Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 19 / 19 (50.000 ký tự/trang)
ཤིན་ཏུ་ཡང་མི་ནུས་སོ། །
དེས་ན་འདི་ཉིད་ཀྱི་ཁྱད་པར་གྱི་གྲུབ་པའི་མཐའ་ཡིན་ན། ཚད་མ་གྲུབ་པ་བསྒྲུབ་པར་བྱ་ཞེས་བྱ་བ་འདིའི་དོན་ཡིན་ཞེས་བྱ་བ་ཡིན་ནོ། །གྲུབ་པའི་མཐའ་སྨྲ་བས་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་བྱ་བའི་བསམ་
པ་ལ་ལྟོས་ནས་ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་གསུངས་སོ། །གལ་ཏེ་རེ་ཞིག་ཚད་མ་ནི་འདོད་པ་ཡིན་ལ། དེ་ལ་རྟོག་པའི་སྤྲོ་བ་ཡང་ཤུགས་ཀྱིས་བླང་བར་བྱ་བ་ཉིད་མ་ཡིན་ནམ། ཀུན་རྫོབ་ཀྱི་མི་ལྷག་པ་ནི་མི་གནོད་ཀྱི་འོན་ཀྱང་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་བསྒྲུབ་པར་བྱ་བའི་
ནི་འགལ་ལོ་སྙམ་དུ་དོགས་པ་ལ། ཐ་སྙད་ཀྱང་ཞེས་གསུངས་སོ། །ཚད་མ་དང་རྒྱུ་དང་འབྲས་བུའི་དངོས་པོ་དང་གཞན་རིག་པ་བསྙོན་པ་དག་གིས་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་གཅིག་བཅོས་ན་གཞན་ཞིག་གོ་ཞེས་བྱ་བ་དེ་བྱུང་ངོ་ཞེ་ན། བདེན་ཏེ་སྐྱེས་བུའི་མངོན་
པར་འདོད་པ་ནི་དཔྱོད་པར་བྱ་བ་ཡིན་ནོ་སྙམ་དུ་ཐུགས་ལ་གཞག་ནས་དེ་ལ་ཞེས་གསུངས་ཏེ། དེ་གཉིས་ལའོ། །འདི་ཙམ་གྱིས་ཞེས་བྱ་བ་ནི་རྣམ་པར་དཔྱོད་པའི་མཐར་ཐུག་པས་ཕྱིན་པས་ཏེ། དོན་དམ་པའི་བདེན་པ་རྣམ་པར་གནས་པར་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་བ་དེ་ནི་གཏན་

མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་འཁོར་བ་ནི་འཇུག་པ་དང་ལྡོག་པའི་རང་བཞིན་ཡིན་ལ། འཇུག་པ་དང་ལྡོག་པ་དག་ཀྱང་བཤད་ཟིན་པའི་ཚུལ་གྱིས་མི་འཐད་པ་དང་འགའ་ཞིག་ཏུ་དམིགས་པ་ཡང་མ་ཡིན་ཏེ། རང་གི་ངོ་བོ་ཙམ་གྱི་མཐར་ཐུག་པའི་ཕྱི་རོལ་གྱི་བཤད་པའི་ཕྱིར་རོ། །
དེས་ན་གལ་ཏེ་རྣམ་པར་དཔྱོད་པ་ལ་གུས་ན། འཁོར་བ་གང་ན་ཡོད་དེ། དེས་ན་རང་རིག་ཙམ་ལ་གནས་ནས་ཅང་སྨྲ་བར་མི་བྱ་བས་གཞན་གྱི་རྩོད་པའི་གོ་སྐབས་ག་ལ་ཡོད། ཕྱོགས་གཉིས་པ་ལ་བརྟེན་ནས་བཤད་པ་ནི་འོན་ཏེ་ཞེས་བྱ་བའོ། །ཐོག་མ་མེད་པའི་དུས་ཅན་མེད་པ་སྒྲོ་
འདོགས་པའི་བག་ཆགས་ལས་འཇུག་པའི་སྤྲོས་པ་འཛིན་པ་ནི་འཁོར་བ་ཡིན་ལ། ཤིན་ཏུ་དུས་ཡུན་རིང་པོར་གོམས་པས་དེའི་བདག་ཉིད་དུ་བྱས་པའི་གཉེན་པོ་ལམ་གྱིས་སྤང་བར་བྱ་བ་ནི་ད་ལྟར་བ་དང་འབྲེལ་པའི་རྣམ་པར་དཔྱོད་པས་བསལ་བ་ཇི་ལྟར་ནུས། དེའི་ཕྱིར་རང་རིག་
པའི་མཐར་ཐུག་པ་དང་བྲལ་བས་བརྒལ་ཞིང་བརྟག་པ་དང་། ཤེས་རབ་འདོད་པ་ལ་སོགས་པ་ནི་རང་གི་ངང་གིས་འཇུག་པ་ཡིན་ནོ་སྙམ་དུ་བསམས་པའོ། །གྲུབ་པའི་མཐའ་སྨྲས་པ་ནི་དེ་ལྟ་ཡིན་ན་ཞེས་བྱ་བ་སྟེ། ཇི་ལྟར་འདི་ཐོབ་ན་བདེ་བར་འགྱུར་རོ་ཞེས་འཛིན་པ་དེ་བཞིན་དུ་
ཤེས་པ་འདི་ལས་ཞུགས་ན་འདོད་པ་ཐོབ་ནས་བདེ་བར་འགྱུར་རོ་སྙམ་ན་ཡང་ལྡོག་པར་དཀའ་བ་ཁོ་ནའོ། །ཤེས་པ་གང་ལས་འཇུག་པའི་ཐ་སྙད་དུ་བྱེད་པའོ། །འདོད་པ་ཐོབ་ནས་ཡོངས་སུ་ཚིམ་པར་འགྱུར་བ་དེ་ཉིད་ཚད་མ་ཡིན་པའི་ཕྱིར། ཐ་སྙད་གྲུབ་པ་ལ་འབད་པ་གཞན་ལ་མི་ལྟོས་
སོ། །འོན་ཀྱང་གང་ཞིག་མཐོང་བ་ལས་གཞན་ལ་ཡང་འཇུག་པ་མི་སླུ་བ་ལ་བརྟེན་པར་འགྱུར་བ་འདི་ནི་མཚན་ཉིད་ཅི་ཞིག་ཡིན་ཞེས་བྱ་བ་ཙམ་བསམ་པར་བྱ་བ་ཡིན་ནོ། །དེ་ལྟར་རང་རིག་པ་ཉིད་དོན་དམ་པའི་ཚད་མ་ཡིན་ལ། གཞན་ནི་ཀུན་རྫོབ་པ་ཉིད་ཡིན་པ། དེ་ལྟ་ན་ཡང་ཀུན་
རྫོབ་ལ་བརྟེན་ནས། མཚན་ཉིད་བྱས་པར་བསྟན་ཞིང་འཁོར་བ་དང་མྱ་ངན་ལས་འདས་པའི་རྣམ་པར་གཞག་པ་ཡང་ཆ་ཙམ་བསྟན་པ་ཡིན་ནོ། །གང་དག་ཚད་མ་དང་ཅིག་ཤོས་ཀྱི་རྣམ་པར་གཞག་པ་དེ་ཁོ་ན་ཉིད་ཡིན་པར་སེམས་ཤིང་། ཐ་སྙད་ལས་ནི་ཞེས་བྱ་བ་ཡང་ཕྱིས་ཀྱི་དོན་བྱེད་

པའི་ཤེས་པས་སོ་ཞེས་འཆད་པར་བྱེད་པ་དེ་དག་ལ་རིགས་པ་དང་འགལ་བ་དེ་ནི་རེ་ཞིག་བསྟན་པ་ཡིན་ནོ། །བསྟན་བཅོས་དང་འགལ་བ་བསྟན་པའི་དོན་དུ་བརྗོད་པ་ནི། གཞན་ཡང་ཞེས་བྱ་བའོ། །སྔར་གྱི་རང་ལས་རང་གི་ངོ་བོ་རྟོགས་ཞེས་བྱ་བ་ནི་
དོན་དམ་པའི་ཚད་མ་བསྟན་ནས། ཐ་སྙད་ལས་ནི་ཚད་མ་ཉིད་ཅེས་ཐ་སྙད་པའི་ཚད་མ་སྟོན་པ་ན། དོན་དམ་པར་ཇི་སྐད་བཤད་པ་རང་རིག་པ་གཅིག་ཉིད་ཚད་མ་ཡིན་གྱི་ཡུལ་གཞན་དང་ལྡན་པ་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །གལ་ཏེ་གཉི་ག་དོན་དམ་པ་པ་ཡིན་ན། དེའི་ཚེ་
ཉེས་པ་ཅིར་འགྱུར་ཞེ་ན། འདི་ལྟར་ཞེས་གསུངས་སོ། །གལ་ཏེ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །དེ་ལྟར་འགྲེལ་པ་དང་འགྲེལ་བཤད་ལ་སོགས་པའི་ལུགས་བསལ་བས་ཇི་ལྟར་ཐ་སྙད་ལས་ཚད་མ་ཡིན་པ་དེ་ལྟ་བུ་ཉིད་ཉེ་བར་སྡུད་པ་ནི། དེའི་ཕྱིར་ཞེས་བྱ་
བའོ། །རྗེས་སུ་དཔག་པའི་རྟེན་ནི་རྒྱུ་སྟེ། གང་ཞིག་སྔར་དེ་ལྟ་བུར་གྱུར་པ་དེ་ནི་དོན་བྱ་བ་བྱེད་པ་ཡིན་ནོ་ཞེས་ཁྱབ་པར་འཛིན་པར་བྱེད་པའི་མཚམས་སྦྱོར་ཏེ་དེ་ཡང་ཐ་སྙད་དེ་ཙམ་གྱིས་གྲུབ་པ་ཡིན་ནོ། །མངོན་སུམ་གྱིས་གཟུང་བ་ལ་མཚམས་སྦྱོར་བ་ཡིན་ན། མངོན་སུམ་ལ་
ནི་དངོས་པོ་ལ་བརྟེན་པའི་བྱེད་པ་དེ་ལྟ་བུ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་སྒྲོ་འདོགས་པས་མཚམས་སྦྱོར་བ་ནི་ཐ་སྙད་པ་ཉིད་དོ། །དེས་ན་ཐ་སྙད་ཙམ་གྱིས་གྲུབ་པའི་རྗེས་སུ་དཔག་པའི་རྟེན་མཚམས་སྦྱོར་བས་རབ་ཏུ་གྲུབ་པའི་འབྲེལ་པ་ལ་བརྟེན་ནས་ཏེ། འབྲེལ་པ་ཁས་བླངས་ནས་
ཕྱིས་དེ་འདྲ་བའི་དངོས་པོ་མཐོང་བ་ན་ཕྱོགས་ཀྱི་ཆོས་ཉིད་གཟུང་བའི་ཕྱིར། དོན་བྱ་བ་སྒྲུབ་པ་དེ་ནི་འདི་ཡིན་ནོ་ཞེས་བྱ་བའི་རྣམ་པ་ཅན། དོན་བྱ་བ་དེ་གྲུབ་པར་བྱེད་པ་ཡིན་ཏེ། དེ་དང་འདྲ་བ་ཡིན་པའི་ཕྱིར་སྔ་མ་བཞིན་ནོ་ཞེས་དེའི་རང་བཞིན་རྗེས་སུ་དཔོག་པས་རྟོགས་པ་པོ་འཇུག་
པ་ཡིན་ནོ། །ཇི་ལྟ་བུར་གྱུར་པས་ཤེ་ན། གཟུགས་ཙམ་མཐོང་བས་རེག་བྱ་ལ་སོགས་པའི་ཚོགས་པའི་དོན་བྱ་བ་སྒྲུབ་པ་རྟོགས་པ་ན་ཞེས་བྱ་བ་རྣམ་པར་གནས་པ་ནའོ། །དེ་བཞིན་དུ་རྗེས་སུ་དཔག་པ་གཞན་ལ་ཡང་བལྟ་བར་བྱ་སྟེ། འབྲེལ་པ་ལ་ལྟོས་པའི་ཕྱིར་རོ། །དེ་ལྟར་རྗེས་

སུ་དཔག་པ་ལ་ཐ་སྙད་ལ་གཞོལ་བ་ཡིན་ནོ་ཞེས་བསྟན་ནས། མངོན་སུམ་ལ་བཤད་པའི་ཕྱིས་ནི་ཞེས་བྱ་བའོ། །སྔར་རྩྭ་ཙམ་འགུགས་ཀྱང་མི་ནུས་སོ་ཞེས་བྱ་བ་ནི་དོན་དམ་པར་བརྗོད་པ་ཡིན་ལ། ཐ་སྙད་དུ་ནི་འཇུག་པར་བྱེད་པ་ཉིད་ཡིན་པར་བརྗོད་དོ། །ཁྱབ་པ་འཛིན་པ་ལ་
ཤིན་ཏུ་གསལ་བའི་མངོན་སུམ་ཉིད་སྒྲུབ་པར་བྱེད་པ་ཡིན་གྱི་མི་གསལ་ན་ནི་ཁྱབ་པ་འཛིན་པར་བྱེད་པ་ཉིད་དུ་བསམ་པར་མི་བྱ་སྟེ། རྗེས་སུ་དཔག་པ་མི་འཇུག་པའི་ཕྱིར་རོ། །དེ་འཇུག་ན་ཡང་ཐུག་པ་མེད་པ་ལ། ལྡོག་པ་ལ་གནོད་པར་བྱེད་པའི་རྗེས་སུ་དཔག་པ་ལ་ནི་ཁྱབ་བྱེད་མི་
དམིགས་པའི་སྟོབས་ཀྱིས་ཁྱབ་པ་འཛིན་ལ། ཁྱབ་པར་བྱ་བ་དང་ཁྱབ་པར་བྱེད་པའི་དངོས་པོ་ཡང་མངོན་སུམ་ལས་ཡིན་པའི་ཕྱིར་ཐུག་པ་མེད་པ་མ་ཡིན་ནོ། །དཀའ་བའི་ཕྱིར་བཤད་ཟིན་པའི་དོན་ཉིད་དམན་པ་ལ་རྩོད་པའི་སྒོ་ནས་གསལ་བར་བྱ་བའི་དོན་དུ། གལ་ཏེ་ཡང་ཞེས་སྨོས་སོ། །
གཞན་གྱི་ལྟ་བར་བྱ་བ་ཡང་དམིགས་པ་མ་ཡིན་ནོ་ཞེས་འབྲེལ་ཏོ། །གྲུབ་པའི་མཐའ་གསུངས་པ་ནི་འདི་ལ་ཞེས་བྱ་བ་ལ་སོགས་པ་སྟེ། ཚད་མ་ནི་རྟོགས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཚད་མའི་ཚུལ་ཅི་ཡིན་ཞེ་ན། གཞན་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གཟུགས་ལ་སོགས་པའི་ཚོགས་ལ་ཡན་ལག་ཅན་དང་། གནས་སྐབས་ཅན་ཀུན་དུ་བརྟགས་པ་ནི་ཐ་སྙད་དུ་གཅིག་པ་ལས་ཡིན་ནོ་ཞེས་ལབ་ལོབ་པའི་ལྔ་པའོ། །གཅིག་ཉིད་ལ་བརྟེན་ནས་དེའི་ཡུལ་ཅན་གྱི་ཤེས་པ་ཚད་མར་རྣམ་པར་གཞག་གོ་ཞེས་བྱ་བའི་དོན་ཏོ། །གཟུགས་
ལ་སོགས་པ་ཚོགས་པའི་རྫས་ལ་གཅིག་ཉིད་དུ་ཐ་སྙད་བྱེད་པ་ཡང་། ཡུལ་ལ་སོགས་པ་གཅིག་པའི་ཕྱིར་རོ། །སོགས་པའི་སྒྲས་ནི་དུས་བཟུང་ངོ་། །འདི་ནི་ཞེས་བྱ་བ་ནི་རྣམ་པར་འགྲེལ་པ་སྟེ། འདི་ཡང་སྔར་བཤད་ཟིན་ཏོ་ཞེས་བྱ་བའི་ཐ་ཚིག་གོ། །ཡན་ལག་ཅན་དང་
གནས་སྐབས་ཅན་མེད་པའི་ཕྱིར་ཅི་ལྟར་གཅིག་ཉིད་དུ་ངེས་ཤེ་ན། གཅིག་ཉིད་དུ་གྱུར་པ་ཞེན་པ་དེ་ཡང་ཞེས་གསུངས་སོ། །ཡུལ་དང་དུས་ལ་སོགས་པ་ཐ་མི་དད་པ་དེ་ཉིད་ཇི་ལྟར་ཞེ་ན། དེ་ཐ་མི་དད་པ་ཡང་ཞེས་བྱ་བའོ། །གཟུགས་ལ་སོགས་པ་ཚོགས་པའི་ཡུལ་དང་དུས་ལ་

སོགས་པ་ཐ་དད་པ་མེད་པ་པ་ཡང་དོན་དམ་པ་པ་ནི་མ་ཡིན་གྱི། འོན་ཀྱང་གཟུགས་ལ་སོགས་པའི་ཚོགས་ལ། ནུས་པའི་ཚོགས་པ་སྐྱེད་པར་བྱེད་པ་ཡིན་ནོ་ཞེས་བྱེད་པ་པོའི་དྲུག་པའོ། །དེ་བཞིན་དུ་བྱུང་བ་དང་འབྱུང་བར་འགྱུར་བ་དག་ཀྱང་གཅིག་
ཉིད་དུ་མངོན་པར་རློམ་པ་ཡིན་ནོ་ཞེས་འབྲེལ་ཏེ། །འདི་ལ་གཏན་ཚིགས་གཉིས་བརྗོད་པ་ནི་རྒྱུད་གཅིག་ཏུ་གཏོགས་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པའོ། །དེ་བཞིན་དུ་ཁྱབ་པ་འཛིན་པ་ལ་སོགས་པར་དེ་མ་ཡིན་པ་ལས་ལྡོག་པ་བྱས་པ་གཅིག་ཏུ་རློམ་པ་རྟོགས་པར་བྱའོ། །འདོད་
པ་གཞན་འགོད་པར་བྱ་བའི་ཕྱིར། འདྲི་བར་བྱེད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དེའི་ཚེ་ནི་རྒྱུ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ལ་སྒྲུབ་པར་བྱེད་པའི་ཤེས་པ་དོན་བྱ་བའི་རྒྱུ་ནི་མ་ཡིན་ཏེ་བསྒྲུབ་པར་བྱ་བའི་ཤེས་པ་མེད་ཀྱང་དོན་བྱ་བ་དམིགས་པའི་ཕྱིར་རོ་སྙམ་དུ་བསམས་
པའོ། །རྣམ་པར་རྟོག་པ་གཉིས་པ་བཀོད་ནས་སུན་འབྱིན་པ་ནི། འོ་ན་ཞེས་བྱ་བ་ལ་སོགས་པའོ། །སྒྲུབ་པར་བྱེད་པའི་ཤེས་པ་དེ་ནི་དོན་བྱ་བའི་ཤེས་བྱེད་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བསྲེག་པ་ལ་སོགས་པའི་དོན་བྱ་བ་སྒྲུབ་པ་དེ་ལ་ཐེ་ཚོམ་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་ཐེ་
ཚོམ་ཟ་ཞེ་ན། དོན་བྱ་བ་ནི་རྒྱུ་གཞན་ལ་ལྟོས་པས་རེས་འགའ་བ་ཡིན་པའི་གཏན་ཚིགས་ཀྱི་ཕྱིར་རོ། །ལན་གཉི་ག་རིམ་གྱིས་འཆད་པ་ནི། སྒྲུབ་པར་བྱེད་པའི་ཞེས་བྱ་བ་ལ་སོགས་པ་དང་། གལ་ཏེ་ཤེས་པ་དེ་ཡང་ཚད་མ་མ་ཡིན་པ་ཉིད་ཡིན་པ་དེའི་ཚེ། སྐྱེད་བྱེད་ཉིད་དང་ཤེས་བྱེད་
ཉིད་ཉམས་ཀྱང་། ཅུང་ཟད་ཀྱང་མི་གནོད་པ་ཞིག་ན། ཤེས་པ་དེ་ཚད་མ་མ་ཡིན་པ་ཡང་མ་ཡིན་ཏེ། དེའི་ཕྱིར་ཅི་ལྟར་ཚད་མ་དོན་བྱ་བའི་ཐོབ་པར་བྱེད་པ་ཡིན་ཞེས་བྱ་བ་ལ་ལྟོས་པར་བྱ་སྟེ། དོན་གྱིས་མི་སྟོང་ཡང་དོན་བྱ་བའི་ཐོབ་པར་བྱེད་པ་ཉིད་དུ་མི་འཐད་ན། འདི་ཐ་སྙད་
བྱེད་པ་པོ་རྣམས་ལ་ཉེ་བར་མཁོ་བ་ཅི་ཡོད་ཅེས་བྱ་བའི་དོན་ཏོ། །འདི་ལ་སྨྲས་པ་ཞེས་བྱ་བ་ནི་བྲམ་ཟེ་ཨ་རྩ་ཏའི་ལུགས་སོ། །དེ་ཚད་མ་མ་ཡིན་པ་མ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཤེས་པ་དེ་ནི་ཚད་མ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དོན་བྱ་བ་ལ་ཐེ་ཚོམ་ཟ་བའི་ཕྱིར། སྒྲུབ་

པའི་ཤེས་པ་ཅི་ལྟར་ཚད་མ་ཡིན་ཞེ་ན་ངེས་ཕྱིར་ཞེས་གསུངས་སོ། །ཐབས་ལས་བྱུང་བ་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པར་འགྲེལ་པའོ། །དེ་ལ་ཐེ་ཚོམ་ཞེས་བྱ་བ་ལ་ནི་ཐབས་ལས་བྱུང་བ་ལའོ། །གང་གི་དོན་དུ་ཞེས་བྱ་བ་ནི་མངོན་པར་འདོད་པ་གྲུབ་པའི་རང་བཞིན་གྱི་
དོན་ཏེ། དགོས་པ་གང་ལ་ཡོད་པའི་ཚད་མ་ཚོལ་བའི་རྩོམ་པ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་མ་གྲུབ་ཅེ་ན་ཞེས་བྱ་བ་ནི། གལ་ཏེ་མངོན་པར་འདོད་པའི་དོན་གྲུབ་པ་མ་གྲུབ་པ་ཉིད་ཡིན་ན། དེའི་ཚེ་དོན་བྱ་བའི་རང་བཞིན་གྱི་བསྒྲུབ་བྱ་དང་འབྲེལ་པ་མ་གྲུབ་པ་སྟེ། མ་
ངེས་པའི་དོན་གང་ཡིན་པ་དེ་ཅི་ལྟར་དོན་བྱ་བའི་སྒྲུབ་པར་བརྗོད་དེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་བཞིན་དུ་སྒྲུབ་བྱེད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཚད་མ་འདི་ལས་ཞེས་བྱ་བ་ལ་སོགས་པའི་རྣམ་པར་འགྲེལ་པའོ། །འོན་ཏེ་ཚད་
མ་དེས་དོན་སྒྲུབ་པའི་དངོས་པོ་བསྟན་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་ཚིག་ཙམ་ཉེ་བར་བཀོད་པ་དོན་བྱ་བ་དང་དེའི་སྒྲུབ་པར་བྱེད་པ་དག་ལ། འགལ་བའི་ཐེ་ཚོམ་མ་སྤངས་པའི་ཕྱིར་ངེས་པར་བྱེད་པ་ཉིད་ཉམས་སོ། །འདི་ནི་ཚད་མའི་ཉེས་པ་མ་ཡིན་ནོ་ཞེས་བྱ་བ་ནི་དམ་བཅའ་བ་ཙམ་སྙིང་པོ་
ཡིན་ནོ་ཞེས་བསམས་ནས། གལ་ཏེ་ཤེས་བྱེད་མ་ཡིན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེའི་ཕྱིར་གཞན་དུ་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་རང་གི་ལུགས་ཏེ། ཐེ་ཚོམ་ཁས་བླང་བས་ནི་མ་ཡིན་གྱི། ངེས་པ་ཉིད་ཀྱིས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་ཚད་མ་ཉིད་ཡིན་
ནོ་ཞེས་བྱ་བ་ནི་སྒྲུབ་པར་བྱེད་པའི་ཤེས་པ་ནིའོ། །དོན་བྱ་བའི་རང་བཞིན་ལ་ཐེ་ཚོམ་ཟ་བའི་ཕྱིར་ཚད་མར་ཅི་ལྟར་རྟོགས་སྙམ་དུ་དོགས་ན། དོན་བྱ་བའི་རང་བཞིན་ཞེས་གསུངས་ཏེ། ངེས་པ་ཡིན་གྱི་ཐེ་ཚོམ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དོན་བྱ་བའི་རང་བཞིན་འབྱུང་བར་
འགྱུར་བ་ཡིན་པའི་ཕྱིར་ཅི་ལྟར་ངེས་ཤེ་ན། དེ་བདག་ཅེས་བྱ་བ་གསུངས་སོ། །དོན་བྱ་བ་དེའི་བདག་ཉིད་རང་གི་ངོ་བོ་སྒྲུབ་པར་བྱེད་པའི་ཤེས་པ་གང་ལ་ཡོད་པ་དེ་ལ་དེ་སྐད་བརྗོད་དེ། དེའི་དངོས་པོ་ནི་དེ་བདག་གོ། །འབྱུང་བར་འགྱུར་བའི་དོན་བྱ་བའི་རང་བཞིན་དེ་ལ་དེ་སྐད་ཅེས་

བྱའོ། །དེ་དག་གི་མཐུ་ནི་ནུས་པ་སྟེ་ངེས་སོ། །སྔར་བསྒྲུབ་པར་བྱ་བའི་ཤེས་པ་ལ་དོན་བྱ་བ་བྱེད་པ་ཉིད་དམ། དོན་བྱ་བ་བྱེད་པའི་རང་བཞིན་ལས་བྱུང་བ་ཉིད་དུ་ངེས་པར་རྟོགས་པ་ཡིན་ཏེ། སྒྲུབ་པར་བྱེད་པའི་ཤེས་པའི་འོག་རོལ་དུ་ངེས་པར་
དོན་བྱ་བའི་རང་བཞིན་མཐོང་བའི་ཕྱིར་རོ། །དེས་ན་སྒྲུབ་པར་བྱེད་པའི་ཤེས་པ་ལ། གང་ཞིག་དེ་ལྟ་བུར་གྱུར་པ་དེ་ནི་དོན་བྱ་བ་བྱེད་པའམ། འབྱུང་བར་འགྱུར་བའི་དོན་བྱ་བའི་རང་བཞིན་ལ་མི་འཁྲུལ་པ་ཡིན་ཏེ། དཔེར་ན་སྔར་མཐོང་བའི་སྒྲུབ་པར་བྱེད་པའི་ཤེས་པ་བཞིན་ནོ། །
འདི་ཡང་དེ་ལྟ་བུ་ཡིན་ནོ་ཞེས་དེའི་བདག་ཉིད་དང་དེ་ལས་བྱུང་བ་ལ་ལྟོས་ནས་ཚད་མར་ངེས་པ་ཡིན་ཏེ། འདི་ནི་འདིའི་འགྲེལ་པར་གསལ་ལོ། །འདི་ལྟ་བུའི་རིགས་ཅན་ཉིད་ཀྱིས་རྗེས་སུ་དཔག་པ་གཉིས་ནི་འཇིག་རྟེན་ཕ་རོལ་གྲུབ་པར་ཡང་འཆད་པར་འགྱུར་རོ། །དོན་བྱེད་པའི་
ཤེས་པ་གང་ཡིན་པ་ཞེས་བྱ་བ་ལ་སོགས་པ་ནི་བཤད་པ་ལ་འཇུག་པ་ཙམ་ཡིན་ཏེ། རྩོད་པའི་གནས་མ་ཡིན་པའི་ཕྱིར་རོ། །འཆད་པ་ཉིད་ནི་སྔར་གྱི། སྒྲུབ་པར་བྱེད་པའི་ཤེས་པ་ནི། །ཞེས་བྱ་བ་སྟེ། དོན་བྱེད་པ་རྟོགས་པར་བྱེད་དོ་ཞེས་བྱ་བ་འབྲེལ་ཏོ། །གང་གི་ཚེ་ཞེ་ན། སྨྲས་
པ་ནི་གང་གི་ཚེ་ཞེས་བྱ་བ་ནས་དེའི་ཚེ་ཞེས་བྱ་བའི་བར་རོ། །རྣལ་འབྱོར་པ་ལ་སོགས་པས་བཤིག་པའི་ཕྱིར་རྨི་ལམ་དུ་མཐོང་བཞིན་དུ་དོན་མི་བརྟན་པ་གང་ཡིན་པ་དེ་ནི་དོན་བྱ་བ་བྱེད་པ་མ་ཡིན་པའི་ཕྱིར་དེའི་ཤེས་པ་ཚད་མ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །ཤེས་པ་མེད་
པར་ནི་དོན་གྱི་དོན་བྱེད་པ་གོ་བར་བྱེད་པ་མ་ཡིན་པའི་ཕྱིར་ཤེས་པ་གོ་བར་བྱེད་པ་ཡིན་ནོ་ཞེས་བརྗོད་པ་ཡིན་ནོ། །ཡང་ཅིའི་ཕྱིར་དོན་བྱ་བ་གོ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོགས་པ་སེལ་བར་བྱེད་པ་དེའི་བདག་ཉིད་ཀྱི་མཐུ་ལས་བྱུང་བ་ཞེས་བྱ་བ་རྣམ་པར་འགྲེལ་པ་ནི་སྔ་མའི་རང་
བཞིན་ནི་ཞེས་བྱ་བའོ། །གདོན་མི་ཟ་བར་སྐྱེ་བར་བྱེད་པའི་ཕྱིར་ཞེས་བྱ་བ་ནི་ཡོངས་སུ་རྫོགས་པར་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཐོབ་པ་ཡིན་ནོ་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་དོན་ཐོབ་པའོ་ཞེས་བྱ་བའི་དོན་ཏོ། །འདིས་དོན་བྱ་བ་བྱེད་པའི་བདག་ཉིད་ཅན་ཡིན་པའི་

ཕྱིར། དོན་བྱ་བ་བྱེད་པ་ཉིད་གོ་བར་བྱེད་པ་ན། དོན་བྱ་བ་བྱེད་པའི་གོ་བྱེད་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དངོས་སུ་ན་ཞེས་བྱ་བ་ནི་དེ་བས་ཀྱང་དམན་པའི་ཐ་སྙད་ལ་ལྟོས་པས་ཐ་སྙད་ཉིད་ལ་གནས་ནས་བརྗོད་པ་ཡིན་ནོ་དེས་ན་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མའི་རང་བཞིན་དག་
གཅིག་པའི་ཕྱིར། སྔ་མ་དང་ཕྱི་མའི་ཤེས་པ་དེར་ཡང་དེའི་བདག་ཉིད་ཁོ་ན་སྟེ། རྣམ་པར་ཤེས་པའི་ཡུལ་གྱི་རྗེས་སུ་བྱེད་པའི་ཕྱིར་རོ། །དེས་ན་ཡུལ་བཞིན་དུ་ཤེས་པ་གཉིས་ཀྱང་དེའི་བདག་ཉིད་རིགས་པ་ཁོ་ནའོ། །གལ་ཏེ་དོན་བྱ་བ་འཛིན་པ་ཞེས་བྱ་བ་ཉམས་སུ་མྱོང་བས་གནོད་
པ་མ་ཡིན་ནམ། དོན་བྱ་བ་ཉམས་སུ་མྱོང་ན་ཡང་ཡོད་པ་ཉིད་དུ་འགྱུར་ལ། དེས་ན་དེའི་དོན་དུ་འཇུག་པ་ཡང་མི་རིགས་པར་འགྱུར་རོ་ཞེ་ན། བརྗོད་པ་དེ་ཁོ་ན་ཉིད་དུ་དོན་བྱ་བ་མངོན་སུམ་དུ་བྱ་བར་མི་སྨྲ་བས་གང་གིས་ཉེས་པ་འདིར་ཐལ་བར་འགྱུར། འོན་ཀྱང་འཛིན་
པ་རྣམ་པར་གཞག་པ་ཡིན་ནོ། །དེ་ལ་ཇི་ལྟར་ཁྱབ་པ་འཛིན་པའི་དུས་ན་མངོན་སུམ་རང་གི་མཚན་ཉིད་ཀྱི་སྐད་ཅིག་འཛིན་པ་ཡིན་ཡང་། སྤྱིའི་རྣམ་པར་རྟོག་པའི་དབང་གིས་སྤྱིའི་ཡུལ་ཅན་ཉིད་དུ་རྣམ་པར་གཞག་པ་བཞིན་ནམ། ཅི་ལྟར་གཟུགས་ཙམ་མཐོང་བ་ན།
བདག་གིས་བུམ་པ་མཐོང་ངོ་སྙམ་པའི་རྣམ་པར་རྟོག་པའི་དབང་གིས་རེག་པ་ལ་སོགས་པ་དང་ལྷན་ཅིག་པའི་གཟུགས་འཛིན་པ་ཉིད་དུ་རྣམ་པར་གཞག་པ་དེ་བཞིན་དུ་སྒྲུབ་པར་བྱེད་པའི་མངོན་སུམ་ལ་ཡང་དེའི་དོན་བྱ་བ་བདག་གིས་མཐོང་ངོ་སྙམ་པའི་རྣམ་པར་རྟོག་པའི་
དབང་གིས་དོན་བྱ་བ་འཛིན་པར་རུང་བའི་དངོས་པོ་གཟུང་བ་ཉིད་དུ་རྣམ་པར་འཇོག་པས་དོན་བྱ་བ་འཛིན་པར་རྣམ་པར་གཞག་པ་ལས་ཇི་ལྟར་འདའ། གཞན་ཡང་མཐོང་བཞིན་པ་འདི་ཉིད་ནི་དོན་བྱ་བ་བྱེད་པ་མ་ཡིན་གྱི། འོན་ཀྱང་འབྱུང་བ་དང་བྱུང་བར་འགྱུར་བ་ཡང་ཡིན་ནོ། །དེ་ལ་འདས་
པ་ནི་འཇུག་པའི་ཡུལ་མ་ཡིན་ལ། འབྱུང་བར་འགྱུར་བར་ཡང་མ་མཐོང་བའི་ཕྱིར་སྒྲུབ་པར་བྱེད་པ་ཡང་ཇི་ལྟར་ངེས། ད་ལྟར་བ་དང་གཞན་དག་གཅིག་ཉིད་དུ་སྒྲོ་བཏགས་པའི་ཕྱིར་རོ་ཞེ་ན། དེ་ལྟ་ན་ནི་འོ་ན་དེའི་དོན་བྱ་བ་བྱེད་པའི་རང་བཞིན་ཉིད་དེར་སྒྲོ་བཏགས་པ་ཡིན་ལ། དེ་ཡང་

དོན་བྱ་བ་ལ་མི་ལྟོས་པ་ཡིན་ནོ། །འབྱུང་བར་འགྱུར་བའི་རང་བཞིན་གྱིས་སྟོང་ན་ནི་ད་ལྟར་བ་འབའ་ཞིག་ཏུ་གཟུང་བར་འགྱུར་གྱི་གཞན་སྒྲོ་བཏགས་པ་ནི་མ་ཡིན་ནོ། །དེའི་ཕྱིར་དོན་བྱ་བ་དང་ལྷན་ཅིག་པ་ཉིད་སྒྲོ་བཏགས་པ་ཡིན་ནོ། །སྒྲོ་བཏགས་པས་འཛིན་པ་རྣམ་
པར་གཞག་པ་ན་ཡང་དོན་བྱ་བ་འཛིན་པ་རྣམ་པར་གཞག་པ་ན་ཡང་ནན་གྱིས་འོངས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་ཡང་དེ་བྱེད་པར་མཐོང་བ་ལ་དོན་བྱ་བ་མཐོང་ངོ་ཞེས་ངེས་པ་མེད་པ་ཡིན་ནམ་ཞེ་ན། དེ་ལྟ་ན་ནི་འོ་ན་བུམ་པ་ལ་ཡང་གཟུགས་དམིགས་པ་ནི་རེག་པ་ལ་སོགས་པ་དམིགས་
པ་ནི་མ་ཡིན་ནོ་ཞེས་བྱ་བའི་ངེས་པ་མ་མཐོང་ངམ། ཅི་འོན་ཀྱང་བུམ་པ་མཐོང་ངོ་སྙམ་པའི་རྣམ་པར་རྟོག་པ་ལས་ལྷག་མ་མཐོང་བར་རྣམ་པར་གཞག་པ་འབའ་ཞིག་ཏུ་ཟད་དོ། །སྐབས་ལ་ཡང་དོན་བྱ་བ་བྱེད་པ་མཐོང་ངོ་སྙམ་པའི་རྣམ་པར་རྟོག་པ་ལས་དོན་བྱ་བའི་མཐོང་བ་རྣམ་པར་གཞག་
པའི་ཕྱིར་ཁྱད་པར་མེད་དོ། །གལ་ཏེ་དོན་བྱ་བ་ངེས་ན་རེས་འགའ་ཇི་ལྟར་མི་ཐོབ་ཅེ་ན་སྒྲུབ་པར་བྱེད་པ་ལ་ཡང་རེས་འགའ་མི་འཐོབ་པ་ཉིད་མཚུངས་སོ། །ཅི་སྟེ་སྒྲུབ་པར་བྱེད་པ་ནི་ཡོད་པ་ཉིད་འགའ་ཞིག་གི་བཤིག་པའམ་མ་ཞུགས་པས་མ་ཐོབ་པར་ཟད་ཀྱི། འཇིག་པ་ལ་སོགས་པ་མེད་ན་ནི་
ཐོབ་པ་ཁོ་ནའོ། །དོན་བྱ་བ་ནི་བཤིག་པ་ལ་སོགས་པ་མེད་ཀྱང་ཐོབ་པར་མི་འགྱུར་ཏེ། མ་སྐྱེས་པ་རང་ཉིད་མེད་པའི་ཕྱིར་རོ་ཞེ་ན། སྒྲུབ་པར་བྱེད་པ་ཡང་དེ་ཁོ་ན་ཉིད་དུ་འབྱུང་བར་འགྱུར་བའི་རང་བཞིན་ཉིད་ཡིན་པའི་ཕྱིར་འཇུག་པ་མེད་པ་དང་། འཇིག་བྱེད་ལ་སོགས་པ་མེད་ཀྱང་སྒྲུབ་པར་
བྱེད་པ་མ་སྐྱེས་པས་རང་ཉིད་མེད་པའི་ཕྱིར་མི་འཐོབ་པ་མ་ཡིན་ནམ། འབྱུང་བར་འགྱུར་བའི་སྒྲུབ་པར་བྱེད་པའི་རང་བཞིན་ཡོད་ཀྱང་དོན་བྱ་བ་མེད་པར་མི་ནུས་ཏེ། སྒྲུབ་པར་བྱེད་པ་ཉིད་མེད་པའི་ཕྱིར་ད་ལྟར་བཞིན་ནོ། །དེའི་ཕྱིར་དོན་བྱ་བ་དང་དེ་བྱེད་པ་གཉི་ག་རྟོགས་པར་རྣམ་པར་
གནས་པས། ད་ལྟར་བའི་ཤེས་པ་ཉིད་དུ་མ་འོངས་པ་རྗེས་སུ་ཞུགས་པ་ཡིན་ཏེ། ཡུལ་ལ་ཡུལ་བཞིན་ནོ་ཞེས་བྱ་བར་གནས་སོ། །འོ་ན་རྒྱུ་རྟོགས་པར་ཡང་འབྲས་བུའི་རྟོགས་པ་འདུས་པར་འགྱུར་རོ་ཞེ་ན། ཐ་སྙད་ལ་ལྟོས་ནས་དེ་ནི་དེ་ཁོ་ན་ལྟར་ཡིན་ནོ། །འོན་ཀྱང་རྒྱུ་རྟོགས་ན་འབྲས་བུ་

མངོན་དུ་བྱས་པ་ཉིད་དུ་ནི་མི་འདོད་དེ་མང་དུ་བརྗོད་པས་ཆོག་གོ། །དེ་ལས་འབྱུང་བའི་མཐུ་ཡིས་ཞེས་བྱ་བ་བཤད་པའི་ཕྱིར་ཡང་ན་ཞེས་སྨོས་སོ། །དེས་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་འབྲས་བུས་སོ། །དེས་ཁྱབ་པའི་ཕྱིར་ཁྱབ་བྱེད་དུ་འགྱུར་མོད་རྒྱུར་གོ་ཅི་ལྟར་འགྱུར་ཞེ་ན་ཐ་དད་
པའི་ཞེས་སྨོས་སོ། །དེ་མེད་པར་ཞེས་བྱ་བ་ནི་འབྱུང་བར་འགྱུར་བའི་འབྲས་བུ་མེད་པར་རོ། །གལ་ཏེ་གང་གི་ཚེ་འབྱུང་བར་འགྱུར་བ་སྐྱེ་བ་དེའི་ཚེ་སྔ་མ་ཡོད་པ་ཉིད་ཡིན་ལ། ཡོད་པ་གང་ཡིན་པ་དེ་ཡང་ལྟོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཅི་ལྟར་འགའ་ཞིག་གིས་སྐྱེད་པར་བྱེད་
པ་ཡིན། གང་གི་ཚེ་འབྱུང་བར་འགྱུར་བ་དེ་སྐྱེས་པ་དེའི་ཚེ་ཡང་། སྔ་མ་དེ་ཞིག་ཟིན་པའི་ཕྱིར། ཇི་ལྟར་དེས་བསྐྱེད་པར་བྱ་བ་ཡིན་སྙམ་དུ་བསམས་ནས། ཕ་རོལ་པོས་མ་སྐྱེས་པ་ལྟར་ཞེས་སྨྲས་སོ། །ལན་དུ་སྐྱེས་པ་ཡང་ཇི་ལྟར་ཞེས་བྱ་བའོ། །དོན་འདི་ཡིན་ཏེ་གལ་ཏེ་
འབྱུང་བར་འགྱུར་བའི་རྒྱུ་སྔར་བྱུང་བའི་འབྲས་བུའི་དུས་ན་མེད་པས་རྒྱུ་མ་ཡིན། དེའི་ཚེ་སྔར་བྱུང་བ་ཡང་འབྲས་བུའི་དུས་ན་མེད་པས་རྒྱུར་མི་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །གཞན་དག་ཁྱད་པར་སྟོན་པ་ནི་གལ་ཏེ་འདི་ཡོད་ན་ཞེས་བྱ་བའོ། །འབྱུང་བར་འགྱུར་བ་ལ་ཡང་ཡོད་པ་
ལ་སོགས་པ་སྲིད་པ་མ་ཡིན་ནམ། དེས་ན་དེ་ཡང་རྒྱུ་ཉིད་དུ་འགྱུར་རོ་སྙམ་ན་འབྱུང་བ་ནི་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེས་བྱེད་པ་ཡང་མ་ཡིན་ཞེས་བྱ་བ་ནི་འབྱུང་བར་འགྱུར་བས་སོ། །གྲུབ་པའི་མཐའ་སྨྲ་བས་ནི་འདི་ལ་ཡང་ཁྱད་པར་མེད་པ་ཉིད་དུ་སྟོན་པ་ནི་ཡོད་དང་
སྐྱེས་གཉིས་ཞེས་བྱ་བའོ། །ཡོད་པའི་སྒྲས་བསྟན་པའི་དོན་འཆད་པ་ནི་འདི་ཡོད་ན་ཞེས་བྱ་བའོ། །འདི་ཡོད་ན་འདི་འབྱུང་ཞེས་སྨྲས་པ་ནི་དངོས་པོའི་རང་བཞིན་དེ་ལས་གཞན་པའི་དེ་ན་སྲིད་པར་འགྱུར་བ་མ་ཡིན་ནོ། །སྐྱེས་པའི་དབང་དུ་བྱས་ནས་བཤད་པ་སྐྱེས་པའང་ཡོད་
པའི་རང་བཞིན་ངོ་བོ་ཉིད་ལས་གཞན་པ་ཡིན་ཞེས་གསུངས་ཏེ། འདི་སྐྱེས་པའི་ཕྱིར་འདི་སྐྱེས་སོ་ཞེས་བརྗོད་པར་ཡང་སྔར་གྱི་ཡོད་པའི་རང་བཞིན་གྱི་དོན་ཡིན་ཏེ། འོན་ཀྱང་བརྗོད་པར་འདོད་པ་ཙམ་ཐ་དད་པར་ཟད་དོ། །དེས་ན་གཉི་ག་ལྟར་ཡང་འདིའི་རང་བཞིན་ཡོད་ན།

འདིའི་རང་བཞིན་འབྱུང་ངོ་ཞེས་བརྗོད་པ་ཡིན་ལ་དེ་ནི་འབྱུང་བར་འགྱུར་བའི་རྒྱུ་ལ་ཡང་མཚུངས་སོ། །ཁྱད་པར་སྨྲ་བའི་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲ་བ་ཡོད་པའི་རང་གི་ངོ་བོ་ཉིད་བསྟན་པར་བྱ་བའི་དོན་དུ་ཅི་ཞེས་འདྲི་བར་
མཛད་དོ། །དེ་ལྟ་ཡིན་མོད་ཅེ་ན་ཞེས་དོགས་པ་བསུ་ནས་ཡུན་རིང་དུ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འོན་ཏེ་བར་ཆོད་པའི་ལུས་ལ་སོགས་པ་ཉིད་རྣམ་པར་རྟོག་པའི་རྒྱུར་འགྱུར་བ་དེས་ན་རྣམ་པར་རྟོག་པ་ལ་དེ་མ་ཐག་ཏུ་འབྱུང་བའི་ཡོད་པ་དང་སྐྱེ་བ་མེད་དོ་
ཞེས་ཅི་སྟེ་བརྗོད་སྙམ་ན་ལུས་ལ་སོགས་པ་ཡང་ཞེས་གསུངས་སོ། །འགྲོ་བཞིན་པ་ན་རྩྭ་ལ་རེག་པའི་ཤེས་པ་ལྟར་གཉིད་མཐུག་པོ་ལོག་པ་ལ་ཡང་། གཉིད་རྩོམ་སྔ་མ་ན་ཡོད་པའི་ཤེས་པ་ལ། ཤེས་པ་ཙམ་སྐྱེས་པ་ཁྱད་པར་མ་ལུས་པ་དང་བྲལ་བའི་ཕྱིར་མ་
ཚོར་བ་མ་ཡིན་ཏེ། དེ་ལས་ནི་རྣམ་པར་རྟོག་པའི་ཤེས་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གང་གི་ཕྱིར་གོམས་པའི་ཁྱད་པར་གྱི་རྗེས་སུ་འགྲོ་བ་དང་། ལྡོག་པའི་རྗེས་སུ་བྱེད་པའི་རྣམ་པར་རྟོག་པའི་ཤེས་པ་ནི་ལུས་ལ་སོགས་པ་བཞིན་དུ་ཁྱད་པར་དེ་དང་འབྲེལ་པའི་སེམས་
ཙམ་ལས་སྐྱེས་པ་མ་ཡིན་ནོ་སྙམ་དུ་དགོངས་པ་ཡིན་ནོ། །ཚིག་ལེའུར་བྱས་པར་སོགས་པའི་སྒྲས་བསྟན་པ། འདི་ནི་འདིར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཕྱོགས་ཉེ་བར་བཟུང་ནས་བརྗོད་པ་ནི་བྱེད་པ་ཡང་ཞེས་བྱ་བའོ། །དེས་ན་འདི་འདིར་བྱེད་དོ་ཞེས་བྱ་བས་ནི་འདིའི་རང་གི་ངོ་བོ་ཉེ་
བར་གནས་ན། འདིའི་རང་གི་ངོ་བོ་ཉེ་བར་གནས་པ་ཡིན་ནོ་ཞེས་བསྟན་པས་སྔ་མ་ལས་ཐ་དད་པ་མེད་དོ། །དེ་ཉིད་སྨྲས་པ་ནི་རང་གི་ངོ་བོ་ལས་རང་གི་ངོ་བོ་ཞེས་བྱ་བ་ཡིན་ནོ། །གལ་ཏེ་དེ་ལྟ་ན་ཡང་རང་གི་ངོ་བོ་ལས་ཞེས་བྱ་བའི་ལྔ་པས། གལ་ཏེ་རང་གི་ངོ་བོ་གཉིས་དུས་གཅིག་
གི་ཚེ་ཉེ་བར་འདོད་ན། དེའི་ཚེ་ཁྱེད་ལ་ཡང་མི་འདོད་པ་གྲུབ་པོ་ཞེས་བསྟན་པ་ནི། འབྲས་བུའི་དུས་སུ་ནི་ཞེས་བྱ་བ་ལ་སོགས་པའོ། །ཅི་སྟེ་རིགས་པའི་སྟོབས་ཀྱིས་ལྔ་པ་འདི་ནི་མེད་ན་མི་འབྱུང་བ་སྟོན་པ་ཡིན་ན། དེའི་ཚེ་ཁོ་བོའི་ཕྱོགས་ཀྱི་གོ་སྐབས་ཀྱང་ཡོད་དོ་ཞེས་སྟོན་པ་ནི།

མེད་ན་མི་འབྱུང་བ་ཞེས་བྱ་བའོ། །འདིས་ནི་འདི་བྱེད་དོ་ཞེས་བྱ་བ་ཡང་ཚིག་གི་སྡེབ་སྦྱོར་ཙམ་ཡིན་གྱི། བྱེད་པའི་ཕྱོགས་ལས་དོན་གཞན་མ་ཡིན་པ་དེས་ན། འདི་ནི་དེ་ཉིད་ཀྱིས་རྟོགས་སོ། །ཁྱད་པར་སྨྲ་བས་འོན་ཏེ་མཐོང་བ་ཞེས་སྨོས་སོ། །འབྱུང་བ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་
མ་མཐོང་བའི་ཕྱིར་དང་། སྔར་མ་བྱུང་བ་ཞེས་བྱ་བའི་དོན་ཏོ། །མཐོང་བ་ཁྱབ་བྱེད་ཉིད་དུ་ཉེ་བར་བཟུང་ནས། རེ་ཞིག་སུན་འབྱིན་པར་སྨྲས་པ་ནི་མཐོང་བ་རང་གི་ངོ་བོས་ཁྱབ་བྱེད་ཉིད་དུ་རྟོགས་པ་མ་ཡིན་ཏེ། དེའི་ཚེ་འབྲས་བུ་མ་རྟོགས་པའི་ཕྱིར་རོ། །འོན་ཏེ་མཐོང་བ་ལ་སྒྲོ་
བཏགས་པའི་རང་བཞིན་གྱི་འབྲས་བུའི་དུས་སུ་ཁྱབ་པར་བྱེད་པ་ཉིད་དུ་རྟོགས་ན། དེའི་ཚེ་འབྱུང་བར་འགྱུར་བའི་རྒྱུ་ཡང་སྒྲོ་བཏགས་པའི་རང་བཞིན་གྱི་ཁྱབ་བྱེད་ཉིད་དུ་འགྱུར་རོ། །མཐོང་བ་ནི་ཞེས་བྱ་བ་ནི་རྣམ་པར་འགྲེལ་པའོ། །ཕྱེད་ཕྱི་མ་རྣམ་པར་འགྲེལ་པ་ནི་གང་གི་ཚེ་ཞེས་བྱ་
བའོ། །གལ་ཏེ་དེ་ལྟར་བྱུང་བ་དང་འབྱུང་བར་འགྱུར་བའི་དུས་སུ་ཡོད་པ་སྔར་བྱུང་བས་འབྲས་བུ་ཁྱབ་པར་འགྱུར་གྱི་མཐོང་བ་ཕྱིས་འབྱུང་བར་འགྱུར་བས་སོ། །ཅི་ལྟར་ཁྱབ་སྙམ་དུ་དོགས་པ་ན། ཁྱབ་པ་དེ་ནི་ཞེས་གསུངས་སོ། །གཞན་གྱི་མཐོང་བར་འགྱུར་བས་ཞེས་སྨྲས་སོ། །
ལན་དུ་དེའི་ཚེ་ཞེས་བྱ་སྟེ། ཁྱེད་ཀྱི་དྲི་བའི་སྐབས་མེད་དོ། །ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཐོང་བ་ལས་སྐྱེས་ཟིན་པ་ཉིད་དུ་སེམས་པའོ། །མཐོང་བར་འགྱུར་བ་ལ་ཡང་དེ་ཉིད་དོ་ཞེས་བྱ་བ་ནི། རང་གི་དུས་ཀྱི་ཁྱད་པར་ཅན་གྱིས་སོ་སྙམ་དུ་དགོངས་པའོ། །དེའི་ཚེ་ཞེས་བྱ་བ་ནི་གཞན་
གྱིའོ། །འདི་ནི་ཞེས་བྱ་བ་ནི་གྲུབ་པའི་མཐའ་སྟེ། མཐོང་བ་ཡང་དེའི་ཚེ་མེད་པའི་ཕྱིར་རོ། །བསྐྱེད་ནས་གནས་པ་ལ་འགལ་བ་ཅི་ཡོད་སྙམ་ན། དེ་རང་བཞིན་ཉིད་ཀྱིས་ནི་གནས་པ་མ་ཡིན་ཏེ། ཡང་སྐྱེད་བྱེད་ཡིན་པར་ཐལ་བའི་ཕྱིར་རོ། །དེས་ན་རང་བཞིན་དེ་ནི་ཞིག་པ་ཁོ་
ནའོ། །དེ་བཞིན་དུ་སྔར་བྱུང་བ་གང་ཡིན་པ་ཞེས་བྱ་བའི་ཕྱོགས་ཉེ་བར་དགོད་པའི་ནི། སྔ་མ་ཉིད་དོ་ཞེ་ན་ཞེས་བྱ་བ་སྟེ། སྐབས་ཀྱི་རྒྱུ་ཉིད་དོ། །ལན་དུ་སྔ་མ་དང་ཕྱི་མ་ཞེས་བྱ་བ་ལ་སོགས་པའོ། །འདི་ཉིད་གསལ་བར་བྱེད་པ་ནི། གཉི་ག་ཡང་ཞེས་བྱ་བའོ། །ཡང་

ཁྱད་པར་གྱི་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བ་སྟེ། སྔ་མར་མངོན་པར་འདོད་པའོ། །མཐོང་བར་སྒྲོ་བཏགས་པ་ནི་མཐོང་ངོ་སྙམ་དུ་སྒྲོ་བཏགས་པའོ། །མཐོང་བར་འགྱུར་བའི་རང་བཞིན་དུ་ཞེས་བྱ་བ་ནི་མཐོང་བར་འགྱུར་བའོ་སྙམ་དུ་སྒྲོ་
བཏགས་པ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་དེ་ལྟ་ཡིན་པའི་རྒྱུ་ཉིད་ཡོད་པ་ནི་མ་ཡིན་གྱི། འོན་ཀྱང་སྔར་བྱུང་བ་ཁོ་ནའོ་སྙམ་དུ་བསམས་པའོ། །གྲུབ་པའི་མཐའ་སྨྲ་བས་འདི་ཐམས་ཅད་དགོས་པ་མེད་པ་ཉིད་དུ་དགོངས་ནས་ཕན་ཚུན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །
གང་མེད་ན་ཞེས་བྱ་བ་ལ་སོགས་པ་ནི་བཤད་པའོ། །རྒྱུ་གང་ལ་གདོན་མི་ཟ་བར་འབྱུང་བའི་འབྲས་བུ་ཡོད་པའི་རྒྱུ་དེ་ནི་འབྲས་བུ་གདོན་མི་ཟ་བར་འབྱུང་བའི་རྒྱུའོ། །འབྲས་བུ་ཕྱི་མ་ཞེས་བྱ་བ་ལ་སོགས་པ་ནི་གོ་སླའོ། །གཉི་ག་ཡང་ཞེས་བྱ་བ་ནི་སྔ་མ་དང་ཕྱི་མར་འབྱུང་བ་དག་གོ། །
ཁྱབ་པ་དང་ཞེས་བྱ་བ་ལ་སོགས་པའི་ཚིག་རྐང་ཕྱེད་དང་གསུམ་གྱིས་ནི་སྡུད་པའོ། །གང་ཞིག་ཐ་དད་པར་གྱུར་པའི་ཁྱབ་པར་བྱེད་པ་དེ་ཉིད་ནི་རྒྱུ་ཡིན་ཏེ། ཐ་དད་པ་ཉིད་དང་ཁྱབ་པར་བྱེད་པ་ཉིད་གཉིས་རྒྱུའི་རྒྱུ་མཚན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འབྱུང་བར་འགྱུར་བ་རྒྱུར་
སྨྲ་བའི་དགོས་པ་གཞན་ཡང་བརྗོད་པ་ནི། ཕ་རོལ་གྱི་འཇིག་རྟེན་དཔོག་པ་འདི་ལས་ཡིན་ཞེས་བྱ་བ་སྟེ། དེ་ལྟར་ཡང་འཆད་པར་འགྱུར་རོ། །རྒྱུར་གཞག་པའི་རྒྱུ་མཚན་གཞན་ནི་ཞེས་རྟོགས་པར་བྱའོ། །འབྲས་བུ་དང་འབྲས་བུ་གདོན་མི་ཟ་བར་འབྱུང་བའི་རྒྱུ་གང་
ཡིན་པ་དེ་གཉི་ག་ཡང་ངོ་། །གང་གི་ཕྱིར་དེ་ལྟར་འདིར་རིགས་པས་མི་འཐད་པ་མེད་པ་དེའི་ཕྱིར། རིགས་པར་མཐོང་ངོ་ཞེས་བྱ་བར་རིགས་པ་ཉིད་དུ་མཐོང་བས་ཅི་ལྟར་ཡལ་བར་དོར་ཞེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཐམས་ཅད་ཀྱིས་སྤངས་པའི་ཕྱིར། འདིར་ཁྱོད་
ལ་ཕྱོགས་སུ་འཛིན་པས་ཅི་བྱ་འདི་ནི་སློབ་དཔོན་གྱིས་བཤད་པ་ཡིན་ན། འདི་ནི་སློབ་དཔོན་གྱི་བཞེད་པ་ནི་མ་ཡིན་ཏེ། གང་དུ་ཡང་མ་གསུངས་པའི་ཕྱིར་རོ། །དེས་ན་རང་རྒྱུད་ཀྱི་སྐྱོན་བཤད་པ་བྱེད་པ་ལ་སྨོད་པའི་རྒྱུ་ཡིན་སྙམ་ན། རིགས་པ་མཐོང་ངོ་ཞེས་

གསུངས་སོ། །དོན་འདི་ཡིན་ཏེ་དངོས་སུ་མ་བརྗོད་པ་ཙམ་གྱིས་ནི་འདོད་པ་མ་ཡིན་པའམ། དེ་འཆད་པ་རང་དགའི་སྐྱོན་དུ་འགྱུར་བ་མ་ཡིན་ཏེ། རྩ་བར་མ་བརྗོད་པའི་དོན་འཆད་པ་ནི་ཐམས་ཅད་དུ་མཐོང་བའི་ཕྱིར་རོ། །རིང་དུ་འགྲོ་ཡང་ཅི་དགོས་ཏེ། རྣམ་
འགྲེལ་དུ་བཤད་པའི་སྤྲོས་པ་ཐམས་ཅད་གསུང་རབ་ཏུ་དངོས་སུ་མ་གསུངས་པའི་ཕྱིར། བཞེད་པ་མ་ཡིན་པ་དང་། རང་དབང་གི་སྐྱོན་དུ་ཅི་སྟེ་མི་འགྱུར། དེའི་ཕྱིར་རང་གི་ལུགས་ལ་སྒྲུབ་པར་བྱེད་པ་དང་འགལ་བ་མེད་པ་དང་རྣམ་པར་དཔྱད་བཟོད་པ་ཉིད་བླང་
བར་བྱ་བ་ཡིན་པའི་ཕྱིར། ཡོན་ཏན་གསུམ་དང་ལྡན་པས་རིགས་པར་ཞེས་བྱ་བའོ། །འདི་མ་གྲུབ་མ་ཡིན་ནམ། སློབ་དཔོན་དང་འགལ་བའི་ཕྱིར་ཏེ། ཇི་སྐད་དུ། ཕྱིས་འབྱུང་ཕྱིར་ན་རྒྱུ་ཉིད་མིན། །ཞེས་བྱ་བ་དང་། རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་
པའི་ཕྱིར་རོ་ཞེ་ན། འདི་ལ་ཡང་བརྗོད་པར་རིགས་པར་མཐོང་ངོ་ཞེས་བྱ་བ་སྟེ། ཅུང་ཟད་ཀྱང་མི་འགྲིག་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །འདི་ལྟར་ཐ་སྙད་དུ་རབ་ཏུ་གྲུབ། སྔར་འབྱུང་བའི་རྒྱུ་ཉིད་ལ་བརྟེན་ནས་དེ་སྐད་དུ་བརྗོད་དོ། །འབྱུང་བར་འགྱུར་བའི་རྒྱུ་ཉིད་ནི་སྐད་ཅིག་མ་ཉིད་ལ་སོགས་
པ་ལྟར་དངོས་པོ་ཉིད་ཡིན་གྱི་ངེས་ཐ་སྙད་དུ་བྱེད་པ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དེ་དང་དེར་འདི་ཉེ་བར་མ་བཀོད་དེ་གཞན་དག་ཀྱང་། སྔར་བྱུང་བ་རྒྱུར་བསྟན་པ་ཉིད་ཀྱིས་རྟོགས་པར་འགྱུར་བའི་ཕྱིར་ཕྱིས་འབྱུང་བའི་རྒྱུ་ཉིད་མངོན་པར་འདོད་པ་ཡིན་ཡང་མ་བསྟན་ཏོ། །འབྱུང་
བར་འགྱུར་བ་རྒྱུ་ཉིད་དོ་ཞེས་མཐའ་ཡོངས་སུ་དག་པས་རྟོགས་པ་ཡང་མ་ཡིན་ཏེ། གེགས་བྱེད་པ་དང་མ་ཚང་བ་སྲིད་པར་དོགས་པ་ན། ད་ལྟར་བྱུང་བའི་རང་བཞིན་ཉིད་ཀྱིས་ཡོད་པར་མ་ངེས་པའི་ཕྱིར་རོ། །འོ་ན་ཅི་ལྟར་རྒྱུ་ཉིད་ཡིན་ཞེ་ན། གང་ལ་སྔ་མ་དང་ཕྱི་མ་མཐོང་
བ་དེར་རྒྱུ་ཉིད་དུ་རྣམ་པར་གཞག་པ་ཉམས་པ་མེད་ལ། སྔ་མ་ཙམ་མཐོང་བར་ནི་གལ་ཏེ་མཐོང་བར་འགྱུར་ན། དེའི་ཚེ་རྣམ་པར་འཇོག་པར་འགྱུར་བའི་ཕྱིར་སྐྱོན་མེད་དོ། །གཞན་ཡང་སློབ་དཔོན་འབྲས་བུ་མི་དམིགས་པ་དཔེར་བརྗོད་པར་ནུས་པ་ཐོགས་པ་མེད་པའི་རྒྱུ་

འབྲས་བུ་ལ་ངེས་པར་བསྟན་པ་ཡིན་ལ། ཐ་དད་ལ་ངེས་པ་ཡང་རྒྱུ་མ་ཡིན་པ་མེད་པའི་ཕྱིར། གཞལ་བྱ་ཁས་བླངས་ནས། ཚིག་ལ་བརྩིར་ཅི་ཡོད། རབ་ཏུ་གྲགས་པ་ལ་ལྟོས་ནས་ནི། འབྲས་བུ་མི་དམིགས་པར་བཤད་ཀྱི། དེ་ཁོ་ནར་
ནི་དེ་ཡང་རྒྱུ་མི་དམིགས་པ་ཉིད་དོ། །དེའི་ཕྱིར་འབྱུང་བར་འགྱུར་བའི་རྒྱུ་ཉིད་ནི་སློབ་དཔོན་དང་འགལ་བ་མ་ཡིན་ནོ། །བཤད་ཟིན་པའི་དོན་གཞན་གྱི་འདོད་པ་དང་ལྷན་ཅིག་ཉེ་བར་སྡུད་དེ། གལ་ཏེ་སྒྲུབ་པར་བྱེད་པའི་ཤེས་པ་དེ་དོན་སྐྱེ་བའི་རྒྱུའམ་ཞེས་འབྲེལ་
ཏེ། འདིས་ནི་སྒྲུབ་བྱེད་ཀྱི་ཤེས་པའི་ཡུལ་ཡང་མཚོན་པར་བྱའོ། །འདི་ནི་གཞན་གྱི་ལུགས་ལ་ལྟོས་ནས་བཤད་པ་ཡིན་ཏེ། རིགས་པ་ཅན་ལ་སོགས་པ་དག་ཀྱང་། རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པར་ཁས་ལེན་པའི་ཕྱིར། དོན་བྱ་བ་ངེས་པར་ཁས་
བླངས་པ་ཡིན་ནོ་ཞེས་བསྟན་པའི་དོན་དུའོ། །གལ་ཏེ་ཤེས་པ་དེ་དོན་སྐྱེ་བའི་རང་བཞིན་ནམ་ཞེས་འབྲེལ་ཏོ། །དོན་སྐྱེ་ཞེས་བྱ་བ་ནི། དོན་བྱ་བ་གྲུབ་པ་སྟེ། འབྲས་བུར་གྱུར་པ་དེས་དེ་བྱེད་པའི་རང་གི་ངོ་བོ་བསྟན་པ་ནི། དེའི་བདག་ཉིད་ཀྱིས་མི་འཁྲུལ་པར་བསྟན་
པའི་བསམ་པས་སོ། །གལ་ཏེ་ཤེས་པ་དེ་དོན་སྐྱེ་བའི་འབྲས་བུ་ཞེས་འབྲེལ་ཏོ། །འདི་ནི་འབྱུང་བར་འགྱུར་བའི་རྒྱུ་ལ་བསམས་ནས་བརྗོད་པ་ཡིན་ནོ། །ཐམས་ཅད་དུ་ཞེས་བྱ་བ་ནི། རྣམ་པ་གསུམ་ཀ་ལྟར་ཡང་སྒྲུབ་པར་བྱེད་པའི་ཤེས་པའམ། སྒྲུབ་པར་
བྱེད་པའི་ཐེ་ཚོམ་ལྡོག་པར་བྱེད་པ་ཡིན་དུ་ཆུག་ན། རང་གི་དུས་ཉིད་དུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་དོན་བྱ་བར་སྣང་བའི་དུས་དེ་ཉིད་ཀྱི་ཚེ། ཐེ་ཚོམ་དེ་མེད་མོད། འཇུག་པར་འདོད་པའི་དུས་གཞན་དུ་གོ་ཇི་ལྟར་མིན་ཏེ། མེ་ནི་གཞན་གྱི་ཚེ་ཡོད་ལ།
གྲང་བ་གཞན་གྱི་ཚེ་ལྡོག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཞར་ལ་ཐེ་ཚོམ་ལྡོག་པ་དོགས་པ་ཡང་མེད་དོ་ཞེས་བསྟན་པ་ནི། འདིར་ནི་ཞེས་བྱ་བ་སྟེ། སྒྲུབ་བྱེད་ཀྱི་ཤེས་པ་ལའོ། །ཚད་མ་དེ་ལ་ཐེ་ཚོམ་ཟ་བ་དེ་བཟློག་པས་སོ། །དེ་ཡང་གྲུབ་པ་ཡིན་

ཞེས་བྱ་བ་ནི་ངེས་པའི་སྒོ་ནས་དེ་མ་ཐག་ཉིད་དུའོ། །རྣམ་པར་རྟོག་པ་གཉིས་པ་སུན་འབྱིན་པ་ནི། ཤེས་པ་ཀུན་གྱི་ཞེས་བྱ་བའོ། །འགའ་ཞིག་གི་དོན་དང་འབྲེལ་པ་ནི། མངོན་སུམ་གྱིས་མཐོང་བ་ཡིན་ནོ་ཞེས་བྱ་བ་ནི་འདི་བསམས་པ་ཡིན་ན། དེ་རིགས་
པ་ནི་མ་ཡིན་ཏེ། མངོན་སུམ་ནི་སྦྱོར་བྱེད་ཀྱི་བདག་ཉིད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་མངོན་སུམ་གྱི་དོན་དང་འབྲེལ་པ་གང་ཞིག་མངོན་སུམ་གྱིས་མཐོང་བ་དེ་ཉིད་རྗེས་སུ་དཔག་པས་རྟོགས་པ་མ་ཡིན་ནམ་སྙམ་ན། རྗེས་སུ་དཔག་པའམ་ཞེས་
གསུངས་སོ། །སྤྱིའི་སྟེ་དཔེ་དང་ཐུན་མོང་གི་རང་བཞིན་དུའོ། །དེས་ན་མངོན་སུམ་གྱིས་ནི་མ་མཐོང་བའི་འབྲེལ་པ་རྗེས་སུ་དཔག་གིས་མི་རྟོགས། སྔར་ནི་མངོན་སུམ་ཉིད་མེད་ཕྱིར། །རྗེས་དཔག་ཅི་ལྟར་ཚད་མ་ཡིན། །དེས་ན་རྗེས་སུ་
དཔག་པས་ཀྱང་། །དོན་བྱ་བ་དང་འབྲེལ་པར་མ་རྟོགས་པའི་ཕྱིར། ཐེ་ཚོམ་ཟློག་པ་མ་ཡིན་ནོ། །འོ་ན་ནི་གཞན་གྱིས་བཟློག་གོ་སྙམ་ན། གཞན་ཡང་ཞེས་གསུངས་ཏེ། མངོན་སུམ་དང་རྗེས་སུ་དཔག་པ་ལས་ཐ་དད་པའོ། །ཆད་པ་
ཞེས་བྱ་བ་ནི་དོན་གྱིས་མང་པོའི་ཚིག་གམ། ལྔ་པ་སྟེ་ཐེ་ཚོམ་ཆད་པ་ལས་སྔ་མ་ཚད་མ་ཡིན་པར་ག་ལ་འགྱུར་སྙམ་དུ་བསམས་པའོ། །ཅི་སྟེ་མེ་མདག་དུ་བ་མེད་པ་མཐོང་བ་ལ་ཡང་འོལ་མ་སེར་ཐེ་ཚོམ་ཟ་བ་ན། ལོ་མ་ལ་སོགས་པ་ལྷུང་བས་ཐུབ་
མཐོང་བ་ཐེ་ཚོམ་ལྡོག་པ་ན་སྔ་མ་ཚད་མར་རྟོགས་པ་མཐོང་བ་ཉིད་དོ་ཞེ་ན། མ་ཡིན་ཏེ་དེར་རྗེས་སུ་དཔག་པ་ཉིད་ཚད་མ་ཡིན་པའི་ཕྱིར་སྔ་མ་མཐོང་བའི་བྱ་བ་ལ་ཐེ་ཚོམ་གྱིས་ཟིན་པ་ནི་མ་ཡིན་ནོ། །དེ་ལྟར་ཐ་སྙད་དུའམ་དོན་དམ་པ་ལས་ཀྱང་རུང་སྟེ། ཆོས་
མཆོག་གི་ཕྱོགས་མི་རིགས་པར་བསྟན་ནས་སྔར་བཤད་པ་ཉིད་མཇུག་སྡུད་པ་ནི། དེས་ན་ཞེས་བྱ་སྟེ། ཇི་སྐད་དུ་བཤད་པའི་ཐ་སྙད་ཀྱིས་རྣམ་པར་གཞག་པ་ཡིན་གྱི། དེ་ཁོ་ན་ཉིད་དུ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ཁོ་ནར་ཚད་མ་འགོག་པའི་

སྒྲུབ་པའི་རིགས་པ་ཉིད་ཚད་མའམ་ཚད་མ་མ་ཡིན་ཞེ་ན། བདེན་ཏེ་ཚད་མ་ནི་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་པ་ཡིན་ནོ། །འོ་ན་ཐ་སྙད་པས་གནོད་དོ་ཞེས་བྱ་བའི་དོན་འདི་ཇི་ལྟར་འགྲིག་ཅེ་ན་བདེན་ཏེ། འགལ་བ་ཁས་བླངས་
པའི་བརྗོད་པར་འདོད་པའི་ཕྱིར་རོ། །འདི་ལྟར་འགལ་བའི་ཕྱིར་དོན་ནི་ཕན་ཚུན་གནོད་པ་ཉིད་ཡིན་ཏེ། གཞན་དུ་ཧ་ཅང་ཐལ་བའི་ཕྱིར། དོན་བྱ་བ་དང་འབྲེལ་པ་ལས་ཚད་མར་ཁས་བླངས་པ་དེས་དོན་དང་འབྲེལ་པ་མ་ངེས་ཀྱང་ཚད་མར་ཁས་བླངས་པའི་ཕྱིར་
འགལ་ལོ། །འབྲེལ་པ་ངེས་པ་ནི་ཐ་སྙད་དེའི་རྒྱུ་ཡིན་པའི་ཕྱིར། རྒྱུ་མི་དམིགས་པ་ཉིད་དུ་གསལ་ཏེ། འོན་ཀྱང་དེས་ཁས་བླངས་པ་ཉིད་དུ་ཟད་དོ། །དེས་ན་ཕན་ཚུན་གནོད་པའི་ཕྱིར་དགག་པར་བྱ་བའི་ཚད་མ་དང་འགོག་པར་བྱེད་པ་ལ་ཚད་མའི་ཐ་སྙད་དུ་
ཞེན་པས་ནི་ཅི་ཡང་བྱར་མེད་དོ། །འདི་ཡང་ཐོབ་པར་བྱ་བ་གཞན་ལ་ལྟོས་ནས་སྐྱོན་དུ་འགྱུར་བ་ཡིན་གྱི། གཞན་ལ་ལྟོས་པ་མེད་པའི་ཕྱིར་རང་གི་ངོ་བོ་ཙམ་རིག་པ་ལ་ནི། དེ་ཙམ་རྟོགས་པ་ཉིད་ཀྱིས་དོན་བྱས་པའི་མངོན་སུམ་གྱིས་ཚད་མ་དང་གཞལ་བྱ་མཐའ་
དག་སེལ་བར་ནུས་སོ། །དེ་ཉིད་ཀྱི་ཕྱིར། རང་ལས་རང་གི་ངོ་བོ་རྟོགས། །ཞེས་ཀྱང་གསུངས་སོ། །འོ་ན་དང་པོ་ནི་མི་བཟོད་པའི་ཚིག་ཕྲད་ཡིན་ལ། གཉིས་པ་ནི་དེའི་ཚེ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཞེས་བྱ་བ་ནི་ཚད་མར་རོ། །བཤད་ཟིན་པའི་དོན་
སྡུད་པ་ནི། འདི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཚད་མའི་མཚན་ཉིད་ལ་ཡིད་ཆེས་པ་མེད་པའི་ཕྱིར་ཚད་མ་དང་ཅིག་ཤོས་ལ་ཕྱིན་ཅི་ལོག་པ་སྟོན་ཏེ། མངོན་སུམ་ལ་སོགས་ཚད་མ་ཡིས། །འཇིག་རྟེན་ཕ་རོལ་རྟོགས་མ་ཡིན། །འོན་ཀྱང་ཐམས་ཅད་
མཁྱེན་པ་ཉིད་ཀྱི་སྒོ་ནས་ཡིན་ནོ་ཞེས་བྱ་བ་ལ་ལྟོས་པའོ། །རིག་བྱེད་ལ་སོགས་པའི་ལུང་ལས་ཞེས་བྱ་བ་ནི་གཉིས་པའོ། །ཐ་སྙད་ལས་ཚད་མར་ངེས་ན་ནི་རྣམ་པ་འདི་ཙམ་གྱི་སྐབས་མེད་དེ། དོན་དམ་པའི་འདོད་པ་ཅིག་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །

དེས་ན་ཐ་སྙད་ལས་མ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །གང་གི་ཕྱིར་ཐ་སྙད་པ་རྣམས་ལོག་པར་རྟོགས་པ་དེས་ན་བསྟན་བཅོས་ལ་མ་ལྟོས་པའི་ཐ་སྙད་ཙམ་གྱིས་ཚད་མར་རྟོགས་པ་མ་ཡིན་ན། གང་གིས་བསྟན་བཅོས་དོན་མེད་པར་འགྱུར། འོན་ཀྱང་
ཐ་སྙད་ཀྱི་ཁྱད་པར་ལས་ཡིན་ལ། དེ་ཡང་སྔར་བརྗོད་ཟིན་པ་ཉིད་དོ། །གང་གི་ཕྱིར་ཐ་སྙད་ཙམ་ཚད་མའི་བསྒྲུབ་བྱ་མ་ཡིན་གྱི། འོན་ཀྱང་ཐ་སྙད་ཀྱི་ཁྱད་པར་ལས་ཡིན་པ་དེའི་ཕྱིར། ཐ་སྙད་ངེས་པར་རྟོགས་པ་སྟེ། སྔ་ཕྱིར་མི་འགལ་བར་ངེས་པར་རྟོགས་
པའི་ཕྱིར། མཚན་ཉིད་ཅི་ལྟ་བ་བཞིན་གྱི་བསྟན་བཅོས་བློ་དམན་པས་རྟོགས་པར་བྱེད་པས་རྨོངས་པ་ཟློག་བྱེད་ཡིན་ནོ། །དེའི་ཕྱིར། སྔ་མ་ཕྱི་མ་མི་དྲན་པ། །བསྟན་བཅོས་དེ་ཡི་ལྡོག་པར་བྱེད། །འདི་ལྟར་དེའི་རྣམ་པ་ཅན་མ་ཡིན་པའི་ཤེས་པའི་
འཛིན་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་སྙད་ཞུགས་སུ་ཟིན་ཀྱང་། རྣམ་པར་རྟོག་པ་རང་གི་མཚན་ཉིད་ཀྱི་རྣམ་པ་ཅན་མ་ཡིན་ཡང་། རང་གི་མཚན་ཉིད་ཀྱི་ཡུལ་ཅན་དུ་ཐ་སྙད་འདོགས་ཏེ། མི་དྲན་པ་དེ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ཤེས་པ་རྣམ་པར་རྟོག་
པ་མེད་པའི་མཚན་ཉིད་དུ་བརྗོད་པའི་བསྟན་བཅོས་ཀྱིས་སེལ་ཏོ། །དེ་བཞིན་དུ་བདག་ཉིད་ཚུལ་གསུམ་པའི་རྟགས་ལས་དོན་ངེས་པར་རྟོགས་ཀྱང་གཞན་ལ་སྟོན་པ་ན་ཚུལ་གཞན་སྒྲོ་འདོགས་པ་ལ་སོགས་པའི་མི་དྲན་པ་ཡང་རྟོགས་པར་བྱའོ། །དེ་ལྟར་ཐུན་
མོང་གི་ཐ་སྙད་དུ་ཡི་གེའི་དོན་བཤད་ནས། ཡང་དག་གི་ཀུན་རྫོབ་ལ་གཙོར་བྱ་བའི་དོན་སྦྱོར་བ་ནི་དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཕྱིར་ཐ་སྙད་ཀྱིས་རབ་ཏུ་གྲུབ་པའི་དོན་ལ་ཡང་བསྟན་བཅོས་ཉེ་བར་མཁོ་བ་དེ་ཉིད་ཀྱི་ཕྱིར། ཐ་སྙད་ལས་
འདས་པ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ལ་བསྟན་བཅོས་ཉིད་ཀྱིས་རྨོངས་པ་ཟློག་པར་བྱེད་དོ་ཞེས་རང་གིས་བརྟགས་པ་སེལ་བའོ། །གཞན་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བསྟན་བཅོས་གཞན་གྱིས་སོ། །ཚད་མར་བརྗོད་པར་འགྱུར་བ་ཞེས་བྱ་བ་ནི་ལྷག་

མའོ། །ཡུལ་གསུམ་ཡོངས་སུ་དག་པས་འཇུག་པ་ཉིད་དུ་ཆེས་མཐུན་པའི་ཕྱིར། ཚད་མ་དང་འདྲ་བར་བླང་བར་བྱ་བའི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ལུང་གཞན་ལ་ལྟོས་ནས་བཅོམ་ལྡན་འདས་ཀྱི་བཀའ་
ཉེ་བར་བཏགས་པའི་ཚད་མར་བསྒྲུབས་ནས་དོན་དམ་པར་སྟོན་པ་ནི་དོན་དམ་པར་ཞེས་བྱ་བ་ལ་སོགས་པའོ། །འདི་གཉི་ག་ཇི་ལྟར་བསྟན་པ་དེ་ཁོ་ན་ལྟར་དོན་དམ་པ་ཡིན་གྱི། དེ་ལས་ལྡོག་པ་ནི་མ་ཡིན་ནོ། །ད་ནི་སྐྱེ་བ་གཞན་དང་ཐུན་མོང་གི་
ཡུལ་ལ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཚད་མ་ཡིན་པར་སྟོན་པ་ནི། གཞན་ནི་ཚད་མ་ཉིད་མིན་ཏེ། །ཞེས་བྱ་བ་སྟེ། མངོན་སུམ་ལ་སོགས་པའོ། །འདིར་ཡང་སྔར་བཤད་ཟིན་པ་ཉིད་དེ། ད་ལྟར་ནི་ཚད་མ་གཉིས་ཐ་སྙད་དུ་བསྟན་
པ་བསྟན་པར་བྱ་བའི་དོན་དུ་བཤད་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །ཇི་སྲིད་འདིར་སོང་བ་དེ་ཐམས་ཅད་ནི་བསྟན་ཟིན་པ་ཉིད་དོ། །རྗེས་སུ་དཔག་པ་ཡང་དེར་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ནི་མངོན་སུམ་དུ་འབྲེལ་པར་མི་ནུས་སོ། །འོག་ཏུ་
ཞེས་བྱ་བ་ནི་ལེའུ་ལྷག་མར་རོ།། །།མཚན་ཉིད་གཞན་བཤད་པ་ནི། མ་ཤེས་དོན་གྱི་གསལ་བྱེད་ཀྱང་། །ཞེས་བྱ་བའོ། །འོ་ན་ཡན་ལག་ཅན་ལ་སོགས་པའི་རྣམ་པར་རྟོག་པ་ཡང་ཚད་མར་ཐལ་ཏེ། དང་པོའི་ཤེས་པས་
ཡན་ལག་ཅན་ཤེས་པ་ནི་མ་ཡིན་ནོ་སྙམ་ན། ཀུན་རྫོབ་པའི་ཞེས་གསུངས་ཏེ། ཀུན་རྫོབ་པའི་ཡུལ་ཅན་ཡིན་པས་ན་ཀུན་རྫོབ་པའམ། །ཡང་ན་འདིས་དངོས་པོའི་རང་བཞིན་སྒྲིབ་པར་བྱེད་པས་ན་ཀུན་རྫོབ་སྟེ་རྣམ་པར་རྟོག་པའོ། །པ་ནི་རང་
གི་དོན་ལ་ཨཎ་ནོ། །རྣམ་པར་རྟོག་པ་ཙམ་སྨོས་ཀྱང་ཡན་ལག་ཅན་ལ་སོགས་པའི་ཡུལ་ཅན་ཉིད་གཟུང་སྟེ། སྤྱིའི་ཡུལ་ཅན་ནི་དཔྱོད་པར་འགྱུར་བའི་ཕྱིར་རོ། །རྟོགས་པ་ངེས་པར་མ་བཟུང་བའི་ཕྱིར་ཞེས་བྱ་བ་ནི། རེ་ཞིག་གཟུགས་ཙམ་མཐོང་

བ་ཡིན་ལ། དེ་དང་འདྲེས་པའི་རོ་ལ་སོགས་པ་ཡང་སྔར་མྱོང་བ་ཉིད་དོ། །འདིར་གཞན་ནི་འགའ་ཡང་རིག་པ་མེད་དོ་ཞེས། གལ་ཏེ་རང་གི་རྟོགས་པ་ངེས་པར་ཟིན་ན་ནི། གཅིག་ཏུ་འཛིན་པའི་བློར་མི་འགྱུར་བ་ཉིད་ན་ཐོག་མ་མེད་པའི་ཕྱིན་ཅི་
ལོག་ཏུ་རྟོག་པ་གོམས་པའི་བག་ཆགས་ལས་ཀྱི་དབང་གིས་ཡང་དག་པ་ཉིད་བསྒྲིབས་ནས། ཡང་དག་པ་མ་ཡིན་པ་སྟོན་པའི་ཐ་སྙད་འདིར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་དག་མི་སླུ་བའི་མཚན་ཉིད་ལ་མི་ལྟོས་ན་མཚན་ཉིད་ཧ་ཅང་
ཁྱབ་ཆེས་པའི་ཉེས་པར་འགྱུར་རོ་སྙམ་ནས། གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །ལན་ནི་མ་ཡིན་ཏེ་ཞེས་པའོ། །མ་རྟོགས་དོན་གྱི་གསལ་བྱེད་ཅེས་དོན་སྨོས་པའི་རྣམ་པར་བཅད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏེ་དོན་
མེད་པའི་ཕྱིར་རོ། །དེ་ཉིད་བཤད་པ་ནི། དེ་ནི་དོན་མ་ཡིན་ནོ་ཞེས་བྱ་བ་སྟེ་ཟླ་བ་གཉིས་ཀྱི་རྣམ་པ་དེའོ། །དེས་ན་ཧ་ཅང་ཐལ་བར་མི་འགྱུར་རོ་སྙམ་པའི་དགོངས་པའོ། །གལ་ཏེ་དེ་ལྟར་ཧ་ཅང་ཐལ་བ་མེད་མོད། དེ་ལྟ་ན་ཡང་
མཚན་ཉིད་སྔ་མ་ལ་ལྟོས་པར་ནི་འདི་མཚན་ཉིད་མ་ཡིན་ཏེ། མི་སླུ་བ་མེད་པར་དོན་ཉིད་དུ་མི་གྲུབ་པའི་ཕྱིར་རོ། །གཞན་གྱིས་སྨྲས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །མཚན་ཉིད་གཞན་ཞེས་བྱ་བ་ནི་མཚན་ཉིད་སྔ་མ་ལས་
སོ། །མ་ཡིན་ཏེ་ཞེས་བྱ་བ་ནི་ཕྱོགས་སྔ་མ་འགོག་པའོ། །དོན་གྱིས་འཕངས་པ་ནི་མི་སླུ་བའོ། །མ་ཤེས་དོན་གྱིས་གསལ་བྱེད་ཅེས་བྱ་བའི་ཚིག་འདིས་བརྗོད་པའི་ཤུགས་ཀྱིས་དོན་གང་ཡིན་པ་སྟེ། གལ་ཏེ་མི་སླུ་བ་ཉིད་ལ་མི་ལྟོས་ན།
དེའི་ཚེ་དོན་ཉིད་དུ་མ་རྟོགས་པ་མཚན་ཉིད་དུ་མི་འགྱུར་ཞེས་བྱ་བ་དེ་ལས་རྟོགས་པའོ། །གང་ཞེས་བྱ་བ་ནི་མི་སླུ་བ་ཅན་ནོ། །མི་སླུ་བ་དེ་ནི་མཚན་ཉིད་མ་ཡིན་ནོ། །གལ་ཏེ་ཤུགས་ཀྱིས་རྟོགས་པ་མཚན་ཉིད་དུ་འགྱུར་ན། དེའི་ཚེ་ཉེས་པ་ཅི་ཡོད་ན། དེ་

ལྟ་ན་ནི་ཞེས་གསུངས་ཏེ། ཤུགས་ཀྱིས་རྟོགས་པའི་མི་སླུ་བ་བཞིན་དུ། གང་གི་ཚེ་ཞེས་བྱ་བ་ནི་མི་སླུ་བ་ཉིད་ཀྱིས་སོ། །དངོས་པོ་ཉིད་ལ་སོགས་པ་བཞིན་དུ་ཡོད་པ་ཙམ་གྱིས་ནི་མི་སླུ་བའི་མཚན་ཉིད་མ་ཡིན་ནོ་ཞེས་བྱ་བ་གཞན་གྱིས་
མ་བཟོད་ནས་འོན་ཏེ་ཞེས་སྨྲས་པའོ། །དེ་ནི་བདེན་མོད་ཀྱི་ཞེས་བྱ་བ་ནི་དོན་ཤེས་པར་བྱེད་པ་ལ་མི་སླུ་བ་ཉིད་ཉེ་བར་མཁོའོ་ཞེས་བྱ་བ་དེ་བདེན་པའོ། །དེ་ལྟ་ན་ཡང་ཞེས་བྱ་བ་ནི་དོན་ཉེས་པ་ལ་མི་སླུ་བ་ཉིད་ཉེ་བར་མཁོ་བ་ཡང་། མི་སླུ་བ་སྨོས་པས་ནི་
བཟུང་ཟིན་པའི་ཤེས་པ་སྤངས་པར་མི་ནུས་སོ། །དེ་ཉིད་ཀྱི་ཕྱིར་མཚན་ཉིད་སྔ་མས་མཚན་ཉིད་འདི་ལ་ལྟོས་པར། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་བཤད་དོ། །དེ་ལ་ཡང་ཞེས་བྱ་བ་ནི་བཟུང་ཟིན་པ་ལའོ། །གལ་ཏེ་དོན་ཉིད་མི་སླུ་བ་ལ་
རྟོགས་པར་ཁས་བླངས་པའི་ཕྱིར། མཚན་ཉིད་འདི་ཡང་མཚན་ཉིད་སྔ་མ་ལ་ལྟོས་པ་མ་ཡིན་ནམ་སྙམ་དུ་དོགས་ན། མི་སླུ་བས་ཞེས་སྨོས་སོ། །མཚན་ཉིད་འདིའི་དུས་ལ་མི་སླུ་བ་ཡོད་ཀྱང་མི་སླུ་བས་དོན་རྟོགས་པ་མ་ཡིན་ཏེ། མི་སླུ་བ་ནི་ཡོད་
ཀྱང་བྱ་བ་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་དེ་ལྟར་ན་ཀུན་རྫོབ་པའི་བློ་ཅི་ལྟར་ཚད་མ་མིན་ཏེ་མཐའ་དག་པས་ན། དེར་མི་སླུ་བ་ཉིད་སྐྱབས་ཡིན་ནོ་སྙམ་དུ་དོགས་ན། སྔར་བཤད་པ་ཉིད་དྲན་པར་བྱེད་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་
བའོ། །འདི་ནི་དོན་སྨོས་པའི་རྣམ་པར་གཅད་བྱ་ཡིན་ནོ་ཞེས་བྱ་བའི་དོན་ཏེ། ཕྱི་རོལ་གྱི་དོན་ཡན་ལག་ཅན་ལ་སོགས་པ་ནི་འཐད་དོ། །གལ་ཏེ་མཚན་ཉིད་འདིའི་དུས་སུ་མི་སླུ་བར་བྱེད་ན་འོ་ན་ཅི་ལྟར་ཞེས་བྱ་བའོ། །ལན་ནི་ངེས་པར་བརྟགས་པས་
ལས་ཞེས་བྱ་བ་སྟེ། ལུས་རྣལ་དུ་གནས་པས་ངེས་པར་བརྟགས་པ་ལས་སོ། །འདི་ལྟར་གོམས་པ་ལས་བློ་གསལ་བ་རབ་རིབ་དང་ཆུ་བུར་དུ་བསྒོར་བ་དང་། གཉིད་ལ་སོགས་པས་ཉམས་པ་དང་བྲལ་བ་ཡོངས་སུ་རྟོགས་པར་བྱེད་པ་ལས། མདུན་ན་གནས་

པའི་བུམ་པ་ལ་སོགས་པ་ལ་ཕྱི་རོལ་གྱི་དོན་དུ་ཡིད་ཆེས་པ་རྣམ་པར་འཁྲུལ་པའི་དོགས་པ་དང་བྲལ་བ་མོད་ལ་བྱུང་བར་འགྱུར་གྱི། ཟླ་བ་གཉིས་ལ་ནི་དེ་ལྟར་མ་ཡིན་ཏེ་ཉམས་པ་ཉིད་ཀྱིས་ངེས་པ་ཡིན་པའི་ཕྱིར་རོ། །དེས་ན་དོན་ཉིད་མི་སླུ་བ་ཉིད་ཀྱིས་ངེས་པར་
བྱ་བ་ཡིན་ནོ་ཞེས་བྱ་བ་གསལ་བ་ཡིན་ནོ། །དེའི་ཕྱིར་འདི་ནི་མཚན་ཉིད་སྔ་མ་ལ་མི་ལྟོས་ཀྱི་མཚན་ཉིད་སྔ་མ་ནི་འདི་ལ་ལྟོས་སོ་སྙམ་དུ་དགོངས་པའོ། །ངེས་པར་བརྟགས་པ་ལས་དོན་འདི་ཉིད་རྟོགས་པར་སྨྲས་པ་ནི། མཆོད་སྦྱིན་དང་མཐོ་རིས་ཀྱི་འབྲེལ་པ་ལ་
སོགས་པ་ངེས་པར་བརྟགས་པས་ཡོད་པར་མ་གྲུབ་པའི་ཕྱིར་ཅི་ལྟར་འབྲེལ་པ་བྱེད་པའི་མི་སླུ་བས་དོན་དུ་འདོད་པ་ན། མཚན་ཉིད་སྔ་མ་ལ་ལྟོས་པའི་མཚན་ཉིད་ཀྱི་སྐྱོན་དུ་འགྱུར་བ་དེ་བཞིན་དུ་བདག་ཅག་ལ་ནི་མ་ཡིན་ནོ་ཞེས་ཚིག་ཟུར་གྱིས་བསྟན་ཏོ། །གལ་ཏེ་དོན་
བྱ་བ་ཉིད་ཕྱི་རོལ་གྱི་དོན་དུ་བརྗོད་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལས་ཁྱད་པར་མེད་པར་འགྱུར་རོ། དེས་ན་ཤིན་ཏུ་གོམས་པ་ལས་ལུས་རྣལ་མར་གནས་པ་ལ་སོགས་པར་ངེས་པར་བརྟགས་པ་ལས་དོན་དུ་ངེས་སོ་ཞེས་བྱ་
བའི་དོན་ཅི་ཡིན་ཞེ་ན། དོན་བྱ་བ་བྱེད་པ་རྟོགས་སོ་ཞེས་བྱ་བ་ཉིད་ཡིན་ནོ། །དེ་ལྟ་ཡིན་དང་ཅི་ལྟར་མཚན་ཉིད་མ་ཡིན། དེ་ཡོངས་སུ་ཤེས་པ་ནི་ངེས་པར་བརྟགས་པ་ལས་གཞན་ལས་ཡིན་ཡང་རུང་སྟེ། འདི་ལ་ལོག་པར་རྟོགས་པ་མེད་དོ་ཞེ་ན། དེ་བདེན་མོད་ཀྱི་ཕྱི་རོལ་གྱི་
དོན་ཞེས་བྱ་བ་དང་དེའི་དོན་བྱ་བ་ནུས་པ་ཞེས་བྱ་བ་གཉིས་ནི་ལྡོག་པ་ཐ་དད་པ་ཡིན་ནོ། །འདི་ལྟར་ཕྱི་རོལ་གྱི་དོན་ཉིད་ནི་གཟུགས་དང་སྒྲ་ལ་སོགས་པ་ལ། ཐུན་མོང་ཡིན་ལ་དོན་བྱ་བ་ནུས་པ་ནི་གཟུགས་ལ་སོགས་པ་འགའ་ཞིག་ཁོ་ན་ལ་ཡིན་ཏེ། དེ་ལ་གང་གི་ཚེ་མོད་ལ་དོན་བྱ་
བར་ནུས་པར་རྟོགས་པ་དེའི་ཚེ་ནི་དེ་ཉིད་ཡིན་ལ་གང་གི་ཚེ་སྣང་བ་ཙམ་ཡིན་པར་རྣམ་པར་དཔྱད་པས་འདི་ནི་དོན་ཉིད་དོ་ཞེས་ངེས་པར་རྟོགས་པ་དེའི་ཚེ་ནི་འདི་འཇུག་པ་ཡིན་ནོ། །དེ་ལྟ་ཡིན་དང་སྒྲ་དང་རི་མོ་ལ་སོགས་པ་ལ་འཐད་པ་ཉིད་ནི་འདིའི་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །

ཐ་དད་དུ་བརྗོད་པ་ནི་རྟོགས་པ་པོ་ཐ་དད་པའི་ཕྱིར་རོ། །ཁ་ཅིག་ནི་མི་སླུ་བའི་སྒོ་ནས་ཚད་མའི་དོན་བདེ་བླག་ཏུ་རྟོགས་ལ། ཁ་ཅིག་ནི་གཞན་གྱིས་རྟོགས་པར་བྱ་བ་མ་ཡིན་པའི་སྒོ་ནས་སོ། །མཚན་ཉིད་གཉིས་པོ་འདི་ནི་བཅོམ་ལྡན་འདས་ལ་ཡང་མ་གོད་པར་མངའ་སྟེ། ཇི་ལྟར་
ཉེ་བར་བསྟན་པ་མཐོ་རིས་བྱང་གྲོལ་གྱི་ལམ་མཐོང་བར་མཛད་པའི་ཕྱིར་དང་། ཁྱབ་འཇུག་དང་དབང་ཕྱུག་ལ་སོགས་པས་མ་མཐོང་བ་དོན་ཁོ་ན་སྟོན་པར་མཛད་པའི་ཕྱིར་རོ། །དེ་ལྟར་མཚན་ཉིད་ལས་སྔ་མ་ལ་མི་ལྟོས་པར་བསྟན་ནས་བཤད་པ་བྱེད་པ་འདི་ལ་མ་ཚིམ་པས་ཡུལ་ཐ་དད་པའི་ཕྱོགས་ལ་བརྟེན་
པས་མཚན་ཉིད་གཉིས་དོན་ཡོད་པར་སྟོན་པ་ནི་ཡང་ན་ཞེས་བྱ་བའོ། །མཚན་ཉིད་སྔ་མ་ནི་ཀུན་རྫོབ་ཡིན་ལ། གཞན་ནི་དོན་དམ་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་མ་ཤེས་པའི་དོན་ཞེས་བྱ་བ་ལ་སོགས་པ་ནི་རྩོད་པའོ། །འདི་སྙམ་དུ་བསམས་པ་ཡིན་ཏེ། མ་ཤེས་དོན་གྱི་གསལ་བྱེད་ཅེས་
བྱ་བ་འདིར་དོན་སྨོས་པས་དོན་བྱ་བ་མེད་པ་གཟུང་ན་མཚན་ཉིད་འཆོལ་བས་འཇིགས་པའི་ཕྱིར། འདིར་ཕྱི་རོལ་གྱི་དོན་ཙམ་འདོད་པ་ཡིན་ནོ། །ཕྱི་རོལ་གྱི་དོན་ཡང་རང་དང་སྤྱིའི་མཚན་ཉིད་ཀྱི་དབྱེ་བས་གནས་པའི་ཕྱིར་སྤྱིའི་ཤེས་པ་ཡང་ཚད་མར་ཐལ་ལོ་ཞེས་བྱ་བའོ། །དེ་དེ་བཞིན་དུ་འབྲེལ་བ་ལ་
སོགས་པ་ལ་ཡང་ཞེས་བྱ་བ་ནི་ལྡན་པ་དང་འདུ་བ་དང་རྒྱུ་འབྲས་ཀྱི་དངོས་པོ་ལ་སོགས་པའོ། །སོགས་པའི་སྒྲས་ཡོན་ཏན་དང་བྱ་བ་ལ་སོགས་པ་མ་ཤེས་པ་ཉིད་གསལ་བ་ཡིན་ནོ་ཞེས་འབྲེལ་ཏོ། །དེ་ཡང་ཞེས་བྱ་བ་ནི་དུས་ཕྱིས་འབྱུང་བའི་ཤེས་པའོ། །འོན་ཏེ་དུས་ཕྱིས་འབྱུང་བའི་ཤེས་པ་དེ་གཟུང་བ་
འཛིན་པའི་ཕྱིར་དྲན་པ་ཡིན་ནོ་སྙམ་ན་འདི་ཞེས་སྨོས་སོ། །ཅིའི་ཕྱིར་ཞེ་ན་མ་བཟུང་བ་ཞེས་སྨོས་ཏེ། རང་གི་མཚན་ཉིད་འཛིན་པའི་མངོན་སུམ་གྱིས་སྤྱི་ལ་སོགས་པ་མ་བཟུང་ངོ་སྙམ་དུ་བསམས་པའོ། །རང་གི་མཚན་ཉིད་ཀྱི་རྣམ་པར་ཤེས་པ་ཞེས་བྱ་བ་ལ་སོགས་པ་ནི་སྡུད་པའོ། །གལ་ཏེ་སྤྱི་མ་རྟོགས་
པ་ཉིད་མ་ཡིན་ནམ། ཇི་ལྟར་སྤྱི་ཤེས་པ་ཚད་མར་འགྱུར་སྙམ་དུ་དོགས་ན་རང་རིག་པ་ཞེས་སྨྲས་སོ། །འདི་ལྟར་བསམས་པ་ཡིན་ཏེ། གལ་ཏེ་ཕྱི་རོལ་གྱི་ཆོས་ཀྱི་སྤྱི་སངས་རྒྱས་པས་མི་འདོད་པ་དེ་ལྟ་ན་ཡང་བློའི་རྣམ་པ་ཐུན་མོང་དུ་གྱུར་པའི་སྤྱི་ནི་འདོད་པ་ཉིད་དོ། །དེ་ཡང་རང་རིག་པ་ཉིད་ཀྱིས་རྟོགས་

པའི་ཕྱིར། རྟོགས་པ་ལ་ནི་རྩོད་པ་མེད་དོ་ཞེས་བྱ་བའོ། །དེ་ལྟ་ན་ཡང་རང་གི་འདོད་པའི་སྤྱི་ཅི་ལྟར་འགྲུབ་ཅེ་ན། དེས་ན་གལ་ཏེ་ཞེས་སྨོས་སོ། །གཞན་དུ་འགྱུར་བ་ནི་རང་གི་འདོད་པས་སོ། །འོན་ཏེ་བདག་ཉིད་དུ་གྱུར་པ་ཞེས་བྱ་བ་ནི་སངས་རྒྱས་པའི་འདོད་པའོ། །བདག་ཉིད་དུ་གྱུར་པའི་
ཕྱོགས་ལ་ཤེས་པ་དེ་རང་རིག་པ་ཉིད་མ་ཡིན་ནམ། དེ་ཡང་ཚད་མ་ཉིད་དུ་འདོད་པའི་ཕྱིར་ཅི་ལྟར་མི་འདོད་པ་ཡིན་ཞེ་ན། འདིར་ཡང་བསམས་པ་འདི་ཡིན་ཏེ། བློའི་རྣམ་པ་དེ་ནི་ཕྱི་རོལ་གྱི་རང་བཞིན་དུ་ལྷག་པར་ཞེན་པ་ན་སྤྱིར་འདོད་པ་ཡིན་ལ། དེ་ལྟ་ཡང་རང་གི་རང་བཞིན་བསྐལ་བའི་
ཕྱིར་རོ། །རང་རིག་པར་སྨྲ་བ་མཛེས་པ་མ་ཡིན་ནོ། །དེས་ན་ཕྱི་རོལ་དུ་ཕྱོགས་པས་ན། དེ་ལ་རྣམ་པར་རྟོག་པ་ཉིད་ཚད་མར་འགྱུར་རོ་ཞེས་བྱ་བའོ། །གྲུབ་པའི་མཐའ་སྨྲས་པ་ནི་གལ་ཏེ་ཟླ་བ་གཉིས་ཀྱི་ཤེས་པ་བཞིན་དུ་སྤྱིའི་ཤེས་པ་ཡང་ངེས་པར་བརྟགས་པ་ལས་ཚད་མ་མ་
ཡིན་པ་གྲུབ་མོད་ཀྱི། དེ་ལྟ་ན་ཡང་སྤྱི་ཡོད་པ་ཉིད་དམ་མ་བཟུང་བ་ཉིད་དུ་ཁས་བླངས་ནས་དེའི་ཤེས་པ་ནི་སྐྱེས་བུའི་ལྷག་པར་ཞེན་པའི་དབང་གིས་ཀྱང་ཚད་མ་མ་ཡིན་པ་ཉིད་དོ་ཞེས་ལན་འདེབས་པ་ནི། རང་གི་མཚན་ཉིད་མ་ཤེས་པ་ཞེས་བྱ་བ་ལ་སོགས་པའོ། །སྤྱི་ཡང་ཚད་
མ་མ་ཡིན་ཞེས་འབྲེལ་ཏོ། །འདི་ཉིད་གསལ་བར་བྱེད་པ་ནི་སྤྱི་མ་ཤེས་པ་ནི་ཞེས་བྱ་བའོ། །རང་གི་མཚན་ཉིད་དཔྱད་ཕྱིར་རོ། །ཞེས་བྱ་བ་ནི་རང་གི་མཚན་ཉིད་ཁོ་ན་ཡོད་པ་དང་མེད་པ་ཉིད་དུ་རྣམ་པར་གཞག་པའི་ཕྱིར་རོ། །རང་གི་མཚན་ཉིད་ཚད་མར་འདོད་ཀྱི་སྤྱི་ལ་ནི་མ་ཡིན་ཏེ།
སྐྱེས་བུ་རྣམས་དེ་དཔྱོད་པ་ལ་མི་གུས་པའི་ཕྱིར་ཏེ། དོན་བྱ་བ་གྲུབ་པ་མེད་པའི་ཕྱིར་རོ། །བཤད་པ་ནི་ཡོད་པའམ་ཞེས་བྱ་བ་ལ་སོགས་པའོ། །སྤྱི་ཡང་ཡོད་པའམ་མེད་པ་ཉིད་དུ་གཞག་པའི་ཕྱིར། ཚད་མ་ནི་ཅི་སྟེ་མི་ཚོལ་བ་སྙམ་ན། ཡོད་པའམ་ཞེས་སྨོས་སོ། །དཔྱོད་པ་ནི་རྣམ་པར་འཇོག་པའོ། །
ཅིའི་ཕྱིར་སྤྱི་ཡོད་པ་དང་མེད་པ་ཉིད་དུ་མི་དཔྱོད་སྙམ་ན། བཤད་པ་དེ་ལ་ཞིང་པ་ལ་སོགས་པའི་སྐྱེས་བུ་རྣམས་གུས་པ་མེད་པའི་ཕྱིར་མི་དཔྱོད་དོ་ཞེས་འབྲེལ་ཏོ། །འདི་ཉིད་ཀྱིས་རང་གི་མཚན་ཉིད་ཀྱི་ཤེས་པའི་འོག་ཏུ་འབྱུང་བའི་རྣམ་པར་རྟོག་པ་ཚད་མར་གྱུར་པས་བདག་ཉིད་དུ་

གྱུར་པའམ། གཞན་དུ་གྱུར་པའི་སྤྱིའི་རྟོགས་སོ་ཞེས་གང་བརྗོད་པ་དེ་ཡང་སྤངས་པ་ཁོ་ནའོ་ཞེས་སྟོན། གང་རྣམ་པར་དཔྱད་པ་དེ་ལ་ཞེས་བྱ་བ་སྟེ། ཡོད་པ་དང་མེད་པ་ཉིད་དུ་རྣམ་པར་དཔྱད་པ་རང་གི་མཚན་ཉིད་དེ་ལའོ། །དུས་ཕྱིས་ཀྱི་ལམ་ཞེས་བྱ་བ་ནི་རང་
གི་མཚན་ཉིད་ཀྱི་ཕྱིས་སོ། །དེ་ཉིད་ཀྱི་ཕྱིར་རང་གི་མཚན་ཉིད་ཀྱི་ཕྱིར་རང་བཞིན་མ་ཡིན་ནོ། །དེའི་རང་བཞིན་ནི་རང་གི་མཚན་ཉིད་ཀྱི་རང་བཞིན་ནོ། །ཚད་མ་ཞེས་བྱ་བ་ནི་ཚད་མར་འདོད་པའི་རྣམ་པར་རྟོག་པའི་ཤེས་པའོ། །རྣམ་པར་རྟོག་པའི་ཤེས་པ་མངོན་སུམ་གྱིས་དུས་ཕྱིས་བྱུང་བ་
ཡང་ལྷག་པར་ཞེན་པའི་དབང་གིས་རང་གི་མཚན་ཉིད་ཁོ་ན་རྟོགས་པ་ཡིན་གྱི་སྤྱི་ནི་མ་ཡིན་པའི་ཕྱིར་སྤྱི་ལ་ནི་ཚད་མར་འདོད་པ་མི་འཇུག་གོ་ཞེས་བྱ་བའི་དོན་ཏོ། །དེས་ན་མངོན་སུམ་མམ་དེའི་དུས་ཕྱིས་བྱུང་བའི་རྣམ་པར་རྟོག་པའི་ཤེས་པ་ནི་སྤྱིའི་སྒྲུབ་བྱེད་མ་ཡིན་ནོ་སྙམ་དུ་དོགས་པའོ། །
བཤད་པ་ནི་འདི་རྣམས་ཀྱིས་ཅི་བྱ་སྟེ། འཇུག་པའི་འབྲས་བུ་ཉིད་ལས་དེ་རྟོགས་པ་ཚད་མར་སྙམ་དུ་བསམས་ནས་འོན་ཏེ་ཞེས་སྨྲས་སོ། །ཤིན་ཏུ་ཐ་དད་པའི་རང་གི་མཚན་ཉིད་ནི་མཐོང་ཡང་དེའི་དོན་བྱ་བ་འདི་ཡིན་ནོ་སྙམ་དུ་ངེས་པར་འཛིན་པ་མི་འཐད་པའི་ཕྱིར། ཇི་ལྟར་འཇུག་པའང་
ཡོད་དེ། དེའི་ཕྱིར་དེས་ངེས་པར་འཛིན་པ་ཉིད་ཚད་མ་ཡིན་ཏེ། འཇུག་བྱེད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །མ་ཡིན་ཏེ་ཞེས་བྱ་བ་ནི་གྲུབ་པའི་མཐའོ། །འཇུག་པ་དེ་དང་འབྲེལ་པར་ཇི་ལྟར་རྟོགས་ཤེ་ན། གལ་ཏེ་སྤྱིར་རྟོགས་པ་མེད་ན་མི་འབྱུང་ལ། སྤྱིར་རྟོགས་པ་ཡོད་ན་
གདོན་མི་ཟ་བར་འབྱུང་བས་ཡིན་ན་འདི་གཉི་ག་ཡང་མེད་དོ། །དེར་ཡང་ཞེས་བྱ་བ་ནི་སྤྱིར་རྟོགས་པའོ། །མ་ཤེས་པའི་སྤྱི་ལའོ། །མ་ཤེས་ནི་ལྷག་པར་ཞེན་པ་མེད་པ་དེའི་ཚེ་འཇུག་བྱེད་མ་ཡིན་ནོ། །གང་གི་ཕྱིར་སྤྱི་ཤེས་ཀྱང་། རང་གི་མཚན་ཉིད་ཁོ་ན་ལ་འཇུག་པ་དེའི་ཕྱིར། སྤྱི་
དེ་ལ་ཤེས་པ་ཚད་མ་ཡིན་ཏེ། འཇུག་བྱེད་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དེའི་ཡུལ་ཡུལ་ཅན་མ་ཡིན་ན་ནི་དེས་དེ་ཉིད་དུ་འཇུག་པར་འགྱུར་རོ། །འཇུག་བྱེད་མ་ཡིན་མོད་དེར་ལྷག་པར་ཞེན་པ་ཙམ་དུ་ནི་འགྱུར་རོ་ཞེ་ན། དེ་ཡང་མེད་དོ་ཞེས་བརྗོད་པ་ནི་དེ་ལ་མངོན་དུ་ཞེས་བྱ་བའོ། །དེ་ལ་

མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་སྤྱི་ལ་མངོན་དུ་ཕྱོགས་པ་སྟེ། སྤྱིར་ལྷག་པར་ཞེན་པ་ཞེས་བྱ་བའི་དོན་ཏོ། །དེ་མེད་པའི་ཕྱིར་སྤྱི་ལ་ཚད་མ་མ་ཡིན་ནོ། །འོན་ཏེ་སྤྱི་དང་ལྡན་པའི་གསལ་བ་རྣམས་ལ་འཇུག་པར་བྱེད་པ་གང་ཡིན་པ་དེ་ཉིད་སྤྱི་ལ་འཇུག་པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལྟར་ན་ཡང་
དེར་ལྷག་པར་ཞེན་པ་ཉིད་མ་ཉམས་སོ་ཞེས་སྟོན་པ་ནི་འཇུག་པར་བྱེད་པ་ཡིན་དུ་ཆུག་ཀྱང་ཞེས་བྱ་བའོ། །རྣམ་པར་རྟོག་པས་འཛིན་པ་ནི་ལྷག་པར་ཞེན་པ་ལས་གནས་པ་ཡིན་ཏེ། དེས་ན་ལྷག་པར་ཞེན་པ་མེད་ན། རྣམ་པར་སྤྱི་ལ་ཚད་མར་འགྱུར་རེ་སྐན། མངོན་སུམ་གྱི་འཛིན་པ་ནི་
སྣང་བ་ཉིད་ཀྱིས་གནས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་རང་རིག་པ་ཞེས་གསུངས་སོ། །གང་གི་ཚེ་ལྷག་པར་ཞེན་པ་སྤངས་ནས་རྣམ་པར་རྟོག་པ་ལ། དེའི་རྣམ་པ་སྣང་བ་ཙམ་ཡིན་པ་དེའི་ཚེ་ནི། དེས་རང་གི་བདག་ཉིད་ཁོ་ན་རྟོགས་པའི་ཕྱིར། སྤྱིར་རྟོགས་པའི་ཚད་མ་མ་ཡིན་ནོ་ཞེས་
བྱ་བའི་དོན་ཏོ། །དེ་ལྟར་ཐ་སྙད་ལ་རྣམ་འགྲེལ་སྦྱར་ནས། དོན་དམ་པ་ལ་རྩོད་པ་དེ་ཇི་ལྟར་མེད་སྙམ་ནས། ཡང་དེ་ལ་འཇུག་པ་བཤད་པ་ནི་གང་གི་ཚེ་ཞེས་བྱ་བའོ། །གཉིས་སུ་མེད་པ་ཞེས་བྱ་བ་ནི་རིག་བྱ་རིག་བྱེད་མེད་པ་རང་གི་ངོ་བོ་རིག་པ་ཙམ་མོ། །དེ་ཞེས་བྱ་བ་ནི་ཤེས་པའི་
བདག་ཉིད་དོ། །གཞན་ཞེས་བྱ་བ་ནི་རང་གི་མཚན་ཉིད་དང་མི་མཐུན་པའོ། །ཅིའི་ཕྱིར་དེ་ལྟར་མི་བསྙད་སྙམ་པའི་དོགས་པ་སེལ་བའི་སྒོ་ནས་རྩ་བ་འབྲེལ་པ་ནི་རང་གི་མཚན་ཉིད་ཅེས་བྱ་བ་ལ་སོགས་པའོ། །རིག་པ་ནི་རྟོགས་པའོ། །འདི་ལ་ནི་ཤེས་པ་ལའོ། །རྣམ་པ་ཐམས་
ཅད་དུ་རྟོགས་པ་མེད་པ་ཉིད་ཀྱིས་རིག་པ་མ་ཡིན་པར་མ་གྱུར་ཅིག་སྙམ་པས། གང་ལ་ཞེས་དྲིས་ཏེ་འདྲི་བའི་དོན་ནི་རིག་པའི་ཡུལ་གང་ལ་རྟོགས་པ་མེད་ཅེས་བྱ་བའོ། །ལན་དུ་ཤེས་པ་དེ་རང་གི་མཚན་ཉིད་ཤེས་པ་ལ་ཞེས་བྱ་བའོ། །དེ་ལྟར་གྱི་སྒྲ་ནི་རྣམ་པར་འཛིན་པ་སྟེ།
རང་གི་མཚན་ཉིད་ཤེས་པ་ལ་ཤེས་པའི་ཤེས་པ་གང་ཡིན་པ་དེ་ཞེས་བྱ་བའི་གཞལ་བྱ་འདི་ལ་ཤེས་པའི་རྟོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་གཞལ་བྱ་དེ་མ་རྟོགས་སྙམ་ན། གང་གིས་འདི་ཞེས་བྱ་བ་གསུངས་སོ། །མི་འདྲ་བ་ཉིད་ནི་རང་གི་མཚན་ཉིད་དང་

འདྲ་བ་སྟེ། སྤྱིའི་མཚན་ཉིད་དོ་ཞེས་བྱ་བའི་དོན་ཏོ། །འོ་ན་ཅི་ཞིག་རྟོགས་སྙམ་ན། འདིར་ནི་ཞེས་གསུངས་སོ། །རང་གི་མཚན་ཉིད་ཅེས་བྱ་བ་ནི་ཤེས་པའིའོ། །ཐ་དད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཤེས་པ་ལས་ཐ་དད་པའམ། ཤེས་པའི་
རང་གི་མཚན་ཉིད་ཕན་ཚུན་ཐ་དད་པའོ། །བསམ་པ་ཡང་དོན་གྱི་གདུལ་བྱའི་སྐྱེ་བོ་ཁོ་ནའི་ཡིན་ནོ་ཞེས་གསུངས་པ་ནི། གདུལ་བྱའི་སྐྱེ་བོའི་བསམ་པས་ཞེས་བྱ་བའོ། །ལྔ་པ་འདི་ནི་ལབ་ལོབ་པ་ཡིན་ནོ་ཞེས་བསྟན་པ་དོན་དུ་དེ་ལ་ལྟོས་ནས་སོ། །དེ་ལ་ལྟོས་ནས་བཅོམ་
ལྡན་འདས་ཀྱིས་མངོན་སུམ་ལ་སོགས་པའི་དབྱེ་བ་བསྟན་ཏོ་ཞེས་བྱ་བར་བལྟའོ། །མི་སླུ་བའི་ཕྱིར་རོ་ཞེས་བྱ་བ་འདིར་ཡང་བསམས་པས་ཞེས་བསྟན་པ་ཡིན་ནོ། །འདི་ལྟར་གདུལ་བྱའི་སྐྱེ་བོ་འགའ་ཞིག་ལས་འགའ་ཞིག་འཐོབ་པར་མངོན་པར་སེམས་པ་ཡིན་ཏེ། སྦྱིན་པ་ལ་སོགས་པ་རྗེས་སུ་
བསྒྲུབ་པ་ལས་བསྟན་པའི་ལོངས་སྤྱོད་ལ་སོགས་པ་འཐོབ་པ་ལས་ནི་མི་སླུ་བར་མངོན་པར་སེམས་སོ། །དེ་བཞིན་དུ་དེ་ལ་ལྟོས་ནས་ཉེ་བར་བསྟན་པའི་སྤྲོས་པ་ཐམས་ཅད་ཡིན་ནོ། །འདི་ཉིད་ནི་རང་རིག་པའི་ཞེས་བྱ་བ་ལ་སོགས་པས་དམ་བཅས་ནས་ཇི་ལྟ་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་ཕུལ་
བྱུང་དུ་མེད་པའི་ཕྱོགས་ལ་བརྟེན་པས་སྟོན་ཏོ། །བརྟགས་པའི་ཆོས་ཀྱི་བདག་མེད་པ་ནི་ཁོ་ནའོ། །ཡུལ་གྱིས་ཡུལ་ཅན་བསྟན་པའི་ཕྱིར། དེ་མཐོང་བ་རྗེས་སུ་དཔག་པའི་བདག་ཉིད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ནི་ལས་སྟེ་དོན་དམ་པ་ཐོབ་པའི་ཕྱིར་དེ་རྗེས་སུ་ཞུགས་པ། ངན་སོང་
དུ་འགྲོ་བ་ལ་སོགས་པ་བར་དུ་གཅོད་པ་དང་བྲལ་བས། །སྐྱེས་བུའི་དོན་མཆོག་ལ་བརྩོན་པ་དག་ཇི་ལྟ་ཇི་ལྟར་དབང་ཕྱུག་གིས་བྱས་པ་ལ་སོགས་པའི་སྒྲོ་འདོགས་བཀག་ནས་རྟོགས་པ་དེ་ལྟ་དེ་ལྟར་གོང་ནས་གོང་དུ་བཟོད་པ་ལ། བཅོམ་ལྡན་འདས་ཀྱིས་གོང་ནས་གོང་དུ་ཆོས་བསྟན་ཏེ་
རིམ་གྱིས་སྤྲོས་པ་ཆད་པ་ཁྱད་པར་ནས་ཁྱད་པར་ཐོབ་པས་མངོན་པར་འདོད་པ་ལ་མི་སླུ་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་གང་ལས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་སྐྱེ་བོའི་དབང་གིས་སྤྲོས་པ་བསྟན་གྱི་དོན་དམ་པའི་ནི་མ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཞེས་བྱ་བའི་དོན་ཏོ། །

རང་གིས་སྒྲོ་མ་བཏགས་པའོ། །དེའི་མཚན་ཉིད་ནི་དེ་ཁོ་ན་སྟེ་གཉིས་སུ་མེད་པའི་རང་བཞིན་ཏེ་དེ་དཔྱད་པའི་ཕྱིར་རོ། །གལ་ཏེ་བཅོམ་ལྡན་འདས་ཚུ་རོལ་ཉིད་ཡོད་དོ་ཞེས་ཅིའི་ཕྱིར་མི་བཞེད་སྙམ་ན་རྣམ་པར་དཔྱད་ན་ནི་ཞེས་གསུངས་སོ། །ཅིག་ཅར་ནི་ཞེས་བྱ་བ་ནི་ཤིན་ཏུ་ཟབ་པ་ཉིད་
ཀྱིས་ཐོག་མ་ཁོ་ནར་བསྟན་ན། གདོན་མི་ཟ་བར་སྐྲག་པར་འགྱུར་བའི་ཕྱིར་རོ། །འོན་ཏེ་ཞེས་བྱ་བ་ནི་གལ་ཏེ་གཉིས་སུ་མེད་པ་ལས་གཞན་དེ་ཁོ་ན་ཉིད་མ་ཡིན་ན་དེའི་ཚེ་ན་མདུན་ན་གསལ་བའི་སེར་པོ་དང་སྔོན་པོ་ལ་སོགས་པ་རིག་པ་ཙམ་དུ་བརྗོད་པར་འགྱུར་ན། དེ་ཡང་ཡུལ་ཐ་དད་པའི་ཕྱིར་
རོ། །ཇི་ལྟར་འཐད་དེ་དེས་ན་དེ་ནི་ཕྱི་རོལ་ཉིད་དོ་ཞེས་བྱ་བའི་དོན་ཏོ། །གྲུབ་པའི་མཐར་ནི་གལ་ཏེ་ཡུལ་རང་གི་ངོ་བོ་ལས་ཐ་དད་པར་གྱུར་ན་དེའི་ཚེ་ཐ་དད་པའི་སྟོབས་གྱིས་རང་གི་ངོ་བོ་ཡང་ཐ་དད་པར་འགྱུར་བ་ཞིག་ན་དེ་ལྟ་ཡང་མ་ཡིན་ནོ། །དེས་ན་ཡུལ་ཐ་དད་པའི་ཕྱིར་སྔོན་པོ་དང་བདེ་བ་དག་གི་རང་
བཞིན་ཐ་དད་དོ་ཞེས་བྱ་བ་ནི་རང་བཞིན་ཐ་དད་པས་རང་བཞིན་ཐ་དད་དོ་ཞེས་བརྗོད་པར་འགྱུར་བས་ཅི་ཞིག་གསོ་བར་བྱེད་ཅེས་བྱ་བའི་དོན་ཏོ། །རང་རིག་པའི་རང་གི་ངོ་བོ་ཉིད་དེ་ལྟ་དེ་ལྟར་རྣམ་པར་གནས་པ་ཡིན་ནོ། །དེ་ལ་གལ་ཏེ་བཏགས་པའི་ཐ་དད་པའི་ཆ་གཅིག་ལ་ལྟོས་ནས་གཞན་རིགས་པ་མ་ཡིན་ན་ནི་
དེའི་ཚེ་དེ་ལ་ལྟོས་པས་གཞན་ལ་ཡང་ཐལ་བར་འགྱུར་རོ། །དེའི་ཕྱིར་སྣང་བཞིན་པའི་ཤེས་པའི་ཚོགས་ལ་ཕྱི་རོལ་ལམ་ནང་ཞེས་བྱ་བ་འགའ་ཡང་རིག་པ་དང་ལྡན་པ་མ་ཡིན་ནོ། །གལ་ཏེ་ཡུལ་ཐ་དད་པས་ཐ་དད་པར་ཐ་སྙད་པ་ཉིད་མ་ཡིན་ཞེ་ན། བདེན་ཏེ་ཕྱི་རོལ་པ་ལ་ལྟོས་ནས་མ་ཡིན་ནོ། །
ཇི་ལྟར་མངོན་པར་རློམ་པ་ཙམ་གྱིས་རབ་ཏུ་ཕྱེ་བའི་ཕྱི་རོལ་གྱི་དོན་ཡིན་པ་དེ་བཞིན་དུ་མངོན་པར་རློམ་པ་ཙམ་རྣམ་པར་གཞག་པའི་ཡུལ་ཐ་དད་པས་ཐ་དད་པ་ལ་བརྟེན་པ་ཡང་གདོན་མི་ཟ་བར་ཁས་བླང་བར་བྱའོ། །གལ་ཏེ་ཡུལ་ཐ་དད་པས་ཕྱིའི་དོན་ཐ་དད་པ་དང་ལྡན་པར་མི་འགྱུར་ན་ནི་དེའི་ཚེ་
འགལ་བའི་ཆོས་གནས་པ་གཞན་ཡང་ཐ་དད་པར་བྱེད་པ་མ་ཡིན་ནོ། །དེས་ན་དོན་བྱ་བ་ལ་ཐ་དད་པས་ཉེ་བར་མཁོ་བ་མེད་དོ། །དེའི་ཕྱིར་བ་ཙམ་ལ་གཞན་མ་ཡིན་པའི་ཕྱི་རོལ་གྱི་ཐ་དད་པ་ནི་སྤང་བར་དཀའོ། །དེ་ཉིད་ཀྱི་ཕྱིར་མཐར་རྡུལ་ཕྲ་རབ་ཏུ་གནས་པ་ཡིན་ནོ། །རྣམ་པར་རིག་པ་ཙམ་ལ་ནི་ཆ་མེད་

པ་ཉིད་དུ་གནས་ཏེ། ཐ་དད་པས་ནི་དོན་བྱ་བ་ལ་མཁོ་བ་མ་ཡིན་ལ་འཇུག་པ་དང་ལྡོག་པ་ཡང་ཡོད་པ་མ་ཡིན་ནོ། །དེས་ན་ཤེས་པའི་ཐ་དད་པ་མེད་པ་ཉིད་དོན་དམ་པ་ཡིན་ནོ། །ཕྱིས་ཞེས་བྱ་བ་ནི་སྣ་ཚོགས་གཉིས་མེད་ཀྱི་སྐབས་སུའོ། །དེ་ལྟར་ཚད་མའི་མཚན་ཉིད་གཉིས་བཤད་པ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་ཁོ་ན་ལ་
མཚན་ཉིད་དེ་ཡོད་པར་རིགས་པར་མཐོང་ནས་གཞན་གྱིས་འོ་ན་ཇི་ལྟར་ཞེས་དྲིས་སོ་དོགས་པ་འདི་ག་ལས་ཡིན་ཞེ་ན། མངོན་སུམ་དང་རྗེས་སུ་དཔག་པ་དག་ནི་སྨྲས་སོ། །བཅོམ་ལྡན་འདས་ཞེས་བསྟན་པ་ནི་སྐྱེས་བུའི་ཁྱད་པར་ཡང་འཐད་པའི་ཡན་ལག་མ་ཡིན་པར་སྟོན་པའོ། །ཤེས་པ་ཁོ་ན་ཚད་མ་ཡིན་གྱི་བཅོམ་ལྡན་འདས་ནི་དེ་བཞིན་
དུ་མ་ཡིན་པ་ཅིའི་ཕྱིར་ཞེ་ན་དེ་ནི་ཚད་མ་དམ་པ་ཡིན་པའི་ཕྱིར་རོ་ཞེས་སྨྲས་སོ། །བསྟན་བཅོས་ཀྱི་དོན་དུ་དམ་བཅས་པ་འདི་ཚད་མའི་རང་བཞིན་ནོ་ཞེས་བྱ་བ་འདི་ནི་གསལ་བ་ཉིད་དོ་ཞེ་ན། ལན་དུ་དེ་ལྡན་ཞེས་བྱ་བ་སྟེ། འདི་ལ་མཚན་ཉིད་གཉིས་པོ་དེ་མངའ་བས་ན་དེ་ལྡན་ནོ། །གལ་ཏེ་ཅི་དབང་ཕྱུག་ལ་སོགས་པ་བཅོམ་ལྡན་འདས་
སུ་འདོད་དམ་ཞེ་ན། དེ་བཞིན་གཤེགས་པ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་མོད་དེ་ལྟ་ན་ཡང་ཅི་ལྟར་ཅིའི་རང་བཞིན་དུ་གྱུར་པ་ན་འདི་ཚད་མ་ཡིན་སྙམ་པའི་དོགས་པ་སེལ་བ་ན། རྩ་བ་རྣམ་པར་འགྲེལ་པ་ནི་དོན་དང་ལྡན་པས་སམ་ཞེས་སྨྲས་ཏེ། མཚན་ཉིད་གཉིས་དང་ལྡན་པས་སོ། །མངོན་སུམ་གྱི་རང་བཞིན་ཉིད་ཀྱི་ཞེས་
བྱ་བ་ནི་དངོས་པོ་མཐའ་དག་མངོན་དུ་བྱེད་པ་ཉིད་ཀྱི་སྒྲས་ནི་གང་ཟག་གི་རང་བཞིན་འགོག་པ་ཡིན་གྱི་གཟུགས་ཀྱི་ཕུང་པོ་ནི་མ་ཡིན་ནོ། །དེས་ན་སྐྱེས་བུའི་རང་བཞིན་ལ་ཡང་རྟོགས་པའི་ཆ་གཙོ་བོ་ཡིན་པའི་ཕྱིར་མངོན་སུམ་གྱི་རང་བཞིན་དུ་བརྗོད་དོ། །རྒྱུའི་གནས་སྐབས་ན་ནི་རྗེས་སུ་དཔག་པའི་རང་བཞིན་ཉིད་རྗེས་སུ་དཔག་པ་
གཞན་ལས་ཁྱད་པར་མེད་པ་ན་རྗེས་སུ་དཔག་པའི་རང་བཞིན་ཡང་དངོས་སུ་བརྗོད་དོ། །གྲུབ་པའི་གནས་སྐབས་སུ་ནི་ཐུན་མོང་མ་ཡིན་པ་ཁོ་ན་སྟེ། དངོས་པོ་མཐའ་དག་གི་ཡུལ་ཅན་ཡིན་པའི་ཕྱིར་རོ། །འདིར་ཕ་རོལ་གྱིས་འདི་ག་ལས་ཤེས་སྨྲས་ཏེ། ཐམས་ཅད་ཀྱི་ཡུལ་ཅན་ཉིད་འདིའོ། །དེའི་ཕྱིར་བཤད་པ་ནི་ཞེས་བྱ་བ་ནི་
གང་ལས་འདི་རྟོགས་པ་དེ་བརྗོད་པའོ། །ཡང་དག་མིན་པ་ནི་ལོག་པ་སྟེ་དེའི་ཡུལ་ཅན་ཡིན་པས་ན་ཤེས་པ་ཡང་ཡང་དག་པ་མིན་ཞེས་བྱ་བ་སྟེ། འཁྲུལ་པ་ཞེས་བྱ་བའི་དོན་ཏོ། །དེ་ཉན་པ་པོའི་རྒྱུད་ལས་འཕགས་པའི་བདེན་པ་བཞི་ལ་དམིགས་པ་ཡང་དག་པ་ཉིད་བཅོམ་ལྡན་འདས་ཀྱིས་གསུངས་ཏེ་བསྟན་ཏོ།། །།