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་རྣམ་པར་གྲུབ་པ་དེའི་ཚེ་སད་པའི་ཤེས་པ་ནི་ཕྱོགས་ཡིན་ལ་རྨི་ལམ་གྱི་ཤེས་པ་ནི་དཔེ་ཡིན་ནོ་ཞེས་གྲུབ་པ་ཞིག་ན་གང་གི་ཚེ་ཐ་དད་པ་སྒྲུབ་པར་བྱེད་པའི་ཤེས་པ་ཚད་
མ་ཡིན་པ་དེའི་ཚེ་ཕྱོགས་དང་དཔེ་དག་ཇི་ལྟར་འགྲུབ་ཕྱོགས་དང་དཔེ་མ་གྲུབ་མོད་གཏན་ཚིགས་ཤེས་པ་ཉིད་ལ་སྐྱོན་ཅི་ཡོད་སྙམ་ན། དམིགས་པ་མེད་པ་ཉིད་ཅེས་སྨྲས་སོ། །དེ་ནི་ཞེས་བྱ་བ་རྨི་ལམ་དང་རྨི་ལམ་མ་ཡིན་པའི་ཤེས་པ་འདོད་པར་བསྒྲུབ་པའི་ཤེས་པའོ། །གལ་ཏེ་ཚད་མ་
ཡིན་ན། དམིགས་པ་དང་བཅས་པར་འགྱུར་བ་དེས་ན། ཤེས་པ་ཉིད་ཀྱི་གཏན་ཚིགས་མ་ངེས་པར་འགྱུར་རོ་ཞེ་ན། ཚད་མ་ཐམས་ཅད་ཅེས་སྨོས་སོ། །འོ་ན་ཇི་ལྟར་དམིགས་པ་མེད་པ་ཉིད་ཡིན་ན་ཚད་མ་ཡིན་ཞེ་ན་དམིགས་པ་མེད་པས་ཀྱང་ཞེས་བྱ་བའོ། །འདི་ཉིད་གསལ་བར་བྱེད་པ་གལ་
ཏེ་ཞེས་བྱ་བའོ། །གལ་ཏེ་རྨི་ལམ་དང་གཞན་པའི་ཤེས་པ་དག་གིས་ཐ་དད་པའི་དམིགས་པ་དང་བཅས་པ་མ་ཡིན་པས་བྱས་པ་ཡིན་ནོ། །དེ་ལྟ་མ་ཡིན་ན་ཐ་དད་པ་ཅི་བྱས་སྙམ་ན། དེ་གཉིས་ཞེས་གསུངས་སོ། །སངས་རྒྱས་པས་ཐ་མི་དད་པར་སྒྲུབ་པར་བྱེད་དོ། །དེའི་ཚེ་གཞན་སངས་
རྒྱས་པ་ལ་ཉེས་པ་ཅི་ཡོད། ཆོས་ཅན་ཡིན་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཚད་མ་ཉིད་ཀྱིའོ། །དེ་ཇི་ལྟར་ཞེས་བྱ་བ་ནི་བརྒལ་ཞིང་བརྟག་པའི་རྣམ་པའོ། །དེ་སྐད་བརྒལ་ཞིང་བརྟགས་པ་ན། །བྲམ་ཟེས་ཇི་ལྟར་བརྗོད་པར་བྱ། །གལ་ཏེ་རིག་བྱེད་ཚད་མ་མ་ཡིན་ན། དེའི་ཚེ་རིག་བྱེད་འཇིག་
རྟེན་པའི་ཚིག་དང་འདྲ་བའི་ཕྱིར་ཇི་ལྟར་རིག་བྱེད་དེ་ཆོས་ཅན་ཡིན་པར་འགྱུར། འོན་ཏེ་དང་པོ་ཁོ་ནར་ཚད་མ་ཉིད་རབ་ཏུ་བསྒྲུབ་པོ། །ཚད་མས་བསྒྲུབས་པ་ན་ཡང་ཐ་དད་པར་ཆོས་ཅན་འགྲུབ་པོ་ཞེ་ན། འདི་ལ་བརྗོད་པ་ནི་དེ་ལྟ་ན་ཞེས་བྱ་བའོ། །འདི་ཞེས་བྱ་བ་ནི་བརྗོད་ཟིན་པའི་མཚན་ཉིད་དོ། །གལ་ཏེ་ཞེས་
བྱ་བ་ནི་དགོས་པའོ། །འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་དག་ཀྱང་ཞེས་བྱ་བ་ནི་འཇིག་རྟེན་པའི་ཚིག་ཀྱང་ངོ་། །དེ་ན་དེ་འདྲའི་ཐ་དད་པས་ཀྱང་ཅི་ཞིག་བྱ། གང་གིས་འཇིག་རྟེན་པ་ལས་ཐ་དད་པར་གྲུབ་པ་དེ་ཉིད་ཐ་དད་པར་བརྗོད་པར་བྱ་བ་ཡིན་ན། འདི་ནི་བརྗོད་པར་ནུས་པ་ཡང་མ་ཡིན་ནོ་ཞེས་

དགོངས་པའོ། །ཤེས་པ་ནི་རེ་ཞིག་ཅེས་བྱ་བ་ནི་སད་པའི་གནས་སྐབས་སུ་མངོན་པར་འདོད་པའི་རྨི་ལམ་དུ་རབ་ཏུ་གྲུབ་པ་ནི། སད་པའི་གནས་སྐབས་ན་ཡོད་པའི་ཤེས་པ་འདི་ལས་ཅི་ཐ་དད་པ་ཡིན་ནམ་འོན་ཏེ་ཐ་མི་དད་པ་ཡིན་ཞེས་རྟོགས་པ་ན། དམ་པར་ཏེ་མཆོག་ཏུ་ཇི་ལྟར་འགྱུར་བ་དེ་ལྟར་བ་ལྟའོ་
ཞེས་བྱ་བ་ཡང་མཚུངས་སོ་ཞེས་སྔ་མ་དང་འབྲེལ་ཏོ། །གཞན་དག་ཅེས་བྱ་བ་ནི་སད་པའི་ཤེས་པའོ། །ཐ་དད་པ་ལ་ཞེས་བྱ་བ་ནི་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་དམིགས་པ་མེད་པ་དང་། དམིགས་པ་དང་བཅས་པ་དག་གི་ཁྱད་པར་ཡོད་པའོ། །ཐ་དད་འཛིན་པ་ཞེས་བྱ་བ་ནི་རྨི་ལམ་མ་
ཡིན་པ་རྨི་ལམ་ལས་ཐ་དད་པར་ཆོས་ཅན་ཉིད་དུ་འཛིན་པའོ། །ད་ལྟ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་དམིགས་པ་མེད་པར་གྲུབ་པའི་དུས་ནའོ། །དེ་ལྟ་ཡིན་དང་ཞེས་བྱ་བ་ནི་ཁྱེད་ཀྱི་ཡང་རིག་བྱེད་ཚད་མ་དང་ཚད་མ་མ་ཡིན་པ་ཐུན་མོང་ཆོས་ཅན་ཉིད་དུ་རྟོགས་པར་སྔར་གྱུར་པ་གང་ཡིན་པ་དེ་ཚད་
མར་གྲུབ་པའི་དུས་ཀྱི་ཚེ་ན། ཚད་མ་མ་ཡིན་པར་འགྱུར་རོ། །དེ་བཞིན་དུ་ཆོས་ཅན་རྟོགས་པ་ཚད་མ་མ་ཡིན་པའི་ཕྱིར། དེའི་སྒོ་ཅན་ཚད་མའི་སྒྲུབ་བྱེད་ཉིད་ཀྱང་མ་ཡིན་པར་འགྱུར་རོ། །རིག་བྱེད་ཚད་མར་མི་འགྲུབ་པར་ནི་མ་ཟད་དེ། བྲམ་ཟེའི་གཞུང་དང་སྦྱར་ན། རི་ལ་སོགས་པ་ལ་མེ་
ལ་སོགས་པ་ལ་ཡང་སྒྲུབ་པར་མི་ནུས་པར་འགྱུར་རོ་ཞེས་སྟོན་པ་ནི། དེས་ན་ཞེས་བྱ་བའོ། །དེར་ཡང་དང་པོར་ནི་མེ་མེད་པ་ནི་ཐུན་མོང་བའི་ཆོས་ཅན་རྟོགས་པས་སོ། །མེ་གྲུབ་པའི་དུས་ནི་སྔར་ཡོད་པའི་ཐུན་མོང་དུ་རྟོགས་པ་ཚད་མ་མ་ཡིན་པ་ཉིད་དོ། །དེ་སྒོ་ནས་མི་རྟོགས་པ་ཡང་ཚད་མ་མ་
ཡིན་པའི་ཕྱིར་བསྒྲུབ་བྱ་དང་སྒྲུབ་བྱེད་ཀྱི་དངོས་པོ་ཆད་པར་འགྱུར་རོ། །དེའི་འཛིན་པ་ཞེས་བྱ་བ་ནི་རིག་བྱེད་ཚད་མ་དང་ཚད་མ་མ་ཡིན་པར་ཐུན་མོང་དུ་འཛིན་པའོ། །དུས་ཕྱིས་ཚད་མར་གྲུབ་ཀྱང་ཚད་མ་མ་ཡིན་པར་མི་འགྱུར་ཏེ། ཐུན་མོང་བ་དེ་ཉིད་ལ་ལྷག་པར་བསྒྲུབ་པའི་ཕྱིར་རོ། །འོ་ན་
གང་གི་ཚེ་ཚད་མ་ཡིན་པར་འགྱུར་ཞེ་ན། གལ་ཏེ་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །གང་གི་ཚེ་ཆོས་ཅན་རིག་བྱེད་དེ་ཉིད་ཀྱི་རང་བཞིན་དང་ཚད་མར་ཡང་གྲུབ་པར་བྱེད་པ་དེའི་ཚེ་རིག་བྱེད་དེ་ལ་ཚད་མ་གང་ཡིན་པ་དེ་དང་བྲལ་བར་ཚད་མར་སྒྲུབ་པའི་ཤེས་པས་འཛིན་ཀྱང་

ཇི་ལྟར་ན་སྔར་གྱི་ཐུན་མོང་བར་རྟོགས་པ་ཚད་མ་ཡིན་པར་འགྱུར། རིག་བྱེད་ཚད་མ་ཡིན་པ་དེ་ལས་ཞེས་བྱ་བ་ཐུན་མོང་བ་ལས་བཟློག་པ་ཐུན་མོང་མ་ཡིན་པ་དེར་འཛིན་པ་ན། དེ་ལས་བཟློག་པ་ཞེས་བྱ་བ་བཟུང་བ་བཞིན་དུ་ཐུན་མོང་མ་ཡིན་པ་ལས་བཟློག་པའི་གཞལ་བྱ་གང་ཡིན་
པ་ཐུན་མོང་བ་ཞེས་བྱ་བ་དེ་བསལ་ན། ཇི་ལྟར་སྔར་གྱི་ཐུན་མོང་བར་འཛིན་པ་ཚད་མ་མ་ཡིན་པར་མི་འགྱུར། རང་གི་ངོ་བོས་ནི་ལྷག་པར་འགྱུར་བ་ཡང་མ་ཡིན་ནོ། །གལ་ཏེ་ཚད་མ་ལྷག་མ་གྲུབ་ན། ཤིན་ཏུ་ཡང་ཐུན་མོང་བར་འཛིན་པར་ཚད་མ་མ་ཡིན་པར་བྱེད་པར་འགྱུར་རོ་ཞེས་སྟོན་
པ་ནི། རང་གི་ངོ་བོས་ནི་ཞེས་བྱ་བའོ། །ཕ་རོལ་པོ་རང་གི་ངོ་བོ་ལ་ཡང་ལྷག་པ་ཉིད་དུ་གཞུང་འཛུགས་པ་ནི་མ་བཟུང་བ་ན་ཞེས་བྱ་བའོ། །རིག་བྱེད་ཀྱི་ཚད་མར་དེའི་རང་གི་ངོ་བོ་ཁོ་ན་ཡིན་མོད་ཀྱི། འོན་ཀྱང་ཐུན་མོང་བར་ཆོས་ཅན་རྟོགས་པས་མ་བཟུང་བ་དེས་ན། ལྷག་པར་བརྗོད་པ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །འདི་ལ་བརྗོད་པ་ནི་མ་བཟུང་ཞེས་བྱ་བའོ། །རིག་བྱེད་ཀྱི་རང་བཞིན་གྱི་ཚད་མས་ཆོས་ཅན་རྟོགས་པས་མ་བཟུང་ན་དེའི་ཚད་མར་ཇི་ལྟར་འགྱུར། གལ་ཏེ་རང་བཞིན་ཐམས་ཅད་གཟུང་བས་ནི་ཚད་མ་མ་ཡིན་ཏེ། འོན་ཀྱང་ཐུན་མོང་བར་རྟོགས་པས་རང་བཞིན་འགའ་ཞིག་གཟུང་བ་ཡིན་
ནོ། །དེའི་ཚད་མ་ནི་དེ་ཙམ་གྱིས་ཡིན་ཞེ་ན། འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །རང་གི་ཚེ་དེས་རང་བཞིན་འཛིན་པ་དེའི་ཚེ་རང་བཞིན་མཐའ་དག་གཟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་གཅིག་འཛིན་པ་ན་ཆོས་མཐའ་དག་འཛིན་པར་ཐལ་བ་མ་ཡིན་ཏེ།
ཆོས་རྣམས་ཕན་ཚུན་དང་ཆོས་ཅན་ལས་ཀྱང་ཐ་དད་པའི་ཕྱིར་རོ། །འདི་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །ཐུག་པ་མེད་པ་ཉིད་བརྗོད་པ་ནི། གང་ཚེ་ཞེས་བྱ་བའོ། །གང་ཚེ་ཚད་མ་ཉིད་ལ་སོགས་པའི་ཆོས་རིག་བྱེད་ལས་ཐ་དད་ན་དེའི་ཚེ་རིག་བྱེད་དང་ཆོས་ཅན་དེའི་སྦྱོར་བ་སྟེ། འབྲེལ་པ་གཞན་དུ་
འགྱུར་རོ། །དེ་བཞིན་དུ་སྦྱོར་བ་ཡང་གཞན་དུ་འགྱུར་ལ། སྦྱོར་བ་གཉིས་པ་དང་སྦྱོར་བ་ཡང་གཞན་ཡིན་པའི་ཕྱིར་ན། ཆོས་ཀྱི་བསླད་པ་མཐའ་མེད་པར་འགྱུར། དེ་གཉིས་ཉིད་ཀྱི་ཞེས་བྱ་བ་ནི་ཚད་མ་དང་རིག་བྱེད་གཉིས་ཀྱིའོ། །དེའི་ཚེ་ཇི་ལྟར་ལྡན་པ་ཐ་དད་པར་མ་ཡིན་པ་དེ་བཞིན་དུ་ཚད་མ་ཉིད་

ཀྱང་ཐ་མི་དད་པར་འགྱུར་ཏེ། ཁྱད་པར་མེད་པའི་ཕྱིར་རོ། །དེ་ལྟར་བྱས་པས་ཇི་ལྟར་ཁྱོད་ཚད་མ་ཐ་མི་དད་པར་འདོད་པ་མི་འགལ་བ་དེ་བཞིན་དུ་ངེད་ཀྱི་ཆོས་ཐ་མི་དད་པ་ཡང་འདོད་པར་བྱ་བའོ། །གལ་ཏེ་ཐ་མི་དད་པའི་ཕྱོགས་ལ་ཡང་སྔར་གྱི་ཐུན་མོང་དུ་འཛིན་པའི་ཤེས་པ་ཚད་མར་མི་འགྱུར་ཏེ། དེས་
ན་རྗེས་སུ་དཔག་པ་མཐའ་ཡས་དག་འཆད་པ་ནི་སོ་ན་འདུག་གོ་ཞེ་ན། སྒྲོ་འདོགས་ཀྱིས་ནི་ཞེས་གསུངས་སོ། །དཔྱད་པས་ཞེས་བྱ་བ་ནི་རྣམ་པ་གཅིག་ཏུ་འཛིན་པའི་དབང་གིས་ཐ་དད་པ་མེད་པ་སྟེ། ཐུན་མོང་བ་ཉིད་དུ་རྟོགས་པའི་ཕྱིར་ཏེ། ཇི་ལྟར་ཚད་མ་ཡིན། ཅི་ལྟར་འཛིན་པ་ཡིན་ཞེ་ན། མེ་
ལ་སོགས་པའི་ཁྱད་པར་གྱིས་ཁྱད་པར་ཅན་དུ་གྱུར་པའི་རི་ལ་སོགས་པ་གཞན་ལས་ཐ་དད་པར་གཟུང་བ་ཡང་ཐ་མི་དད་པར་ལྷག་པར་ཞེན་པའི་སྒྲོ་འདོགས་ཀྱི་ངོ་བོ་ལས་སོ། །འདིས་ནི་གལ་ཏེ་མངོན་སུམ་ལ་ཐུན་མོང་མ་ཡིན་པའི་དངོས་པོ་སྣང་བ་དེ་ལྟ་ན་ཡང་ཆ་གང་ལ་དེ་འཇུག་པར་བྱེད་པ་
ཡིན་པའི་ཆ་དེ་ཉིད་ལ་ཚད་མ་ཡིན་ཏེ། དེས་ན་དངོས་པོ་གཅིག་ཀྱང་གལ་ཏེ་ཁྱད་པར་གཞན་ལ་མངོན་སུམ་གྱིས་འཇུག་པར་ནུས་པ་ཉིད་དུ་མ་བྱས་པ་དེ་ཡང་ཆ་འགའ་ཞིག་ལ་མངོན་སུམ་གྱིས་འཇུག་ཏུ་རུང་བར་བྱས་པའི་ཕྱིར་ཚད་མ་ཁོ་ན་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །ང་ལ་ཡང་འདི་ལྟར་ཞེས་
བྱ་བ་ནི་རྨི་ལམ་མ་ཡིན་པ་དག་ཐ་དད་པར་མངོན་པར་རློམ་པར་རོ། །བྲམ་ཟེ་ལ་སོགས་པ་གཞན་དག་ཀྱང་ཤེས་པ་ཐམས་ཅད་ནི་དམིགས་པ་དང་བཅས་པ་ཡིན་ཏེ། ཤེས་པ་ཉིད་ཡིན་པའི་ཕྱིར་རྨི་ལམ་ལ་སོགས་པ་ལ་གནོད་པར་བྱེད་པ་སད་པའི་ཤེས་པ་བཞིན་ནོ་ཞེས་ཅི་སྟེ་སྒྲུབ་པར་བྱེད་དེ།
སྒྲུབ་པར་བྱེད་པ་ཁོ་ནའོ་ཞེ་ན། རྨི་ལམ་ཤེས་པ་ལས་ཤེས་པ་གཞན་ཤེས་པར་འབྲེལ་ཏོ། །ཕ་རོལ་ཞེས་བྱ་བ་ནི་མཆོག་ཏུ་གྱུར་པ་སྟེ། བདེན་པ་ཉིད་དུ་མངོན་པར་འདོད་པ་སད་པའི་ཤེས་པ་ནི་དམིགས་པ་མེད་པའི་ཕྱིར། འདི་ལྟར་ལམ་གྱི་སྒྲུབ་བྱེད་ཡིན་ཏེ། འདི་འགལ་བ་སྤྱི་མི་འཁྲུལ་པ་ཅི་ལྟར་ཡིན་
ཞེས་དྲིས་ནས་དེ་ལྟར་ན་ཡང་དམིགས་པ་མེད་པ་ཉིད་དུ་གྲུབ་པོ་ཞེས་སྦྱོར་བར་བྱའོ། །གནོད་པར་བྱེད་པའི་ཚད་མས་ངེས་པ་ཡང་ཡིན་ལ་དམིགས་པ་མེད་པ་ཉིད་དང་། ལྷན་ཅིག་འབྲེལ་པ་གང་ཡིན་པ་སྟེ། དེའི་ཕྱིར་རོ་དེ་ཉིད་ཅེས་བྱ་བ་ནི་ངེད་འདོད་པའོ། །དམིགས་པ་མེད་པ་ཉིད་ནི་དེ་ཉིད་ལ་

བརྗོད་དེ། གང་ཞིག་གཅིག་ལ་ཡང་མ་ངེས་པའོ། །ཁྱེད་ཀྱིས་འགལ་བ་མི་འཁྲུལ་པ་ཅན་ཉེ་བར་བཀོད་པ་དེ་ཉིད་བསྒྲུབས་ཏེ། དེས་ན་བདག་ཅག་གི་འདོད་པ་ཉིད་བསྒྲུབས་པ་ཡིན་ནོ། །འདི་ལ་ཡང་འགྲེལ་པ་ཁས་བླངས་ནས་བརྗོད་པར་ཟད་ཀྱི། དམིགས་པ་དང་བཅས་པ་དང་
ཤེས་པ་ཉིད་འགྲེལ་པ་ཡང་མེད་དོ་ཞེས་སྟོན་པ་ནི། དམིགས་པ་དང་བཅས་པ་ཉིད་ཅེས་བྱ་བ་ལའོ། །དམིགས་པ་མེད་པ་ལ་ཡང་ཇི་ལྟར་འབྲེལ་པ་ཡོད་སྙམ་ན། གཉིས་ཀ་ཡང་ཞེས་བྱ་བ་སྟེ་སད་པ་དང་རྨི་ལམ་གྱི་ཤེས་པ་གཉིས་ཀ་ཡང་ངོ་། །གཞན་པ་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཏོ། །
དེ་བཞིན་དུ་སད་པའི་ཤེས་པ་ལ་ཡང་རང་གི་ངོ་བོ་རིག་པ་ཙམ་ཞིག་ཏུ་མཐོང་ངོ་། །གལ་ཏེ་རྨི་ལམ་གྱི་སྣང་བ་ནི། གཞན་གྱིས་མ་དམིགས་པའི་ཕྱིར་རོ། །རང་གི་རང་བཞིན་ཙམ་རིག་པར་འཐད་ཀྱི་སད་པའི་ཤེས་པ་ལ་ཇི་ལྟར་ཏེ་གཞན་གྱིས་ཀྱང་དམིགས་པའི་ཕྱིར་རོ་སྙམ་ནས་སད་པར་སྣང་བའི་
རིག་པ་ཡང་ཞེས་བྱ་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་རྨི་ལམ་ལ་ཡང་ངོ་། །དམིགས་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ནི་ཡུལ་དང་དུས་རྣམས་གཞན་དུ་གྱུར་པའི་བདག་ཉིད་ཅན་ཡོད་པའོ། །འདི་ལ་ལན་ནི་ཅིའི་ཕྱིར་ཞེས་བྱ་བའོ། །གལ་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །གལ་ཏེ་དོན་བྱེད་པ་མེད་ན་དེ་
ཡོད་པ་ཇི་ལྟར་ཡིན་ཞེས་དོགས་པ་བསུ་ནས། ཕ་རོལ་པོ་ཉིད་བརྗོད་པ་ནི་གཅིག་མེད་པས་ཞེས་སྨྲས་སོ། །དོན་བྱེད་པ་མེད་པས་རྟོགས་བཞིན་པ་མེད་པར་མི་འགྱུར་རོ་ཞེས་བྱ་བའོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་དོགས་པ་བསུ་བ་ནི། ཐམས་ཅད་ཀྱི་ཚེ་དུ་བ་མེད་པར་མེ་མ་ཡིན་པ་ཉིད་དོ་
སྙམ་ན་འདི་ལ་ཕ་རོལ་པོ་ལན་འདེབས་པ་ནི་དེ་ལྟ་ན་འོ་ན་ཞེས་བྱ་བའོ། །ཇི་ལྟར་རྒྱ་སྐྱེགས་ཀྱི་ཤིང་གི་ཚོགས་དུ་མའི་མཚན་ཉིད་དོན་བྱ་བ་བྱེད་པ་མ་ཡིན་ཡང་རང་གི་ངོ་བོས་ཡོད་པ་དེ་བཞིན་དུ་རྨི་ལམ་གྱིས་མཐོང་བ་དེ་འདྲ་བའི་དོན་བྱ་བ་མི་བྱེད་ཀྱང་རང་གི་ངོ་བོས་ནི་ཡོད་པ་ཉིད་དོ་ཞེ་ན། འདི་ལ་གྲུབ་
པའི་མཐའ་པས་གསུངས་པ་ནི། ཀེང་ཤུ་ཀའི་ཕུང་པོས་གཞན་གྱི་དོན་བྱ་བ་མི་བྱེད་ཀྱང་རང་གི་དོན་བྱ་བ་ནི་བྱེད་པ་ཉིད་དོ། །རྨི་ལམ་དུ་མཐོང་བ་ནི་དེ་ལྟ་མ་ཡིན་ཏེ་དེས་ན་དེ་བདེན་པར་ཇི་ལྟར་འགྱུར་ཞེས་བྱ་བའི་དོན་ཏོ། །རྨི་ལམ་དུ་དམིགས་པ་ཡང་རང་གི་དོན་བྱ་བ་བྱེད་དོ་ཞེ་ན་རྨི་ལམ་དུ་ཟོས་པས་ནི་

ཞེས་གསུངས་སོ། །གལ་ཏེ་གཟུགས་ཉིད་ཟོས་ཀྱི་རེག་བྱ་ནི་མ་ཡིན་ནོ། །འགྲངས་པར་བྱེད་པ་ཡང་རེག་བྱ་ཡིན་ཏེ་དེས་ན་རེག་བྱ་མེད་པའི་ཕྱིར་རྨི་ལམ་དུ་ཟོས་པས་འགྲངས་པ་མ་ཡིན་ན་འདི་ལས་བརྗོད་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་གྱིས་དྲིས་པ་ལ་བརྗོད་པ་ནི། བག་ཆགས་ཞེས་བྱ་བ་
སྟེ། གཉིས་པོ་འདི་ནི་དོན་ཡིན་པར་འགལ་ལོ། །དོན་ནི་བག་ཆགས་ཀྱི་སྟོབས་ལས་བྱུང་བ་མི་འཐད་དོ། །ཐུན་མོང་མ་ཡིན་པའི་ཕྱིར་ཡང་རང་ཉིད་ཀྱི་རྟོགས་པར་མི་འཐད་དོ། །སངས་རྒྱས་པ་ཁྱེད་ཀྱི་ཡང་ཇི་སྲིད་རྨི་ལམ་དུ་དམིགས་པ་དེ་ཐམས་ཅད་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་ཇི་
ལྟར་མིང་ཙམ་བྱས་པ་མ་ཡིན་ཞེ་ན། ལན་ནི་མ་ཡིན་ཏེ་ཞེས་བྱ་བའོ། །འཐད་པར་དགའ་བ་ཉིད་བརྗོད་པ་ནི་དེའི་རང་བཞིན་ཞེས་བྱ་བ་སྟེ་བློའིའོ། །རྒྱུ་དེས་ན་དོན་མ་ཞུགས་ན་སྟེ། རང་གི་རང་བཞིན་མ་ཡིན་ན་རིག་པ་མ་ཡིན་ནོ། །ཉེས་པ་འདི་ཐམས་ཅད་ནི་བློའི་རང་བཞིན་རིག་པ་ལས་དོན་
ཡོད་པར་རྟོགས་པ་ལས་བལྟ་བར་བྱ་བ་ཡིན་ནོ། །བློ་ལ་གསལ་བ་མེད་པའི་ཕྱོགས་ལ་ནི་རྣམ་པ་དུ་མར་སུན་ཕྱུང་ཟིན་པའི་ཆ་ཡལ་བར་དོར་བ་ཡིན་ནོ་ཞེས་བྱ་བ་ནི། རབ་རིབ་ཅན་གཉིས་ཀྱིས་རང་གི་རྣམ་པ་ཙམ་རིག་པ་ཡིན་ཡང་ངས་མཐོང་བའི་ཟླ་བ་གཉིས་པོ་གང་ཡིན་པ་དེ་ཉིད་འདིས་ཀྱང་རིག་གོ་ཞེས་
འཁྲུལ་པ་ནི་ཇི་ལྟ་བ་བཞིན་དུ་ཀ་བ་ལ་སོགས་པ་ཡང་ཡིན་ནོ་ཞེས་དགོངས་པའོ། །དགོས་པ་ནི་དེ་གཉིས་ཡང་ཞེས་བྱ་བ་སྟེ། རབ་རིབ་ཅན་གྱིས་ཟླ་བ་གཉིས་མཐོང་བར་ཡང་ངོ་། །གཞན་ཡང་ཡིན་ནོ་ཞེས་བྱ་བ་ནི་འཁྲུལ་པའི་ཤེས་པའི་ཡུལ་ལོ། །ལན་ནི་དེ་ནི་མི་རིགས་ཏེ་ཞེས་བྱ་བའོ། །གཞན་གྱི་
རིག་པ་ལ་ལྟོས་ཏེ་ཐུན་མོང་བའི་དོན་ཉིད་ནི་མངོན་སུམ་གྱིས་རྟོགས་པ་མ་ཡིན་ཏེ་གཞན་གྱི་རིག་པ་ལ་དེ་མི་འཇུག་པའི་ཕྱིར་རོ། །འདི་ནི་གཞན་གྱི་རིག་པའི་ཡུལ་ཡིན་ནོ་ཞེས་ཁྱད་པར་ཅན་དུ་རྟོགས་པ་མི་འཐད་པའི་ཕྱིར་རོ། །འོན་ཏེ་མངོན་སུམ་གྱིས་གཞན་གྱི་རིག་པ་ཡང་རྟོགས་སོ་སྙམ་ན། དེ་ལྟར་མ་ཡིན་
ན་ཞེས་གསུངས་སོ། །དེ་ཉིད་ནི་ཞེས་བྱ་བ་ནི་འདྲ་བ་ཉིད་དོ། །གཞན་གྱིས་དེ་འདྲ་བ་ཉིད་རྟོགས་སོ་ཞེས་ཇི་ལྟར་ཤེས་ཞེས་དོགས་པ་བསུ་བ་ཕ་རོལ་ཉིད་འཇིག་རྟེན་གྱིས་རྟོགས། སྒྲུབ་བྱེད་ཉིད་དུ་འགོད་པ་ནི་ཇི་ལྟར་ཞེས་བྱ་བའོ། །འགོག་པ་ནི་མ་ཡིན་པ་ཞེས་བྱ་བའོ། །དོགས་པ་བསུ་བ་ནི་དེར་ཡང་

ཞེས་བྱ་བ་སྟེ་རྨི་ལམ་དུ་ཡང་ངོ་། །ཡོད་པ་ཉིད་དོ་ཞེས་བྱ་བ་ནི་རྟོགས་པའོ། །རྨི་ལམ་དུ་ཡང་དེ་ལྟར་རྟོག་པ་ཡོད་དོ་ཞེས་ཇི་ལྟར་ཤེས་ཤེ་ན། རང་བཞིན་ཉིད་དོ་ཞེས་བྱ་བ་སྟེ། སད་པར་མཐོང་བའི་རང་བཞིན་ཉིད་དོ། །དེས་ན་ཇི་ལྟར་འདིར་དེ་འདྲ་བའི་རྟོགས་པར་འགྱུར་བ་དེ་
བཞིན་དུ་དེར་ཡང་འགྱུར་བ་གང་གིས་ཟློག་པར་བྱེད། དེ་དང་མཚུངས་པའི་ཕྱིར་ཞེས་བྱ་བ་འདི་སད་པའི་ཡུལ་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་རྨི་ལམ་དུ་དམིགས་པའོ། །འགོག་པ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེ་འདྲ་བ་ཞེས་བྱ་བ་ནི་སྐྱེས་བུ་གཞན་གྱི་རྣམ་པར་རོ། །དེ་ན་ནི་
རྨི་ལམ་ནའོ། །ཇི་ལྟར་ལམ་གྱི་གནས་སྐབས་ན་གཞན་མེད་ཀྱང་སྐྱེས་བུ་གཞན་གྱི་རྣམ་པར་སྣང་བ་དེ་བཞིན་དུ་སད་པའི་གནས་སྐབས་སུ་ཡང་ཡིན་ཏེ། དེས་ན་རྨི་ལམ་དང་རྨི་ལམ་མ་ཡིན་པར་གཉི་གར་ཡང་རང་གི་ངོ་བོ་ཙམ་ཞིག་སྣང་བ་ཡིན་གྱི། དོན་དམ་པར་ནི་མཚུངས་པ་ཞེས་བྱ་བར་ཡོད་པ་
མ་ཡིན་ནོ། །འཆོལ་བ་ཞེས་བྱ་བ་ནི་རྣམ་པར་དམིགས་པ་སྟེ། རྟ་ལ་སོགས་པ་ཡང་མིའི་རང་བཞིན་དུ་ཡང་ཡོངས་སུ་འགྱུར་བའོ། །དེས་ན་རྨི་ལམ་དུ་མཐོང་བ་དང་སད་པར་མཐོང་བ་རྣམས་ཇི་ལྟར་མཚུངས་ཤེ་ན། ལན་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཞན་ཡང་ཡིན་ཏེ་སྔོན་པོ་ལ་སོགས་པར་
སྣང་བ་ཉིད་འཆོལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འཆོལ་བ་གཞན་དུ་ཡིན་དུ་ཟིན་པ་དེ་ལྟར་ན་ཡང་དེ་གོམས་པའི་སྟོབས་ལས་བྱུང་བ་ཡིན་ཏེ། རྒྱུ་དེས་ན་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་འདི་ཇི་ལྟར་ཐ་དད་པར་གནས་པར་འགྱུར། འདི་ལ་བརྗོད་པ་ནི་འབད་པ་མེད་པར་ཞེས་བྱ་བའོ། །འཆོལ་བ་ཉིད་
ཀྱང་ངེས་པར་གཟུང་མི་ནུས་སོ་ཞེས་སྟོན་པ་ནི། འདི་ནི་འཆོལ་ལོ་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་སད་པར་གནས་སྐབས་སུ་འཆོལ་བར་མཐོང་བའོ། །དེ་ལ་ཡང་ཞེས་བྱ་བ་ནི་འཆི་ལྟས་མ་ཡིན་པ་གཉིས་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་རང་གཞན་ལ་ཡང་ངོ་། །འདི་ནི་ཞེས་བྱ་བ་རྣམ་པར་
རྟོག་པ་སྟེ་རང་གི་རང་བཞིན་ལ་མངོན་སུམ་ཡིན་པའི་ཕྱིར་རོ། །དེས་ན་དེ་ཡང་རང་གི་ངོ་བོ་ཙམ་གྱིས་མཐར་ཐུག་པར་འགྱུར་བའི་ཕྱིར་དེས་ཀྱང་ཐ་དད་པ་རྣམ་པར་གནས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་ན་ལན་ཞེས་བྱ་བ་ནི་གང་གི་ཤེས་པ་ཐམས་ཅད་ནི་བག་ཆགས་ཀྱིས་བསྐྱེད་པ་ཡིན་ནོ་ཞེས་

བརྗོད་པ་བག་ཆགས་དང་ཡང་ཤེས་པ་འབྲེལ་པ་ཅི་ལྟར་འཛིན་ཞེས་བསམས་པའོ། །འདི་ལ་བརྗོད་པ་ནི་དོན་དམ་པར་ཞེས་བྱ་བའོ། །འོ་ན་ཇི་ལྟར་བག་ཆགས་མེད་པར་རྣམ་པར་ཤེས་པ་ཙམ་དུ་འགྲུབ་སྙམ་ན། བག་ཆགས་ཀྱིས་ཞེས་བྱ་བའོ། །ད་ནི་རེ་ཞིག་ཡོད་པ་ཡིན་ལ་དེས་བསྐྱེད་པའི་ཕྱིར་
སད་པའི་སྣང་བའི་རྣམ་པར་ཤེས་པའི་རང་བཞིན་ཡིན་ནོ་ཞེས་བྱ་བའི་ཕྱོགས་འདི་ལ་གཞན་གྱིས་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འདི་ལ་ལན་ནི་རྨི་ལམ་གྱི་ཞེས་བྱ་བའོ། །ཕ་རོལ་པོ་ལན་འདེབས་པ་ནི་ལངས་པ་ལ་ནི་ཞེས་བྱ་བའོ། །ལངས་པའི་སྐྱེས་པ་ལ་བག་ཆགས་ལས་བྱུང་བ་ཉིད་དུ་རྟོགས་
པར་འགྱུར་གྱི་སད་པའི་གནས་སྐབས་ན་ནི། བག་ཆགས་ལས་བྱུང་བར་རྟོགས་པ་མ་ཡིན་ནོ་ཞེ་ན། འདི་འགོག་པ་ནི་འདི་སྤང་བས་ནི་ཞེས་བྱ་བའོ། །དེ་ཉིད་བརྗོད་པ་ནི་འདི་ལྟར་ཞེས་བྱ་བའོ། །རྨི་ལམ་དུ་ཡང་རྨི་ལམ་གཞན་མཐོང་ལ་དེར་ཡང་སད་པར་མཐོང་བའི་ཕྱིར་ཁྱད་པར་ཅི་ཡོད། སད་པ་
གཞན་གྱིས་ཞེས་བྱ་བ་ནི། སད་པར་མངོན་པར་འདོད་པའི་ཤེས་པས་སོ། །རྨི་ལམ་གྱི་སད་པའི་གནས་སྐབས་གང་ཡིན་པ་དེ་ཡང་ངོ་། །འདི་ནི་ཞེས་བྱ་བ་ནི་སད་པའི་གནས་སྐབས་སོ། །འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེའི་མཚན་ཉིད་ཡིན་པ་ཉིད་ཀྱིས་ཞེས་བྱ་བ་ནི་དུ་བ་ནི་མཚུངས་
པས་སོ། །འདིས་ནི་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་མ་ཡིན་ཡང་། གལ་ཏེ་ཉེ་བར་མཁོ་བའི་ཆས་མཚུངས་སོ་ཞེ་ན། རྨི་ལམ་དང་སད་པའི་གནས་སྐབས་གཉིས་ཐ་མི་དད་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེས་ན་ཆོད་པའི་བག་ཆགས་ཉིད་སད་པར་སྣང་བའི་རྒྱུ་ཡིན་པའི་ཕྱིར། མ་
མཐོང་བ་ཙམ་གྱིས་དགག་པ་མ་ཡིན་ནོ། །འཆི་བའི་མཚན་ཉིད་ཀྱིས་གཉིས་གང་ཡིན་པ་དེ་ལྡོག་པའི་ཚེ་ན། སྐྱེ་བ་ཉིད་རྨི་ལམ་དང་འདྲ་བས་རྨི་ལམ་སྟེ། དེ་ལྟར་ཅིའི་ཕྱིར་མི་རྟོགས་ཏེ་རྟོགས་པ་ཁོ་ནའོ། །འཆི་བའི་མཚན་ཉིད་ཀྱིས་ལོག་པ་ཡིན་མོད། དེ་ལས་ཅིས་འགྲུབ་སྙམ་ན། དེ་ལྟར་ཞེས་
བྱ་བ་ནི་རྨི་ལམ་བཞིན་དུའོ། །གཉིད་ལོག་པ་སད་པ་ལས་ཉིན་ལ་སྣ་ཚོགས་པ་མཐོང་བ་ཅིས་ནི་མ་ཡིན། སྔར་གྱི་འགྱུར་ན། མཐོང་བ་གང་ཡིན་པ་དེ་ནི་ཕྱིས་དོན་མཐོང་བའི་རྒྱུ་ཡིན་ནོ། །དེས་ན་རྨི་ལམ་དང་རྨི་ལམ་མ་ཡིན་པ་དག་མཚུངས་སོ། །སྔ་ན་མེད་པའི་ཡང་སད་པའི་གནས་སྐབས་ན་མཐོང་ངོ་

ཞེས་བྱ་བའོ། །དེ་ལྟ་ཡིན་པ་ཞེས་བྱ་བ་ནི་སྔ་ན་མེད་པ་མཐོང་བའོ། །རྨི་ལམ་དུ་འགྲོ་བ་དང་འོང་བ་མཐང་ལ་འགྲོ་བ་དང་འོང་བ་དེ་ལ་ཡང་སྔ་ན་མེད་པའི་དོན་དམིགས་པ་ཡོད་པ་དེ་བཞིན་དུ་སད་པའི་རྨི་ལམ་དུ་ཡང་འགྲོ་བ་དང་འོང་བ་སྔ་ན་མེད་པའི་དམིགས་པར་བྱེད་པ་ཅི་མི་འདོད།
མཚུངས་པར་བསྒྲུབས་ནས་གནོད་བྱེད་གཞན་ཡང་གནོད་པ་ནི། སྐད་ཅིག་མ་ཞེས་བྱ་བའོ། །གྲུབ་པའི་མཐའ་ནི་དེ་ཞེས་བྱ་བའོ། །བདག་ཉིད་ཀྱིས་བདག་འཁོར་བ་ཉིད་དུ་དམིགས་པ་དེས་ན། ཇི་ལྟར་གཉིད་ལོག་པ་ཡིན། གལ་ཏེ་གཉིད་རྩོམ་པ་ན། བདག་
ཉིད་འཁོར་བ་ཉིད་དུ་མ་དམིགས་ཏེ། དེས་ན་གཉིད་ལོག་པ་ཁོ་ནའོ། །དང་པོ་གཉིད་ལོག་ཅེས་སྨོས་སོ། །ཉེ་བར་སྦྱོར་བ་མ་ཡིན་པ་ནི་རྨི་ལམ་མི་མཐོང་བའི་ཕྱིར་རོ། །རྨི་ལམ་དུ་མཐོང་བ་མི་བདེན་པར་བརྗོད་པར་བྱ་བ་ཡིན་ནོ། །དང་པོའི་དུས་ན་ནི་རྨི་ལམ་མཐོང་བ་ཡོད་པ་མ་ཡིན་ནོ། །གང་གི་
ཚེ་རྨི་ལམ་མཐོང་བ་དེའི་ཚེ་ནི་བདག་ཉིད་གསལ་བར་མཐོང་བ་ན་ཇི་ལྟར་གཉིད་ཀྱིས་ལོག་པ་ཉིད་ལོག་པ་ཉིད་དུ་རྟོགས་པར་བྱེད། དེ་ཉིད་ཅེས་བྱ་བ་ནི་དང་པོའི་གཉིད་ལོག་པ་གང་ཡིན་པ་དེ་ཉིད་རྨི་ལམ་དུ་མཐོང་བའི་རྣམ་པ་དེའི་རྒྱུ་ཡིན་པ་དེ་དེས་ཉམས་པར་བྱས་པའི་ཕྱིར་མི་བདེན་པ་ཡིན་ནོ་ཞེས་
དགོངས་པའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བ་ནི་དང་པོ་གཉིད་ལོག་པ་ཁྱད་པར་མེད་ཀྱང་རྨི་ལམ་ཁྱད་པར་ཅན་དུ་མཐོང་བའི་ཕྱིར་དང་པོ་གཉིད་རྩོམ་པ་ནི་རྨི་ལམ་གྱི་མཐོང་བའི་རྒྱུ་མ་ཡིན་ཏེ། གཉིད་རྩོམ་པ་ནི་དེ་མེད་ན་རྨི་ལམ་གྱི་མཐོང་བ་མེད་པའི་ཕྱིར་རོ། །གཉིད་རྩོམ་པ་ནི་རྒྱུ་ཉིད་དོ་ཞེ་ན་རྒྱུ་
མཚན་ཙམ་ཞེས་གསུངས་སོ། །དེས་ན་གཉིད་རྩོམ་པ་ནི་རྨི་ལམ་གྱི་ཁྱད་པར་གྱི་རྒྱུ་མ་ཡིན་པའི་ཕྱིར་དེས་བསྐྱེད་པས་མི་བདེན་པ་ཉིད་དུ་བརྗོད་པར་མི་ནུས་སོ། །སུན་འབྱིན་པར་གཞན་བརྗོད་པ་ནི། འདི་ཡང་ཞེས་བྱ་བ་སྟེ། སད་པར་མངོན་པར་འདོད་པ་ཡང་ངོ་། །གཞན་གྱིས་སད་ན་ཞེས་སྨྲས་
ཏེ། སད་ན་སད་པར་སྣང་བ་ཡིན་པ་དེས་ན་ཇི་ལྟར་མཚུངས་སྙམ་ན། འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟར་ཞེས་བྱ་བ་སད་དོ་ཞེས་རྟོགས་པའོ། །མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའོ། །དེ་ཞེས་བྱ་བ་ནི་བྲམ་ཟེའོ། །ཇི་ལྟར་སྙམ་ན་བརྗོད་པ་དེའི་ཁྱད་པར་ཞེས་གསུངས་སོ། །ཕྱིན་ཅི་

ལོག་ཏུ་ཞེས་བྱ་བ་ནི་དམིགས་པ་མེད་པ་ལས་ཕྱིན་ཅི་ལོག་ཏུ་དམིགས་པ་དང་བཅས་པ་ཉིད་དུ་གྲུབ་པའོ་མ་ཡིན་ཏེ་ཞེས་བྱ་བ་ནི་འགོག་པའོ། །ཇི་ལྟར་ཀ་བ་ལ་སོགས་པའི་ཡུལ་ཅན་སད་པའི་ཤེས་པ་ལ་སོགས་པར་སྣང་བ་མེད་པ་དེ་བཞིན་དུ་རྨི་ལམ་གྱི་ཤེས་པ་ལ་ཡང་ལོག་པར་སྣང་བ་མེད་པར་ཐལ་ལོ། །
དེ་ལྟར་གྱུར་མོད་སྙམ་ན། དེ་ལྟ་ན་ཡང་ཞེས་གསུངས་ཏེ། ལོག་པར་སྣང་བ་མེད་ན་ཡང་ངོ་། །དམིགས་པ་དང་བཅས་པ་ཉིད་ལ་གནོད་པར་བྱེད་པའི་ཤེས་པ་མངོན་སུམ་གྱིས་མི་དམིགས་པ་ནི། ཤེས་པ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱིས་གཞན་དུ་བྱ་བར་ནུས་པ་མ་ཡིན་ཏེ། གང་གི་ཕྱིར་
རྗེས་སུ་དཔག་པ་ནི་མངོན་སུམ་གྱིས་གནོད་བྱེད་དུ་འགྱུར་བ་མ་ཡིན་ནོ། །མི་དམིགས་པ་ཞེས་བྱ་བ་ནི་དམིགས་པ་དང་བཅས་པ་ཉིད་དམིགས་པའི་རང་བཞིན་ནོ། །འདི་ཉིད་ལ་དཔེ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །བཟློག་པ་ལ་ནི་མེ་མེད་པ་ལའོ། །དེ་ཅི་རྗེས་སུ་དཔག་པ་ཚད་མ་ཡིན་ནམ། དེ་
བཞིན་དུ་ཤེས་པ་ཉིད་ལ་སོགས་པ་ལས་ཚད་མ་མ་ཡིན་ནོ། །ཅི་ཟླ་བ་གཉིས་ཀྱི་ཡུལ་ཅན་དེ་མངོན་སུམ་དུ་འགྱུར་རམ་ཞེ་ན། འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་གལ་ཏེ་སྔར་གཅིག་ཏུ་མ་མཐོང་ནའོ། །གལ་ཏེ་སྔར་རྗེས་སུ་དཔག་པ་མེད་ན་མངོན་སུམ་ཡང་མེད་
པར་འགྱུར་བའི་ཕྱིར་མཚུངས་སོ་ཞེ་ན་མངོན་སུམ་ནི་ཞེས་བྱ་བའོ། །གལ་ཏེ་མངོན་སུམ་རྗེས་སུ་དཔག་པ་སྔོན་དུ་འགྲོ་བ་ཅན་ཡིན་ན། དེའི་ཚེ་མངོན་སུམ་གྱི་ཡུལ་དེ་ཡང་རྗེས་སུ་དཔག་པ་ཉིད་གནོད་བྱེད་དུ་འགྱུར་རོ། །དེ་ལྟར་འགྱུར་ཉིད་ཅི་འགལ་ཞེ་ན། དེ་ལྟ་ན་ཡང་ཞེས་གསུངས་སོ། །དེ་ལས་ཞེས་
བྱ་བ་ནི་མངོན་སུམ་ལས་སོ། །སྣང་བའི་རང་བཞིན་དོན་བྱེད་པ་དང་ལྷན་ཅིག་འབྲེལ་པ་རྗེས་སུ་དཔག་པས་གཟུང་ན་སྟེ། ཁྱད་པར་ཅན་གྱི་ཆོས་ཅན་གྱི་མཐར་ཐུག་པའི་འགྲེལ་པ་དྲན་པ་ན། མངོན་སུམ་འཇུག་པར་བྱེད་པ་ཡིན་ནོ། །གྲུབ་པའི་མཐའ་པས་གལ་ཏེ་དེ་ལྟ་ན་ཞེས་སྨོས་སོ། །འོ་ན་ཁྱེད་ཀྱི་ལྟ་
བ་ལ་ཚད་མ་མ་ཡིན་པ་ཁོ་ནར་ཐལ་ལོ་ཞེ་ན། འདི་བཤད་ཟིན་ཏེ་ཞེས་བྱ་བའོ། །འདི་ནི་འདོད་པ་ཁོ་ན་སྟེ། མི་འདོད་པ་ནི་མ་ཡིན་ནོ་ཞེས་དགོངས་པའོ། །དེ་ཡང་ཞེས་བྱ་བ་ནི་ཐ་དད་པའི་ཡུལ་གྱི་ཚད་མ་ཡང་ངོ་། །གལ་ཏེ་ཇི་ལྟར་མངོན་སུམ་རང་གི་ཡུལ་ལ་རྗེས་སུ་དཔག་པ་མེད་པར་འགྱུར་བ་དེ་བཞིན་དུ་རྗེས་

སུ་དཔག་པ་ཡང་མངོན་སུམ་མེད་པ་ཁོ་ན་རང་གི་ཡུལ་ལ་འཇུག་པར་འགྱུར་རོ་ཞེས་བརྗོད་པ་ནི་རྗེས་སུ་དཔག་པ་ཡང་གནོད། གང་ཞིག་གང་གི་ཡུལ་ཡིན་པ་དེ་ཉིད་ལ་དེའི་གནོད་པར་བྱ་བ་དང་གནོད་པར་བྱེད་པའི་དངོས་པོ་བསམ་པར་བྱ་བ་ཡིན་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་
བསམས་ནས་སྨྲ་བ་ནི་ཇི་ལྟར་ཞེས་བྱ་བའི་གྲུབ་པའི་མཐའ་པས་འཇུག་པར་ཞེས་གསུངས་སོ། །གལ་ཏེ་མངོན་སུམ་ནི་འཛིན་པ་ཉིད་ཀྱི་ཚད་མར་འཐད་པ་མ་ཡིན་ནམ་སྙམ་ན། འཛིན་པར་བྱེད་པ་ཡིན་ན་ནི་ཞེས་གསུངས་སོ། །དེ་ཉིད་གཞུང་འཛུགས་པ་ནི་འདི་ལྟར་ཞེས་བྱ་བའོ། །དེ་ནི་ཞེས་བྱ་བ་ནི་
ཐོབ་པར་བྱ་བ་མ་འོངས་པའོ། །རང་གི་ངོ་བོས་ཐོབ་པའི་དོན་ལ་ཇི་ལྟར་འཇུག་གལ་ཏེ་དངོས་པོའི་རང་གི་ངོ་བོས་ཐོབ་ཀྱང་དོན་བྱ་བ་མ་ཐོབ་པའི་ཕྱིར། དེ་དོན་དུ་གཉེར་བས་འཇུག་གོ་ཞེ་ན་འོ་ན་ཞེས་གསུངས་སོ། །སྐྱེས་བུ་གང་ལ་དོན་བྱ་བ་གསལ་བར་ཏེ་འདྲ་བ་དེ་ཡང་དོན་བྱ་བ་ཐོབ་པའི་དོན་དུ་
འཇུག་གོ་ཞེ་ན་ཐོབ་པོ་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་ཐོབ་པར་བྱ་བ་མི་གསལ་བ་ལའོ། །དེ་ལ་ཡང་ཞེས་བྱ་བ་ནི་ཐ་དད་པའི་དོན་ལའོ། །དེ་ནི་ཞེས་བྱ་བ་ནི་རྗེས་སུ་དཔག་པའོ། །དེ་ལ་ཞེས་བྱ་བ་ནི་ལོང་བ་བརྒྱུད་པ་ལས་བྱུང་བའི་རྗེས་སུ་དཔག་པ་ལའོ། །ཕ་རོལ་པོ་ཉིད་སངས་རྒྱས་པའི་
དོགས་པ་བསུ་བ་ནི། ཟླ་བ་ནི་གཉིས་ཀྱི་ཡུལ་ཅན་གྱི་ཤེས་པ་མངོན་སུམ་མ་ཡིན་པའི་ཕྱིར་གཞན་གྱི་གནོད་པ་ཡིན་ནོ་སྙམ་ན། ཕ་རོལ་པོ་འདྲི་བ་ཅིའི་ཕྱིར་ཞེས་བྱ་བའོ། །འདི་ལ་སངས་རྒྱས་པའི་ལན་ནི་གནོད་པའི་ཕྱིར་ཞེས་བྱ་བའོ། །འདི་ལ་གཞན་གྱིས་ཕན་ཚུན་ཞེས་སྨྲས་སོ། །སངས་རྒྱས་
པའི་དོགས་པ་བསུ་བ་ནི། ཟླ་བ་ནི་གཉིས་ཀྱི་ཡུལ་ཅན་གྱི་ཤེས་པའོ། །ཕན་ཚུན་ལྟོས་ནས་གཉིས་ཀ་ལ་ཡང་གནོད་པར་བྱ་བ་དང་གནོད་པར་བྱེད་པ་ཡང་འགྱུར་ཞེས་བསམས་པའོ། །འདི་གྲུབ་པའི་མཐའ་འགོག་པ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །གཅིག་ནི་ཞེས་བྱ་བ་ནི་དུས་ཕྱིས་བྱུང་བ་ཟླ་བ་
གཅིག་གི་ཡུལ་ཅན་ནོ། །འདི་ནི་གདོན་མི་ཟ་བར་ཁས་བླང་བར་བྱ་སྟེ། དེ་ལྟར་མ་ཡིན་ན་མངོན་སུམ་གཞན་གྱི་གནོད་པས་སྐབས་ཉམས་པར་འགྱུར་རོ། །དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་ཟླ་བ་གཅིག་གི་ཡུལ་ཅན་གྱི་ཟླ་བ་གཉིས་ཀྱི་ཤེས་པ་གནོད་དོ་ཞེས་སྟོན་པ་ནི། དེ་ལྟ་ན་ནི་ཞེས་བྱ་བའོ། །ཟླ་བ་

གཉིས་ཀྱི་ཤེས་པ་ལ་ཐོབ་པར་བྱ་བ་མེད་དོ་ཞེས་ཟླ་བ་གཅིག་གི་ཡུལ་ཅན་གྱི་ཤེས་པས་ཤེས་པ་ཡིན་ལ་དེ་ཡང་རྗེས་སུ་དཔག་པའི་ཡུལ་ཡིན་ནོ། །དེས་ན་དེ་ལ་གནོད་ན་རྗེས་སུ་དཔག་པ་ཉིད་ལ་གནོད་པ་མ་ཡིན་ནོ་ཞེས་བསམས་པའོ། །ལན་བརྗོད་པ་ནི་རང་གི་ངོ་བོ་ལ་ཞེས་བྱ་བའོ། །དེ་ལ་ཡང་ཞེས་
བྱ་བ་ནི་བསྒྲུབ་པར་བྱ་བ་རང་གི་ངོ་བོ་ལ་དམིགས་པ་ཉིད་ལའོ། །དེ་ནི་ཞེས་བྱ་བ་ནི་མངོན་སུམ་དང་དེས་བསླང་བའི་རྗེས་སུ་དཔག་པ་ཐ་མི་དད་པ་དམིགས་པའི་བསྒྲུབ་པར་བྱ་བ་ནིའོ། །དེ་ལ་ཞེས་བྱ་བ་ནི་དམིགས་པ་ཐ་དད་པར་སྒྲུབ་པ་ལའོ། །རྩ་ན་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདི་ནི་རྗེས་སུ་དཔག་པ་ཡིན་
ལ། དེ་ཡང་འགའ་ཞིག་ཏུ་མངོན་སུམ་གྱིས་མ་དམིགས་པ་ཐ་དད་པ་གཞན་དུ་མ་དམིགས་པ་དེས་ན་འདི་ནི་རྩ་བ་མེད་པ་ཁོ་ནའོ། །གལ་ཏེ་མི་སོགས་གནོད་བྱེད་ཀྱི་བློ་བཞིན་ཞེས་བྱ་བའི་དཔེ་ཡང་མི་འཐད་དོ་ཞེས་སྟོན་པ་ནི། རྨི་ལམ་ལ་སོགས་པ་ཞེས་བྱ་བའོ། །རྨི་ལམ་ལ་སོགས་པ་དམིགས་པ་
དང་བཅས་པ་གང་ཡིན་པ་དེ་ལ་གནོད་པར་བྱེད་པ་སད་པའི་བློ་གང་ཡིན་པ་དེ་ནི་དམིགས་པ་མེད་པ་ཡིན་ནོ། །དམིགས་པ་མེད་པ་ཉིད་གང་ཡིན་པ་ཤེས་པ་གཞན་སད་པའི་རྣམ་པར་ཤེས་པར་གྱུར་པ་དེ་ལ་གནས་པ་དེ་ནི་ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་གང་ཡིན་པ་དེས་བསྐྱེད་པའི་བློ་འདིས་
སོ། །དེ་ནི་ཞེས་བྱ་བ་ནི་ཤེས་པ་གཞན་ལ་གནས་པའི་དམིགས་པ་མེད་པ་ཉིད་དོ། །དེས་ན་རྗེས་སུ་དཔོག་པའི་བློའི་དཔེ་ཉིད་ཀྱི་རྗེས་སུ་དཔག་པའི་བློ་ལ་དེ་ལས་གཞན་པ་སད་པའི་ཤེས་པ་ཡང་བསྒྲུབ་པར་བྱ་བ་ཐ་དད་པ་གང་ཡིན་པ་དེའི་ཡུལ་ཅན་ཉིད་ཡིན་ཏེ། དེས་ན་ལན་གྱི་ཚད་མ་མེད་པར་ཇི་ལྟར་
འགྱུར་ཞེ་ན། འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །དེ་ཡང་ཞེས་བྱ་བ་སད་པའི་བློའོ། །དེ་ལྟར་ཞེས་བྱ་བ་ཐ་དད་པའི་དམིགས་པ་ཅན་དུའོ། །འདི་ཞེས་བྱ་བ་ནི་དམིགས་པ་བསྒྲུབ་པའི་རྗེས་སུ་དཔག་པའི་བློའོ། །དེ་ལས་བཟློག་པའི་ཞེས་བྱ་བ་ནི་དེ་ལས་གཞན་སད་པའི་བློ་གང་ཡིན་པ་དེའོ། །འདི་
ནི་ཁས་བླངས་ནས་བརྗོད་པར་ཟད་ཀྱི། རྗེས་སུ་དཔག་པའི་བློ་དམིགས་པ་མེད་པར་སྒྲུབ་པར་བྱེད་པ་འདི་ནི་ཐ་དད་པར་ཞེས་བྱ་བ་གཞན་ལ་གནས་པའི་དམིགས་པ་མེད་པ་ཉིད་སྒྲུབ་པར་བྱེད་པ་ཡང་མ་ཡིན་ནོ། །ཐ་དད་སྒྲུབ་པ་ཉིད་སྟོན་པ་ནི་ཐ་དད་པ་ཞེས་བྱ་བའོ། །གཞན་ལས་ཅིག་ཤོས་ལ་དམིགས་

པ་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་དམིགས་པ་ཞེས་བྱ་བའི་དོན་ཏོ། །རྗེས་སུ་དཔག་པའི་བློ་དེ་ནི་མི་འཁྲུལ་པར་ཏེ། མི་སླུ་བར་བྱེད་པའོ། །གལ་ཏེ་མི་སླུ་བ་འདི་ཡང་ནམ་གྱི་ཚེ་འགྱུར་སྙམ་ན། མི་འཁྲུལ་པ་དེ་ཡང་ཞེས་བྱ་བ་སྟེ། རང་གི་རང་བཞིན་གྱི་དམིགས་པའི་ཡུལ་ཅན་དེ་ལ་ཡང་
རང་གི་ངོ་བོ་ཉམས་སུ་མྱོང་བར་མངོན་པར་ཞེན་པ་ལྷག་པར་ཞེན་པ་དེ་ལ་དེ་སྐད་ཅེས་བརྗོད་དོ། །རྣམ་པར་རྟོག་པའི་མི་སླུ་བ་དེ་ནི་དེ་ཁོ་ན་ཡིན་གྱི་གཞན་ནི་མེད་དོ། །རྣམ་པར་རྟོག་པ་གང་གི་ཕྱིར་དེ་ལྟ་ཡིན་པ་དེས་ན་རྗེས་སུ་དཔག་པའི་བློ་དེ་ནི་དེའི་བདག་ཉིད་ཀྱི་དམིགས་པ་མེད་པ་ཉིད་རྟོགས་པར་བྱེད་པ་ཡིན་
ནོ་ཞེས་འབྲེལ་ཏོ། །དམིགས་པ་རྣམ་པ་ཉིད་དགག་པ་དང་སྒྲུབ་པའི་སྒོ་ནས་བརྗོད་པ་ནི། ད་ལྟར་ཤེས་པ་གཞན་ལ་གནས་པའི་དམིགས་པ་ཉིད་དེ་ནི་ང་ལ་འདིར་སྣང་བ་ནི་མ་ཡིན་ནོ། །འོན་ཀྱང་བདག་ནི་རང་གི་རྣམ་པའི་མཐར་ཐུག་པ་ཡིན་ནོ་ཞེས་བྱ་བར་རོ། །འདི་ཞེས་བྱ་བ་ནི་དམིགས་པ་མེད་
པར་སྒྲུབ་པའི་བློ་སྟེ། འདི་ཉིད་དམིགས་པ་དང་བཅས་པར་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །ད་ནི་གལ་ཏེ་དེའི་རང་བཞིན་ཞེས་བྱ་བས་རྣམ་འགྲེལ་ལ་འཇུག་པར་བྱེད་དོ། །དེའི་རང་བཞིན་ནི་ཤེས་པ་གཞན་ལ་གནས་པའི་དམིགས་པ་མེད་པ་ཉིད་དོ། །འདི་ལ་ལན་ནི་དེ་ལ་ཞེས་བྱ་བའོ། །འོ་ན་
ཇི་ལྟར་རིག་པར་བྱེད་པའི་རྣམ་པར་རྟོག་པ་སྙམ་ན། སྐྲ་སོགས་ཞེས་གསུངས་སོ། །འོན་ཏེ་སྐྲ་ཤད་ལ་སོགས་པ་རིག་པར་བྱ་བའི་དངོས་པོ་མ་ཡིན་པ་ཉིད་དུ་ཅི་ལྟར་འགྲུབ་ཅེ་ན། སྐྲ་ཤད་ལ་ཞེས་གསུངས་སོ། །འདི་ལས་ཀྱང་ཞེས་བྱ་བ་ནི་འཆད་བཞིན་པའི་རིགས་ལས་སོ་གང་ཡིན་པར་ཞེས་བྱ་བ་ནི་
གང་གི་ཕྱིར་གྱི་དོན་ཏོ། །དེས་ནི་ཞེས་བྱ་བ་ནི་སྐྲ་ཤད་ཀྱི་ཤེས་པ་ལ་སོགས་པའི་དཔེས་སོ། །གཞན་ཞེས་བྱ་བ་ནི་གཞན་ལ་ཡང་ཞུགས་པ་ནི་ཐོབ་པར་མངོན་པར་རློམ་པའི་མཚན་ཉིད་ཅན་ནོ། །གལ་ཏེ་རང་བཞིན་འགའ་ཞིག་ཐུན་མོང་ཡིན་པའི་ཕྱིར་ན་དམིགས་པ་དང་བཅས་པ་ཉིད་ཀྱང་
འགྲུབ་པར་འགྱུར་རོ་ཞེ་ན་དམིགས་པ་དང་བཅས་པ་ཉིད་ནི་ཞེས་གསུངས་སོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་ཐོབ་པར་བྱ་བའི་རང་བཞིན་སྣང་ན་འོ། །ཐོབ་པར་བྱ་བ་དེ་སྣང་བའི་ཕྱིར་རོ། །དེ་ཡང་ཞེས་བྱ་བ་ནི་ཡང་སྣང་བ་དེ་ཡང་སྣང་བ་ཡིན་ནའོ། །ཐུག་པ་མེད་དོ་ཞེས་བྱ་བ་ནི་ཁྱོད་ཀྱིས་ཡང་འདི་སྐད་

ཅེས་ཡང་སྣང་བའི་དོན་དུ་འཇུག་གོ་ཞེས་བརྗོད་པར་བྱ་བ་དེ་ལ་ཡང་ལན་འདི་ཉིད་ཡིན་པས་ཐུག་པ་མེད་དོ། །ཉེས་པ་གཞན་ཡང་བརྒལ་བའི་དོན་དུ་གཞན་ལ་འདྲི་བ་ནི་ཡང་ཞེས་བྱ་བའོ། །དེའི་དོན་དུ་ཞེས་བྱ་བ་ནི་བདེན་པའི་དོན་དམ་འཛིན་པའི་དོན་དུའོ། །དེ་ཡང་ཞེས་བྱ་བ་ནི་བདེ་བ་དང་འཛིན་པ་
ཡང་ངོ་། །དེ་ལས་ནི་རྟོགས་པ་ཉིད་ལས་སོ། །རྟོགས་པ་གཞན་ཞེས་བྱ་བ་འཇུག་པའི་མཚན་ཉིད་དོ། །འོན་ཏེ་རྒྱུ་མེད་པར་འབྱུང་བ་ན། ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་འབྱུང་བར་འགྱུར་རོ་སྙམ་ན། ཇི་ལྟར་མཐོང་བ་ཞེས་གསུངས་སོ། །སྔར་ནི་ཐོབ་པར་བྱ་བ་ཐ་དད་པར་མ་རྟོགས་པའི་ཕྱིར་དང་།
ཕྱིས་ཞུགས་པའི་རྗེས་ཐོགས་སུ་ཡང་ཐོབ་པར་བྱ་བ་ཐ་དད་པ་ཚད་མ་མེད་པའི་ཕྱིར་ཇི་ལྟར་ཐ་དད་པར་རྟོགས། འདིས་ནི་ཞེས་བྱ་བ་ཉིད་རྣམ་པར་འགྲེལ་པ་ནི་སྔ་མ་དང་ཞེས་བྱ་བའོ། །དོན་བྱ་བ་ཐ་དད་པ་ཚད་མས་མི་འཐད་པའི་ཕྱིར་རོ། །རང་གི་ངོ་བོ་ཉིད་ཅེས་བྱ་བ་སྣང་བའི་རང་བཞིན་ཉིད་དོན་བྱེད་པ་
ཡིན་ནོ་ཞེས་བརྗོད་པར་བྱའོ། །སྣང་བཞིན་པའི་ངོ་བོ་དོན་བྱ་བ་དེ་ནི་རྨི་ལམ་ལ་ཡང་ཡོད་པ་དེས་ན། རྨི་ལམ་དང་གཞན་དག་མཚུངས་སོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་གཟུང་བ་དང་འཛིན་པ་ཉིད་དོ། །དེ་ཡང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཡང་ངོ་། །རྣམ་པར་གནས་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་
གཟུང་བ་དང་འཛིན་པའོ། །དེ་ཉིད་ཅེས་བྱ་བ་ནི་དོན་ཉིད་དོ། །ཇི་ལྟར་ཕ་རོལ་ཡིན་པར་བརྗོད་ཅེས་བྱ་བ་ནི་ཤེས་པའི་ནང་དུ་འདུས་པ་ལས་གཞན་པའི་རིག་པ་མི་འཐད་པའི་ཕྱིར་དང་། རིག་པར་བྱ་བ་མ་ཡིན་པ་ཡང་ཤེས་པ་ལས་ཕྱི་རོལ་དུ་གྱུར་པ་ཉིད་ཀྱིས་རྟོགས་པར་མི་འཐད་པའི་ཕྱིར་རོ། །འོན་
ཏེ་རིག་པ་མ་ཡིན་པའི་དུས་ཉིད་ན་སྔོན་པོ་གཞན་གྱིས་རྟོགས་པ་དེས་ཕྱི་རོལ་ཡིན་ནོ་ཞེས་བརྗོད་དོ་ཞེ་ན། གཞན་གྱིས་མྱོང་བ་མིན་ན་དེས་ཞེས་གསུངས་སོ། །སྐྱེས་བུ་གཞན་གྱིས་སྔོན་པོ་མྱོང་ན་ཇི་ལྟར་ཕྱི་རོལ་དུ་གྱུར་པ་ཉིད་ཀྱིས་རྟོགས་པར་ཡང་གལ་ཏེ་སྔོན་པོ་མྱོང་ན་དེ་ཞེས་བྱ་བ་ལ་སོགས་
པ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །འོན་ཏེ་དེར་ཡང་སྐྱེས་བུ་གཞན་གྱིས་རིག་པ་ཡིན་ནོ་ཞེ་ན། དེ་ལ་བརྗོད་པ་གཞན་གྱིས་ཞེས་བྱ་བའོ། །སུན་འབྱིན་པ་གཞན་བརྗོད་པ་ནི་འདི་ནི་ཞེས་བྱ་བ་སྟེ། སྐྱེས་བུ་གཞན་གྱིས་མྱོང་བ་གང་ཡིན་པ་བདག་གིས་ཅི་ལྟར་ངེས་པ་ཡིན། དེ་འབྲས་ཞེས་བྱ་བ་

སྔོན་པོ་ལ་སོགས་པ་མཐོང་བའི་འབྲས་བུ་དགའ་བ་ལ་སོགས་པ་གང་ཡིན་པ་དེ་ལས་ངེས་པ་ཡིན་ནོ་ཞེ་ན་དེ་མིན་ཏེ་ཞེས་འགོག་པར་བྱེད་དོ། །ཇི་ལྟར་འབྲས་བུ་རབ་ཏུ་མ་གྲུབ་ཅེ་ན། རྒྱུ་དང་འབྲས་བུའི་དངོས་པོ་ཁས་བླངས་ནས་ཀྱང་སུན་འབྱིན་པ་གཞན་བརྗོད་པ་ནི། རྗེས་སུ་
དཔག་ཅེས་བྱ་བའོ། །རྗེས་སུ་དཔག་པ་ནི་སྤྱིའི་ཡུལ་ཅན་གྱི་ཡིན་གྱི། རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནི་མ་ཡིན་ནོ། །དེས་ན་དགའ་བ་ལ་སོགས་པ་མཐོང་བ་ལ་གང་ཡིན་པ་དེ་རྣམ་པ་འདི་ལྟ་བུའི་དངོས་པོ་མཐོང་བ་སྔོན་དུ་སོང་བ་ཅན་ཡིན་ནོ་ཞེས་གྲུབ་མོད། བདག་གི་མཐོང་བའི་དངོས་པོ་མཐོང་
བ་སྔོན་དུ་འགྲོ་བ་ཅན་ཞེས་བྱ་བ་ནི་མ་ཡིན་ནོ། །དེ་གཅིག་ཉིད་བྱ་བ་ནི་ཇི་ལྟར་སྣང་བཞིན་པའི་སྔོན་པོ་ལ་སོགས་པ་དེ་གཅིག་ཉིད་ཡིན་པ་དེ་བཞིན་དུ་སྤུ་ལྡང་བ་ལ་སོགས་པའི་འབྲས་བུ་མཐོང་བ་དེ་ཉིད་ལས་རང་གི་བདེ་བ་དང་གཞན་གྱི་བདེ་བ་དག་ཀྱང་གཅིག་ཉིད་དུ་གྲུབ་པར་ཐལ་ལོ། །གལ་ཏེ་གཞན་
དེའི་བདེ་བར་གཞན་ཁོ་ན་ཡིན་ནོ་ཞེས་བརྗོད་ན། དེའི་ཚེ་གཞན་དེའི་གཟུང་བ་སྔོན་པོ་ལ་སོགས་པ་ཡང་གཞན་དུ་འགྱུར་རོ། །བདེ་བ་ལ་སོགས་པ་ཡུལ་ཐ་དད་པས་གཅིག་ཉིད་དུ་བསྒྲུབ་པར་མི་ནུས་སོ་ཞེ་ན། དེ་ཉིད་དུ་ན་ཞེས་གསུངས་སོ། །ཡུལ་ཐ་དད་པ་ཉིད་མ་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །བདེ་བ་དེ་
ཉིད་ལས་ཞེས་བྱ་བ་ནི་བདག་ལ་གནས་པའི་བདེ་བ་ལ་སོགས་པ་ཉིད་ལ་གཞན་དག་ཅེས་བྱ་བ་གཞན་གྱི་ལུས་ལ་གནས་པའི་སྤུ་ལྡང་བ་ལ་སོགས་པར་འགྱུར་རོ་ཞེས་བརྗོད་མོད་གལ་ཏེ་བདག་དང་གཞན་གྱི་ལུས་ལ་གནས་པའི་སྤུ་ལྡང་བ་ལ་སོགས་པ་གཅིག་མ་ཡིན་ལ། དེ་ཙམ་གྱིས་ནི་བདེ་བ་
ལ་སོགས་པ་ཡང་གཞན་ཉིད་དུ་གྲུབ་པོ་ཞེ་ན། བརྗོད་པ་གཞན་ལ་ཞེས་བྱ་བ་སྟེ། སྤུ་ལྡང་བ་ལ་སོགས་པ་གཞན་དུ་གྱུར་པ་ཡང་སྔོན་པོ་ལ་སོགས་པ་གཟུང་བར་བྱ་བ་ཡང་གཞན་ཡིན་ནོ་ཞེས་ཅིའི་ཕྱིར་མི་འདོད། སུན་འབྱིན་པ་གཞན་ཡང་བརྗོད་པ་ནི། གལ་ཏེ་སྤུ་ལྡང་བ་ལ་སོགས་པ་ཡང་བདག་
ཅག་གི་རིག་པའི་ནང་དུ་འདུས་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་ཡིན་ན་དེ་དག་ཀྱང་སྣང་བར་མི་འཐད་པའི་ཕྱིར་ཞེས་བྱ་བ་ཡིན་པ། དེའི་ཚེ་བདག་ཅག་གི་རིག་པའི་ནང་དུ་འདུས་པ་དེ་དག་ལས་སྐྱེས་བུ་གཞན་གྱིས་ཚིམ་པ་ལ་སོགས་པར་སྣང་བ་གང་ཡིན་པ་དེར་རྟོགས་པར་ཇི་ལྟར་གསལ་ཏེ། ཇི་ལྟར་

དེས་བདག་གི་རིག་པར་འདུས་པའི་སྤུ་ལྡང་བ་ལ་སོགས་པ་ནི་གཞན་གྱི་བདེ་བ་ལ་སོགས་པ་དཔག་པར་མི་འོས་སོ། །དེ་ནི་ཞེས་བྱ་བ་ནི་གཞན་ཏེ། རྒྱུ་དེས་ན་རང་དང་གཞན་གྱི་བདེ་བ་གཉིས་གཅིག་ཉིད་མ་ཡིན་ཏེ། གཞན་གྱི་བདེ་བ་ཡོད་པའི་ཕྱིར་དང་། ཁོ་བོ་ཅག་ནི་བདེ་བ་ཅན་ནི་མེད་པའི་ཕྱིར་རོ་ཞེ་ན།
འདི་ལ་བརྗོད་པ་ནི་ཁོ་བོའི་གཟུང་བར་ཞེས་བྱ་བའོ། །དེའི་ཕྱིར་ཇི་ལྟར་དེའི་གཟུང་བ་དང་བདག་ཅག་གི་གཟུང་བ་ཐ་དད་པ་མེད་པ་ཉིད་ཡིན་ན། སྤུ་ལྡང་བ་ལ་སོགས་པར་གྱུར་པ་དེ་བཞིན་དུ་བདེ་བ་ཡང་ཐ་དད་པ་མེད་པ་ཡིན་ན། སྤུ་ལྡང་བ་ལ་སོགས་པར་འགྱུར་བ་ཡིན་ནོ་ཞེས་ཁྱེད་ཀྱི་ཁས་བླངས་
དགོས་སོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེར་ཡང་ཞེས་བྱ་བ་ནི་བདེ་བ་ལའོ། །འདི་ལ་བརྗོད་པ་ནི་བདེ་བ་ངོ་བོ་ཉིད་ཀྱིས་དབྱེར་མེད་པའོ། །གཟུང་བར་བྱ་བ་དེ་ལ་ཡང་ཐ་དད་པ་མེད་པར་ཡང་འགྱུར་རོ། །དེ་ལྟ་ན་ཡང་བཟུང་བ་འདི་ལྐོག་ཏུ་གྱུར་པར་མི་འགྱུར་རོ། །གཞན་གྱི་ལན་
ནི་ཚད་མ་གཞན་གྱིས་ཞེས་བྱ་བའོ། །འདི་ལ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བ་སྟེ། ཐུན་མོང་ཉིད་དུ་སྣང་བའི་མཚན་ཉིད་ཅན་གྱི་མངོན་སུམ་ལས་སོ། །དེ་ཡང་ཞེས་བྱ་བ་ནི་ཚིག་ཀྱང་ངོ་། །གང་ཡིན་པ་ཞེས་བྱ་བ་ནི་དོན་གྱི་ཐུན་མོང་བ་ཉིད་དོ། །ཕན་ཚུན་ལྷན་ཅིག་པ་ཉིད་ཀྱི་ཚིག་གིས་མངོན་སུམ་དག་
ཚད་མ་ཡིན་ནོ་སྙམ་ན། རབ་རིབ་ཅན་གཉིས་ཞེས་གསུངས་སོ། །དེ་ཉིད་ཡིན་ཞེས་བྱ་བ་ནི་ནུས་པའོ། །མེད་པ་ཉིད་དོ། །རྟོགས་པའི་རང་བཞིན་ཞེས་བྱ་བ་ནི་ཤེས་པའི་རང་བཞིན་ཏེ། རྣམ་པར་རིག་པ་ཙམ་གྱི་རང་བཞིན་ཡིན་གྱི་རྟོགས་པར་བྱེད་པའི་རང་བཞིན་ནི་མ་ཡིན་ནོ། །དེས་ན་ཞེས་བྱ་བ་ནི་ཕྱི་རོལ་
མེད་པའི་ཕྱིར་རོ། །དེ་ཉིད་ལ་ཞེས་བྱ་བ་ནི་བློ་ཉིད་ལའོ། །སྔོན་པོ་ལ་སོགས་པ་རང་གི་ངོ་བོ་ཉིད་ཀྱིས་འཛིན་པར་བྱེད་པ་ཅན་གང་ཡིན་པ་དེ་ལ་སྟེ། གསལ་བའི་བདག་ཉིད་ལའོ། །དཔེ་འགའ་ཡང་མེད་དོ་ཞེས་བྱ་བའི་དོན་ཏོ། །བཟློག་པ་མེད་པ་ལ་ཞེས་བྱ་བ་ནི་གསལ་བ་ལས་ཐ་དད་པ་མེད་པ་
ལའོ། །དཔེ་དེ་གང་ཡིན་ཞེ་ན། རི་བོང་གི་ཞེས་བྱ་བའོ། །མངོན་སུམ་གྱིས་གྲུབ་པ་ཞེས་བྱ་བ་ནི་རྟོགས་པ་པོ་གསལ་བ་ལ་ལྟོས་ནས་གསལ་བ་དང་དངོས་པོ་དག་ཐ་མི་དད་པར་དམིགས་པ་ནི་མངོན་སུམ་ཉིད་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རང་གི་ཆ་ཞེས་བྱ་བ་ལ་སོགས་པ་ནི་ཕ་རོལ་པོའི་གཞུང་

ངོ་། །འདིའི་དོན་ནི་འདི་ཡིན་ཏེ། སངས་རྒྱས་པ་ལ་དམིགས་པ་མེད་པར་བསྒྲུབ་པ་ན་རང་གི་ངོ་བོའམ། ཕྱི་རོལ་གྱི་རང་བཞིན་གྱིས་དམིགས་པ་མེད་པ་སྒྲུབ་པ་དེ་ལ་རང་གི་ངོ་བོས་དམིགས་པ་མེད་པ་ནི། བདག་ཅག་ཀྱང་འདོད་པ་ཉིད་དོ། །དེས་ན་དག་པ་ཉིད་ཅེས་བྱ་བ་ཁྱད་
པར་དང་བྲལ་བ་ཕྱོགས་སུ་འགྱུར་རོ། །དེ་ཡང་མངོན་སུམ་གྱིས་གསལ་བ་ཡིན་ནོ། །གལ་ཏེ་སྐྱོན་ཅན་གྱི་ཤེས་པས་གཟུང་བའི་དོན་ནི་དག་པར་རིགས་པ་ཡིན་གྱི། གང་གི་ཚེ་སྐྱོན་ཅན་གྱི་ཤེས་པ་གཟུང་བ་ཉིད་འགའ་ཡང་མི་སྲིད་པ་དེའི་ཅི་ཞིག་དགག་པར་བྱ་ཞེས་སྟོན་པ་ནི་སྐྱོན་ཅན་ཤེས་པས་
ཞེས་བྱ་བའོ། །འདི་ལ་ལན་གཟུང་མེད་ཅེས་བྱ་བའོ། །མ་བཟུང་བའི་ཕ་རོལ་གྱི་དོན་ལ་གཟུང་བར་འཛིན་པ་སྟེ། གཟུང་བར་མངོན་པར་རློམ་པ་གང་ཡིན་པ་དེ་འགོག་པ་ལ་མི་འཐད་པ་ཅི་ཡོད་དེ། དེས་ན་སྐྱོན་ཅན་གྱི་ཤེས་པས་གཟུང་བ་ལ་གདོན་མི་ཟ་བར་ལྟོས་པ་ཅི་ཡོད། གལ་ཏེ་གཟུང་བ་ཉིད་
གནོད་པར་འགྱུར་གྱི། མ་བཟུང་བ་ནི་མ་ཡིན་ན། དེའི་ཚེ་སངས་རྒྱས་པའི་རང་གི་ཕྱོགས་གང་ཡིན་པ་དེ་མི་འགྲུབ་པ་སྟེ། གཟུང་བ་གནོད་པ་དང་མི་ལྡན་པས་གཟུང་བ་ཉིད་གནོད་པར་འགྱུར་ན། དམིགས་པ་མེད་པ་ཉིད་གནོད་པའི་ཕྱིར་རོ། །མ་བཟུང་བ་དམིགས་པ་དང་བཅས་པ་ཉིད་དོ་ཞེས་ཁྱེད་
ཅག་ཡོད་པ་ཉིད་དུ་ཇི་ལྟར་བརྗོད། མ་བཟུང་བ་ནི་འགག་པ་ཉིད་བཤད་ཀྱི་ཡོད་པ་ནི་མ་ཡིན་ནོ། །གཞན་གྱིས་བརྗོད་པའི་ཉེས་པ་གཞན་ཡང་འགོད་པ་ནི་ཁྱད་པར་ཞེས་བྱ་བའོ། །ཤེས་པ་ནི་ཁྱད་པར་ཅན་ནོ། །དམིགས་པ་མེད་པ་ཉིད་ནི་ཁྱད་པར་དུ་བྱེད་པ་ཡིན་ཏེ། རི་དང་མེ་བཞིན་ནོ། །
དེ་ལ་ཁྱད་པར་དང་ཁྱད་པར་ཅན་དག་ཐ་དད་པར་མ་བཟུང་བའི་ཕྱིར་ནི་གཉི་ག་རབ་ཏུ་མ་གྲུབ་པར་བརྗོད་པར་བྱ་བ་ཡིན་ནོ། །ཡང་ན་གང་ཡང་རུང་བ་སངས་རྒྱས་པ་ཁྱད་པར་དང་ཁྱད་པར་ཅན་དག་རབ་ཏུ་མ་གྲུབ་པ་མ་ཡིན་ཏེ། ཐ་དད་པར་མ་གྲུབ་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པ་ནི་ཞེས་བྱ་
བའོ། །འབྲས་མེད་པར་ཞེས་བྱ་བ་ནི། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་ལ་སོགས་པའི་བྱ་བ་བྱེད་པའོ། །བྲམ་ཟེས་རང་གི་ཚིག་གིས་གནོད་པའི་ཉེས་པ་ཡང་བརྗོད་དོ། །འདི་ལྟར་གང་གིས་གཞན་དག་དམིགས་པ་མེད་པ་ཉིད་དུ་རྟོགས་པར་བྱ་བ་དེའི་ཚེ་རྒོལ་བའི་ཚིག་དེ་ལས་ཕྱིར་

རྒོལ་བ་ལས་སྐྱེས་པའི་ཤེས་པ་གང་ཡིན་པ་དེ་དམིགས་པ་དང་བཅས་པའོ་ཞེས་ཁས་བླངས་ནས་རྒོལ་བའི་ཚིག་བརྗོད་པ་ཡིན་ལ། རྒོལ་བ་རང་ཉིད་ལས་དམིགས་པ་མེད་པ་ཉིད་ཀྱིས་ཡུལ་ཅན་གྱི་ཤེས་པ་སྐྱེས་པ་གང་ཡིན་པ་དེ་ཡང་དམིགས་པ་དང་བཅས་པ་ཁོ་ན་ཡིན་ཏེ། དེ་ལྟ་མ་
ཡིན་གྱི་གཞན་རྟོགས་པར་བྱེད་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བའོ། །ཉེས་པ་འདི་ཡང་བརྗོད་པ་ནི། འཆད་པ་པོ་བསྟན་པ་པོའི་ཞེས་བྱ་བ་སྟེ། སངས་རྒྱས་པ་དང་མུ་སྟེགས་པ་དག་གིའོ། །ཤེས་པ་དེ་དམིགས་པ་མེད་པ་ཉིད་ཀྱིས་རང་གི་ཚིག་དང་འགལ་བ་མེད་དོ། །གལ་ཏེ་དམིགས་པ་
དང་བཅས་པར་ཁས་བླངས་ནས་དམིགས་པ་མེད་པ་ཉིད་སྒྲུབ་ན། དེའི་ཚེ་དག་རང་གི་ཚིག་གིས་གནོད་པར་འགྱུར་བ་ཞིག་ན། འོན་ཀྱང་དེ་ལྟར་ན་མི་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་རྣམ་པར་དཔྱོད་པ་ལས་སྔར་བཟློག་པའི་དབྱེ་བས་བརྟགས་པ་ཁྱད་པར་ཅན་དག་གི་རབ་ཏུ་དབྱེ་བ་ཡོད་པ་
ཉིད་ཡིན་པའི་རྒྱུ་དེས་ན། སད་པའི་ཤེས་པ་དམིགས་པ་མེད་དོ་ཞེས་བྱ་བ་དམ་བཅས་པའི་དོན་ནི་བརྟགས་ན་མཛེས་པ་ཁོ་ནའོ། །ཁྱད་པར་དང་ཁྱད་པར་ཅན་གྱི་དབྱེ་བ་སྲེད་ན་ངེས་པར་བརྟགས་པ་འདི་འཐད་པའི་ཕྱིར་རོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོས་བརྗོད་པའི་ཉེས་
པ་གཞན་ཡང་ཡོད་པར་བྱེད་དོ། །རྒྱུ་དེས་ན་དམིགས་པ་མེད་པ་ཉིད་འདི་ལ་བཟློག་པ་ཞེས་བྱ་བ་དངོས་པོ་མེད་པའི་རང་བཞིན་ལ་སོགས་པའི་སྒྲས་དངོས་པོའི་རང་བཞིན་ཉིད་དོར་རོ། །འདྲི་བ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་དངོས་པོའི་རང་བཞིན་ནི་འོན་ཏེ་དངོས་པོ་མེད་པའི་རང་བཞིན་ཞེས་
བྱ་བ་ལ་སོགས་པ་འཐད་པ་མ་ཡིན་ནོ། །སུན་འབྱིན་པ་དེ་ཉིད་སྟོན་པ་ནི། གལ་ཏེ་དམིགས་པ་མེད་པ་ཉིད་དངོས་པོ་མེད་པ་ཡིན་ན། དེའི་ཚེ་ཇི་ལྟར་ཁྱེད་ཅག་ལ་དམིགས་པ་མེད་པ་ཉིད་དུ་རྟོགས་པར་བྱེད་པའམ། རང་གི་བློས་ཀྱང་དམིགས་པ་མེད་པ་ཉིད་ཇི་ལྟར་རྟོགས་ཏེ། མེད་པ་ནི་རྟོགས་
པར་མི་འཐད་པའི་ཕྱིར་མ་རྟོགས་པའི་དོན་ཀྱང་གཞན་ལ་བསྟན་པར་མི་ནུས་པའི་ཕྱིར་རོ། །འོན་ཏེ་དམིགས་པ་མེད་པ་ཉིད་དངོས་པོ་མ་ཡིན་པ་དེ་ལྟ་ན་ཡང་བརྟགས་ནས་སྒྲུབ་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་སངས་རྒྱས་པ་དོགས་པ་བསུ་ནས་ཕ་རོལ་པོ་སུན་འབྱིན་པ་བརྗོད་པ་ནི་དམིགས་པ་མེད་པ་

ཉིད་མེད་ལ། རྟོགས་པ་ཅི་འདྲ་ཞིག་སྟེ། ཅུང་ཟད་ཀྱང་མི་སྲིད་དོ། །འོན་ཏེ་དམིགས་པ་ཉིད་རྟོགས་ན་དེའི་ཚེ་དངོས་པོར་ཐལ་བར་འགྱུར་རོ། །དེ་ལྟ་ན་ཡང་དམིགས་པ་མེད་པའི་མཚན་ཉིད་ཀྱི་དངོས་པོ་ལ་དམིགས་པ་རྗེས་སུ་དཔག་པའི་ཤེས་པས་འཁྲུལ་པ་ཡིན་ནོ་ཞེས་བསམས་
པ་ཡིན་ནོ། །གལ་ཏེ་དངོས་པོ་མེད་པ་རྣམ་པར་བརྟག་པར་བྱ་བ་མི་ནུས་ན། དེའི་ཚེ་ཞིག་ནས་མེད་པ་ལ་སོགས་པ་ལ་ཇི་ལྟར་རྣམ་པར་རྟོག་པས་འདོད་ཅེས་སངས་རྒྱས་པའི་དོགས་པ་བསུ་ནས་བརྗོད་པ་ནི། དེ་ཡང་ཞེས་བྱ་བ་སྟེ། དངོས་པོ་མེད་པ་ཡང་ངོ་། །ཇི་ལྟར་ན་འདི་ཐམས་ཅད་འཐད་པ་མ་
ཡིན་ཞེ་ན། འདི་ནི་བཤད་ཟིན་ཏེ་ཞེས་གསུངས་སོ། །སོ་སོ་བ་ལྟ་བུ་ཞེས་བྱ་བ་ནི་ཆོས་ཅན་ཤེས་པ་ལས་ཐ་དད་པ་ལྟ་བུར་ཏེ་དཔེར་ན་ཤིང་མ་ཡིན་པ་ལས་ལྡོག་པ་ཉིད་བཞིན་ནོ། །དེ་ལྟ་བུའི་ཞེས་བྱ་བ་དམིགས་པ་མེད་པའི་རང་གི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རྣམ་པར་འཇོག་པ་ཡིན་གྱི། དམིགས་པ་
མེད་པ་ཉིད་དངོས་པོ་ཐ་དད་པར་ནི་ཡོད་པ་མ་ཡིན་ནོ། །དངོས་པོ་མེད་པ་ལ་ཞེས་བྱ་བ་ནི་དམིགས་པ་མེད་པ་ཉིད་ལའོ། །ལན་ནི་དེ་ཉིད་ཀྱི་ཕྱིར་ཏེ་ཞེས་བྱ་བ་སྟེ། དངོས་པོ་མེད་པ་ཉིད་ཀྱི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཞེས་བྱ་བ་ནི་དངོས་པོ་ཉིད་ཡིན་ནའོ། །དེ་ལྟ་ཞེས་བྱ་བ་རྟོགས་པ་ཉིད་ཡིན་ན། དངོས་པོ་མེད་
པར་ཐལ་བར་འགྱུར་རོ། །དེ་ཉིད་གཞུང་འཛུགས་པ་ནི་མེད་པ་ལ་རྟོག་པ་འཇུག་པར་འགྱུར་རོ། །དངོས་པོ་མེད་པ་དེ་ནི་དངོས་པོར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟོག་པ་ནི་དངོས་པོ་མེད་པ་ཁོ་ན་ལ་འཇུག་པ་ཡིན་ནོ། །དེ་ལྟ་ཡིན་དང་དམིགས་པ་མེད་པ་ཉིད་ཐ་དད་པར་ནི་དངོས་པོ་མ་ཡིན་པར་གྲུབ་པོ། །
ཅི་སྟེ་ཞེས་བྱ་བ་ནི་དོགས་པའོ། །ལས་ཀྱི་ཕྱོགས་ལ་ནི་ཤེས་པར་བྱ་བས་ན་ཤེས་པ་ཡིན་ལ། དེ་ནི་དམིགས་པ་མེད་པ་ཉིད་དང་ཁོ་བོ་ཅག་འདོད་པ་ཁོ་ནའོ། །གང་གིས་དེ་དམིགས་པ་མེད་པ་ཉིད་དུ་བསྒྲུབ་པར་བྱ་བ་རྟོགས་པར་བྱ་བ་བུམ་པ་ལ་སོགས་པས་ནི་གཞན་རྟོགས་པ་འགའ་ཡང་མེད་དོ། །
དེ་ཉིད་བརྗོད་པ་ནི་ལས་ནི་ཞེས་བྱ་བ་སྟེ། རྟོགས་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བལྟ་བར་བྱ་བའོ། །ལས་སུ་བཤད་པར་བྱ་བ་ནི་ཕྱོགས་འདི་ནི་བཤད་པ་ཙམ་གྱིས་དོན་དུ་རྣམ་པར་བརྟག་པར་བྱས་པར་ཟད་ཀྱི་སུན་འབྱིན་པ་ནི་བརྗོད་པ་ཟིན་ཏོ། །དེ་བཞིན་དུ་བྱེད་པ་པོ་ལ་སོགས་པ་ཡང་ངོ་

ཞེས་བྱ་བ་ནི་རྟོགས་པར་བྱ་བ་ནི་ལས་མེད་པར་མི་འགྱུར་རོ། །དེ་མེད་པ་ནི་ཕྱི་རོལ་གྱི་དོན་མེད་པའོ། །འདི་འགོག་པ་ནི་དེ་ནི་མ་ཡིན་ཏེ་ཞེས་བྱ་བའོ། །བྱེད་པ་པོ་དང་བྱེད་པའི་ཕྱོགས་དག་ལ་ཡང་ཉེས་པ་སྤོང་བ་ནི་བདག་ཉིད་རྟོགས་པར་བྱེད་དོ། །འདིས་བདག་ཉིད་རྟོགས་པར་བྱེད་དོ་ཞེས་བྱ་བ་འདི་
ལ་འགལ་བ་ཅི་ཡོད་དེ། ཕྱིའི་དོན་འཕེན་པ་མེད་པའི་ཕྱིར་རོ། །གལ་ཏེ་འདི་ཞེས་བྱ་བ་སྔོན་པོ་ལ་སོགས་པའོ། །སྔོན་པོ་ལ་སོགས་པ་དེ་རང་གི་ངོ་བོས་ཏེ། གསལ་བའི་རང་བཞིན་ཉིད་ཀྱིས་དམིགས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་ད་ནི་ཞེས་བྱ་བའོ། །གལ་ཏེ་སྔོན་པོ་ལ་སོགས་པ་རང་གི་
ངོ་བོས་དམིགས་པ་ཡིན་ན་དེའི་ཚེ་སངས་རྒྱས་པ་ལ་སྒྲུབ་པ་ཡིན་ནོ། །གལ་ཏེ་སྔོན་པོ་ལ་སོགས་པ་ནི་ཁྱབ་པ་དང་རྟག་པའི་བདག་གིས་དམིགས་པར་བྱ་བ་ཉིད་དུ་མ་རྟོགས་པ་མ་ཡིན་ནམ། རྟོགས་པའི་རྣམ་པར་བརྗོད་པ་ནི་ངས་སྔོན་པོ་རྟོགས་སོ་ཞེས་བྱ་བའོ། །འདི་སུན་འབྱིན་པ་ནི་དེ་ནི་ཞེས་བྱ་
བའོ། །ངའོ་ཞེས་བྱ་བ་དེ་ལྟ་བུའི་རྣམ་པ་ཅན་གྱི་ཤེས་པ་ནི་ལུས་དབང་པོ་དག་གི་རང་བཞིན་རིག་པ་ཡིན་གྱི། བདག་ཐ་དད་པ་ནི་རིག་པ་མ་ཡིན་ནོ། །ངའོ་སྙམ་པའི་རྣམ་པ་ཅན་གྱི་ཤེས་པས་ལུས་ལ་སོགས་པ་རིགས་པ་ཡིན་ནོ་ཞེས་ཅི་ལྟར་ཤེས་ཤེ་ན། ངར་འཛིན་པར་ནི་ཞེས་བྱ་བ་ལ་སོགས་
པས་སོ། །སྐུལ་བར་བྱེད་པའི་བདག་གཞན་ཐ་དད་པ་ནི་རིག་པ་སྟེ་རྟོགས་པ་མེད་དོ། །ཅིའི་ཕྱིར་ཞེ་ན། དབང་པོ་ལ་སོགས་པ་འདི་དག་རང་གི་རྒྱུ་ལས་རང་གི་རང་བཞིན་སྐྱེ་བ་ལ་སྐུལ་བར་བྱེད་པ་གཞན་ནི་དམིགས་པ་མེད་དོ། །དེས་ན་བདག་ཐ་དད་པར་ཇི་ལྟར་འགྲུབ་པར་འགྱུར། དེ་དག་གི་
ཞེས་བྱ་བ་ནི་དབང་པོ་ལ་སོགས་པ་དག་གོ། །གལ་ཏེ་བདེ་བ་དང་དབང་པོའི་རྣམ་པ་ཅན་གྱི་བློའི་ཐང་ནས་སྔོན་པོ་ལ་སོགས་པའི་རྣམ་པ་དང་ལྡན་པའི་བློ་གཞན་སྐྱེ། དེའི་ཚེ་ལས་དང་བྱེད་པ་པོ་གང་ལས་ཡིན། ལས་སུ་བཤད་པའི་ཕྱོགས་ལས་ནི་རྟོགས་པ་ཡོད་པ་མ་ཡིན་ནོ་ཞེས་བརྗོད་པ་
དེ་ཉིད་གསལ་བར་བྱེད་པ་ནི། གཟུགས་ལ་སོགས་པ་ཞེས་བྱ་བའོ། །འདི་འགོག་པ་ནི་དེ་ནི་ཡེ་ནས་མ་ཡིན་ཏེ་ཞེས་བྱ་བའོ། །དམིགས་པ་མེད་པར་མི་འདོད་ཀྱི་འོན་ཀྱང་གཟུགས་ལ་སོགས་པའི་རྟོགས་པ་ནི་དམིགས་པ་དང་བཅས་པ་ཉིད་དུ་འདོད་པ་ཡིན་ནོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་

སྔོན་པོ་ལ་སོགས་པ་ནི་རྟོག་པ་མེད་པའི་རང་བཞིན་ལས་ལྡོག་པས་ན་རང་གི་ཆ་ལ་དམིགས་པ་ཡིན་ནོ། །འོ་ན་རྣམ་པ་གང་གིས་དམིགས་པ་མེད་པ་ཉིད་སྒྲུབ་སྙམ་ན། ཐ་དད་པའི་ཞེས་གསུངས་སོ། །དམིགས་པ་ཐ་དད་པས་དམིགས་པ་མེད་པ་ཉིད་ཡིན་གྱི། རང་གི་
རང་བཞིན་རྣམ་པར་ཤེས་པའི་བདག་ཉིད་ཀྱིས་ནི་དམིགས་པ་དང་བཅས་པ་ཉིད་དོ་ཞེས་བསྟན་ཟིན་ཏོ། །མེད་པའི་སྒྲས་བསྒྲུབ་བྱ་མི་སྟོན་པའི་སྒྲ་དག་ཅེས་བྱ་བ་ནི་སྦྱོར་བས་ཟིན་པ་བསྒྲུབ་བྱ་དང་སྒྲུབ་བྱེད་རྗོད་པར་བྱེད་པ་མེད་པའི་སྒྲ་དང་། ཤེས་པའི་སྒྲ་དག་བྱེད་པ་པོ་ཉིད་དམ། བྱེད་པ་ཉིད་ཡིན་
ན་བསྒྲུབ་པར་བྱ་བ་འགའ་ཞིག་ཡོད་པར་འགྱུར་གྱི། སྒྲ་དེ་དག་དམིགས་པ་མེད་པ་ཉིད་ཡིན་ན་ནི། ཕྱོགས་མེད་པ་ཉིད་དུ་འགྱུར་རོ། །དམིགས་པའི་ཕྱིར་དང་ཤེས་པའི་སྒྲས་ཀྱང་སྒྲུབ་བྱེད་མི་སྟོན་པའི་ཕྱིར་རོ་ཞེ་ན། འདི་ལ་གྲུབ་པའི་མཐའ་ཨ་བརྗོད་པ་ནི་དེ་ཡང་ཤིན་ཏུ་ལེགས་པར་ཞེས་བྱ་
བའོ། །སྒྲ་བླ་ལྷག་མ་ཙམ་ཞེས་བྱ་བ་ནི་འདི་ནི་དོན་མེད་པའི་སྒྲ་ཙམ་འབའ་ཞིག་ཏུ་ཟད་ཀྱི་སུན་འབྱིན་པ་ནི་ཅུང་ཟད་ཀྱང་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་ནི་སྒྲའི་དམིགས་པ་མ་ཡིན་གྱི་འོན་ཀྱང་ལྡོག་པ་ཙམ་ཡིན་ནོ། །དེས་ཕྱོགས་ཉིད་མི་འགལ་ཏེ་སྒྲས་བསྟན་པར་བྱ་བ་ཡོད་པའི་ཕྱིར་རོ། །
དེ་ནི་སྒྲུབ་པར་བྱེད་པའི་ཡུལ་ཞེས་བྱ་བ་ནི། སྒྲ་གང་ལས་ཡུལ་སྒྲུབ་པར་བྱེད་པ་ཡོད་པ་དེ་ལ་དེ་སྐད་ཅེས་བྱ་བའི་སྟེ། སྒྲའི་ཡུལ་ནི་སྒྲུབ་པར་བྱེད་པ་ཡིན་གྱི་ཕྱོགས་ནི་མ་ཡིན་ནོ། །ཡང་ན་ཕྱོགས་དེ་ནིའོ། །ཕྱོགས་དེ་ནི་སྒྲུབ་པར་བྱེད་པའི་ཡུལ་ཡིན་གྱི་སྒྲའི་མ་ཡིན་ནོ་ཞེས་བྱ་བའོ། །དེ་ལྟར་ན་རེ་
ཞིག་སྒྲ་ཡང་རྟོགས་པ་ཉིད་དུ་ཁས་བླངས་པས་ན་བརྗོད་པ་ཡིན་ནོ། །ད་ནི་དེ་ཉིད་མེད་དོ་ཞེས་སྟོན་པ་ནི་རྟོགས་པ་ཞེས་བྱ་བའོ། །དེ་ལྟ་མ་ཡིན་ན་སྒྲ་ལས་ཞེས་བྱ་བ་ནི་སྒྲ་ཐམས་ཅད་བཤད་པས་དོན་གཞན་དུ་བྱེད་པའི་ཕྱིར་རོ། །གལ་ཏེ་པྲ་ཏ་ཡ་ཞེས་བྱ་བ་སྤྱིའི་སྒྲ་ཡིན་པའི་ཕྱིར། ཇི་ལྟར་ཤེས་པའི་
མཚན་ཉིད་ཀྱི་ཁྱད་པར་རྟོགས་ཤེ་ན། ཅིའི་ཞེས་གསུངས་སོ། །བྱེད་པ་པོ་ལ་སོགས་པའི་རྟོགས་པའི་ཕྱི་རོལ་དེའི་རྒྱུ་ཅན་ཡིན་ནའང་ངོ་། །དེས་ན་བྱེད་པ་པོ་ལ་སོགས་པའི་རྟོགས་པ་ཕྱི་རོལ་གྱི་རྒྱུ་ཅན་མ་ཡིན་པས་ན། ཇི་ལྟར་རང་གི་ཚིག་གིས་གནོད། །འོན་ཏེ་རང་གི་རང་བཞིན་ལ་ནི་ཇི་ལྟར་ལས་

ལ་སོགས་པ་ཡོད། དེས་ན་གདོན་མི་ཟ་བར་ཕྱི་རོལ་ཁས་བླང་བར་བྱ་བའོ། །དེ་བས་ན་གནོད་པ་ཁོ་ནའོ་ཞེས་བརྗོད་པ་ནི། དཔེར་ན་བདག་ཅག་གི་ཉིད་ལས་དང་ཡིན་པ་དེ་བཞིན་ཐ་དད་པ་མེད་པའི་ཤེས་པ་ལ་ཡང་འགྱུར་རོ་ཞེས་དགོངས་པའོ། །རྟོགས་པའི་སྒྲའི་དོན་བྱེད་པ་པོ་དང་བྱེད་པ་གཉིས་ནི་
ཕྱི་རོལ་ཞེས་བྱ་བ་ཕྱིའི་ལས་ཀྱི་རྒྱུ་མཚན་ཅན་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ངེད་ཅེས་བྱ་བ་བདག་ཅག་གི་འཛིན་པར་བྱེད་པའི་དངོས་པོ་གྲུབ་སྟེ། གང་གི་ཕྱིར་འཛིན་པར་བྱེད་པ་ནི་དངོས་པོ་གཞན་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ལ་ཡིད་དང་ཕྱི་རོལ་ཡང་གཟུང་བར་འགྱུར་རོ་ཞེས་བསམས་པའོ། །རྟོགས་
པ་ལ་ལྟོས་པར་ཞེས་བྱ་བ་ནི་བཤད་པ་ལ་མ་ལྟོས་པར་རོ། །འོ་ན་ཇི་ལྟར་དངོས་པོ་འགྲུབ་སྙམ་ན་རྣམ་པར་དཔྱོད་པའི་ཞེས་གསུངས་སོ། །རིག་པ་ལས་འཇིག་རྟེན་གཞན་དུ་ཁས་བླངས་ནས་བརྗོད་པར་ཟད་ཀྱི་དེ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། རིག་པ་ལས་ནི་ཞེས་བྱ་བའོ། །རིག་པ་ལས་མ་
གཏོགས་པའི་འཇིག་རྟེན་མ་གྲུབ་ན། དེ་ཇི་ལྟར་མ་གྲུབ་པའི་འཇིག་རྟེན་དེས་དོན་གྲུབ། འོན་ཏེ་རིག་པ་ཉིད་འཇིག་རྟེན་ཡིན་པ་དེས་ན་དོན་འགྲུབ་པར་འགྱུར་རོ་སྙམ་ན་རིག་པ་ཞེས་གསུངས་སོ། །ཡང་ན་འཇིག་རྟེན་རིག་པ་ལས་གཞན་ཡིན་ནོ། །དེ་ལྟ་ཡང་འཇིག་རྟེན་དེས་ཀྱང་རིག་པ་ཉིད་ཀྱི་སྒོ་
ནས་དོན་རྣམ་པར་གཞག་པར་བྱ་བ་ཡིན་ན། རིག་པ་ཡང་དམིགས་པ་མེད་པ་དེས་ན། ཇི་ལྟར་དོན་འགྲུབ་ཅེས་སྟོན་པ་ནི་གལ་ཏེ་ཞེས་བྱ་བའོ། །གང་ཡང་ཞེས་བྱ་བ་ལ་སོགས་པ་ཡང་། ཤེས་པ་ཕྱོགས་སུ་བྱེད་པ་ན། དམིགས་པ་དང་བཅས་པའམ་དམིགས་པ་མེད་པ་ཞིག་བྱེད་པ་དེ་ལ་དམིགས་
པ་དང་བཅས་པ་དེ་ཁས་བླངས་ནས་གལ་ཏེ་ཕྱོགས་སུ་བྱེད་ན་ནི། དེའི་ཚེ་དམིགས་པ་མེད་པར་སྨྲ་བ་ཁྱེད་ཀྱིས་ཁས་བླངས་པ་ལ་གནོད་པར་འགྱུར་ལ། ཆོས་ཅན་གྱི་ཁྱད་པར་མ་གྲུབ་པར་ཡང་འགྱུར་རོ། །དམིགས་པ་དང་བཅས་པ་ཉིད་ནི་ཆོས་ཅན་གྱི་ཁྱད་པར་ཡིན་ལ། དེ་ཡང་ཁྱེད་ཅག་
སངས་རྒྱས་པ་ལ་གྲུབ་པ་མེད་དོ། །ལྷ་མིན་པ་ཞེས་བྱ་བ་དམིགས་པ་མེད་པའི་ཤེས་པ་ཕྱོགས་སུ་བྱེད་པ་ནི་ཁྱད་པར་དམིགས་པ་མེད་པ་ཉིད་ངེས་ལ་རབ་ཏུ་མ་གྲུབ་པོ། །དངོས་པོ་གཞན་རྟོགས་པར་བྱེད་པ་དམིགས་པར་བྱེད་པའི་རྟོགས་པ་གང་ཡིན་པ་དེའི་ཁྱད་པར་ཅན་དམིགས་པ་དང་བཅས་པ་ཉིད་

ཀྱིས་ཁྱད་པར་དུ་བྱ་བ་ནི། ཕྱོགས་ནི་ཁྱེད་ལ་མ་གྲུབ་པ་གཞན་དུ་གྱུར་པ་ཞེས་བྱ་བ་ཇི་སྐད་བརྗོད་པ་ལས་བཟློག་པ་ནི་དེད་པའོ། །དེ་བཞིན་དུ་ཞེས་བྱ་བ་ནི་སུན་འབྱིན་པ་གཞན་སྟོན་པའི་བདག་གི་ཆོས་སུ་གྱུར་པའི་ཤེས་པ་ཕྱོགས་སུ་བྱེད་དམ་རང་རྒྱུད་པ་གལ་ཏེ་བདག་གི་ཆོས་ཡིན་ན་
དེའི་ཚེ་མ་གྲུབ་སྟེ། སངས་རྒྱས་པའི་ལྟ་བ་ལ་བདག་ཉིད་མེད་པའི་ཕྱིར་རོ། །དེ་སྟེ་རང་རྒྱུད་པ་ཡིན་ནོ། །དེའི་ཚེ་བདག་ཅག་ལ་མ་གྲུབ་སྟེ། ཤེས་པ་རང་རྒྱུད་པ་ནི་ངེད་ཀྱིས་ཁས་བླངས་པའི་ཕྱིར་རོ། །འོན་ཏེ་ཁྱད་པར་རྣམ་པར་མ་དཔྱད་པའི་རྟོགས་པ་ཙམ་གཏན་ཚིགས་སུ་བྱེད་དོ་ཞེ་ན།
བརྗོད་པ་ནི་རྟོགས་པ་ཙམ་ནི་ཞེས་བྱ་བའོ། །ཚིག་ལེའུར་བྱས་པ་གཉིས་པོ་འདི་ཉིད་རིམ་པ་ཇི་ལྟ་བ་བཞིན་འཆད་པ་ནི་འདི་ལྟར་ཞེས་བྱ་བའོ། །འདི་འགོག་པ་ནི་དེ་ནི་རྣམ་པ་ཅི་ཞིག་ལྟར་ཞེས་བྱ་བའོ། །རྩོད་པའི་གཞིར་གྱུར་པ་དམིགས་པ་མེད་པའོ། །དེའི་ཚེ་སྒྲུབ་པར་བྱེད་པ་ཤེས་པ་ཉིད་
ཉེ་བར་འགོད་པས་ཅི་ཞིག་སྒྲུབ་པ་སྟེ། དོན་མེད་པའི་ཕྱིར་ཅི་ཡང་སྒྲུབ་པ་མ་ཡིན་ནོ། །དེ་ཞེས་བྱ་བ་དམིགས་པ་ཐ་དད་པ་མེད་པ་དེ་མ་གྲུབ་པའི་སྒོ་ནས་ཁྱད་པར་ཅན་རྟོགས་པ་མ་གྲུབ་པས་གང་ཡིན་པ་དེ་བརྗོད་པའི་དོན་དུ་ཁྱེད་ཀྱིས་བརྗོད་པ་གང་ཡིན་པ་དམིགས་པ་མེད་པའི་མཚན་ཉིད་ཀྱི་ཆོས་དེ་
ཉིད་ནི་ཁྱེད་དང་ལྷན་ཅིག་རྩོད་པའི་གཞིར་གྱུར་པ་བདག་ཅག་གི་བསྒྲུབ་པར་བྱ་བ་ཡིན་ནོ། །དམིགས་པ་ཐ་དད་པ་མེད་པ་དེས་ནའོ། །དཔེ་ལ་དོན་ནི་གྲུབ་ན་ཞེས་བྱ་བ་ནི་འཇིག་པའོ། །ཕྱོགས་ཀྱི་སྒྲ་ནི་ཁྱད་པར་གྲུབ་པ་ཉིད་དུ་མི་འཐད་དོ། །སྒྲ་ལ་མ་གྲུབ་པའི་མི་རྟག་པ་ཉིད་བསྒྲུབ་པར་བྱ་བ་ཡིན་པའི་
ཕྱིར་རོ། །འོན་ཏེ་དཔེར་ན་འཇིག་པ་མ་གྲུབ་ན་དེའི་ཚེ་གཏན་ཚིགས་སྐྱོན་ཅན་དུ་གྱུར་གྱི་ཕྱོགས་ནི་མ་ཡིན་ནོ། །དམ་པ་ཉིད་དམ་ཞེས་བྱ་བ་ནི་དཔེ་ལ་བསྒྲུབ་བྱ་མེད་པར་ཁྱབ་པ་འཛིན་པ་མི་རུང་བའི་ཕྱིར་ཏེ། ཐུན་མོང་མ་ཡིན་པའི་མ་ངེས་པ་བཞིན་ནོ། །འགལ་བ་ནི་གང་གི་ཚེ་དཔེ་ལ་མེད་ཅིང་
མི་མཐུན་པའི་ཕྱོགས་བསྒྲུབ་པར་བྱ་བ་ལ་བཟློག་པས་ཁྱབ་པར་ཡང་མཐོང་བ་དེའི་ཚེ་འགལ་བར་འགྱུར་བ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་ཕྱོགས་ལ་མ་གྲུབ་པ་ཉིད་ཀྱི་ཕྱིར་རོ། །སྒྲ་དོན་ཞེས་བྱ་བ་ནི་ཇི་ལྟར་གཞན་སྤྱི་སྨྲ་བ་རྣམ་རིག་ཙམ་གྱི་རང་བཞིན་གྱིས་ཆོས་ཅན་ཉིད་དུ་ངེས་པ་རྟོགས་

པ་དེ་ལྟའང་སྟེ། རྣམ་པ་དེས་ཀྱང་ཁྱེད་སངས་རྒྱས་པ་ལ་གྲུབ་པ་མེད་དོ། །རྒོལ་བ་སངས་རྒྱས་པ་དེས་ནི་ཕ་རོལ་གྱི་རྒོལ་བས་ཆོས་ཅན་ལ་སོགས་པ་རྣམ་པར་རྟོག་པ་ཡིན་ན་ནི་ཕྱིར་བཟློག་པར་མི་ནུས་སོ་ཞེས་བྱ་བའོ། །ཁྱད་པར་དམིགས་པ་མེད་པ་ཉིད་རབ་ཏུ་མ་གྲུབ་པར་འགྱུར་ཏེ།
གང་གི་ཕྱིར་དཔེ་མ་གྲུབ་པ་ཉིད་ཡིན་པས་སོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་པའི་དོགས་པ་བསུ་ནས། ཕ་རོལ་པོ་ཉིད་བརྗོད་པ་ནི་གལ་ཏེ་ཞེས་བྱ་བའོ། །འོན་ཏེ་བློ་ལ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་པའི་དོགས་པ་བསུ་ནས་དེ་ཉིད་ཀྱི་ལན་འདེབས་པ་ནི། རང་གི་
ཞེས་བྱ་བ་སྟེ། རང་གི་རྣམ་པ་ལ་དམིགས་པས་སངས་རྒྱས་པ་ལ་ཁས་བླངས་པའི་ཕྱིར་རོ། །དེ་མེད་པར་ནི་ཞེས་བྱ་བ་རང་གི་རྣམ་པ་མེད་པར་ནི་འགལ་བ་ཡིན་ནོ། །གཟུང་བ་མེད་པར་གཟུང་བའི་རྣམ་པ་མེད་པའོ། །དེ་ནི་ཁྱེད་སངས་རྒྱས་པ་འདོད་པ་མ་ཡིན་ནོ། །དེ་ལ་ཞེས་བྱ་བ་ནི་
དེ་ལྟར་གྱུར་དང་ངོ་། །གཟུང་བདག་ཉིད་ཅེས་བྱ་བ་ནི། གཟུང་བའི་རྣམ་པ་དམིགས་པར་འགྱུར་བ་ཡིན་ནོ། །དེས་ན་གང་གི་རྣམ་པ་ཅན་གྱི་ཤེས་པ་དེ་ལ་དམིགས་པ་བཟློག་པར་འགྱུར། དེ་ལ་སངས་རྒྱས་པ་སུན་འབྱིན་པ་ནི་ཅི་སྟེ་ཞེས་བྱ་བའོ། །ཕྱིའི་དམིགས་པ་མེད་པར་སྒྲུབ་ན་ཡང་
གལ་ཏེ་ཕྱི་རོལ་ལོ་ཞེས་བྱ་བའི་རྣམ་པ་འདིས་འཛིན་པ་མེད་ན། དེའི་ཚེ་ཀ་བ་ལ་སོགས་པ་ལ་ཕྱི་རོལ་ལོ་སྙམ་པའི་བློ་དེ་མེད་པར་འགྱུར་ཏེ། ཕྱི་རོལ་ལོ་སྙམ་པའི་ཐུན་མོང་མ་ཡིན་པ་ཡུལ་དུ་བྱ་བར་མི་ནུས་པ་མ་ཡིན་ནོ། །ཕྱི་རོལ་ལོ་སྙམ་པའི་བློར་འགྱུར་བ་ཡང་ཡིན་ཏེ་དེས་ན་ཕྱི་རོལ་
ཡོད་པ་ཁོ་ནའོ། །ཁོ་ན་གཞི་མཐུན་པ་ཉིད་ཀྱིས་ཕྱི་རོལ་གྱི་བུམ་པ་ཞེས་བྱ་བ་རྟོགས་པར་མི་འགྱུར་རོ་སྙམ་ན་དེ་དང་ཞེས་བྱ་བའོ། །ཡང་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །དེའི་ཚེ་ཀ་བ་རིག་པ་མཐོང་བའི་ཕྱིར་ན། དེ་དང་ཞེས་བྱ་བ་མཐོང་བ་དང་འགལ་བར་ཐལ་ལོ། །ཟླ་བ་གཉིས་ལ་
སོགས་པ་ཡང་ཁ་དོག་མཐོང་བ་མཚུངས་པ་ཞེས་བྱ་བའོ། །དེས་ན་ཇི་ལྟར་དེ་ལྟ་བུའི་དངོས་པོ་གཉིས་མཐོང་ཡང་དངོས་པོ་དེ་ལྟ་མ་ཡིན་པ་དེ་བཞིན་དུ་ཀ་བ་ལ་སོགས་པ་ཡིན་ནོ་ཞེས་བསམས་པའོ། །དེ་ལྟར་སངས་རྒྱས་པའི་དོགས་པ་བསུ་ནས་སུན་འབྱིན་པ་ནི་དབང་པོ་ཞེས་བྱ་བའོ། །དེར་ནི་ཟླ་བ་

གཉིས་ཀྱི་ཤེས་པ་ལའོ། །ཡང་ཇི་ལྟར་ན་དབང་པོ་དང་མ་ཕྲད་པའི་དོན་དབང་པོའི་བློས་གཟུང་ངོ་ཞེས་བྱ་བར་ཤེས་སྙམ་ན། འདི་ནི་ཞེས་བྱ་བའོ། །ཟླ་བ་གཅིག་ལས་བཟློག་པ་ཟླ་བ་གཉིས་ལས་དམིགས་པ་མེད་པ་ཉིད་དོ། །ཕ་རོལ་པོ་འདི་ཉིད་སྟོན་པ་ནིའོ། །འབྲེལ་པ་ཡོད་པས་ནི་
ཡོད་པ་འཛིན་པར་འཇོག་ལ་འབྲེལ་པ་མེད་པས་ནི་མེད་པ་འཛིན་པར་འཇོག་པ་ཡིན་གྱི། ཐམས་ཅད་དུ་ཡང་དོན་རིག་པ་ནི་ཡོད་པ་ཉིད་དོ། །ཤེས་པ་མི་དམིགས་པ་མེད་པར་སྨྲ་བ་ཁྱེད་ལ་ནི་དབང་པོ་རྣམས་མེད་པས་ན་འཛིན་པ་མེད་པས་དམིགས་པའི་རྒྱུ་མེད་པར་འགྱུར་རོ། །དེས་ན་དམིགས་པ་
འགའ་ཡང་མ་མཐོང་བས་དགག་པ་ཉིད་མི་འཐད་དོ། །ཁྱེད་ཀྱིས་བརྗོད་པའི་སུན་འབྱིན་པ་ཡིན་ཏེ། བདག་ཅག་ལ་སུན་འབྱིན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟ་མ་ཡིན་ཏེ་ཞེས་བྱ་བ་ནི་སྐབས་ལ་སོགས་པ་ཁས་མི་ལེན་ནའི་སྒྲ་ལས་ཞེས་བྱ་བ་ནི་དམིགས་པ་མེད་པའི་སྒྲ་
ལས་སོ། །དོན་འདི་ཞེས་བྱ་བ་ནི་རང་གི་ཆ་ལུགས་དམིགས་པའི་མཚན་ཉིད་ཀྱི་དོན་ཏོ། །རྗེས་སུ་མཐུན་པའི་དཔེ་བརྗོད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེ་ལ་ཡང་ཞེས་བྱ་བ་ནི་རབ་རིབ་ཅན་གྱིས་སྐྲ་ཤད་ཀྱི་ཤེས་པ་ལ་ཡང་སྣང་བཞིན་པའི་སྐྲ་ཤད་ལ་སོགས་པ་ཉིད་དམིགས་པ་ཡིན་
པར་འགྱུར་རོ། །གལ་ཏེ་སྐྲ་ཤད་ཀྱི་ཤེས་པ་ལ་འཇིག་རྟེན་པ་མ་ཡིན་པའི་དོན་སྣང་བ་མ་ཡིན་ནམ། དེས་ན་དེ་ནི་དམིགས་པ་དང་བཅས་པ་ཡིན་ནོ་སྙམ་ན། ཐམས་ཅད་ལ་ཞེས་གསུངས་ཏེ། ཀ་བ་ལ་སོགས་པའི་ཤེས་པ་ལ་ཡང་ངོ་། །འགའ་ལ་ཡང་ཞེས་བྱ་བ་ནི་རབ་རིབ་ཅན་ཤེས་པ་ལ་
ཡང་ངོ་། །ཅི་སྟེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །ཟླ་བ་གཅིག་གི་ཤེས་པ་གོ་ཇི་ལྟར་དམིགས་པ་མེད་པར་འགྱུར་ཞེ་ན། འདི་ལ་བརྗོད་པ་ནི་དེ་ཡང་ཞེས་བྱ་བའོ། །གནོད་པར་བྱ་བའི་ཕྱིར་ཟླ་བ་གཉིས་ཀྱི་ཤེས་པ་དམིགས་པ་མེད་པ་ཡིན་ནོ་ཞེ་ན་ལན་ནི་དེ་ལ་ཡང་ཞེས་བྱ་བ་སྟེ། ཟླ་བ་གཅིག་གི་
ཤེས་པ་ལ་ཡང་ངོ་། །བེམས་པོ་ནི་གསལ་བར་མི་འཐད་པའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་དོགས་པ་བསུ་བའོ། །དེ་ལྟ་ཡིན་པ་དེས་ན་འོད་ཟེར་གྱིས་གདུངས་པ་ཉིད་དེའི་དམིགས་པ་ཡིན་ནོ་ཞེས་བྱ་བར་བསམས་པའོ། །འདི་ལ་བརྗོད་པ་ནི་རོ་ལ་སོགས་པ་ཞེས་བྱ་བའོ། །དེ་ལ་ཞེས་བྱ་བ་ནི་བདེན་པའི་

ཆུ་ལའོ། །གཉིས་ཀ་ཞེས་བྱ་བ་ནི་བདེན་པ་དང་མི་བདེན་པའི་ཡུལ་ཅན་ནོ། །དེ་ལྟ་མ་ཡིན་པར་ཞེས་བྱ་བ་ནི་དམིགས་པ་དང་བཅས་པར་རོ། །གལ་ཏེ་སྣང་བཞིན་པས་དམིགས་པ་དང་བཅས་པར་ཡིན་ན་དེའི་ཚེ་དགོན་དུང་འོད་ཟེར་གྱིས་གདུངས་པ་མེད་པར་ཆུའི་ཤེས་པ་མི་འགྱུར་རོ། །དེས་
ན་དེ་ནི་འདིའི་དམིགས་པ་ཡིན་ནོ་ཞེས་བྱ་བ་འདི་བརྗོད་ཀ་མེད་དེ། འོད་ཟེར་གྱིས་གདུངས་པའི་དགོན་དུང་པ་དེ་ནི་མི་སྣང་བའི་ཕྱིར་རོ། །ཡིན་པར་འགྱུར་ཏེ་ཞེས་བྱ་བ་ནི་དམིགས་པ་ཞེས་བྱ་བར་འབྲེལ་ཏོ། །བདེ་བའི་ཆུའི་ཡུལ་ཅན་གྱི་ཤེས་པ་ཉིད་དམིགས་པ་དང་བཅས་པར་འགྱུར་རོ་ཞེས་
བསམས་པའོ། །འདི་ལ་བརྗོད་པ་ནི་མངོན་སུམ་དང་ཞེས་བྱ་བའོ། །སུན་འབྱིན་པ་གཞན་ཡང་བརྗོད་པ་ནི་འཇིག་རྟེན་གྲགས་བརྟེན་ཞེས་བྱ་བའོ། །ཅིའི་ཕྱིར་ཞེ་ན་ཐམས་ཅད་ཅེས་སྨོས་སོ། །སྨིག་རྒྱུ་བ་ལ་ཆུར་མཐོང་བ་དེས་ཐག་རིང་རབ་ཏུ་ཆུ་ཐོབ་པར་བརྒྱ་ལ་སྲིད་པར་གྱུར་ན་ཡང་དེའང་དམིགས་
པ་དང་བཅས་པར་འགྱུར་རོ། །ཕ་རོལ་པོའི་འདི་སྤོང་བ་ནི་དེ་ལ་ནི་ཀུན་གྱི་ཚེ་ཐོབ་པར་ངེས་པ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་ཐམས་ཅད་ལ་ཞེས་བྱ་བ་སྟེ། ཤེས་པ་ཐམས་ཅད་ལ་ཡང་ཀུན་གྱི་ཚེ་མཐོང་བ་ཐོབ་པ་ནི་མེད་དེ་མཐོང་བ་ནི་ཞིག་པའི་ཕྱིར་རོ། །གཞན་གྱིས་སྨྲས་པ་ནི་མཐོང་བ་མ་ཞིག་
ན་ཐོབ་པར་འགྱུར་བ་ཉིད་དོ་ཞེས་བྱ་བའོ། །ལན་ནི་དེ་ནི་ཇི་ལྟར་མི་འཇིགས་འགྱུར་ཏེ། སྐད་ཅིག་མ་ཉིད་དུ་སྒྲུབ་པའི་ཕྱིར་རོ། །ངོ་ཤེས་པས་གཅིག་ཉིད་སྒྲུབ་པར་བྱེད་དོ་ཞེ་ན། ངོ་ཤེས་པ་ནི་ཞེས་སྨོས་སོ། །འགའ་ཞིག་ཏུ་སངས་རྒྱས་པས་དམིགས་པ་དང་བཅས་པས་མཐོང་བ་དེས་ན། ཇི་ལྟར་
འགོག་པ་སྙམ་ན། ལྷག་མ་ནི་བཤད་པ་ཡིན་ཞེས་བྱ་བ་སྨོས་སོ། །ནིའི་སྒྲ་ནི་རིག་པ་གཞན་དུ་ཡིན་ཏེ། གང་གི་ཕྱིར་མི་མཐུན་པའི་ཕྱོགས་མ་ཤེས་པ་དེའི་ཕྱིར་ཇི་ལྟར་བསྒྲུབ་པར་བྱ་བ་ཡིན་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་པས་འདོད་པའི་དམིགས་པ་མེད་པ་ཉིད་ཇི་ལྟར་བསྒྲུབ་པར་བྱ་བ་ཡིན་
ཏེ། ཕྱི་རོལ་གྱི་དངོས་པོ་སྟེ་ཕྱིའི་ཡུལ་ཉིད་དུའང་དུ་མ་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་ཁྱད་པར་མ་གྲུབ་ན་གཞན་རྟོགས་པར་བྱ་བ་མི་ནུས་པའི་ཕྱིར་ཕྱོགས་མི་འགྲུབ་པ་དེ་བཞིན་དུ་ཁྱད་པར་དམིགས་པ་མེད་པ་ཉིད་ཀྱིས་ཁྱད་པར་དམིགས་པ་ཕྱི་རོལ་གྱི་ཞེས་བྱ་བ་གང་ཡིན་ཏེ། མ་གྲུབ་ན་ཡང་མི་

འགྲུབ་པར་མི་འགྱུར་རོ། །གལ་ཏེ་ཕྱི་རོལ་གྱིས་ཞེས་བྱ་བའི་ཁྱད་པར་མ་གྲུབ་མོད། དེ་ལྟ་ན་ཡང་རེ་ཞིག་སྤྱིའི་དོན་མི་གྲུབ་པོ་སྙམ་ན། ཚིག་དོན་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བ་དག་གི་དོན་ནི་དེ་ཞེས་བྱ་བ་ཚིག་གི་དོན་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །འོན་ཏེ་
དེ་དག་ནི་དོན་བསྒྲུབ་པར་བྱ་བ་ཉིད་མ་ཡིན་ནོ་སྙམ་ན། ཕྱོགས་ཀྱང་ནི་ཞེས་གསུངས་སོ། །འོ་ན་ཇི་ལྟར་ན་འགལ་བ་མི་འཁྲུལ་བ་ཅན་ཞེས་བྱ་བ་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་བ་སྙམ་ན། འགལ་བའི་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །ཡུལ་གཞན་ལ་སོགས་
པར་མཐོང་བ་ལས་འཁྲུལ་པ་མེད་པའི་ཕྱིར་དགག་པར་མི་འཐད་དོ་ཞེས་དོགས་པའོ། །གལ་ཏེ་འཁྲུལ་པ་མེད་པར་དེ་ལྟར་ན་ཡང་འགའ་ཞིག་གིས་གཞན་དུ་བརྟགས་པས་འགོག་གོ་སྙམ་ན། ཡུལ་སོགས་ཞེས་གསུངས་སོ། །དེར་ཞེས་བྱ་བ་ནི་ཡུལ་གཞན་དུའོ། །འདི་ཞེས་བྱ་བ་
ནི་ཡུལ་གཞན་དུ་མཐོང་བའོ། །རེ་ཞིག་འཁྲུལ་པ་དེ་ནི་ཚད་མས་བཟློག་པ་ཡིན་ནོ། །གང་ཞིག་ཐམས་ཅད་དུ་ཐམས་ཅད་ཀྱི་ཚེ་འཁྲུལ་པ་གང་ཡིན་པ་དེ་བདག་ཅག་གིས་བཟློག་པར་བྱ་བ་ལ་ཇི་ལྟར་མི་བཟོད་དེ། གལ་ཏེ་དེ་ཞེས་བྱ་བ་ནི་ཡུལ་ལ་སོགས་པ་གཞན་དུ་འཁྲུལ་པ་གང་
ཡིན་པའོ། །གནོད་པར་བྱེད་པ་ཞེས་བྱ་བ་ནི་མེད་པ་ཉིད་དོ། །དེས་ན་འགའ་ཡང་འཁྲུལ་པར་མི་འགྱུར་རོ་ཞེས་སྟོན་པ་ནི། འདི་ལྟར་ཞེས་བྱ་བའོ། །དེ་གཅོད་དམ་ཞེས་བྱ་བ་ནི་གནོད་བྱའི་ཤེས་པའི་རང་བཞིན་ཉིད་དམ། གཟུང་ཞེས་བྱ་བ་གནོད་བྱའི་ཤེས་པའི་གཟུང་བྱ་འཇིག་པར་བྱེད་
པའམ། གཟུང་བ་མེད་པ་ཞེས་པ་གནོད་བྱའི་ཤེས་པའི་གཟུང་བྱ་མེད་པར་བྱེད་པ་ཡིན་ཏེ། ཕྱོགས་གསུམ་པ་འདི་ནི་ལས་གཞན་ནི་ཡོད་པ་མ་ཡིན་ནོ། །དེ་སྐྱེས་པའམ་མ་སྐྱེས་པ་ཞེས་བྱ་བ་ནི། གནོད་བྱའི་ཤེས་པ་དང་དེའི་དམིགས་པའོ། །རང་གི་རྒྱུད་ལས་སྐྱེས་པས་གནོད་
པར་བྱ་བ་སྟོན་མོད་ལ་གནོད་བྱེད་ལས་ནི་མེད་དོ་ཞེས་བྱ་བ་ནི་འདི་ནི་བྱུང་རྒྱལ་ཡིན་ཏེ། གཅིག་ཉིད་ལ་གཅིག་གི་ཚེ་ཡོད་པ་ཉིད་དང་མེད་པ་ཉིད་མི་འཐད་པའི་ཕྱིར་རོ། །འདི་ཐམས་ཅད་ཀྱིས་ཀྱང་ཧ་ཅང་ཐལ་བ་བརྗོད་ནས་གནོད་པར་བྱེད་པ་གཞན་བརྗོད་པ་ནི། དོན་དེ་ནི་རང་བཞིན་ཞེས་བྱ་

བ་རང་བཞིན་གྱིས་དངོས་པོ་དེ་མ་སྐྱེས་པ་དེའིའོ། །དེས་ན་དེ་ཉིད་རང་བཞིན་གྱིས་དམར་བའི་ཀེང་ཤུ་ཀ་བཞིན་ནོ། །དེའི་ངོ་བོས་ཀྱང་ཞེས་བྱ་བ་ནི་མ་སྐྱེས་པའི་རང་བཞིན་གྱིས་སོ། །གལ་ཏེ་མ་སྐྱེས་པ་དེའི་རང་བཞིན་གྱིས་ཕྱིས་འཇུག་པ་ཡིན་ན། དེའི་ཚེ་ཞིག་པ་ལས་སྔར་རང་བཞིན་གང་གིས་
མ་སྐྱེས་པ་དེའི་རང་བཞིན་དུ་འགྱུར་རོ། །འོན་ཏེ་སྔར་དེའི་རང་བཞིན་ཅན་ཡིན་པ་དེ་ཉིད་ན་དེའི་ཚེ་དེའི་ངོ་བོར་ཞེས་སྦྱར་རོ། །འོན་ཏེ་རང་བཞིན་དེ་ནི་སྔ་མ་ཁོ་ནར་སྐྱེས་པ་དེས་ན་ཕྱིས་ནི་འཇིག་པ་ཡིན་ནོ་སྙམ་ན་བརྗོད་པ། གང་དེ་རང་བཞིན་དེ་སྔ་མ་ཁོ་ནར་ཡིན་ནོ། །དེའི་ཚེ་ཕྱིས་དེའི་རང་བཞིན་མེད་པས་ན་
རང་ཉིད་མེད་པར་འཇིག་པར་བྱེད་པས་ཅི་བྱ། ཕྱིས་འཇིག་པ་ཡིན་ནོ་ཞེས་བྱ་བའི་སྐབས་ཀྱིས་སྔར་འཇིག་པ་ཡང་འདོད་པ་ཡིན་པས་རྣམ་པར་རྟོག་པ་དེ་ལ་བརྗོད་པ་ནི། འདི་ནི་ཞེས་བྱ་བ་སྟེ། རང་བཞིན་འཇིག་པ་ནི་སྔ་མ་ཁོ་ན་ཡིན་གྱི་ཕྱིས་ནི་མ་ཡིན་ནོ་ཞེ་ན། འདི་ལ་བརྗོད་པ་ནི་དངོས་པོ་དེ་ནི་རང་གི་
རྒྱུ་ཉིད་ལས་རང་བཞིན་དེ་ལྟ་བུར་བྱུང་བར་འགྱུར་བ་ཡིན་ཏེ། དེ་ལྟ་ཡང་འཇིག་པར་བྱེད་པས་གཞན་ཅི་བྱར་ཡོད། ཉེས་པ་འདི་ནི་གནོད་བྱའི་ཤེས་བྱའི་ཡུལ་འཇིག་པ་ལ་ཡང་མཚུངས་སོ། །དེ་ཉིད་སྟོན་པ་ནི་འདི་ལྟར་ཞེས་བྱ་བའོ། །ཇི་ལྟར་མ་སྐྱེས་པ་དེ་ལྟར་ནི་འཇིག་པ་མ་ཡིན་ཏེ། དོན་མེད་དགོས་
པའི་ཕྱིར་རོ། །ཇི་ལྟར་སྐྱེས་པ་དེ་ལྟར་ཡང་མ་ཡིན་ཏེ་མི་ནུས་པའི་ཕྱིར་རོ། །དེས་ན་འཇིག་པའི་མཚན་ཉིད་འདི་ཚད་མ་རྟོགས་པའི་ཕྱིར། སེམས་དང་ལྡན་པ་རྟོགས་པ་དང་བཅས་པ་དག་རྟོག་པ་ཙམ་དུ་ཡང་ཇི་ལྟར་འགྱུར། རྣམ་པར་རྟོག་པ་གསུམ་པ་འགོད་པ་ནི་འོན་ཏེ་ཞེས་བྱ་བའོ། །དངོས་དེ་ཞེས་
བྱ་བ་ནི་གནོད་བྱའི་ནི་ཤེས་པའི་དམིགས་པའོ། །དེ་ལྟ་ཡིན་མོད་ཀྱི་ཅི་ཉེས་སྙམ་ན་དེའི་ཚེ་ཞེས་བྱ་བ་ནི་སྟེ། མ་མཐོང་བའི་དུས་ན་དོན་གྱི་དངོས་པོ་མ་གྲུབ་པར་གྱུར་ན། དེའི་མེད་པ་ནི་འདི་ཡིན་ནོ་ཞེས་དངོས་པོ་མེད་པ་ཁྱད་པར་དང་བཅས་པར་མི་འགྱུར་རོ། །ཁྱབ་པར་མ་གྲུབ་མོད། རེ་ཞིག་དངོས་
པོ་མེད་པ་ནི་རྟོགས་པ་ཁོ་ནའོ་ཞེ་ན། ཁྱད་པར་ཞེས་བྱ་བ་དོན་རབ་ཏུ་མ་གྲུབ་ན་ཁྱེད་ལ་རྟོགས་ནུས་ཏེ། དངོས་པོ་མེད་པ་ཤེས་པའི་ནུས་པ་ཇི་ལྟར་ཡོད། དངོས་པོ་མེད་པ་ནི་དངོས་པོ་མ་རྟོགས་པས་རྟོགས་ནུས་པ་མ་ཡིན་ནོ། །འོན་ཏེ་ཁྱད་པར་གྱིས་དངོས་པོ་གཞན་དུ་གྲུབ་པ་ཉིད་དགག་པའི་གནས་

འདིར་ནི་རྗེས་སུ་བརྗོད་པ་ཙམ་ཞིག་བྱེད་པ་ཡིན་ནོ། །དེས་ན་ཁྱད་པར་གཞན་དུ་གྲུབ་པའི་ཕྱིར། དངོས་པོ་མེད་པ་ཁྱད་པར་དང་བཅས་པ་ཁོ་ནར་རྟོགས་སོ་སྙམ་ན། འདི་ལ་བརྗོད་པ་ནི་ཁྱད་པར་དེ་ནི་གཞན་དེར་དངོས་པོའི་རང་བཞིན་དེ་ཉིད་དུ་ཁོ་ནར་རྟོགས་ཏེ། དེས་ན་དེ་ནི་དངོས་པོ་
མེད་པའི་ཁྱད་པར་ཉིད་དུ་མ་དམིགས་ཏེ། དངོས་པོ་མེད་པ་ཁྱད་པར་དུ་བྱ་བ་མ་དམིགས་པའི་ཕྱིར་རོ། །དེ་ཉིད་ཅེས་ནི་གཞན་དུ་དམིགས་པ་ཉིད་དོ། །དེ་ལྟ་བུ་ཉིད་ཅེས་བྱ་བ་ནི་རང་བཞིན་གང་དུ་དེ་སྔར་རྟོགས་པའི་རང་བཞིན་དེ་ཉིད་དུ་གལ་ཏེ་དགག་པའི་དུས་ན་ཡང་རྟོགས་ན་དེའི་ཚེ་དོན་དེའི་
དགག་པ་ལ་དོན་ཅི་ཡོད། གལ་ཏེ་ཞེས་བྱ་བ་ནི་དོགས་པའོ། །དེར་ནི་ཞེས་བྱ་བ་དགག་པའི་གནས་པའོ། །དྲན་པ་ཞེས་བྱ་བ་ནི་ལན་ནོ། །གལ་ཏེ་དྲན་པས་རང་བཞིན་འཛིན་ན། དེའི་རང་བཞིན་ཡོད་པ་ཡིན་པའི་ཕྱིར་ཇི་ལྟར་དགག་པ་དེ་སྟེ་མི་འཛིན་ན་དེའི་ཚེ་དོན་དངོས་པོ་མེད་པའི་ཁྱད་པར་
དུ་མི་འགྱུར་རོ། །སྣང་བར་འགྱུར་བ་ཞེས་བྱ་བ་ནི་ལྷག་པར་ཞེན་པར་འགྱུར་རོ། །འབྱུང་བར་འགྱུར་བ་དང་ལྷན་ཅིག་གཅིག་ཉིད་དུ་སྒྲོ་བཏགས་ནས་དེ་ལ་དེའི་བར་དུ་སྟེ། དེའི་དབུས་སུ་གནོད་པར་བྱེད་པའི་ཤེས་རབ་མངོན་པར་འདོད་པ་ཞུགས་པར་གྱུར་ན། གནོད་པར་བྱེད་པ་ཉིད་དུ་རྣམ་པར་གཞག་
པ་བྱེད་དོ། །འདི་ཉིད་བརྗོད་པ་ནི་དོན་འདི་འཆད་པ་མེད་པ་ཁོ་ནར་གྱུར་པ་ལས་ཆད་པ་ཡང་ཡིན་ཏེ། དེས་ན་འདི་ནི་གནོད་བྱེད་ཡིན་ནོ། །རྒྱུ་དེའི་ཕྱིར་ན་ཆད་པའི་རྒྱུ་ནི་གནོད་པར་བྱེད་པའི་ཤེས་པ་ཡིན་ནོ། །རྒྱུ་དེས་ན་བར་དུ་ཞུགས་པ་དེ་ནི་གནོད་བྱེད་ཡིན་ནོ། །དམིགས་པའི་དངོས་པོ་ཉིད་སྦྱོར་
བར་བྱེད་པ་ནི་འདི་ལྟར་ཞེས་བྱ་བའོ། །ལྐོག་ཏུ་གྱུར་པ་བུམ་པ་ལ་སོགས་པའི་དོན་ལ་འབྱུང་བར་འགྱུར་བ་ཉིད་དུ་སྒྲོ་བཏགས་པ་ནས་སོ། །དེའི་རྣམ་པ་ཅན་ཞེས་བྱ་བ་ནི། བུམ་པའི་རྣམ་པ་ཅན་དུ་ཤེས་པ་སྐྱེས་སོ། །དེ་ཞེས་བུམ་པ་དེ་ལ་ནི་དམིགས་པ་ཉིད་དུ་འཇོག་པ་ཡིན་ནོ། །གལ་ཏེ་
གསལ་བཞིན་པའི་དོན་འདི་མེད་པར་འགྱུར་ན། རབ་ཏུ་ག