Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 183

Văn bản gốc(Tây Tạng)

Trang 18 / 19 (50.000 ký tự/trang)
ཕྱིར་རོ། །སྒོམ་པ་ལ་སོགས་པ་རྣམས་ཀྱི་ཕན་
ཚུན་འབྲེལ་པ་གང་ལས་རྟོགས་པའམ། འཇུག་པའི་ཡུལ་མཆོད་སྦྱིན་གྱི་མཐོ་རིས་ལ་སོགས་དང་འབྲེལ་པ་ཡིན་ཡང་རུང་སྟེ། དེ་ཉིད་བསྒྲུབ་པ་ཡིན་ནོ། །ཐམས་ཅད་ཅེས་བྱ་བ་ནི་སྒོམ་པ་ལ་སོགས་པའོ། །འོ་ན་ཇི་ལྟར་འཇུག་ཅེ་ན། དེས་ན་ཞེས་བྱ་བ་ལ་
སོགས་པ་སྨོས་སོ། །གལ་ཏེ་བློ་དམིགས་པ་མེད་པ་ཡིན་མོད། སེལ་བ་སྒྲ་དང་རྣམ་པར་རྟོག་པ་དག་གི་ཡུལ་ཡིན་ནོ་ཞེས་བྱ་བ་ག་ལས་ཤེ་ན། དེ་ཉིད་ཀྱང་གཞན་སེལ་བ་ཡིན་ནོ་ཞེས་སྨོས་ཏེ། རྣམ་པར་རྟོག་པ་བློའི་དམིགས་པ་མེད་པ་ཉིད་གཞན་སེལ་བ་ཡིན་ནོ་
ཞེས་བྱ་བའི་དོན་ཏོ། །གཞན་སེལ་བ་བརྗོད་བྱ་ཡིན་ནོ་ཞེས་བྱ་བ་ཉིད་མཐར་གཏུགས་ན་བརྗོད་པར་བྱ་བ་སེལ་བ་ཡིན་ནོ་ཞེས་དོན་ངེས་པར་མཛད་པའི་ཕྱིར་རོ། །དེའི་ཕྱིར་ཞེས་བྱ་བ་ནི་སྐབས་ཉེ་བར་སྡུད་པའོ། །ལྷག་པར་སྒྲོ་འདོགས་པ་ཞེས་བྱ་བ་ནི་མི་བདེན་པའོ། །གལ་
ཏེ་དེས་སྤྲོས་པ་དེ་ཙམ་གྱིས་ཅི་ཞིག་བཤད་ཅེ་ན། སྒྲོ་འདོགས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དང་པོ་ཞེས་བྱ་བ་ནི་གཙོ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མི་སླུ་བ་དང་ལྡན་པ་ཉིད་ཚད་མའི་མཚན་ཉིད་དུ་རྗོད་པ་དང་། མ་ཁྱབ་པ་དང་ཧ་ཅང་ཁྱབ་པའི་ཉེས་པ་ཡང་
སྤངས་པ་དང་དེའི་མཚན་ཉིད་དང་ལྡན་པའི་ཕྱིར། བཅོམ་ལྡན་འདས་ཉིད་འཇིག་རྟེན་ཕ་རོལ་ལ་སོགས་པ་ལ་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཡང་བསྟན་པ་དང་། རིག་བྱེད་ཉིད་ལས་དེ་གྲུབ་པས་བཅོམ་ལྡན་འདས་མི་དགོས་སོ་ཞེས་བྱ་བའི་རྩོད་པ་འདི་ལ་རིག་བྱེད་རང་ལས་ཚད་

མ་ཡིན་པའི་ཕྱིར་མི་སླུ་བ་དང་ལྡན་པ་ཉིད་ཀྱི་མཚན་ཉིད་དོན་མེད་པར་བརྗོད་པ་ལྷུར་ལེན་པའི་སྤྲོས་པ་གསལ་བ་ན། ཡང་རང་གི་གཞུང་ལུགས་ལ་ལྟོས་ན་མི་སླུ་བའི་མཚན་ཉིད་ཁོ་ན་ལ་ཡང་མ་ཁྱབ་པར་སྟོན་པས་གལ་ཏེ་ཞེས་བྱ་བ་སོགས་པ་སྨོས་སོ། །དེ་ཉིད་
འདི་ཡིན་ནོ་ཞེས་བྱ་བ་ལ་སོགས་པར་ཞེས་བྱ་བའི་གཞལ་བྱར་གྱུར་པའི་ལས་སོ། །ཤེས་ནས་ཞེས་བྱ་བ་ནི་རྟོགས་པ་སྐྱེས་ནས་སོ། །ངོ་ཤེས་པ་ལ་སོགས་པའི་ཤེས་པ་ཚད་མར་འགྱུར་རོ་ཞེས་སྦྱར་ཏེ། དེ་ལྟར་མ་ཡིན་ན་དེའི་ཡུལ་དུ་འགྲོ་བའི་རྟོགས་པ་མི་སྲིད་པའི་ཕྱིར་
རོ། །སོགས་པའི་སྒྲས་ནི་བུམ་པ་གཅིག་ཡིན་ནོ་སྙམ་པ་ན་ཡན་ལག་ཅན་གྱི་ཤེས་པ་དང་། སྔོན་པོ་དང་གཡོ་བ་ཞེས་པ་ནི་སྔོན་པོ་ཉིད་དང་མི་གཡོ་བ་ཉིད་དག་གི་ཁྱད་པར་ཅན་དུ་གྱུར་པའོ་ཞེས་བྱ་བ་ལ་སོགས་པ་ཁྱད་པར་ཐ་དད་པ་འཛིན་པ་བསྡུའོ། །འདི་ལ་ནི་རང་གི་ལུགས་ཀྱིས་
ཚད་མ་འདོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་གཞན་གྱི་ལུགས་སྟོན་པ་ནི་དེ་ལ་སྔོན་མེད་པ་ཞེས་བྱ་བ་ལ་སོགས་པ་རྣམས་འདི་ཡང་ཉེ་བར་མཚོན་པ་ཙམ་སྟེ། དང་པོ་ལྟ་བའི་ཤེས་པ་ནི། །རྣམ་པར་རྟོག་མེད་བྱིས་པ་དང་། །ལྐུགས་སོགས་རྣམ་ཤེས་དང་འདྲ་བ། །དག་པའི་དངོས་ལས་
སྐྱེས་པ་ཡོད། །ཅེས་བྱ་བ་དང་། དེ་ཡི་འོག་ཏུ་བློ་གང་གིས། །དངོས་ཆོས་རིགས་ལ་སོགས་རྣམས་སུ། །ཕྱིར་ཞིང་ཞེན་བྱེད་དེ་ཡང་ནི། །མངོན་སུམ་ཉིད་དུ་འདོད་པ་ཡིན། །ཞེས་བྱ་བ་ཡང་བལྟ་བར་བྱའོ། །ཡན་ལག་གི་ཤེས་པའི་སྟོབས་ལས་བྱུང་བའི་ཕྱིར་རྣམ་
པར་རྟོག་པ་འདི་ཚད་མ་མ་ཡིན་ན་ཞེས་འབྲེལ་ཏོ། །འོན་ཏེ་དེ་མ་ཐག་པ་ཡིན་ན་ཞེས་བྱ་བ་ནི། གལ་ཏེ་ཡུལ་རྟོགས་པ་ལ་བར་དུ་གཅོད་པ་མིག་ལ་སོགས་པ་སྤངས་ནས་མཆོད་པ་ལྟ་བའི་ཤེས་པ་ཚོལ་ན་དེའི་ཚེ་དྲན་པ་དང་འདོད་པ་ལ་སོགས་པ་ཡོད་ན་འཇུག་པར་བྱེད་པ་
ཚད་མ་ཡིན་པས་ན། འཇུག་པ་ལ་བར་མ་ཆོད་པའི་རྣམ་པར་རྟོག་པ་ཉིད་ཚད་མར་འགྱུར་རོ་སྙམ་དུ་བསམས་པའོ། །དེ་ལྟར་རྩོད་པ་གཉིས་ལ། གཟུང་བ་འཛིན་ཕྱིར་ཀུན་རྫོབ་ནི། །མི་འདོད་ཅེས་བྱ་བས་རྣམ་པར་རྟོག་པ་ཚད་མ་ཡིན་པ་བཀག་ལ། བློ་ནི་ཚད་མ་ཉིད་ཅེས་

བྱ་བ་ལ་སོགས་པས་ནི་མིག་ལ་སོགས་པ་བཀག་གོ། །དེས་ན་ཡོངས་སུ་གཅོད་པའི་རང་བཞིན་ཡིན་པའི་ཕྱིར་དང་། མ་བཟུང་བ་འཛིན་པའི་ཕྱིར་ལྟ་བ་ཉིད་ཚད་མར་བརྗོད་པ་ཡིན་ནོ། །གལ་ཏེ། ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བྱ་བས་སླུ་བ་
ཅན་བཀག་པ་ཡིན་མོད་གཟུང་བ་འཛིན་པ་ནི་ཅི་ལྟར་ཞེ་ན། བདེན་ཏེ་མི་སླུ་བ་ཅན་གྱི་ཤེས་པ་ལ་ཚད་མའི་མིང་བྱེད་པ་ནི་མ་ཡིན་གྱི། འོན་ཀྱང་འདིས་འཇལ་བས་ན་ཚད་མ་ཡིན་ནོ་ཞེས་བྱ་བ་ཚད་མའི་སྒྲས་བརྗོད་པར་བྱ་བ་གང་ཡིན་པ་དེའི་མཚན་ཉིད་ནི་སླུ་བ་མེད་པ་ཅན་གྱི་ཤེས་པ་ཞེས་
བྱ་བ་ནི་ཡིན་ཏེ། ལོག་པར་རྟོགས་པའང་སྲིད་པའི་ཕྱིར་རོ། །བྱ་བ་རྫོགས་ཟིན་པའི་ལས་ལ་ནི་ཕྱི་མ་སྒྲུབ་བྱེད་དམ་པར་འགྱུར་བ་མི་འོས་སོ། །དེས་ན་དོན་གྱི་སྒྲུབ་པ་མ་བཟུང་བར་འཛིན་པ་བཤད་པ་ཡིན་ནོ། །རེ་ཞིག་ངོ་ཤེས་པའི་དབང་དུ་བྱས་ནས་བཤད་པ་ནི་དེ་ཉིད་འདི་ཡིན་ནོ་
ཞེས་བྱ་བ་ལ་སོགས་པའོ། །གཅིག་ཉིད་ལ་ཞེས་བྱ་བ་ད་ལྟར་བ་ཙམ་གྱིས་གཅིག་ཉིད་ལའོ། །ཅིའི་ཕྱིར་འདི་ལ་ཚད་མ་མ་ཡིན་ཞེ་ན། སྔོན་མེད་པའི་ཞེས་བྱ་བ་གསུངས་ཏེ། སྔོན་མེད་པ་ནི་མ་བཟུང་བའོ། །གཅིག་ཉིད་ལ་ནི་ད་ལྟར་ཙམ་གྱིས་གཅིག་ཉིད་དོ། །ཅིའི་ཕྱིར་
སྔོན་མེད་པ་མ་བཟུང་ཞེ་ན། དེ་ཉིད་ནི་འདིའོ་སྙམ་པའི་རྟོག་པའོ། །ད་ལྟའི་ཤེས་པས་མཐོང་བ་ད་ལྟར་བ་ཙམ་གྱིས་གཅིག་ཉིད་རྟོགས་པའི་ཕྱིར་རོ། །གལ་ཏེ་སྔར་ལྟ་བའི་ཤེས་པས་མ་བཟུང་བ་སྔ་མ་དང་ལྷན་ཅིག་གཅིག་པ་ཉིད་དོ་ཤེས་པའི་རྟོགས་པས་རྟོགས་པ་མ་ཡིན་
ནམ། དེས་ན་དེ་སྐད་ཅི་སྟེ་བརྗོད་ཅེས་དོགས་ན། སྔ་མ་དང་ལྷན་ཅིག་ཅེས་གསུངས་སོ། །གལ་ཏེ་དེ་ཡང་སྔ་མ་དང་ཕྱི་མའི་ངག་གཅིག་ཏུ་ངེས་པ་དེ་ལྟ་ན་ཡང་སྔ་མ་དང་ཕྱི་མའི་མངོན་སུམ་དག་གི་བྱེད་པ་དེ་ལ་མེད་པའི་ཕྱིར་ན་འདི་ནི་ཐེ་ཚོམ་གྱི་གནས་ཡིན་ནོ་ཞེས་འཆད་པར་
འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །སྔ་མ་དང་ལྷན་ཅིག་གཟུང་བའི་གཅིག་ཉིད་ནི་ཞེས་བྱ་བའི་ཡུལ་གྱི་ཡུལ་ཅན་བསྟན་པའི་ཕྱིར་སྔ་མ་དང་ལྷན་ཅིག་ཏུ་འཛིན་པ་ཞེས་བྱ་བའི་དོན་ཡིན་ནོ། །གཅིག་ཉིད་ཀྱི་ཤེས་པ་ཉིད་ནི་རྩོད་པའི་ཡུལ་གྱི་གཅིག་ཉིད་བདག་གིས་བྱེད་པ་སྟེ།

གསལ་བར་བྱེད་པ་ཡིན་ནོ། །རྩོད་པའི་གཞི་གཅིག་ཅེས་འདོད་པ་དེར་ནི་འདི་སྐྱེ་མཆེད་དུ་གྱུར་ཅིང་སྒྲུབ་བྱེད་ཡིན་པས་ན་གཞི་སྟེ། རྩོད་པ་དང་རྗེས་སུ་འབྲེལ་པ་ཞེས་བྱ་བའི་དོན་ཏོ། །རྩོད་པ་དང་རྗེས་སུ་འབྲེལ་པ་འདི་ཡང་རྟོགས་པ་སྔ་མ་དང་ཕྱི་མ་ལ་སྣང་བའི་རང་བཞིན་དག་
གཅིག་ཉིད་ལ་རིགས་པ་ཡིན་ཏེ། མངོན་སུམ་གྱིས་གཅིག་ཉིད་གསལ་བའི་ཕྱིར་རོ། །གལ་ཏེ་བདག་ཉིད་ཁ་ཅིག་ཉིད་སེམས་ན་ནི། དེའི་ཚེ་ཨུཏྤལ་སྔོན་པོ་བཞིན་དུ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ན། རྩོད་པ་མེད་པ་ཞེས་སྟོན་པ་ནི་ད་ལྟར་བ་ཙམ་ཞེས་བྱ་བའོ། །དེ་
བཞིན་དུ་སྔ་མ་ཙམ་གྱི་ཐ་དད་པ་མེད་པའི་རང་བཞིན་གྱིས་ཀྱང་རྩོད་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ད་ལྟར་བ་ཞེས་དངོས་པོར་བསྟན་པ་ནི་རང་གི་ངོ་བོས་ཐ་མི་དད་པར་བསྟན་པའི་དོན་དུའོ། །དེའི་ཕྱིར་སྔ་མ་དང་ཕྱི་མ་དག་གི་གཅིག་ཉིད་ལ་རྩོད་པ་ཡིན་ནོ། །གང་དུ་
རྩོད་པ་ཡོད་པ་དེར་གཏན་ལ་ཕེབས་པ་ཡང་མཐོང་བ་མ་ཡིན་ནམ། དེས་ན་སྐབས་སུ་བབ་པ་ལ་ཇི་ལྟ་བ་བཞིན་དུ་འགྱུར་ཞེ་ན། སྔ་མ་དེ་ཡང་ཞེས་གསུངས་སོ། །མངོན་སུམ་གྱིས་གཅིག་ཉིད་མི་འཛིན་པ་ཙམ་གྱིས་རྩོད་པ་ཡོད་པར་ནི་བརྗོད་ཟིན་པ་ཡིན་ལ། ད་ནི་ཐ་དད་
པར་འཛིན་པ་ལས་བཟློག་པ་ཁོ་ནའོ། །དངོས་པོ་སྔ་མ་དེ་ཡང་ཕྱི་མ་ཞེས་བྱ་བ་དང་ད་ལྟར་བ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཤེས་པ་སྔ་མས་བཟུང་བའི་ཕྱིར་རོ། །འདིའི་ཐ་དད་པ་ཅི་ལྟར་ངེས་ན་ཞེས་པ་སྔ་མ་ནི་ཞེས་གསུངས་སོ་ཞེས་བྱ་བ་ནི་གཏན་ཚིགས་ཏེ། རྫས་ཉིད་ལ་ཞེས་བྱ་བ་
ལ་སོགས་པ་གསུངས་སོ། །ཅི་ལྟ་བུར་གྱུར་པ་ཞིག་ལ་ཞེ་ན། སྔ་ཕྱིར་གྱུར་པ་ཞེས་གསུངས་སོ། །སྔ་མ་དང་ཕྱི་མར་ཡང་དེ་ཉིད་ནི་མ་ཡིན་ཏེ། དེ་ཁོ་ན་ཉིད་དུ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རྟོགས་པ་སྔ་ཕྱིར་གྱུར་པ་ཡིན་ནོ། །གཞན་ལས་ཅི་འདྲ་བར་གྱུར་
པ་ཞིག་ཅེ་ན། ཐ་དད་པར་བརྟགས་པའི་རང་གི་ངོ་བོ་ཅན་གྱི་རྫས་སོ། །རྒྱུ་མཚན་གང་གིས་བྱས་པ་ལས་ཐ་དད་པ་བཏགས་ཤེ་ན། རྗེས་སུ་འགྲོ་བ་དེ་དང་ལྡོག་པས་ཞེས་གསུངས་ཏེ། ལྷ་སྦྱིན་ཉིད་ནི་མཆོད་སྦྱིན་བྱེད་པ་དང་། མི་བྱེད་པའི་གནས་སྐབས་གཉི་གར་རྗེས་སུ་འགྲོ་

ལ་མཆོད་སྦྱིན་བྱེད་པའི་གནས་སྐབས་ནི་རེས་འགའ་རྗེས་སུ་མི་འགྲོ་བས་ན་ལྡོག་པ་ཡིན་ནོ། །དེས་ན་གཉི་ག་ལ་ཁྱབ་པའི་རྗེས་སུ་འགྲོ་བ་དང་། མ་ཁྱབ་པའི་དོགས་པས་རྫས་ཐ་དད་པར་བརྟགས་པ་ཡིན་ནོ། །འདི་ཉིད་གསལ་བར་བྱེད་པ་
ནི་ཐ་དད་པ་མེད་ཀྱང་ཞེས་བྱ་བ་ཡིན་ནོ། །རང་གི་བྱ་བ་དང་ཁམས་ཀྱི་དོན་ཡང་ཞེས་བྱ་བ་ལ་སོགས་པས་ནི་གཉི་ག་ལ་ཉེས་པ་གཞན་བརྗོད་པ་དྲན་པར་བྱེད་པ་ཡིན་ཏེ། དམན་པ་དག་སྐྱོན་འདི་ཙམ་དུ་ཟད་དོ་སྙམ་དུ་མི་འགྱུར་བར་བྱ་བའི་དོན་དུ་ཁྱད་པར་གྱི་དོན་དུའོ། །དེ་
ལྟར་ཡང་རྩོད་པ་འོན་ཏེ་ཞེས་བྱ་བ་ཡིན་ནོ། །རྟགས་ལས་མ་སྐྱེས་པའི་ཤེས་པའི་སྐབས་ཡིན་པའི་ཕྱིར་ན་རྗེས་སུ་དཔག་པ་མ་བརྗོད་དོ། །དེའི་ཡུལ་ཅན་ཡིན་ཡང་ཞེས་བྱ་བ་ནི་འབྱུང་བ་དང་བྱུང་བ་ལ་སོགས་པའི་ཡུལ་ཅན་ཡིན་ཡང་ངོ་། །དེར་འགྱུར་བ་མ་ཡིན་ནོ་ཞེས་
བྱ་བ་ནི་དམིགས་པ་མེད་པ་ཉིད་དུའོ། །སྐུལ་བ་ནི་བྱུང་བ་དང་འབྱུང་བར་འགྱུར་བ་དང་། རྒྱང་རིང་བ་དང་ཕྲ་བ་དང་། བསྐལ་པ་རྗོད་པར་བྱེད་ཀྱི་དབང་པོ་ལ་སོགས་པ་གཞན་གྱིས་ནི་མ་ཡིན་ཞེས་བྱ་བ་ཡིན་ནོ། །མཐོང་བ་མེད་པ་ཞེས་བྱ་བ་ནི་དེའི་ཚེ་རང་གི་ངོ་བོ་མེད་པས་
ན་མི་སྣང་བའི་ཕྱིར་རོ། །འོ་ན་ཁྱེད་ཀྱི་རྗེས་སུ་དཔོག་པ་ལ་ཡང་རང་གི་ངོ་བོ་མི་སྣང་བའི་ཕྱིར། ཅི་ལྟར་རྗེས་སུ་དཔག་པ་ཡོད་པ་ཉིད་དུ་ངེས་ཞེས་དོགས་ན། རྗེས་སུ་དཔག་པ་ལ་ནི་ཞེས་སྨོས་སོ། །རྗེས་སུ་དཔག་པ་དེར་ནི། དེ་ལྟར་གནས་པ་ཡིན་ཞེས་བྱ་བའི་དོན་དེ་
གནས་པར་ངེས་པ་ཡིན་ནོ། །འཆད་པ་ནི་ལྐོག་ཏུ་གྱུར་པའི་ཡུལ་ཞེས་བྱ་བ་ལ་སོགས་པའོ། །གང་ཞིག་ཅེས་བྱ་བ་ནི་རྟགས་ཀྱི་མཚན་ཉིད་ཀྱི་དོན་ཏོ། །གང་དང་ཞེས་བྱ་བ་བསྒྲུབ་བྱ་དང་ངོ་། །དེ་ཞེས་བྱ་བ་རྟགས་ཀྱི་མཚན་ཉིད་ཀྱི་དོན་དེ་ཡོད་ནའོ་ཞེས་བྱ་བ་བསྒྲུབ་
བྱའོ། །འོ་ན་འབྱུང་དང་བྱུང་བ་བསྐུལ་བ་ལ་དམིགས་པ་མེད་པ་ཉིད་དུ་ཅི་ལྟར་རྟོགས་ཤེ་ན། བཤད་པས་བསྐུལ་བས་བསྐྱེད་པའི་བློ་དམིགས་པ་མེད་པ་ཉིད་ནིའོ། །དེའི་རང་བཞིན་མེད་པ་ཉིད་ལས་ཞེས་བྱ་བ་ནི་འབྱུང་བ་དང་བྱུང་བ་ལ་སོགས་པའི་རང་བཞིན་མེད་པ་

ལས་སོ། །རང་གི་ངོ་བོ་མི་འཛིན་མོད་ཞུགས་པས་ངེས་པར་བྱས་པ་ཐོབ་པ་ནི་ཡོད་པ་ཡིན་ལ། དེ་ཙམ་གྱིས་བསྐུལ་བ་ཚད་མར་སྨྲ་བ་རྣམས་ཀྱི་དོན་གྲུབ་པ་ཡིན་ནོ་ཞེ་ན། འབྱུང་བར་འགྱུར་བ་དང་ཞེས་སྨོས་ཏེ། གང་གིས་ངེས་པར་བྱས་པ་ཐོབ་པར་ངེས་པར་འབྲེལ་བ་ནི་
མེད་དོ། །འོ་ན་ནི་ནུས་པའི་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པར་ཡང་མི་འགྱུར་ཏེ། དེ་ཡང་དངོས་པོ་ཉིད་དུ་ན་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར་རོ་ཞེ་ན། རྗེས་སུ་དཔག་པ་ལས་ནི་ཞེས་གསུངས་སོ། །དེ་ལྟར་གཞན་དུ་མཐོང་བའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་དུ་རྒྱུ་དང་
འབྲས་བུ་མེད་པར་མཐོང་བ་སྟེ། དེས་ན་རྒྱུ་ལས་འབྲས་བུ་རྗེས་སུ་དཔོག་པ་ལ་སོགས་པར་གནས་ཏེ། དེ་ལྟར་ཡང་འཆད་པར་འགྱུར་རོ། །གལ་ཏེ་རིག་བྱེད་ཀྱི་བསྟན་པའི་མེའི་སྦྱིན་སྲེག་ལ་སོགས་པ་ལ་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། མེའི་སྦྱིན་སྲེག་ཅེས་བྱ་བ་ལ་
སོགས་པའོ། །འབྲས་བུའི་རྒྱུ་ཉིད་ནི་མཐོ་རིས་ལ་སོགས་པའི་རྒྱུ་ཉིད་དོ། །དེ་མ་བྱས་ན་ཞེས་པ་ནི་མེའི་སྦྱིན་སྲེག་ལ་སོགས་པ་མ་བྱས་ནའོ། །འོན་ཏེ་ཞེས་བྱ་བ་ནི་གཞན་གྱིའོ། །བདག་གི་ནུས་པ་རྟོགས་པ་ནི་མཆོད་སྦྱིན་ལའོ། །རེ་ཞིག་བདག་གིས་མཆོད་སྦྱིན་བྱ་བར་ནུས་སོ་
ཞེས་ནུས་པ་རྟོགས་ན་མཆོད་སྦྱིན་གྱི་རྒྱུ་གང་གི་ཕྱིར་ཤེས་པ་སྔ་མས་དངོས་པོ་དེ་ཐ་མའི་རང་བཞིན་སྐད་ཅིག་གཞན་དང་བྲལ་བ་དང་། སྔ་ན་མེད་པར་ཞེས་བྱ་བ་སྐད་ཅིག་དེ་ལས་སྔོན་རོལ་དུ་མི་གནས་པར་འཛིན་པ་དེའི་ཕྱིར་ཤེས་པ་སྔ་མས་བཟུང་བ་ཉིད་ཕྱི་མའི་རང་གི་ངོ་བོ་དང་འདྲེ་
བ་འགལ་བ་ཡིན་ནོ། །དེས་ན་ཐ་དད་པར་ངེས་པ་ཉིད་དུ་སྒྲུབ་པོ། །དེས་ན་ཞེས་བྱ་བ་ནི་རང་བཞིན་ཐ་དད་པར་འཛིན་པས་ནའོ། །ཕྱིས་རྗེས་སུ་སྦྱར་བ་ཞེས་བྱ་བ་ནི་ངོ་ཤེས་པའི་རྟོགས་པས་ཞེས་རྟོགས་པར་བྱའོ། །ཅི་ལྟར་བཟུང་བར་གྱུར་པ་ཞེས་བྱ་བ་ནི་ལྟ་བའི་ཤེས་པས་
གཞན་གྱི་རང་བཞིན་དང་མ་འདྲེས་པར་བཟུང་བར་གྱུར་པའོ། །དེ་ལྟ་བུར་གྱུར་པ་ཉིད་ནི་དེ་གཞན་གྱི་རང་བཞིན་དང་མ་འདྲེས་པ་ཉིད་དོ། །དེ་ལྟ་ཡིན་མོད་ཅི་སྐྱོན་ཞེ་ན། བཟུང་བ་ཉིད་དུ་ཞེས་གསུངས་སོ། །ཡང་ན་སྔ་མ་དང་ཕྱི་མ་ལྟ་བའི་ཤེས་པས་བཟུང་བ་ཉིད་གཅིག་ཡིན་

ཏེ། དེས་ན་གཟུང་བ་ཉིད་ནི་འཛིན་པ་མཚམས་སྦྱོར་བར་བྱེད་པ་ཉིད་དུ་བརྗོད་ན་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྔ་མ་དང་ཕྱི་མ་ལས་གཅིག་ཉིད་མེད་ན། འོ་ན་ཅི་ལྟར་མི་སླུ་བ་ཡིན་ཞེ་ན། མི་སླུ་བ་ནི་ཞེས་གསུངས་སོ། །མངོན་སུམ་ལས་འཇུག་
པས་ན་དོན་བྱ་བ་ཉིད་ཐོབ་པ་ཡིན་གྱི། གཅིག་ཉིད་ཅེས་བྱ་བ་ནི་ཐོབ་པར་བྱ་བ་མ་ཡིན་ཏེ། མངོན་སུམ་གྱིས་བཀག་པའི་ཕྱིར་རོ། །དེའི་དོན་བྱ་བ་འདི་ཡིན་ནོ་ཞེས་བྱ་བའི་ཞེན་པ་ཙམ་ནི་ཡོད་ཀྱང་རྩ་བ་མེད་པ་ཡིན་པར་བརྗོད་དོ། །འོན་ཏེ་གལ་ཏེ་འདི་མ་ཡིན་ནམ་ཅི་
ལྟར་དེའི་དོན་བྱ་བ་འདི་ཡིན་ན། དེས་ན་དོན་བྱ་བ་ནི་སྔ་མ་དང་ཕྱི་མ་དག་གཅིག་པ་ཉིད་ཀྱིས་བསྒྲུབ་བྱ་ཡིན་ནོ་ཞེ་ན། དོན་བྱ་བ་ནི་ཞེས་སྨོས་སོ། །འོན་ཏེ་ག་ལས་ཡིན། གཞན་ལས་ཡིན་ན་ཡང་ཐམས་ཅད་ལས་འགྱུར་བར་ཐལ་ལོ་ཞེ་ན། དངོས་པོའི་ནུས་པ་ཙམ་ལས་སྐྱེས་
པའི་ཕྱིར་རོ་ཞེས་གསུངས་སོ། །དེ་ཉིད་འདི་མ་ཡིན་མོད། ཅི་ལྟར་དེའི་རྒྱུའི་ནུས་པ་ལ་དོན་བྱ་བ་དེར་ནུས་པ་སྐྱེས་པ་དེ་བཞིན་དུ་གལ་ཏེ། འདི་ཡང་འགྱུར་མོད། དེའི་ཚེ་ཐ་དད་ཀྱང་དོན་བྱ་བ་ཉམས་པ་ཅི་ཡོད། གང་ལ་ནུས་པའི་ཁྱད་པར་མེད་པ་དེ་ནི་སྐྱེད་བྱེད་མ་
ཡིན་པ་ཉིད་པས་ཧ་ཅང་ཐལ་བ་ཡང་ཐག་རིང་དུ་སྤངས་པ་ཁོ་ནའོ། །དེ་ལྟར་རྒྱུ་ཐ་དད་ཀྱང་བྱ་བ་ཐ་མི་དད་པ་ཡང་མ་ཡིན་ཏེ། དཔེར་ན་རྒྱུ་རང་གི་མཚན་ཉིད་ཙམ་ཐ་མི་དད་པ་ཡིན་པ་དེ་བཞིན་དུ་བྱ་བ་ཡང་ཡིན་ནོ། །མཇུག་སྡུད་པ་ནི་དེའི་ཕྱིར་ཞེས་བྱ་བའི་སྔ་མ་དང་ཕྱི་
མར་གྱུར་པ་གཉིས་དྲན་པའི་རང་བཞིན་ཡིན་གྱི་གཅིག་ཉིད་ལ་ནི་ཚད་མ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཡང་གལ་ཏེ་དེ་ལྟར་གཅིག་ཉིད་ཉམས་པའམ་ཚད་མ་མ་ཡིན་ན། དེའི་ཚེ་རྗེས་སུ་དཔག་པ་ལ་ཡང་ཐལ་བར་འགྱུར་ཏེ། འདི་ལྟར་དེར་ཡང་འདི་ན་མེ་ཡོད་
དོ་ཞེས་བྱ་བ་ནི་འདི་ནི་སྔར་མཐོང་བའི་མེ་དང་། ད་ལྟར་མཐོང་བའི་ལའི་དྲན་པ་གཉིས་ཡིན་ནོ་ཞེས་བརྗོད་པར་ནུས་སོ། །འོན་ཏེ་འདིར་གཉིས་ཀྱིས་འབྲེལ་པ་ལྷག་པ་རྟོགས་པས་ན་དོན་གཅིག་ཉེ་བར་བསྡུ་བ་ཡོད་པའི་ཕྱིར་ན་འདི་ནི་གཅིག་ཁོ་ན་རྟོགས་པའི་ཞེས་བྱ་བའི་རྣམ་པར་

གཞག་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དྲན་པ་གཞན་བཞིན་དྲན་པ་ཙམ་མ་ཡིན་ནོ་ཞེས་བྱ་བར་སེམས་ན། དེ་ལྟར་ན་ངོ་ཤེས་པ་ལ་ཡང་སྔ་མ་དང་ཕྱི་མ་དག་གི་རྟོགས་བཞིན་པ་གཅིག་གི་མཚན་ཉིད་དོན་གཅིག་ཉེ་བར་བསྡུ་བ་ཡོད་པའི་ཕྱིར་གཅིག་པ་ཉིད་དོ། །སྔར་གཅིག་ཉིད་མ་རྟོགས་
པའི་ཕྱིར། ཚད་མའང་ཡིན་ཏེ། དྲན་པའི་ཤེས་པ་ཙམ་ནི་མ་ཡིན་ནོ་ཞེས་ཟེར་བ་འདི་ནི་འཛིན་པ་བཤད་པ་ཉིད་ཀྱིས་གསལ་བར་རིག་པར་བྱ་བའོ། །ཆོས་དང་ཆོས་ཅན་གྱི་འབྲེལ་པ་ཚད་མས་མ་བསལ་བའི་རྗེས་སུ་དཔག་པ་ལ་ནི་ཚུལ་གསུམ་ཡོངས་སུ་དཔག་པར་བསྒྲུབ་པའི་
གཏན་ཚིགས་ལས་གྲུབ་པ་ན། དོན་ཉེ་བར་བསྡུ་བའི་ཕྱིར་གཅིག་ཉིད་དུ་རྣམ་པར་གཞག་པ་དང་། དེ་ལས་ལྷག་པར་གྲུབ་པས། གལ་ཏེ་གཞན་གཟུགས་ཙམ་ལས་ཐོབ་བྱ་གཞན་མེད་པ་ཡིན་ན། དེའི་ཚེ་སྐད་ཅིག་མ་དང་གཟུགས་འཛིན་པའི་བློ་ཅི་ལྟར་ཚད་མ་ཡིན་ཞེས་
བྱ་བའི་དོན་ཏོ། །གྲུབ་པའི་མཐར་ནི་སྐད་ཅིག་ཏུ་འཛིན་པའི་གནོད་པར་བྱེད་པ་ཡང་མ་ཡིན། སྐད་ཅིག་ཏུ་འཛིན་པ་ཕན་འདོགས་པར་བྱེད་པ་ཡང་མ་ཡིན་ནོ་ཞེས་སྟོན་པར་བྱེད་དོ། །སྐད་ཅིག་མ་ཡིན་པར་འཛིན་ཀྱང་གལ་ཏེ་འཇུག་པར་མི་བྱེད་ན་དེའི་ཚེ་ཚད་མ་ཡིན་ནམ། གཅིག་
འཇུག་པར་བྱེད་པས་ཚད་མ་ཡིན་ན་ནི་སྐད་ཅིག་མར་འཛིན་ཀྱང་ཉམས་པ་མེད་དོ། །འོ་ན་དེ་ལྟར་ཡིན་ན་གཟུང་བ་གཞན་ཡིན་ཞིང་འཇུག་པའམ་ཐོབ་པ་ནི་གཞན་དུ་ཡིན་པའི་ཕྱིར་ཤེས་པ་ལ་ལྟོས་པས་ཅི་བྱ་ཞེ་ན། གལ་ཏེ་དེ་ལྟ་ན་བརྟེན་པའི་ཕྱོགས་ལ་ཡང་འགྱུར་བའི་དོན་བྱེད་པར་
བསྒྲུབ་བྱའི་རང་བཞིན་བཟུང་བའི་ཕྱིར་བྱ་བ་ཅི་ཡོངས་སུ་རྫོགས་པས་ན་ཅིའི་དོན་དུ་འཇུག་སྟེ། དེས་ན་ཤེས་པས་ཅི་བྱ་ཞེས་བརྗོད་པ་ནི་མི་ནུས་པ་ཡིན་ནོ། །སྐད་ཅིག་ཏུ་བཟུང་བ་ལ་ནི་འབྱུང་བར་འགྱུར་བ་མ་བཟུང་ཡང་གཅིག་ཉིད་དུ་ལྷག་པར་ཞེན་པས་འཇུག་པར་བྱེད་པ་བཟློག་
པར་མི་ནུས་པ་གང་དུ་དངོས་པོ་ནི་འཇུག་བྱེད་མ་ཡིན་གྱི། འོན་ཀྱང་ལྷག་པར་ཞེན་པ་ཉིད་ཡིན་ཏེ། དེ་ལྟ་མ་ཡིན་ན་དངུལ་དོན་དུ་གཉེར་བ་ཉ་ཕྱིས་ལ་མི་འཇུག་པར་ཐལ་བར་འགྱུར་རོ། །དངུལ་ལ་འཇུག་པར་བྱེད་པ་ཡང་དངུལ་དུ་ལྷག་པར་ཞེན་པ་ཉིད་ཡིན་ཏེ། དེ་མ་སྐྱེས་སམ་

ཕྱིན་ཅི་ལོག་སྐྱེས་ན་འཇུག་པ་མེད་པའི་ཕྱིར་རོ། །དེར་ལྷག་པར་ཞེན་པ་དེ་ཡང་དེའི་རིགས་ཅན་འགའ་ཞིག་ལ་འགྱུར་བར་དེར་མངོན་པར་འདོད་པ་དོན་བྱ་བ་ཐོབ་པའི་ཕྱིར་མི་སླུ་བའི་ཐ་སྙད་དུ་བྱས་པ་ཡིན་ལ། གཞན་དུ་ནི་སླུ་བ་ཡིན་ནོ། །དེ་ཉིད་ཀྱི་
ཕྱིར་གཞན་འཛིན་པ་ན་གཞན་དུ་འཇུག་པ་མི་འགལ་ཏེ། དེའི་རིགས་ཅན་ལ་ལྟོས་ནས་སླུ་བ་རྣམ་པར་འཇོག་པའི་ཕྱིར་རོ། །དེའི་ཕྱིར་བརྟན་པ་དང་མི་བརྟན་པ་འཛིན་པ་ལ་མ་ལྟོས་པར་ནི་དངོས་པོ་འཛིན་ཙམ་ཉེ་བར་མཁོ་བ་ཡིན་ནོ། །རྟོགས་པའི་དོན་ཉིད་ལ་སྔོན་ཉམས་
སུ་མྱོང་བའི་དོན་བྱ་བ་དྲན་པ་ལས་མངོན་པར་འདོད་པས་ཐོབ་པར་བྱ་བ་དང་། གཅིག་ཉིད་དུ་ལྷག་པར་ཞེན་པ་དག་འཇུག་པར་བྱེད་པ་ཡིན་གྱི་རྟོགས་པ་མ་སྐྱེས་པ་ནི་མ་ཡིན་ནོ་ཞེས་བརྗོད་པ་ནི། འཇུག་པ་དེ་ལ་ཡང་ཞེས་བྱ་བའོ། །ཉིད་སྨོས་པ་ནི་དབང་པོ་ལ་སོགས་པ་
རྣམ་པར་གཅོད་པའི་དོན་ཏོ། །གལ་ཏེ་དེ་ལྟ་ན་ཡང་འབྱུང་བར་འགྱུར་བའི་དོན་ནི་མ་རྟོགས་ལ། དེའི་ཡུལ་ཅན་ཚད་མ་ཡིན་ནོ་ཞེས་བྱ་བ་འདི་གོ་གང་ཞིག་དང་འབྲེལ་བ་ཡིན་ཞེ་ན། གལ་ཏེ་ཡང་ཞེས་གསུངས་སོ། །དེ་ལ་ཞེས་བྱ་བ་འབྱུང་བར་འགྱུར་བའི་དོན་ལའོ། །དེ་བཞིན་
དུ་གཟུགས་ཙམ་རྟོགས་པས་ན། རོ་ལ་སོགས་པའི་ཚོགས་པ་ལ་འཇུག་པའི་ཕྱིར་ཚད་མ་ཡིན་ནོ་ཞེས་བྱ་བར་ཡང་རྟོགས་པར་བྱའོ། །གལ་ཏེ་རྟོགས་པས་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་འཇུག་པས་ཡིན་ལ། འཇུག་པ་ཡང་རྟོགས་པ་མེད་པར་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་ཤིན་ཏུ་
བཟོད་པར་དཀའ་བ་ཡིན་ནོ་སྙམ་དུ་དགོངས་ནས་བཤད་པ། དཔེར་ན་རྗེས་སུ་དཔག་པ་དངོས་པོ་མི་འཛིན་ཡང་དེ་ལྟར་མཐོང་བ་བཞིན་ཏེ། མཐོང་བ་ལ་ནི་མི་འཐད་པས་མི་རྩོད་དོ་སྙམ་དུ་དགོངས་པའོ། །དེ་ཉིད་གསུངས་པ་ནི། རྗེས་སུ་དཔག་པས་ནི་ཞེས་བྱ་བ་འཆད་པར་འགྱུར་
རོ་ཞེས་བྱ་བ་ནི་མངོན་སུམ་གྱི་ལེའུར་རོ། །བློ་ཉིད་ཅེས་པར་གཟུང་བའི་རྣམ་པར་གཅད་བྱ་བརྗོད་པ་ནི། མིག་ལ་སོགས་པ་ཞེས་བྱ་བའོ། །སོགས་པའི་སྒྲས་ལྡན་པ་དང་། འདུ་བ་ལ་སོགས་པའི་འབྲེལ་པ་བཟུང་སྟེ། མིག་གདངས་ཀྱང་ཡིད་ཀྱི་ནུས་པ་ཉམས་པས་ཤེས་པ་

མ་སྐྱེས་པ་ལ་འཇུག་པ་མེད་པའི་ཕྱིར་རོ། །གལ་ཏེ་འཇུག་པར་བྱེད་པའི་བློ་ཚད་མ་ཡིན་ལ། རྣམ་པར་རྟོག་པ་ཉིད་ཚད་མར་འགྱུར་རོ་ཞེ་ན། རྣམ་པར་རྟོག་པ་ནི་ཞེས་གསུངས་སོ། །ཤིན་ཏུ་གོམས་པ་ལ་རྣམ་པར་རྟོག་པ་མེད་ཀྱང་འཇུག་པ་དམིགས་པ་ཡིན་ནོ་
སྙམ་དུ་དགོངས་པའོ། །ཁྱད་པར་དང་བཅས་པའི་སྐབས་ཉིད་དུ་མཇུག་སྡུད་པར་བྱེད་དོ། །སྔར་གྱི་ཞེས་བྱ་བ་ནི་རྣམ་པར་རྟོག་པ་སེལ་བའོ། །བློ་ཉིད་ཅེས་བྱ་བ་ནི་མིག་ལ་སོགས་པ་གཅོད་པའོ། །རྣམ་པར་རྟོག་པ་གཅོད་པ་དེ་ཉིད་བརྗོད་པ་ནི་རྣམ་པར་རྟོག་པ་ལ་སོགས་
པ་ནི་ཞེས་བྱ་བའོ། །འོ་ན་མ་གོམས་པའི་ཡུལ་ལ་ནི་རྣམ་པར་རྟོག་པ་ཉིད་འཇུག་བྱེད་ཡིན་པས་ཚད་མར་འགྱུར་རོ་ཞེ་ན། གོམས་པ་མེད་པ་གང་ཡིན་པ་དེར་ནི་ཞེས་གསུངས་སོ། །འགའ་ཞིག་གང་གི་དུས་ཀྱི་ཁྱད་པར་ལ་བརྟེན་པ་ཅན་ལ། གཅིག་ཉིད་ཀྱི་ཐ་སྙད་བརྟན་པོ་
ཞུགས་པ་དེ་སྙེད་དེ་ནིའོ། །གཞན་ལ་མེད་པའི་འདྲ་བའི་ཁྱད་པར་གྱིས་བྱས་པ། བར་དུ་ཆོད་པ་མེད་ན་འགྱུར་བ་ཡིན་ཏེ་མ་ལ་སོགས་པ་བཞིན་ནོ། །དེ་བཞིན་དུ་ཐེ་ཚོམ་གྱི་ཡུལ་ཡང་དེ་འདྲ་བའི་འདྲ་བ་མཐོང་བའི་ཕྱིར་དེ་ཉིད་འདི་ཡིན་ནོ་ཞེས་བྱ་བ་གཅིག་ཉིད་དུ་གྲུབ་པ་ནི་རྗེས་
སུ་དཔག་པ་ཉིད་དོ། །འོ་ན་རྗེས་སུ་དཔག་པ་འདི་སྐད་ཅིག་འཇིག་པ་ལ་གནོད་པར་བྱེད་དོ་ཞེ་ན། མ་ཡིན་ཏེ་གཅིག་ཉིད་ཀྱི་ཐ་སྙད་ཙམ་གྲུབ་པའི་ཕྱིར་རོ། །གལ་ཏེ་ངེས་པ་ཡང་གཅིག་གི་ཐ་སྙད་ཉིད་མ་ཡིན་ནམ། དེས་ན་དུས་ཐ་དད་པ་ལ་གཅིག་ཉིད་དུ་ངེས་པ་ཅི་ལྟར་སྐད་ཅིག་མ་
ཉིད་དུ་ངེས་པ་དང་མི་འགལ་ཞེ་ན་མ་ཡིན་ཏེ་ཀུན་རྫོབ་ཀྱི་གཅིག་ཉིད་དུ་ཐ་སྙད་བྱ་བར་འདོད་པའི་ཕྱིར་རོ། །དེས་ན་དུས་ཐ་དད་པ་ལ་གཞན་ཉིད་བཀག་ཀྱང་འཆད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར་སྟོར་བ་པའི་རྙེད་པས་ན་བདག་པོ་ཉིད་དང་འགལ་བ་མ་ཡིན་ནོ། །དོན་དམ་པ་གཅིག་ཉིད་ཅི་སྟེ་
མི་འགྲུབ་ཅེ་ན། མ་ཡིན་ཏེ་དོན་དམ་པའི་གཅིག་དང་ཁྱབ་པ་མ་གྲུབ་པའི་ཕྱིར་རོ། །བརྡ་གྲུབ་པས་ནི་ཁྱབ་པ་རྙེད་པར་གྱུར་ཏོ། །མ་ལ་སོགས་པ་ལ་སྤང་བར་དཀའ་བའི་ཕྱིར་རོ། །དེ་བས་ན་གང་དུ་མ་གོམས་པའི་ཕྱིར་ཐ་སྙད་པའི་གཅིག་པ་ཉིད་མ་གྲུབ་པ་དེར་ནི་ངོ་ཤེས་པ་ལ་སོགས་པ་

གཟུང་ངོ་། །དེར་ཡང་རྣམ་པར་དབྱེར་མེད་པར་འཇུག་པ་ཅན་དོན་གཅིག་བྱེད་པ། གཟུགས་ལ་སོགས་པ་འགའ་ཞིག་ལ། གང་ཞིག་ལ་གཅིག་ཉིད་ཀྱི་ཐ་སྙད་བརྟན་པོ་ཡོད་པ་དེ་ལ་ལོག་པར་རྟོགས་པའི་ཡུལ་འགའ་ཞིག་ཏུ་དེ་ལྟ་བུའི་ཐ་སྙད་སྒྲུབ་པར་བྱེད་པ་
ཡིན་ནོ། །གལ་ཏེ་དེ་ལྟར་ཡོན་ཏན་ཡང་བསལ་བ་ལ་སྔོན་པོ་ཞེས་བྱ་བ་ནི། སྔོན་པོའི་སྒྲས་བརྗོད་པར་བྱ་བ་སྟེ། སྔོན་པོ་མ་ཡིན་པ་ལ་ལྡོག་པའི་ཕྱིར། བརྡའི་དུས་བཞིན་ནོ་ཞེས་བྱ་བ་ཐམས་ཅད་རྗེས་སུ་དཔག་པར་འགྱུར་བས་དེས་ན་གཟུང་བ་འཛིན་པའི་ཕྱིར་རྗེས་སུ་དཔག་པ་
ཚད་མ་མ་ཡིན་ནོ་ཞེས་བྱ་བ་དེ་ཉམས་སོ་ཞེ་ན། དེ་སྐད་དུ་ནི་བརྗོད་པར་མི་བྱ་སྟེ། འདི་ལྟར་གང་དུ་ཤིན་ཏུ་གསལ་བའི་མངོན་སུམ་ཉིད་ཐ་སྙད་ཀྱི་རྒྱུ་ཡིན་ཞིང་རྣམ་པར་རྟོག་པ་ནི་ཚོགས་པ་ཉེ་བ་ལ་སྐྱེ་བ་དེ་ཐམས་ཅད་དུ་ནི་རྣམ་པར་རྟོག་པ་ཚད་མར་མི་འཐད་པའི་ཕྱིར་ཏེ། ལོག་པར་རྟགས་
པའི་ཡུལ་ཉིད་ལ་ལྟོས་ནས་ཚད་མའི་གོ་སྐབས་འཐད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དེ་ཉིད་འདིའོ་སྙམ་པའི་ཤེས་པ་ནི་མཐོང་བ་གཉིས་སྣང་བ་ཙམ་ལ་གཟུང་བ་འཛིན་པ་ཡིན་ལ། གཞན་གྱི་འདོད་པ་དོན་དམ་པའི་གཅིག་ཉིད་ལ་ནི་རང་རྒྱུད་པའི་དམ་བཅའ་བ་ཙམ་ཚད་མ་མ་ཡིན་པ་ཡིན་
ཞིང་། ཀུན་རྫོབ་པའི་གཅིག་ཉིད་ལ་ནི་རྗེས་སུ་དཔག་པ་ཡིན་ནོ་ཞེས་རྣམ་པར་གནས་སོ། །དེ་བཞིན་གཞན་དུ་ཡང་ལྟར་རིགས་པ་ཡིན་ནོ། །འདི་ལྟར་སྔོན་པོ་ལ་ཡང་མངོན་སུམ་གྱི་འཇུག་པ་བསལ་ན་སྔོན་པོར་རྣམ་པར་རྟོག་པ་གཟུང་བ་འཛིན་པ་ཡིན་ལ། མི་གསལ་བ་ནི་རྗེས་སུ་
དཔག་པ་ཡིན་ཞིང་། སྔོན་པོའི་ཡོན་ཏན་གཞན་དང་ལྡན་པ་ལ་ལྟོས་ནས་ནི་དངོས་པོ་ཅན་མ་ཡིན་པའི་དམ་བཅའ་ཙམ་ཚད་མ་མ་ཡིན་པ་ཡིན་ནོ། །ཐེ་ཚོམ་པའི་དངོས་པོ་ཅན་ནི་ཚད་མ་མ་ཡིན་པ་ཉིད་དོ་ཞེས་གནས་སོ། །གལ་ཏེ་མངོན་སུམ་ལ་ཡང་འཇུག་པར་བྱེད་པ་ཡིན་ཞིང་།
འཁོར་བ་ཡང་འཇུག་པ་དང་ལྡོག་པ་ཙམ་ཉིད་ཡིན་ན། དེ་ཅི་ལྟར་ཡོངས་སུ་འགྲུབ་པར་འགྱུར་བ་ལས་རྣམ་པར་རྟོག་པ་ཉིད་སྤང་བྱ་ཡིན་ཏེ། ཉེས་པ་བཞིན་དུ་དྲན་པ་ཙམ་མ་ཡིན་པ་དེའི་ཚེ། མངོན་སུམ་གྱིས་ཡུལ་གཅིག་པ་ཉིད་བསལ་བའི་ངོ་ཤེས་པ་ལས་ཅིར་འགྱུར་ཏེ།

སྤྲོས་པས་ཆོག་གོ། །རིགས་པ་བརྗོད་པ་ནི། འདི་ནི་དོན་གཞན་དང་གཞན་དྲན་པའི་རང་བཞིན་གྱི་ཤེས་པ་གཉིས་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་གཟུང་བ་འཛིན་པ་ཉིད་ཀྱི་ངོ་ཤེས་པ་ཚད་མ་མ་ཡིན་པར་བསྒྲུབས་ཏེ། སྔ་མ་དང་ལྷན་ཅིག་གཅིག་པ་ཉིད་རྩོད་པའི་ཡུལ་
ཡིན་ནོ་ཞེས་གང་བརྗོད་པ་མི་བཟོད་པས་དེ་ལ་ངོ་ཤེས་པའི་རྟོགས་པ་མངོན་སུམ་གྱི་བྱེད་པ་ལ་མི་ལྟོས་པ་ནི་དམ་བཅས་པ་ཙམ་ཡིན་གྱི་ཚད་མ་ནི་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་གཞན་གྱི་དོགས་པ་བསུ་བ་ནི་འོན་ཏེ་ཞེས་བྱ་བའོ། །གཅིག་ཉིད་རྟོགས་པའི་ཕྱིར་ཅི་ལྟར་གཅིག་ཉིད་རྩོད་
པའི་ཡུལ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །རྟོགས་ཤིང་ཉམས་སུ་མྱོང་བ་ཡིན་གྱི་ལྷག་པར་ཞེན་པ་ཙམ་ནི་མ་ཡིན་ཏེ། དེས་ན་མངོན་སུམ་གྱི་བསལ་བ་མ་གྲུབ་པོ་སྙམ་དུ་བསམས་པའོ། །སུན་འབྱིན་པའི་དོན་ནི་འདི་ཡིན་ཏེ། རེ་ཞིག་ཕྱི་མ་འཛིན་པའི་མངོན་སུམ་གྱིས་སྔ་མ་མི་འཛིན་ན་
ཞེས་བྱ་བ་འདི་གནས་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་སྐད་ཅིག་གཅིག་བཟུང་ན་དུས་ཀྱི་ཆའི་ཚོགས་མཐའ་དག་བཟུང་བར་ཐལ་ན། དེ་ལྟ་བུ་ནི་དབང་པོའི་བྱེད་པ་མ་ཡིན་ནོ། །མངོན་སུམ་ལས་སྔ་མ་རིགས་ན་སྔ་མ་དེ་དང་ཕྱི་མ་གཅིག་པ་ལ་ཚད་མ་ཡོད་པ་མ་ཡིན་ཏེ། མངོན་སུམ་
མེད་དོ་ཞེས་བྱ་བའི་དོན་ཏོ། །གལ་ཏེ་སྔ་མའི་རང་བཞིན་མ་རིག་མོད་དེ། དེ་ལྟ་ན་ཡང་དེ་དང་ལྷན་ཅིག་གཅིག་པ་ཉིད་དུ་རྟོགས་པ་ལ་འགལ་བ་ཅི་ཡོད་ཅེ་ན། མ་རྟོགས་པ་མེད་པ་དང་ཞེས་སྨོས་སོ། །དེས་ཉམས་སུ་མྱོང་བ་མེད་པར་ནི་དེ་ལ་བརྟེན་པའི་གཅིག་པ་ཉིད་ཉམས་སུ་མྱོང་
བར་མི་ནུས་སོ། །རང་གི་ངོ་བོ་ཙམ་གྱིས་དོན་གྲུབ་པ་གཅིག་ཙམ་དུ་རྟོགས་པས་ནི་བརྗོད་པར་འདོད་པའི་ཁྱད་པར་མི་འགྲུབ་པོ། །དེའི་ཕྱིར་སྔ་མ་དང་ལྷན་ཅིག་གཅིག་ནི་མངོན་སུམ་གྱིས་བསལ་བའི་ཕྱིར་རོ། །ཤེས་པའི་ཡུལ་མ་ཡིན་ཏེ། དེས་ན་ངོ་ཤེས་པ་ནི་རང་རྒྱུད་པ་དམ་བཅས་པ་
ཙམ་ཡིན་གྱི་ཚད་མ་ནི་མ་ཡིན་ཞེས་བྱ་བར་དགོངས་པ་ཡིན་ནོ། །དེ་བཞིན་དུ་སྔོན་གྱི་དུས་སུ་མངོན་སུམ་ལས་ཕྱི་མ་རིགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པ་བལྟ་བར་བྱའོ། །གང་གི་ཕྱིར་སྔ་མ་དང་ཕྱི་མ་དག་ལས་དོན་དམ་པར་གཅིག་ཉིད་མེད་པ་དེས་ནའོ། །ཀུན་རྫོབ་ནི་རྣམ་པར་རྟོག་

པ་ཡིན་ལ། དེས་གཞག་པ་ནི་ཀུན་རྫོབ་པ་ཡིན་གྱི་དེ་ཉིད་བརྗོད་པ་ནི། སྔ་མ་སྔ་མའི་རྟོགས་པས་ཞེས་བྱ་བའོ། །དམ་བཅས་པ་ཙམ་ཡིན་གྱི་ཚད་མ་ཉིད་མ་ཡིན་ནོ་ཞེས་བྱ་བས་མཇུག་སྡུད་པར་བྱེད་པ་ནི། ཀུན་རྫོབ་པའི་རྟོགས་པ་འདི་ལའོ། །རང་
གི་དོན་ལ་ཨ་ནཾ་གྱི་རྐྱེན་བཅུག་པས་ན་ཀུན་རྫོབ་པ་ཞེས་བརྗོད་ཀྱང་ཀུན་རྫོབ་པ་ཞེས་བྱ་བའི་དོན་ཏོ། །ཡན་ལག་ཅན་གཅིག་ཉིད་ཀྱི་རྣམ་པར་རྟོག་པའི་དབང་དུ་བྱས་ནས་བཤད་པ་ནི། བུམ་སོགས་ཞེས་བྱ་བའོ་ཤེས་པ་ནི་གཅིག་ཏུ་ལྷག་པར་ཞེན་པའོ། །ཤེས་དེ་དག་ཅེས་བྱ་བ་ནི་རོ་ལ་སོགས་
པའི་ཤེས་པས་སོ། །ཚོགས་པའི་རྣམ་པར་རྟོག་ཕྱིར་གཟུང་བ་འཛིན་པ་ཚད་མ་མ་ཡིན་ནོ་ཞེས་སྐབས་དང་སྦྱར་རོ། །ཡན་ལག་ཅན་གྱི་ཤེས་པ་གཟུང་བ་འཛིན་པའི་ཕྱིར་ཚད་མ་མ་ཡིན་པར་བསྟན་ནས་དམ་བཅའ་ཙམ་དུ་སྟོན་པ་ནི། ཚོགས་པ་ལས་གཞན་ཞེས་བྱ་བ་ལ་
སོགས་པའོ། །གཞན་གྱི་ཀུན་དུ་འཛིན་པ་ནི་མངོན་པར་ཞེན་པ་དྲུག་པའོ། །ཉམས་པ་ནི་དཀའ་སར་ཕྱིན་པ་སྟེ། ཡང་དག་པའི་ལྟ་བ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་ཚད་མ་སླུ་བ་མེད་ཅན་གྱི། །ཤེས་པ་ཞེས་བྱ་བའི་སླུ་བ་སྨོས་པ་བཤད་ན། རྣམ་འགྲེལ་གྱི་ཤེས་པའི་ཚིག་
བཤད་པ་ལ་སྐབས་དང་མཚམས་ཀྱི་སྦྱོར་བ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་གཞན་དག་གི་རྒོལ་བ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །གང་གི་ཚེ་ངོ་ཤེས་པར་བྱ་བའི་ཡན་ལག་ཅན་གཅིག་ཉིད་མེད་ཅིང་གཟུང་བའི་དངོས་པོ་ཡང་ཞིག་པས་འཐོབ་པར་མི་ནུས་པ་དང་། བྱེད་
པ་ཉིད་ཐུན་མོང་བ་ཡིན་པའི་ཕྱིར། གཉི་ག་ཡང་དོར་བ་ན། བཅོམ་ལྡན་འདས་སུ་གྱུར་ནས་གཞན་ཅི་ཞིག་ལུས་ཤེ་ན། བདེན་ཏེ་མངོན་སུམ་འཇུག་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་རྣམ་པར་གཞག་པའི་དོན་ནི་ཕྱི་རོལ་ལ་ལྟོས་པ་ཡིན་ཏེ། གཞན་རིག་པ་ནི་དེ་ལ་འཇུག་
པར་བྱེད་པས་དོན་གྲུབ་པ་ཡིན་ལ། ཉམས་སུ་མྱོང་བར་མངོན་པར་རློམ་པ་ཡང་དེ་བཞིན་བྱས་པས་ཡིན་ནོ། །དེ་ཁོ་ན་ཉིད་དུ་ནི་རྣམ་པར་རྟོག་པ་མེད་པ་རང་གི་རང་བཞིན་ཙམ་གྱིས་མཐར་ཐུག་པས་ན། རྣམ་པར་རྟོག་པ་ཉིད་ཀྱིས་གཞན་རིག་པར་སྒྲོ་འདོགས་པ་ན་འཇུག་

པར་བྱེད་པ་ཡིན་ནོ། །དེས་ན་ཉེས་པར་བྱེད་པ་ནི་དེ་ཉིད་ལ་ངེས་པའི་ཕྱིར་རྣམ་པར་རྟོག་པ་སྤངས་པ་ན། རྣམ་པར་རྟོག་པ་མེད་པའི་བདག་ཉིད་ཀྱིས་བཅོམ་ལྡན་འདས་གནས་པ་ཡིན་པའི་ཕྱིར་ཐམས་ཅད་མི་འགལ་ལོ། །ད་ནི་རྣམ་པ་གཞན་གྱིས་ཀྱང་བློ་ཚད་མར་སྒྲུབ་པར་
འདོད་ནས་སྔར་གྱི་རྗེས་སུ་བརྗོད་པ་ལས་འཇུག་པར་བྱེད་དོ། །འདོད་པ་བསྒྲུབ་པ་ལ་འཇུག་པ་ནི་ཚད་མ་ལས་དོན་དུ་གཉེར་བ་ཡིན་ལ། དེ་ཡང་ཡུལ་གྱི་ཁྱད་པར་ཡོངས་སུ་བཅད་པ་མེད་པར་མི་འགྱུར་བའི་ཕྱིར་འབྲས་བུ་གཉི་ག་ལ་ལྟོས་ནས་དོན་བྱ་བ་དོན་དུ་གཉེར་བ་
རྣམས་ཚད་མ་ཚོལ་བ་ཡིན་ནོ། །གལ་ཏེ་ཡང་རང་ལ་རག་ལས་པ་ཉིད་ཀྱིས་ཡོངས་སུ་བཅད་པ་ཚད་མའི་འབྲས་བུ་གཙོ་བོ་ཡིན་ལ། འཇུག་པ་ནི་སྐྱེས་བུ་ལ་ལྟོས་པས་ངེས་པ་མ་ཡིན་པ་དེ་ལྟ་ན་ཡང་སྐྱེས་བུའི་འདོད་པ་སྒྲུབ་པར་བྱེད་པ་ལ་འཇུག་པ་ན་ཚད་མ་ཉེ་བར་མཁོ་བ་ཡིན་
པ་དེས་ན། དེ་ལ་ལྟོས་ནས་འཇུག་པ་ཉིད་འབྲས་བུའི་གཙོ་བོ་ཡིན་པའི་དབང་དུ་བྱས་ནས་དང་པོ་བློ་ཚད་མར་སྒྲུབ་པ་ཡིན་ནོ། །དེས་ན་དེའི་ཡན་ལག་ཉིད་ཀྱིས་ཡོངས་སུ་གཅོད་པས་ཚད་མར་བསྒྲུབ་པར་ཤེས་པར་བྱའོ། །རྟོགས་པ་ནི་ཁོང་དུ་ཆུད། ཡོངས་སུ་བཅད་པ་དེ་
ཉིད་ནི་འབྲས་བུ་ཡིན་ནོ། །དེའི་ཡུལ་རྣམ་པར་འབྱེད་པ་ནི་ཆུ་རྟགས་ཀྱི་མེ་ནི་མ་ཡིན་ནོ་ཞེས་བྱ་བའོ། །དེའི་རྒྱུ་ཡིན་པས་ན་ཤེས་པ་ཉིད་ཚད་མར་བསྟན་པ་ཡིན་གྱི། མིག་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བ་རྟོགས་པར་བྱའོ། །དེ་ཡོད་ན་འདི་ཡོད་ཕྱིར་དང་། །ཞེས་བྱ་བ་
དེ་ན་ཡོད་པའི་དང་རྣམ་པར་འགྲེལ་པས་ནི། གཞན་ཡང་ཞེས་བྱ་བའོ། །གཞན་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མིག་ལ་སོགས་པའོ། །འདི་ག་ལས་ཤེ་ན། འདི་ལྟར་ཞེས་གསུངས་སོ། །བཤད་པ་ནི་འཇུག་པར་བྱེད་པས་ནི་ཞེས་བྱ་བ་སྟེ། གདོན་མི་ཟ་བར་འཇུག་
པར་བྱེད་པ་ལས་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་གདོན་མི་ཟ་བར་ཡོངས་སུ་བཅད་པ་ལས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཤེས་པ་དང་ཡོངས་སུ་བཅད་པ་དེའི་བདག་ཉིད་ཡིན་ཡང་ཐ་དད་པར་བརྗོད་པར་འདོད་པས་བསྒྲུབ་བྱ་དང་སྒྲུབ་བྱེད་དུ་རྣམ་པར་དབྱེ་བ་ཡིན་ནོ། །

ཚད་མ་ནི་ཐོབ་པར་བྱེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གཞན་གྱིས་སྨྲས་པ་སྟེ། ཚད་མ་ནི་འདོད་པ་ཐོབ་པའི་དོན་ཁོ་ནར་ཚོལ་བ་ཡིན་གྱི་རྟོགས་པར་བྱ་བའི་དོན་ནི་མ་ཡིན་ནོ་ཞེས་བསམས་པའོ། །ལན་ནི་མ་ཡིན་ཏེ་ཞེས་བྱ་བའི་ཚད་མའི་ཐོབ་པར་བྱེད་པའི་
ནུས་པ་བར་དུ་གེགས་བྱེད་པ་དང་། མ་ཚང་བ་ཐམས་ཅད་རྣམ་པར་བཅད་པས་ནི་མ་ཡིན་གྱི། འོན་ཀྱང་དོན་ཡོངས་སུ་བཅད་པའི་སྒོ་ནས་ཐོབ་པར་བྱེད་པ་རུང་བ་ཉིད་ཀྱི་ཚད་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དེ་ཉིད་ཅེས་སྨྲས་ཏེ། ཐོབ་པར་བྱེད་པའི་ནུས་པ་ཉིད་དོ། །
ལན་ནི་རང་བཞིན་གྱི་ཁྱད་པར་ཞེས་བྱ་བའོ། །གང་ལ་ཐོབ་པར་བྱེད་པ་རུང་བ་ངེས་པར་འགྱུར་བ་ཤེས་པ་འདིའི་རང་བཞིན་གོམས་པ་ལས་འཁྲུལ་པ་མཐའ་དག་བསལ་བར་དེ་འདྲ་བ་རང་རིག་པས་མངོན་དུ་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་མི་འཁྲུལ་པའི་རང་
བཞིན་ཞེས་སྨྲས་ཏེ། ཐོབ་པ་ལ་མི་འཁྲུལ་པའི་རང་བཞིན་ནོ། །དོན་འདི་ཡིན་ཏེ། འདི་ནི་ཡུལ་གཞན་སྣང་བ་ཉིད་ཡིན་གྱི་སྣང་བ་ཙམ་ནི་མ་ཡིན་ནོ་ཞེས་བྱ་བ་འདི་ཉིད་ལ་རེ་ཞིག་ཚད་མ་ཡོད་པ་ཡིན། དེའི་དོན་བྱ་བ་འབྱུང་བར་འགྱུར་བ་ཐོབ་པ་ལ་མི་འཁྲུལ་བ་ལྟ་སྨོས་
ཀྱང་ཅི་དགོས། གལ་ཏེ་ཡང་འཁྲུལ་བར་དོགས་པ་དང་བྲལ་བར་ལྷག་པར་ཞེན་པ་དེ་ཡང་ཅི་དངོས་པོ་ཞིག་ཅི་ལྟ་བ་ཡིན་ནམ་མ་ཡིན་ཞེས་བྱ་བའི་ངེས་པ་ཅི་ཡོད་དེ། རྨི་ལམ་དུ་གཞན་དུ་ཡང་དམིགས་པའི་ཕྱིར་རོ། །དེས་ན་ཐོབ་པ་ལ་མི་འཁྲུལ་པའི་རང་བཞིན་ཅི་ལྟར་ངེས་ཞེས་བྱ་བ་
ཡིན་ནོ། །འདི་ལ་ལན་འོ་ན་ཞེས་བྱ་བའོ། །བཤད་པར་བྱའོ་ཞེས་བྱ་བ་ནི་གནས་དང་གནས་སུའོ། །དེའི་ཕྱིར་འདི་ཙམ་དུ་རིང་བར་མ་བསྐྱལ་བ་རྣམ་པར་ཆད་པ་ཉིད་དུ་གསལ་བར་མདུན་ན་སྣང་བ་རྣམས་ལ་དངོས་པོ་འཛིན་པ་རྣམ་པར་འཛིན་པ་ཡིན་ལ་དེ་བཞིན་དུ་གེགས་བྱེད་པ་དང་།
མ་ཚང་བ་མེད་ན་དོན་བྱ་བ་ཡང་ཐོབ་པ་ཁོ་ནའོ་ཞེས་ལྷག་པར་ཞེན་པར་བརྟན་པ་ལས་མི་འཁྲུལ་བ་ཉིད་དུ་རྣམ་པར་གནས་སོ། །ཐོབ་པར་རུང་བའི་ཚད་མ་ཉིད་འདི་ལ་ལོག་པའི་ཀུན་རྫོབ་ལ་ལྟོས་ནས་བརྗོད་པ་ཡིན་ནོ། །ཡང་དག་པའི་ཀུན་རྫོབ་ལ་ལྟོས་ནས་ནི་ཨ་རྩ་ཏ་ལ་སོགས་

པའི་ལུགས་བསལ་ནས་ཐོབ་པར་བྱ་བའི་དོན་ལ་མི་འཁྲུལ་པ་ཉིད་ཚད་མ་ཡིན་པར་སྟོན་པར་འགྱུར་རོ། །འོ་ན་བདག་ལ་སོགས་པ་ཡང་ཅི་སྟེ་སྤོང་ཞེ་ན། སྣང་བ་ཅི་འདྲ་བ་ལས་མངོན་སུམ་དུ་རྣམ་པར་གཞག་པ་དང་། དངོས་སམ་བརྒྱུད་པས་མངོན་སུམ་ལ་
བརྟེན་པའི་ཚུལ་གསུམ་ཡོངས་སུ་དག་པའི་སྒྲུབ་བྱེད་ལས་སྐྱེས་པར་རྣམ་པར་རྟོག་པ་ཅི་འདྲ་བ་ཞིག་ལ་རྗེས་སུ་དཔག་པར་རྣམ་པར་བཞག་ལ། དེ་དག་གི་ཡུལ་དུ་མ་བྱས་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར། རྣམ་པར་གནས་པ་མེད་པར་
འགྱུར་རོ་སྙམ་དུ་དགོངས་པའོ། །ཡང་ཅི་ལྟར་རྟོགས་རྣམ་པར་དབྱེ་བ་ཤེས་པ་ལ་རག་ལས་སྙམ་དུ་དོགས་ན། རྣམ་འགྲེལ་རྣམ་པར་ཕྱེ་ནས་སྟོན་པ་ནི་དཔེ་སྔོན་རོལ་དུ་གྱུར་པ་ཉིད་ཀྱིས་ན་རྣམ་པ་གཉིས་པ་ཕྱེ་བའོ། །ཤེས་པ་རྗོད་པར་བྱེད་པའི་ཡུལ་གྱི་རྣམ་པའི་སྒྲས་ཁྱད་པར་གྱི་
དོན་ཅན་ཐ་དད་པའི་སྒྲ་དང་ལྷན་ཅིག་བསྡུ་བ་སྟོན་པར་བྱེད་པ་དེའོ། །དེའི་ཞེས་བྱ་བ་ནི་ཡུལ་གྱི་རྣམ་པ་ཅན་གྱིའོ། །ཐ་དད་པ་ཞེས་བྱ་བ་ནི་ཁྱད་པར་ཏེ། ཐོས་པའི་ཕྱིར་ན་ཡུལ་གྱི་རྣམ་པ་ཅན་གྱི་མཚན་ཉིད་ཡིན་ནོ། །ཡུལ་གྱི་རྣམ་པ་ཅན་ཐ་དད་པ་ཞེས་བྱ་བ་ནི་བསྡུས་པའི་ཚིག་
བསྟན་པའོ། །དེ་ལས་བློའི་རྟོགས་པ་ཐ་དད་པ་ཡིན་ནོ་ཞེས་རྟོགས་པར་བྱའོ། །དེ་ལྟར་གཙོ་བོ་རྣམ་པ་དང་བཅས་པའི་ལུགས་བརྗོད་ན། དེ་ནི་བྱེ་བྲག་ཏུ་སྨྲ་བ་ལ་བལྟས་ནས་རྣམ་པ་མེད་པར་ཁས་བླངས་ཀྱང་ཚུལ་གཞན་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་ནི། ཡུལ་ལ་རྣམ་པ་ཐ་དད་པ་ནི་
ཞེས་བྱ་བའོ། །རྗེས་སུ་བྱེད་པ་ནི་སྣང་བ་སྟེ་ཡུལ་དང་འབྲེལ་པ་ཤེས་པའི་ཆོས་སོ། །གཉིས་པ་དེ་ཉིད་མདོར་བསྡུས་ནས་སྟོན་པ་ནི། ཡུལ་དང་འདྲ་བའམ་ཞེས་བྱ་བ་ནི་རྣམ་པ་དང་བཅས་པའི་འདོད་པ་ལ་ལྟོས་ནས་སོ། །ཡུལ་ལ་མངོན་དུ་ཕྱོགས་པ་ཞེས་བྱ་བ་ནི་རྣམ་
པ་མེད་པའི་ལུགས་ལ་ལྟོས་ནས་བཤད་པ་ཡིན་ནོ། །དེ་ཐ་དད་པས་ཞེས་བྱ་བས་ནི་ཡུལ་དང་འདྲ་བའམ་ཡུལ་ལ་མངོན་དུ་ཕྱོགས་པ་ཉིད་ཐ་དད་པས་སོ། །རྣམ་པ་ལ་སྡང་བས་ཀྱང་གང་ལས་ཡུལ་གྱི་ཁྱད་པར་རྟོགས་པར་རྣམ་པར་གཞག་པ་ཞེས་པའི་རང་ལ་བརྟེན་པའི་ཁྱད་

པར་འགའ་ཞིག་འདོད་དགོས་སོ། །རྟོག་པ་ཐ་དད་པའི་རྣམ་པར་བརྗོད་པ་ནི་སྔོན་པོ་ཞེས་བྱ་བ་སྟེ། བར་མེད་པར་ནི་ནུས་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་རྣམ་པ་འདྲ་བ་ཉིད་ཡིན་པ་དེའི་ཚེ་ཡུལ་དང་འདྲ་བའི་རང་གི་ངོ་བོ་ཉིད་རིག་པ་ཡིན་
གྱི་བེམས་པོའི་བདག་ཉིད་གཞན་ནི་མ་ཡིན་པའི་ཕྱིར་ཇི་ལྟར་རྣམ་པ་ལས་ཕྱི་རོལ་རིག་ཅེ་ན། དེའི་རྣམ་པར་རིག་པ་ཞེས་གསུངས་སོ། །དེའི་རྣམ་པའི་ཤེས་པ་རིག་པ་གང་ཡིན་པ་དེ་ཉིད་སྔོན་པོའི་རིག་པ་ཡིན་ནོ། །དེའི་ཕྱིར་རྣམ་པའི་ཁྱད་པར་ཉིད་ལས་རྟོགས་པའི་ཁྱད་
པར་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་འབྲས་བུ་ཡང་རྣམ་པ་གཉིས་ཡིན་ནོ་ཞེས་བཤད་པ་ནི། ཚད་མའི་འབྲས་བུ་ཞེས་བྱ་བའོ། །རེ་ཞིག་རྣམ་པ་མེད་པ་ལ་ནི་དོན་རྟོགས་པ་ཉིད་འབྲས་བུ་ཡིན་ལ། རྣམ་པ་དང་བཅས་པ་ལ་ཡང་དཔྱོད་པ་དང་བྲལ་བ་ལ་ལྟོས་ནས་དེ་ཉིད་ཡིན་ནོ། །
དཔྱོད་པ་དང་ལྡན་པ་ལ་ནི་རང་གི་ངོ་བོ་རྟོགས་པ་ཁོ་ན་དོན་རྟོགས་པ་ཡིན་ནོ། །དེས་ན་དེ་ཁོ་ན་ཉིད་དུ་ཡུལ་གཞག་པ་འབྲས་བུ་ཚད་མ་ལ་རག་ལུས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཁུངས་བརྗོད་པ་ནི་དེ་སྐད་དུ་ཡང་ཞེས་བྱ་བའོ། །རྣམ་པ་ཐ་དད་པ་ལས་ཡུལ་དུ་རྟོགས་
པ་ཐ་དད་པ་ཡིན་མོད་ཤེས་པ་ཚད་མ་ཡིན་པའི་སྐབས་ལ་ཅི་ཕན་ཞེ་ན། ཡུལ་གྱི་རྣམ་པ་དེ་ཡང་ཞེས་གསུངས་སོ། །འདི་ཡང་འོག་ཏུ་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་ཚད་མ་དང་འབྲས་བུ་བསམ་པར་རོ། །གཞན་གྱི་གལ་ཏེ་ཞེས་སྨྲས་ཏེ། མིག་ལ་སོགས་པ་དང་འབྲེལ་
པར་འགྱུར་བ་ཞེས་བྱ་བར་རྟོགས་པར་བྱའོ། །དེ་བཞིན་དུ་རྣམ་པ་དེ་འབྲེལ་པར་གྱུར་པ་ཡང་མ་ཡིན་ནོ་ཞེས་པ་ལྟ་བུའོ། །འདི་ཉིད་གསལ་བར་བྱེད་པ་ནི། ཅི་ལྟར་ཞེས་བྱ་བ་ལ་སོགས་པའོ། །ཐ་མི་དད་པའི་ཕྱིར་ཞེས་བྱ་བ་ནི་རྟོགས་པ་ལས་ཐ་མི་དད་པའི་ཕྱིར་རོ། །སྒྲུབ་པར་བྱེད་
པ་དམ་པ་ཉིད་བྱ་བ་ལ་རྣམ་པར་ཞེས་བྱ་བ་ལ་ལྷག་མའོ། །གལ་ཏེ་དེ་ལྟ་ན་ཡང་མིག་ལ་སོགས་པ་བྱེད་པར་ཅི་སྟེ་མི་འདོད་ཅེ་ན་སྒྲུབ་པར་བྱེད་པ་དམ་པ་ཉིད་ཀྱིས་ཞེས་གསུངས་སོ། །སྒྲུབ་བྱེད་དམ་པ་ཉིད་མ་ཡིན་པའི་ཕྱིར་དབང་པོ་ལ་སོགས་པ་ནི་བྱེད་པ་མ་ཡིན་ནོ་ཞེས་བྱ་བའི་

དོན་ཏོ། །རྣམ་པར་ཇི་ལྟར་སྒྲུབ་བྱེད་དམ་པ་ཡིན་ཞེ་ན། སྒྲུབ་པར་བྱེད་པ་དམ་པ་ཉིད་ཀྱིས་ཞེས་གསུངས་སོ། །སྟོན་པར་འགྱུར་བ་ནི་ཚད་མ་དང་འབྲས་བུ་བསམ་པར་རོ། །གལ་ཏེ་མིག་ལ་སོགས་པ་བྱེད་པ་མ་ཡིན་ནོ། །འོ་ན་ཞེས་འདྲི་བའོ། །ལན་དུ་རྒྱུ་མིག་
ལ་སོགས་པ་ལ་འབྲས་བུ་མཐོང་བ་བཏགས་པས་སོ། །དཔེར་ན་རྐུན་པོས་ཞེས་གསུངས་སོ། །དཔེར་ན་རྐུན་པོས་བཏང་བའི་མེས་གྲོང་བསྲེགས་ཀྱང་རྐུན་པོས་བསྲེགས་སོ་ཞེས་ཟེར་བ་དེ་བཞིན་དུ་མིག་ལ་སོགས་པ་ལས་སྐྱེས་པའི་མངོན་སུམ་གྱིས་དངོས་པོ་མཐོང་བ་
ཡིན་ཡང་མིག་ལ་སོགས་པས་མཐོང་ངོ་ཞེས་བརྗོད་པ་ཡིན་ནོ། །གང་གི་ཕྱིར་ཤེས་པའི་རང་བཞིན་དུ་གྱུར་པའི་རྣམ་པ་ཉིད་དང་འབྲེལ་པས་ཡུལ་གྱི་ཁྱད་པར་རྟོགས་པར་རྣམ་པར་གཞག་པ་ཡིན་པ་དང་། འབྲས་བུ་དོན་དུ་གཉེར་བའི་འཇུག་པ་ཡང་རྟོགས་པ་མེད་ན་མི་འགྱུར་བ་
ཡིན། དེའི་ཕྱིར་ཤེས་པ་ཚད་མ་ཡིན་ནོ་ཞེས་མཇུག་སྡུད་པའོ། །གལ་ཏེ་རྟོགས་པ་ཙམ་མམ། འཇུག་པ་ཙམ་གྱིས་ནི་ཚད་མ་མ་ཡིན་ཏེ། ལོག་པའི་ཤེས་པ་ལ་ཡང་ཡོད་པའི་ཕྱིར་རོ། །འོན་ཀྱང་རྟོགས་པ་ལ་འཇུག་པར་བྱེད་པས་ཐོབ་པར་བྱེད་པ་ནི་མངོན་པར་འདོད་པ་ཐོབ་པར་བྱེད་
པ་ཉིད་ཀྱིས་ཚད་མ་ཡིན་ཏེ། འབྲས་བུ་དོན་དུ་གཉེར་བས་ཚད་མ་ཚོལ་བའི་ཕྱིར་རོ་ཞེས་དོགས་པ་ན་དོན་དམ་པར་ཚད་མ་མ་ཡིན་གྱི། འོན་ཀྱང་ཐ་སྙད་པ་ཡིན་ནོ་ཞེས་སྟོན་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །ཅི་ལྟར་ཞེས་བྱ་བ་ནི་མངོན་སུམ་མམ་རྗེས་སུ་དཔག་པས་སྙམ་དུ་
བསམས་པའོ། །དེ་ལ་རེ་ཞིག་ཕྱོགས་དང་པོ་སེལ་བ་ནི་རེ་ཞིག་ཅེས་བྱ་བའོ། །ཡང་ཅིའི་ཕྱིར་མངོན་སུམ་ཐོབ་པར་བྱེད་པ་མི་རྟོགས་ཤེ་ན། རང་རིག་པའི་ཞེས་གསུངས་ཏེ། རང་རིག་པ་ཞེས་བྱ་བ་ནི་དབང་པོ་ལ་སོགས་པའི་མངོན་སུམ་ནི་ཤེས་པའི་བདག་ཉིད་ལ་མི་འཇུག་པའི་
ཕྱིར་རོ། །འོན་ཀྱང་གལ་ཏེ་རང་རིག་པའི་མངོན་སུམ་གྱི་ཚད་མ་དང་ཚད་མ་མ་ཡིན་པ་རྣམ་པར་འབྱེད་པའི་ངེས་པ་སྐྱེད་ན། དེའི་ཚེ་འགའ་ཡང་བསླུས་པའམ། ཐེ་ཚོམ་དང་ལྡན་པར་མི་འགྱུར་ཏེ། དེ་ནི་ཤེས་པ་ཐམས་ཅད་ལ་ཡོད་པའི་ཕྱིར་རོ་ཞེས་སྟོན་པར་བྱེད་པ་ནི། དེ་སྐྱེས་

བུའི་དུས་ཉིད་ནི་ཞེས་གསུངས་སོ། །འོན་ཏེ་ཞེས་བྱ་བ་ལ་སོགས་པ་ནི་སྤྱོད་པའི་ལན་ནོ། །ཤེས་པ་ལྐོག་ཏུ་གྱུར་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པའི་ལྐོག་ཏུ་གྱུར་པ་ཉིད་ཀྱིས་ན། ཤེས་པ་ཉིད་རང་ལས་གྲུབ་པ་མ་ཡིན་ན། དེའི་ཆོས་ཚད་མ་ལྟ་ག་ལ་ཞིག་
ཅེས་བྱ་བའི་དོན་ཏོ། །དཔྱོད་པ་པ་གཉི་ག་ལ་ཡང་འཐད་པར་གཞུང་འཛུགས་པ་ནི་འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཚད་མ་མ་ཡིན་པ་ཡང་རང་ལས་གྲུབ་ན་དེའི་ཚེ་འགའ་ཡང་བསླུས་པའམ་ཐེ་ཚོམ་དུ་མི་འགྱུར་རོ་ཞེས་བྱ་བའི་ཐལ་བ་སོ་ན་འདུག་གོ་ཞེ་ན། ཚད་མ་མ་ཡིན་
པ་ནི་ཞེས་སྨྲས་ཏེ། གནོད་པར་བྱེད་པའི་ཤེས་པ་ལས་སམ། རྒྱུ་དབང་པོའི་སྐྱོན་རབ་རིབ་ལ་སོགས་པ་ཤེས་པ་ལས་བལྟ་བར་བྱ་སྟེ། གནོད་དང་རྒྱུ་ནི་ཉེས་ལྡན་པར། །ཤེས་པ་དག་གིས་དེ་དམིགས་སེལ། །ཞེས་བརྗོད་པའི་ཕྱིར་རོ། །གལ་ཏེ་གནོད་པར་བྱེད་
པ་ཡང་ཚད་མ་གཞན་ཉིད་ཡིན་ན། དེའི་ཚེ་ཐུག་པ་མེད་དོ་ཞེས་གནོད་པར་བྱེད་པའི་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །འདིས་ནི་ཚད་མའོ་ཅོག་ནི་ཐམས་ཅད་རང་ཉིད་ལས་ཡིན་ལ། ཚད་མ་མ་ཡིན་པ་ནི་གཞན་ལས་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །
གལ་ཏེ་ཤེས་པ་ཞེས་བྱ་བ་གཞན་ཁོ་ན་ལས་སྐྱེ་བ་ཡིན་ལ། དེའི་ཆོས་ཚད་མ་ནི་གཞན་ལས་མ་ཡིན་ནོ་ཞེས་བྱ་བ་འདི་ཅི་འབྲེལ་ཡང་ན་ཚད་མ་མ་ཡིན་པ་ཡང་རང་ལས་འགྱུར་རོ་ཞེས་བྱ་བའི་དོགས་པ་འདི་སྤངས་པའི་སྒོ་ནས་ཕྱོགས་གཞན་སྟོན་པ་ནི་གཞན་ཡང་ཞེས་བྱ་བ་
ལ་སོགས་པའོ། །བསམ་པ་ནི་འདི་ཡིན་ཏེ། དཔེར་ན་ཤེས་པ་རང་སྐྱེ་བའི་དོན་རྒྱུ་ལ་ལྟོས་པ་དེ་བཞིན་དུ་སྐྱེས་ཟིན་པའི་ཤེས་པ་ཚད་མ་ནི་གཞན་ལ་ལྟོས་པ་མ་ཡིན་ཏེ། དེའི་དེ་ནི་ལྷན་ཅིག་སྐྱེས་པ་ཁོ་ན་ཡིན་ནོ། །ཤེས་པ་སྐྱེས་པ་ན་མ་སྐྱེས་པར་སྔར་གནས་པ་ཉིད་ནི་མ་
ཡིན་ནོ། །དེས་ན་སྤྱིར་གནས་པ་ནི་དམིགས་ཀྱིས་སེལ་བ་གཞན་གྱིས་གདོན་མི་ཟ་བར་བསལ་བ་ཡིན་ནོ། །དེའི་ཕྱིར་ཚད་མ་མ་ཡིན་ན་ཡང་རང་ཉིད་ལས་མ་ཡིན་ནོ་ཞེས་བྱ་བའོ། །སུན་འབྱིན་པར་བྱེད་པ་ནི་གལ་ཏེ་ཤེས་པ་རྣམས་ཀྱི་སྤྱིར་བཏུབ་པའི་ཚད་མ་དེ་དམིགས་ཀྱིས་

བསལ་བའི་ཡུལ་སྤངས་ནས་ངེས་པའི་ཡུལ་ལ་རང་ཉིད་གནས་སམ། འོན་ཏེ་ཐམས་ཅད་དུ་ཁྱབ་པ་དམིགས་ཀྱིས་སེལ་བས་རང་གི་ཡུལ་དང་བྲལ་བ་ནི། གནས་དེ་ལ་ཕྱོགས་དང་པོ་ལ་ནི་བསལ་བ་ཐོབ་པ་ཡིན་པ་རང་ཉིད་ལས་ཚད་མའམ། ཚད་མ་མ་ཡིན་ངེས་པ་
མ་ཡིན་གྱི། འོན་ཀྱང་ཁྱད་པར་འགའ་ཞིག་ལས་ཡིན་ནོ། །ཁྱད་པར་དེ་ཡང་གདོན་མི་ཟ་བར་འདོད་དགོས་ཏེ། དེ་ལྟ་མ་ཡིན་ན་རྣམ་པར་ཕྱེ་ནས་ཚད་མ་དང་ཚད་མ་མ་ཡིན་པའི་ཐ་སྙད་དུ་མི་འགྱུར་རོ། །དེས་ན་གཉི་ག་ཡང་གཞན་ཁོ་ན་ལས་ངེས་པར་བྱ་བ་ཡིན་ནོ་ཞེས་བྱ་
བར་འགྱུར་རོ། །འོན་ཏེ་བསལ་བ་མ་ཐོབ་པ་ཡང་རང་ཉིད་ལས་ཚད་མར་ངེས་ན། དེའི་ཚེ་ཚད་མ་མ་ཡིན་པ་ངེས་པ་ཡང་དེ་བཞིན་དུ་འགྱུར་བའི་ཕྱིར་གཉི་ག་ཡང་རང་ཉིད་ལས་ངེས་སོ་ཞེས་བྱ་བར་འགྱུར་རོ། །དེས་ན་ཕྱོགས་གཉིས་པ་ཉིད་ཁྱེད་ཀྱིས་མདུན་དུ་བྱས་པ་ཡིན་
ནོ། །འདི་ལ་ཡང་རྣམ་པར་རྟོག་པ་གཉིས་ཏེ། ཤེས་པ་ཐམས་ཅད་ལ་ཁྱབ་པའི་རང་ཉིད་ལས་ཚད་མ་ཡིན་པ་དེ། རང་གི་རྒྱུ་ལས་སྐྱེས་པའམ་མ་སྐྱེས་པ་ཞིག་ཡིན་པར་འགྱུར། དེ་ལ་རྣམ་པར་རྟོག་པ་དང་པོས་སེལ་བར་བྱེད་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །
དེ་ལྟར་སྐྱེས་ཞེས་བྱ་བ་ནི་ཚད་མ་ཉིད་དུ་སྐྱེས་པའོ། །གཞན་དུ་ཞེས་བྱ་བ་ནི་ཚད་མ་མ་ཡིན་པའི་རང་བཞིན་དུའོ། །གནོད་པར་བྱེད་པས་ནི་མེད་པ་སྒྲོ་བཏགས་པ་ལ་མེད་པ་ཉིད་དུ་རྟོགས་པར་བྱེད་པ་ཡིན་ནོ། །ཡོད་པ་འཇིག་པར་བྱེད་ཅིང་མེད་པ་སྐྱེད་པར་བྱེད་དོ་ཞེས་བྱ་བ་འདི་ནི་
འཇིག་པ་མ་ཡིན་ཏེ། ཅི་ལྟ་བ་བཞིན་དུ་རྟོགས་པ་ཁོ་ན་ལ་ཚད་མའི་ཐ་སྙད་མཐོང་བའི་ཕྱིར་རོ། །གང་གི་ཚེ་ཤེས་པ་ཚད་མའི་བདག་ཉིད་དུ་སྐྱེས་པ་དེའི་ཚེ་དངོས་པོའི་གནས་པར་ཚད་མ་ཉིད་གནས་པ་འགའ་ཞིག་ཏུ་གནོད་བྱེད་པས་གཞིག་པར་བྱ་བའི་ཡིན་པར་འགྱུར་ན་དེ་རིགས་པ་
མ་ཡིན་ནོ་ཞེས་བརྗོད་དོ། །བྲམ་ཟེ་རྣམས་ལ་ནི་ཞོ་བྱིན་ལ། དར་བ་ནི་ཀཽཎྜི་ནྱ་ལ་བྱིན་ཅིག་ཅེས་བྱ་བ་འདིར་དངོས་པོའི་གནས་པས་ཀཽ་ཎྜི་ནྱ་ལ་ཞོ་བྱིན་པ་ཉིད་ཡོད་པ་དམིགས་ཀྱིས་སེལ་བས་འགོག་པ་ནི་མ་ཡིན་ནོ། །འོན་ཀྱང་བྲམ་ཟེ་རྣམས་ལ་ཞེས་སྤྱིར་བརྗོད་པ་ལས་སྒྲོ་བཏགས་པ་

འགོག་པ་ཡིན་ཏེ། བསམ་པའི་རྗེས་སུ་བྱེད་པ་ཉིད་ཀྱི་དོན་ངེས་པ་མེད་པའི་ཕྱིར་རོ། །གལ་ཏེ་དེར་ཡང་བྲམ་ཟེ་རྣམས་ལ་ཞོ་སྦྱིན་པར་སྨྲ་བ་ཅི་ལྟར་ཐོས་པའི་དོན་མེད་ན། མི་འགྱུར་བ་ཡིན་ན་དེའི་ཚེ་ཀཽཎྜི་ནྱ་ལ་ཞོ་སྦྱིན་པ་ཡང་དངོས་པོའི་ལུགས་སུ་
གནས་པའི་ཕྱིར། ཅི་ལྟར་དགག་སྟེ་ཤེས་པའི་བདག་ཉིད་དུ་གྱུར་པའི་ཚད་མ་ཉིད་བཞིན་ནོ། །དེའི་ཕྱིར་སྤྱིར་བཏང་བ་དང་དམིགས་ཀྱིས་བསལ་བ་དག་ནི་ངག་དག་ལ་གནས་པ་ཡིན་གྱི་དངོས་པོའི་གནས་པ་འཇུག་པར་གནས་པ་ནི་མ་ཡིན་ནོ། །རྣམ་པར་རྟོག་པ་གཉིས་པ་སེལ་བ་
ཅི་སྟེ་ཞེས་བྱ་བ་ལ་སོགས་པའོ། །སེམས་པའི་རང་བཞིན་ཅན་གནས་སྐབས་ཐམས་ཅད་དུ་རྗེས་སུ་སོང་བའོ། །བཏགས་པའི་རྫས་ནི་བདག་ཡིན་ལ་དེའི་རང་བཞིན་དུ་གྱུར་པའི་རྣམ་གྲངས་ནི་ཤེས་པ་དང་བདེ་བ་ལ་སོགས་པ་ཡིན་ནོ། །ཚད་མ་ཡང་དག་པ་ཁོ་ན་ཡིན་ཏེ། ཤེས་
པའི་རང་བཞིན་ཡིན་པའི་ཕྱིར་རོ། །བདག་བརྟག་པ་ནི་འགའ་ལས་ཀྱང་སྐྱེས་པ་མ་ཡིན་ལ། དེའི་རང་བཞིན་ཤེས་པ་ཡང་རྣམ་པ་ཐམས་ཅད་དུ་སྐྱེ་བ་མ་ཡིན་ཏེ། དེའི་བདག་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་རོ་ཞེས་ཕྱིར་འཇིལ་བར་སེལ་ན། སུན་འབྱིན་པར་བྱེད་པ་ནི་མ་སྐྱེས་པར་
ཁས་ལོང་ཞིང་བདག་གི་རང་བཞིན་ལྷག་པ་ཡང་གནོད་མོད། རྣམ་པར་ཤེས་པ་ཚད་མས་ཁྱབ་ན་གནོད་པར་བྱེད་པའི་གོ་སྐབས་ཅི་ཡོད་སྙམ་དུ་བསམས་ནས། གནོད་པར་བྱེད་པ་སྟོང་ཡོད་ཀྱང་། །ཞེས་གསུངས་སོ། །དེ་ཞེས་བྱ་བ་ནི་ཚད་མའི་རང་བཞིན་གྱི་བདག་གོ། །
ཅི་སྟེ་ཡང་བདག་གིས་བརྗོད་མ་ཐག་པའི་ཉེས་པ་འགྱུར་བ། གནོད་བྱེད་དག་གིས་ཡོད་པའི་རང་བཞིན་གཞན་དུ་བྱས་པའི་མཚན་ཉིད་ཚད་མ་མ་ཡིན་པ་སྐྱེད་པ་ནི་མ་ཡིན་གྱི། འོན་ཀྱང་རྐྱེན་ཅན་གྱི་རྒྱུ་ལས་སྐྱེས་པའི་ཕྱིར་ཚད་མ་མ་ཡིན་ནོ་ཞེས་དོགས་པ་བསུ་བ་ནི་གལ་ཏེ་ཞེས་བྱ་བའོ། །
འདི་ལ་ལན་ཡོན་ཏན་ལན་རྒྱུ་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་རབ་རིབ་ལ་སོགས་པའི་ཉེས་པ་སྐྱོན་ཚོགས་པ་མིག་ལ་སོགས་པའི་རྒྱུ་ལས་སྐྱེས་པ་ཚད་མ་མ་ཡིན་ལ། དེ་ཙམ་གྱིས་ཀྱང་གཞན་ལས་ཚད་མ་མ་ཡིན་པའི་ཐ་སྙད་དུ་བྱེད་ན། དེའི་

ཚེ་ཡོན་ཏན་དང་ལྡན་པའི་རྒྱུ་ལས་བྱུང་བ་ཚད་མར་འགྱུར་ལ། དེ་ཙམ་གྱིས་ཀྱང་གཞན་ལ་ཚད་མ་ཡིན་པར་ཅི་སྟེ་མི་བརྗོད། ཅི་སྟེ་དེ་ལྟ་ཡིན་པ་དེ་ལྟ་ན་ཡང་དེ་ལྟར་ཐ་སྙད་མི་བྱའོ། །དེའི་ཚེ་ཚད་མ་མ་ཡིན་པ་ལ་ཡང་དེ་ལྟར་ཐ་སྙད་མི་བྱའོ། །གལ་ཏེ་གང་གིས་ཚད་མ་
མ་ཡིན་པ་ལྟར་གཞན་ལས་ཡིན་པར་འགྱུར་བ། ཡོན་ཏན་དང་ལྡན་པའི་རྒྱུ་ལས་སྐྱེས་པ་ནི་ཚད་མ་མ་ཡིན་གྱི། འོན་ཀྱང་ཉེས་པ་མེད་པའི་ཕྱིར་རོ་ཞེ་ན་ལན་དུ་ཡོན་ཏན་མེད་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །དེ་ལྟ་ན་ཡང་གལ་ཏེ་ཚད་མ་རང་ལས་ཡིན་ན་དེའི་ཚེ་ཚད་མ་མ་ཡིན་པ་
ཡང་རང་ཉིད་ལས་ཡིན་པའི་ཕྱིར་ཅི་ལྟར་གཅིག་ནི་རང་ལས་ཡིན་ལ། གཞན་ནི་གཞན་ལས་ཡིན་ནོ་ཞེས་རྣམ་པར་གཞག །འོན་ཏེ་ཇི་ལྟ་བ་བཞིན་དུ་གནས་པའི་སྐྱེས་བུ་ལ་རབ་རིབ་ཡོད་ན་འཁྲུལ་པའི་ཤེས་པ་སྐྱེ་ལ། རབ་རིབ་མེད་པའི་དུས་ན་ནི་མ་ཡིན་པ་སྟེ། དེས་ན་ཚད་མ་
མ་ཡིན་པ་ནི། རབ་རིབ་ཀྱིས་བྱས་པ་ཡིན་པས་ཚད་མ་མ་ཡིན་པ་གཞན་ལས་ཡིན་ལ། ཡང་མིག་སྨན་ལ་སོགས་པས་རབ་རིབ་བསལ་བ་ལས་སྔར་གྱི་གནས་སྐབས་ཐོབ་པ་ཙམ་གྱིས་ཡོན་ཏན་ཁྱད་པར་ལ་མ་ལྟོས་པར་ཡང་དག་པ་མཐོང་བའི་ཕྱིར་ཚད་མ་ནི་རང་ཉིད་ལ་ཡིན་ནོ་ཞེ་
ན། འོ་ན་དམུས་ལོང་གང་ཞིག་གྲུབ་པའི་སྨན་དང་། སྔགས་ལ་སོགས་པའི་མཐུས་མིག་གི་ཡོན་ཏན་གྱི་ཁྱད་པར་ཐོབ་པའི་ཕྱིར་ཡང་དག་པར་མཐོང་ཡང་། དེ་ལ་སྔ་མའི་གནས་སྐབས་ཐོབ་པ་མེད་པའི་ཕྱིར་ཅི་དེའི་ཤེས་པའི་གཞན་ཁོ་ན་ལས་ཚད་མ་ཡིན་ནམ། སྔོན་གནས་པའི་རང་
བཞིན་མངོན་པར་གསལ་བ་ཡང་མི་སྲིད་དེ། འབྲས་བུ་ཡོད་པར་སྨྲ་བ་ཐོབ་པའི་ཕྱིར་ཡང་དག་པར་མཐོང་ཡང་དེ་ལ་སྔ་མའི་གནས་སྐབས་ཐོབ་པ་མེད་པའི་ཕྱིར་ཅི་དེའི་ཤེས་པ་གཞན་ཁོ་ན་ལས་ཚད་མ་ཡིན་ནམ་སྔོན་གནས་པའི་རང་བཞིན་མངོན་པར་གསལ་བ་ཡང་མི་སྲིད་དེ། འབྲས་བུ་
ཡོད་པར་སྨྲ་བའི་ཉེས་པ་གཟུང་བའི་ཕྱིར་རོ། །གང་ཡང་མིག་སྨན་ལ་སོགས་པར་སྐྱོན་སེལ་བ་ཙམ་དུ་བརྗོད་པ་དེ་ལ་ཡང་། མིག་ལ་ཡོན་ཏན་གྱི་ཁྱད་པར་མ་སྐྱེས་སོ་ཞེས་བྱ་བ་འདི་ལ་ལྷ་གཏུམ་པོས་རིག་པ་ཁོ་ན་ཚད་མ་ཡིན་ཏེ། གང་གི་ཕྱིར་ཉེས་པ་དང་བྲལ་བའི་གནས་སྐབས་ཉིད་

ཡོན་ཏན་སྐྱེས་པའི་ཕྱིར་རོ། །དེ་ནི་སྣུན་ཉིད་ཡོད་པ་ཡིན་ནོ་ཞེ་ན། ཡོད་མོད་ཅི་དེ་ཙམ་གྱིས་ཡོན་ཏན་མ་ཡིན་པར་འགྱུར་རམ། སྔར་གནས་པ་ཉིད་ཡོན་ཏན་དང་འགལ་བ་མ་ཡིན་ནོ། །དེས་ན་སྔར་གནས་ཀྱང་བར་དུ་མི་མངོན་པར་གྱུར་པ། སྔར་མངོན་
པར་གསལ་བའམ། སྔ་ན་མེད་པ་སྐྱེས་པ་ནི་ཡོན་ཏན་ཤེས་པ་སྐྱེས་པར་བྱེད་པ་དེ་ཅི་ཚད་མ་ཉིད་གཞན་ལས་མ་ཡིན་ནམ། དེ་བཞིན་དུ་རབ་རིབ་སྲིད་ན་འཁྲུལ་པར་འགྱུར་རོ་ཞེས་བྱ་བ་འདིར་ཡང་སླུ་བའི་འབྲས་བུ་ལ་སྔར་གྱི་མིག་ཡོན་ཏན་དང་ལྡན་པ་ལོག་པ་ཙམ་རབ་རིབ་ཀྱིས་
བྱས་པ་ན། འཁྲུལ་པ་ཡིན་ནོ་ཞེས་བརྗོད་པ་ནུས་པ་དེས་ན་རང་ཉིད་ལ་ཚད་མ་མ་ཡིན་པར་འགྱུར་རོ། །རང་ཉིད་ནུས་པ་མེད་ན་ནི་གཞན་གྱིས་བྱ་བར་མི་ནུས་སོ་ཞེས་བྱ་བ་འདི་ཡང་སླུ་བའི་ནུས་པ་ལ་ལྟོས་ནས་བརྗོད་པའི་ནུས་པ་ཁོ་ནའོ། །དེ་བས་ན་གཅིག་ནི་རང་ལས་ཡིན་ལ་
གཞན་ནི་གཞན་ལས་ཡིན་ནོ་ཞེས་བྱ་བའི་ངེས་པ་འདི་མེད་དོ། །འོ་ན་ཚད་མ་བདག་ལས་ཡིན་ལ། ཚད་མ་མ་ཡིན་པ་ཡང་གཞན་ལས་ཡིན་ནོ་ཞེ་ན། གང་གིས་ཞེས་གསུངས་ཏེ་རྟོགས་པ་གང་གིས་སོ། །དེའི་ནི་བདག་གིའོ། །གཞན་དག་བདག་གྲུབ་པ་བརྗོད་པ་ནི། གལ་
ཏེ་དེ་རྟོགས་ཞེས་བྱ་བ་ལ་སོགས་པའོ། །རང་རིག་གི་ངོ་བོ་ནི་སེམས་པ་ཅན་ཙམ་གྱི་རང་བཞིན་ནོ། །དོན་འདི་ཡིན་ཏེ། གཉིད་མཐུག་པོས་ལོག་པའི་གནས་སྐབས་དང་འགྲོ་བ་ལ་སོགས་པའི་ཚེ་སྔོན་པོ་དང་སེར་པོ་ལ་སོགས་པ་ཤེས་པའི་གནས་སྐབས་སུ་གྱུར་པ་ཚད་མ་མ་
ཡིན་པའི་ཐ་སྙད་ཀྱི་ཡུལ་དག་ལ་རྟོགས་པའི་རང་བཞིན་ཉིད་རྗེས་སུ་ཞུགས་པར་ཉམས་སུ་མྱོང་ལ་བདག་ཀྱང་དེ་ཉིད་ཡིན་པར་འདོད་དོ། །དེས་ན་གཞན་པའི་བདག་ནི་རྟོགས་པ་མེད་ཅེས་ཅི་སྟེ་བརྗོད། ཤིན་ཏུ་གཞན་པར་འགྱུར་བ་ཉིད་ཡིན་ན་ནི་གྲུབ་པ་བསྒྲུབ་པོ་ཞེ་ན།
སུན་འབྱིན་པར་བྱེད་པ་ནི་དེའི་ཚེ་ཅུང་ཟད་ཅེས་བྱ་བ་ལ་སོགས་པ་སྟེ། གཉིད་མཐུག་པོས་ལོག་པ་ལ་སོགས་པའི་ཚེ་ན། དངོས་པོ་ཙམ་ཡང་རིག་པ་མེད་དོ། །དེས་ན་ཅི་ལྟར་བདག་ཡོད་དོ་ཞེས་ཡོད་པའི་ཐ་སྙད་དུ་བྱེད་པ་ལས་ཅང་མ་ཤེས་པར་ནི་ཁྲ་བོ་ཡོད་དོ་ཞེས་ཡོད་པ་ཐ་སྙད་

མི་བྱེད་དོ། །དེས་ན་བདག་དེ་ལ་རྟོགས་དང་ཅིག་ཤོས་ཞེས་བྱ་བ་ལ་སོགས་པ་གོ་སླའོ། །མཇུག་སྡུད་པ་ནི་དེའི་ཕྱིར་ཚད་མ་ཞེས་བྱ་བ་ལ་སོགས་པའོ། །དོན་འདི་ཡིན་ཏེ། སྐྱེ་བའམ་རྟོགས་པ་ལ་ལྟོས་ནས་རང་ལས་ཞེས་བརྗོད་གྲང་ན། དེ་ལ་ཕྱོགས་དང་པོ་ལ་ནི་དཔེར་
ན་རང་ལས་ཏེ་རང་གི་རྒྱུ་ཉིད་ལས་ཚད་མ་སྐྱེ་བ་བཞིན་དུ་ཅིག་ཤོས་ཚད་མ་མ་ཡིན་པ་ཡང་ཡིན་ནོ། །བྱུང་བ་ནི་ཚད་མའམ་ཚད་མ་མ་ཡིན་པའོ། །ཚད་མའམ་ཚད་མ་མ་ཡིན་པར་སྐྱེས་པ་ལ་ནི་གཞན་གྱི་ཁྱད་པར་བསྒྲུབ་པར་མི་ནུས་སོ། །ཚད་མ་ཉིད་རང་ལས་མིན་ཏེ་ཚད་མ་མ་ཡིན་
པ་ཡང་རང་ལས་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཕྱོགས་གཉིས་པ་ནི་ཚད་མ་ལ་ཡང་མེད་དོ་ཞེས་སྟོན་པ་ནི། རྣམ་པ་མཚུངས་པ་ཞེས་བྱ་བའོ། །དེ་ཉིད་དུ་ནི་ཚད་མའམ་ཚད་མ་མ་ཡིན་པ་ཉིད་དུའོ། །གལ་ཏེ་རྣམ་པ་མཚུངས་ཀྱང་གང་ལ་གནོད་པ་མེད་པ་དེ་ཚད་མ་མ་ཡིན་ནོ་ཞེ་ན། འདི་
ལ་བསམ་པར་བྱ་སྟེ། དང་པོ་གནོད་པ་མེད་པ་འདོད་དམ་ཕྱིས་དང་པོ་ལ་བརྗོད་པ་ནི། དང་པོ་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་སྟེ། ཚད་མ་མ་ཡིན་པ་ཡང་ཞེས་བྱ་བའི་དོན་ཏོ། །གནོད་པ་མེད་པ་ཉིད་ཀྱིས་ནི་ཚད་མར་མི་རིགས་སོ། །གཉིས་པ་ལ་བརྗོད་པ་ནི་ཕྱིས་གནོད་
བྱེད་ལ་ཐེ་ཚོམ་ཞེས་བྱ་བའོ། །གལ་ཏེ་ཐེ་ཚོམ་ཟ་བ་ལ་ཡང་ཚད་མས་ངེས་པ་ནི་མཐོང་ངོ་ཞེ་ན། གནོད་པར་བྱེད་པ་འབྱུང་བ་དེ་ཡོད་པའམ་མེད་པར་ངེས་པ་དེ་ནི་མངོན་སུམ་མམ་རྗེས་སུ་དཔག་པ་གཞན་ལས་ཡིན་པར་འགྱུར་རོ། །ཡང་ཅིའི་ཕྱིར་མངོན་སུམ་དང་རྗེས་སུ་དཔག་པ་
དག་ཉིད་ལས་ངེས་པར་བརྗོད་ཅེ་ན། བཤད་པ་ཚད་མ་གཞན་ནི་ཡོད་པ་མ་ཡིན་ཞེས་གསུངས་སོ། །གང་གི་ཕྱིར་མངོན་སུམ་མམ་རྗེས་སུ་དཔག་པ་ལས་ཐ་དད་པའི་ཚད་མ་གཞན་མེད་པ་དེའི་ཕྱིར་འདི་དག་ལས་ངེས་པར་བརྗོད་ལ། འབྱུང་བར་འགྱུར་བའི་གནོད་བྱེད་
ལ་ནི་མངོན་སུམ་དང་རྗེས་སུ་དཔག་པ་དག་འཇུག་པ་མེད་དོ་སྙམ་དུ་དགོངས་པའོ། །དེ་ལ་ཚད་མ་མ་ཡིན་པ་ལ་ལྟོས་ནས་ནི་ཕྱིས་གནོད་པ་ཡོད་པར་མ་ངེས་ལ་ཚད་མ་ལ་ལྟོས་ནས་ནི་ཡོད་པ་མ་ངེས་པར་རྟོགས་པར་བྱའོ། །དེ་ལྟར་རང་ལས་ཚད་མར་སྨྲ་བ་སུན་འབྱིན་པ་ན། འདི་མི་སླུ་

བ་ཉིད་ཀྱིས་མཚན་ཉིད་ཀྱི་ཕྱོགས་སུ་ལྟུང་བས་དེ་ལྟར་བདག་ལ་གེགས་བྱེད་པ་ཡིན་ནོ་སྙམ་པས། བདག་ཉིད་ཀྱི་ལུགས་བཟློག་པས་འཚོ་བར་འདོད་ནས། རེ་ཞིག་འདི་ཉིད་ཀྱི་ལུགས་བསམ་པར་བྱའོ་ཞེས་སྨྲས་པ་ནི། གལ་ཏེ་ཞེས་བྱ་བ་ལ་སོགས་
པའོ། །གང་དུ་སྒྲུབ་བྱེད་ཀྱི་ཤེས་པ་ཞུགས་པ་ཉིད་ལས་མི་སླུ་བའི་ཤེས་པ་ཞུགས་པ་ནི་ཁས་མི་ལེན་ཏེ། འཇུག་ན་དེ་ཉིད་ལྟར་མི་ཤེས་པ་ཉིད་དུ་མི་འཐད་པའི་ཕྱིར་རོ། །འོན་ཀྱང་དེ་ནི་ཡུལ་གཞན་ལ་ཞུགས་པར་ཁས་བླངས་པ་ཡིན་ནོ། །དེས་ན་དེ། ཡུལ་གཞན་ལ་ནི་
འཇུག་འགྱུར་ན། །ཞེས་གསུངས་སོ། །འདི་འགོག་པ་ནི་འདིའི་ཞེས་བྱ་བའི་དུས་ཕྱིས་འབྱུང་བའི་མི་སླུ་བའི་ཤེས་པས་ནི་ཚད་མ་རྟོགས་པར་བྱ་བ་ཡིན་ན། འདས་པ་ལ་ནི་རྟོགས་པ་མེད་དོ་ཞེས་བྱ་བའི་དོན་ཏོ། །གཞན་དག་སྔ་མ་ཙམ་ནི་འདས་པར་མི་འདོད་དེ་དཔེར་
ན་སྣམ་བུ་ལ་ལྟོས་ནས་སྔར་ཡོད་པའི་སྣལ་མ་རྣམས་བཞིན་ནོ། །དེས་ན་འདས་པའི་ཞེས་ཁྱད་པར་བྱེད། འོན་ཏེ་ཡང་མི་སླུ་བའི་ཤེས་པའི་ཚད་མ་ཉིད་དུ་ངེས་པ་མ་ཡིན་མོད། འོན་ཀྱང་སྒྲུབ་པར་བྱེད་པའི་ཤེས་པ་དེ་ཉིད་གོམས་པ་ལས་ཤིན་ཏུ་གསལ་བར་གྱུར་པས་
ན། ཚད་མའི་མཚན་ཉིད་མི་སླུ་བ་ཉིད་ངེས་པར་རང་ཉིད་ཀྱིས་འཕངས་ནས་གནས་པ་ཡིན་ཏེ། དེས་ན་མི་སླུ་བའི་མཚན་ཉིད་ཅན་ཚད་མ་རྣམ་པར་གནས་པ་ཁོ་ནའོ་ཞེས་དོགས་ན་སྒྲུབ་པར་བྱེད་པའི་ཤེས་པ་ཡང་ཞེས་གསུངས་སོ། །ཅི་ལྟར་ཚད་མ་ཉིད་ནི་རྟོགས་པར་བྱེད་
ཅེས་བྱ་བ་རྗེས་སུ་འཇུག་གོ། །ཅིའི་ཕྱིར་ཚད་མ་ཉིད་མ་རྟོགས་ཤེ་ན། ཐེ་ཚོམ་གྱི་ནི་ཡུལ་ཡིན་ཕྱིར། །ཞེས་སྨོས་ཏེ། ཅི་འདི་ཚད་མའམ་འོན་ཏེ་མ་ཡིན་ཞེས་ཐེ་ཚོམ་ཟ་བ་དེའི་ཡུལ་ཡིན་པའི་ཕྱིར་རོ། །གལ་ཏེ་སྒྲུབ་པར་བྱེད་པའི་ཡུལ་ཅན་ཡིན་པ་ཉིད་ལས་ཚད་མར་ངེས་པ་
ཡིན་ནོ་ཞེ་ན། སྨྲས་པ་ཅི་ལྟར་ཡུལ་དེ་སྒྲུབ་བྱེད་ཡིན་ཏེ་མ་ཡིན་པ་ཉིད་དོ། །ཅིའི་ཕྱིར་ཞེ་ན། དེའི་ཤེས་པ་དེ་ཚད་མ་ཉིད་དུ་རྟོགས་པ་མེད་པའི་ཕྱིར་ཏེ། དེའི་བྱ་བ་གྲུབ་པ་ཉམས་སུ་མ་མྱོང་བའི་ཕྱིར་རོ། །དེས་ན་སྒྲུབ་པར་བྱེད་པའི་ཤེས་པ་ཚད་མ་མ་ཡིན་པའི་སྟོབས་ཀྱིས་ཡུལ་སྒྲུབ་

བྱེད་ཉིད་དུ་ངེས་ལ། ཡུལ་སྒྲུབ་བྱེད་དུ་ངེས་པས་ཀྱང་ཚད་མ་ཉིད་དུ་ངེས་པའི་ཕྱིར་གསལ་བར་ཕན་ཚུན་བསྟེན་པ་ཡིན་ནོ། །དེའི་ཕྱིར་ཐེ་ཚོམ་གྱི་ཡུལ་ཉིད་དུ་གྲུབ་པའི་ཕྱིར་ཅི་ལྟར་ཚད་མ་ཉིད་ངེས་ཚད་མ་སུན་འབྱིན་པར་བྱེད་པ་ནི། གལ་ཏེ་མི་སླུ་བ་ཉིད་ཀྱི་མཚན་ཉིད་ལ་སྐྱོན་
ཡོད་དུ་ཆུག་མོད་དེ་ལྟ་ན་ཡང་ཁྱོད་ལྡོག་པས་འཚོ་བར་ཅི་ལྟར་འགྱུར་སྙམ་དུ་བསམས་ནས་སྔར་བཤད་ཟིན་པའི་སུན་འབྱིན་པའི་དྲན་པར་བྱེད་པ་ནི། གལ་ཏེ་རྟོགས་པ་བདག་ཅེས་བྱ་བ་ལ་སོགས་པའོ། །ད་ནི་སྤྱོད་པ་རང་གི་ལུགས་ལས་སུན་འབྱིན་པ་ཡལ་བར་དོར་ནས། མི་
སླུ་བར་སྨྲ་བའི་ལུགས་འགོག་པ་ནི། འོན་ཏེ་དེ་དོན་དོན་བྱེད་ཉིད། །ཅེས་བྱ་བའོ། །མི་སླུ་བའི་རྟོགས་པས་འདས་པ་ཚད་མར་ཤེས་པ་ནི་མི་སྨྲ་ལ། སྒྲུབ་པར་བྱེད་པའི་ཤེས་པའི་སྟོབས་ལ་བརྟེན་པ་ཡང་མ་ཡིན་གྱི་འོན་ཀྱང་དེའི་དོན་སྒྲུབ་པར་བྱེད་པ་ཤེས་པའི་ཡུལ་གྱིས་
དོན་བྱེད་པ་ཕྱིས་མངོན་ནས་སྒྲུབ་པར་བྱེད་པ་ཤེས་པ་སྔ་མ་ཚད་མ་ཉིད་དུ་ངེས་པར་བྱེད་དོ་སྙམ་ན། སུན་འབྱིན་པར་བྱེད་པས་ཚད་མ་སྔར་གྲུབ་ཅེས་བྱ་བ་ལ་སོགས་པ་སྨྲས་སོ། །དོན་འདི་ཡིན་ཏེ། གལ་ཏེ་ཚད་མ་ཞེས་བྱ་བ་ཞིག་སྔར་གྲུབ་པར་གྱུར་ན་དེའི་ཚེ་དེ་དང་འབྲེལ་པར་
གྲུབ་པའི་དོན་བྱ་བ་ལ་ཚད་མར་ངེས་པར་འགྱུར་བ་ཞིག་ན་འོན་ཀྱང་ཚད་མའི་རང་བཞིན་ཉིད་དུ་རུང་ཡང་གྲུབ་པ་མེད་དོ། །འདི་ཉིད་སྡུད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་པའོ། །དོན་བྱ་བ་ལས་ཚད་མ་ཉིད་དཔོག་པར་ནི་མི་བྱེད་ཀྱི། འོན་ཀྱང་དོན་ག་ལས་ཤེས་པ་ལ་འཇུག་པ་ན་
བྱ་བ་ཐོབ་པ་དེར་ཤེས་དེ་ཚད་མ་ཡིན་ནོ་ཞེས་ཐ་སྙད་དུ་བྱེད་དོ་ཞེས་དོགས་པ་བསྟན་པ་ནི། འོན་ཏེ་ཞེས་བྱ་བ་ལ་སོགས་པའོ། །སུན་འབྱིན་པ་ནི་དོན་བྱེད་པ་ལ་སོགས་པ་ཞེས་བྱ་བའོ། །ཚད་མིན་པས་རྟོགས་ལས་ཀྱང་མཐོང་། །ཞེས་བྱ་བ་ནི། ཚད་མ་མ་ཡིན་པ་ཉིད་དུ་ཁས་
བླངས་པ་ལས་ཀྱང་ངོ་། །རླུང་གིས་གཙུབས་པའི་རྡུལ་གྱི་ཚོགས་ལ་དུ་བ་ཉིད་དུ་ལྷག་པར་ཞེན་པ་ལས་མེར་རྗེས་སུ་དཔོག་པའི་བློས་ཞུགས་པའི་ཡུལ་དེ་ནི་རེས་འགའ་མེ་སྲིད་པའི་ཕྱིར་རོ། །དེ་ལས་དོན་བྱ་དེ་མིན་ན། །ཞེས་བྱ་བ་ནི་གཞན་གྱི་དོགས་པ་སྟེ། དོན་བྱ་བ་དེ་ནི་

དེའི་ཡུལ་དུ་ཉེ་བར་སོང་བ་ན་ཚད་མ་གཞན་ཁོ་ན་ལས་ཡིན་ནོ་ཞེས་བྱ་བ་ལུགས་ལས་འབྱུང་བའི་ཕྱིར་རོ་ཞེ་ན། སུན་འབྱིན་པ་ནི་གཞན་ལས་ཀྱང་དེ་ནི་ཞེས་བྱ་བ་སྟེ། མངོན་སུམ་ཕྱི་མ་ལས་ཀྱང་ངོ་ཞེས་བྱ་བའི་དོན་ཏོ། །དེས་ན་མེ་རབ་ཏུ་སྟོན་པར་བྱེད་
པའི་འཇུག་པར་བྱེད་པ་དང་། ཐོབ་པར་བྱེད་པ་ཐུན་མོང་བ་རྣམས་ལ། གཅིག་ནི་ཚད་མ་གཞན་ནི་མ་ཡིན་ནོ་ཞེས་བྱ་བའི་རྣམ་པར་དབྱེ་བ་འདི་སུས་བྱས། གཞན་གྱིས། དེ་ལ་རེས་འགའ་མི་འཐོབ་ཕྱིར། །སྨྲས་པས་སོ། །སུན་འབྱིན་པར་བྱེད་པའི་དེ་ནི་གཞན་དུའང་ཞེས་བྱ་བ་སྟེ།
མི་འཐོབ་པ་དེ་ནི་གང་གི་ཚེ་འགའ་ཞིག་གིས་ཡུལ་ཕྲོགས་སམ། ཉེ་བར་ལེན་པ་མི་བརྟན་པའི་ཡུལ་རང་ཉིད་ཟད་དམ་བར་དུ་འཇུག་པའི་རྐང་པ་ལ་སོགས་པ་ཆག་པ་དེའི་ཚེ་ཚད་མ་ལ་ཡང་མཐོང་ངོ་། །གང་ལས་ཐོབ་པ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་སྟེ། གལ་ཏེ་དེ་ལྟར་ཚད་
མ་དང་ཚད་མ་མ་ཡིན་པ་དག་ལ་ཐོབ་པ་མཚུངས་པ་དེ་ལྟ་ན་ཡང་ཤེས་པ་གང་ལས་ཞུགས་པ་ན་ཐོབ་པར་ཐེ་ཚོམ་མེད་པ་དེ་ནི་ཚད་མར་འགྱུར་རོ་ཞེ་ན། སུན་འབྱིན་པར་བྱེད་པ་ནི་འོ་ན་ཞེས་བྱ་བ་ལ་སོགས་པའོ། །གལ་ཏེ་ཚད་མ་དང་ཚད་མ་མ་ཡིན་པ་དག་རྣམ་པ་མཚུངས་པར་མ་
གྱུར་ན། དེའི་ཚེ་ཐེ་ཚོམ་མེད་པར་འགྱུར་བ་ཞིག །རྣམ་པ་མཚུངས་པ་ནི་གང་ལས་ཐེ་ཚོམ་ལྡོག་པར་འགྱུར་ཏེ། གཞན་གྱི་གོམས་ལས་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །གལ་ཏེ་ཡང་རགས་པའི་རྣམ་པ་མཚུངས་པ་ཡོད་པ་དེ་ལྟ་ན་ཡང་། ནོར་བུ་དང་། མུ་ཏིག་ལ་སོགས་པ་
ལྟར། མི་མཐུན་པ་ཕྲ་མོ་གོམས་པ་ལས་ངེས་པར་འཛིན་ཏོ། །ཁྱད་པར་དེ་ལས་ནི་ཐོབ་པ་ཡོད་པར་ངེས་སོ་ཞེ་ན། སུན་འབྱིན་པར་བྱེད་པ་ནི་དེ་ནི་ཕན་ཚུན་བསྟེན་པ་ཡིན་ནོ་ཞེས་བྱ་བའོ། །གོམས་པ་ཡོད་ན་འཐོབ་པར་ངེས་ལ་ངེས་པར་ཐོབ་པ་ངེས་པ་ཡིན་ན་ཡང་། ཡང་ནས་ཡང་
འཇུག་པའི་མཚན་ཉིད་ཀྱི་གོམས་པ་ཡིན་པའི་ཕྱིར་རོ། །གཞན་དག་གལ་ཏེ་ཉམས་སུ་མྱོང་བའི་དོན་ནི་སྙོན་པའི་མི་ནུས་སོ་སྙམ་པས། ཉམས་སུ་མྱོང་བའི་འཇུག་པའི་རིམ་པ་སྟོན་པར་བྱེད་པ་ནི། དེ་མཐོང་བ་ཉིད་ནི་ཞེས་བྱ་བ་ལ་སོགས་པའོ། །མེ་ལ་སོགས་པ་གང་ཞིག་མཐོང་བ་ན་བསྲེག་

པ་ལ་སོགས་པ་མཐོང་བ་དེ་ལྟར་ཐ་སྙད་ཀྱི་དུས་སུ་མཐོང་བ་ན། འཇུག་པ་ལ་སོགས་པའི་མཚན་ཉིད་ཀྱི་ཐ་སྙད་དུ་འགྱུར་བ་ཡིན་ནོ། །ཇི་ལྟར་ཞེ་ན་སྨྲས་པ། མེ་ལ་སོགས་པ་མཐོང་བ་རྣམས་ལ་སྔར་ཞུགས་པའི་མྱོང་བ་གང་ཡིན་པ་དེའི་མཐུ་ལས་བྱུང་བའི་དྲན་པ་ལས་མངོན་པར་འདོད་པ་
ཡིན་ཞེས་རྟོགས་པར་བྱའོ། །སུན་འབྱིན་པར་བྱེད་པ་ནི་དེ་ལྟར་རྗེས་དཔག་ལས་ཡིན་ནོ་ཞེས་བྱ་བའོ། །འདི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་གྱི། འདི་ནི་དེའི་རང་བཞིན་གྱི་རྗེས་སུ་དཔག་པ་ཉིད་དུ་གསལ་ལོ། །འདི་ལྟར་དེ་མཐོང་ཉིད་ལ་ཞེས་བྱ་བས་ནི་མཐོང་བཞིན་པའི་རང་གི་མཚན་ཉིད་
འཛིན་པ་ནི་མ་ཡིན་ཏེ། སྔར་མཐོང་བ་ཉིད་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི་དེ་འདྲ་བའི་དོན་བྱ་བ་བྱེད་པ་ཡིན་ཏེ། དཔེར་ན་སྔ་མ་བཞིན་ནོ། །འདི་ཡང་དེ་ལྟ་བུར་གྱུར་པ་ཡིན་ནོ། །དེའི་ཕྱིར་དེ་འདྲ་བའི་དོན་བྱ་བ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི་ཚད་མའི་དོན་ཏོ། །
རྗེས་སུ་དཔག་པ་ཉིད་ལས་དོན་བྱ་བ་ངེས་པ་ཡིན་མོད། ངེད་ལ་ཆད་པ་ཅི་ཡོད་ཅེ་ན། རྗེས་དཔག་དེ་ཡང་ཞེས་བྱ་བ་ལ་སོགས་སྨོས་སོ། །རྗེས་སུ་དཔག་པ་ནི་དོན་བྱ་བ་དང་འབྲེལ་པ་འཛིན་པ་མངོན་སུམ་ལས་བདག་ཉིད་ཐོབ་ལ་བཤད་ཟིན་པའི་ཚུལ་གྱིས་དོན་བྱ་བ་དང་འབྲེལ་པ་འཛིན་པའི་
མངོན་སུམ་ཡང་རྗེས་སུ་དཔག་པ་ལས་འཐད་པ་ཡིན་པའི་ཕྱིར། ཕན་ཚུན་བསྟེན་པ་མངོན་སུམ་མམ་རྗེས་སུ་དཔག་པ་རྣམ་པར་གནས་པ་མེད་དོ། །རྗེས་སུ་དཔག་པ་དོན་བྱ་བ་དང་འབྲེལ་པར་འཛིན་པའི་མངོན་སུམ་ལ་ལྟོས་མོད། མངོན་སུམ་ནི་རང་ཁོ་ནས་འབྲེལ་པ་འཛིན་གྱི་རྗེས་སུ་
དཔག་པ་ལ་ནི་ལྟོས་པ་མ་ཡིན་ནམ། དེས་ན་གང་གིས་གང་ཡང་རུང་བར་གནས་པར་མི་འགྱུར་བ་ཕན་ཚུན་བསྟེན་པར་ཅི་ལྟར་འགྱུར་ཞེ་ན། རང་དངོས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །རང་གི་ངོ་བོ་ཡང་དེ་ཡིན་ལ་རང་གི་དམིགས་པའི་རྣམ་པ་ཡང་ཡིན་པ་དེ་གཅོད་པར་བྱེད་པ་
སྟེ། དོན་མངོན་དུ་བྱེད་པའོ། །ནུས་པ་མེད་པ་ཉིད་སྟོན་པ་ནི་དེས་ནི་ཞེས་བྱ་བ་སྟེ། མངོན་སུམ་གྱིས་སོ། །ཅིའི་ཕྱིར་འཛིན་པར་མི་བྱེད་ཅེ་ན། ཡུལ་དང་དུས་གཞན་ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་འབྲེལ་པ་དེ་ལྟ་བུར་གྱུར་པ་ཡིན་པ་དེའི་ཕྱིར་དངོས་པོའི་གནས་ལུགས་སུ་མངོན་སུམ་

དུ་འཛིན་པ་མ་ཡིན་ནོ་སྙམ་དུ་དགོངས་པའོ། །གལ་ཏེ་མངོན་སུམ་གྱིས་ཡུལ་དང་དུས་གཞན་ཁྱབ་པར་འབྲེལ་པ་འཛིན་ན། དེའི་ཚེ་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་ཡུལ་དང་དུས་གཞན་དུ་ཞེས་བྱ་བ་སྨོས་ཏེ། དེའི་ཚེ་འཇིག་རྟེན་ཐམས་ཅད་དོན་ཀུན་
མཐོང་བར་ཐལ་ལོ། །རེ་ཞིག་འགའ་ཞིག་ཏུ་ལྷན་ཅིག་གི་ངོ་བོར་མཐོང་བ་ཡིན་ལ། དེ་ཉིད་འབྲེལ་པ་འཛིན་པར་བརྗོད་དོ་ཞེ་ན། ཁྱབ་མིན་ལྷན་ཅིག་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །གཏན་ཚིགས་སྨྲས་པ། ལྷན་ཅིག་པའི་ངོ་བོ་དེ་ནི་རེས་འགའ་བ་ཡིན་པས་སོ། །ལྷན་ཅིག་གི་ངོ་
བོར་མཐོང་བ་རྗེས་སུ་དཔག་པ་སྐྱེ་ན། ཧ་ཅང་ཐལ་བར་ཡང་འགྱུར་རོ་ཞེས་བཤད་པར་ནི། ཡང་ན་ཀུན་དུ་ཞེས་བྱ་བ་སྟེ། བུམ་པ་དང་སྣམ་བུ་དག་ལ་ཡང་རེས་འགའ་བའི་ལྷན་ཅིག་གི་ངོ་བོ་ནི་ཡོད་པ་དེས་ན་དེ་དག་གཅིག་མཐོང་བ་ནི། གཞན་རྗེས་སུ་དཔོག་པར་འགྱུར་རོ་ཞེས་བྱ་
བའི་དོན་ཏོ། །དེའི་ཕྱིར་ཡུལ་ལ་སོགས་པའི་ཁྱད་པར་འབྲེལ་པ་ནི་མངོན་སུམ་གྱིས་རིག་པ་མ་ཡིན་ནོ། །འོ་ན་མངོན་སུམ་གྱིས་ཅི་རིག་ཅེ་ན། དེ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཞེས་བྱ་བ་ནི་མངོན་སུམ་ལས་སོ། །གལ་ཏེ་ཡུལ་དང་དུས་གཞན་ཉིད་མི་འཛིན་མོད། དེས་
ན་གནས་པས་ཁྱབ་པ་འཛིན་པ་ལ་གོ་འགལ་བ་ཅི་ཡོད་ཅེ་ན། ཡུལ་ལ་སོགས་ཞེས་སྨོས་ཏེ། ཡུལ་གཞན་ལ་སོགས་པའོ། །དེ་ཁྱབ་ཅེས་བྱ་བ་ནི་དེར་གནས་པས་ཁྱབ་པའོ། །དེས་ཞེས་བྱ་བ་ནི་ཁྱབ་པ་འཛིན་པའི་ཤེས་པས་མ་བཟུང་བས་མ་རྟོགས་པའོ། །དེའི་ཕྱིར་མངོན་སུམ་
རང་ཉིད་ཀྱིས་དོན་བྱ་བ་དང་འབྲེལ་པར་འཛིན་པ་ནི་མ་ཡིན་གྱི། འོན་ཀྱང་རྗེས་སུ་དཔག་པ་ལ་ལྟོས་པ་ཉིད་ཡིན་ཏེ། དེས་ན་ཕན་ཚུན་བསྟེན་པའི་ཕྱིར། གཅིག་ཀྱང་གནས་པ་མེད་དོ། །གལ་ཏེ་མངོན་སུམ་གྱིས་ཁྱབ་པ་མི་འཛིན་མོད། རྗེས་སུ་དཔག་པ་གཞན་གྱིས་འཛིན་པའི་ཕྱིར་
ཅི་ལྟར་ཕན་ཚུན་བསྟེན་པའི་ཉེས་པར་འགྱུར་ཞེ་ན། རྗེས་སུ་དཔག་པ་གཞན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཅིའི་ཕྱིར་ཞེ་ན། བཤད་པ་ཁྱབ་པ་རྟོགས་པ་དེ་དང་དེ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་རྗེས་སུ་དཔག་པ་གཞན་ལས་ནི་འབྲེལ་པ་གྲུབ་པ་ཡིན་གྱི། འོན་ཀྱང་མངོན་སུམ་

ལས་ཡིན་པའི་ཕྱིར། ཕན་ཚུན་བསྟེན་པའི་ཉེས་པ་སོ་ན་འདུག་གོ། །དེ་ལྟར་གཞན་གྱི་ཕྱོགས་སུན་ཕྱུང་ནས། དཔྱོད་པ་པ་རང་གི་ལུགས་ཉེ་བར་སྡུད་པར་བྱེད་པ་ནི། དེ་ཕྱིར་ཞེས་བྱ་བ་སྟེ། འདི་ནི་དོན་གྱིས་གོ་བ་གྲུབ་པ་ཞེས་བྱ་བའི་དོན་ཏོ། །མི་སླུ་བའི་ཚད་མའི་མཚན་ཉིད་དུ་བྱེད་པས་
ཀྱང་། གདོན་མི་ཟ་བར་བདག་ཅག་གི་མཚན་ཉིད་ཁས་བླང་དགོས་སོ་ཞེས་སྨྲས་པ་ནི། ཚད་མ་ཞེས་བྱ་བའོ། །གང་ཞིག་མི་སླུ་བ་ལས་ཚད་མ་ཡིན་པ་དེ་ནི་གལ་ཏེ་གནོད་པར་བྱེད་པ་མེད་ན། ཚད་མ་ཁོ་ནར་རིགས་ཀྱི། གང་གི་ཚེ་གནོད་པར་བྱེད་པ་དེའི་ཚེ་ནི། མི་སླུ་བ་ལས་ཀྱང་ཅི་
ལྟར་ཚད་མར་འགྱུར་སྙམ་དུ་བསམས་པའོ། །དེ་ཉིད་སྨྲས་པ་ནི། གནོད་བྱེད་ལས་ནི་ཞེས་བྱ་སྟེ། གང་ཞིག་མི་སླུ་བ་ལས་ཚད་མར་འདོད་པ་དེ་ཉིད་གནོད་བྱེད་ལས་གཞན་དུ་ཚད་མ་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་གནོད་པ་མེད་པ་ཉིད་ཀྱིས་ཚད་མ་ཡིན་ནོ་ཞེས་སྙམ་དུ་བསམས་
པའོ། །འདི་ལ་བརྗོད་པ་ཞེས་བྱ་བ་ནི་ཚད་མ་སུན་འབྱིན་པར་བྱེད་པའོ། །འདི་སྙམ་དུ་གཞན་ལ་ཉེས་པར་བརྗོད་པ་འདིས་ནི་རང་གི་ཕྱོགས་ཀྱི་ལན་ཅུང་ཟད་ཀྱང་མ་བཏབ་པོ། །དོན་གྱིས་གོ་བས་འདི་གྲུབ་པོ་ཞེས་བྱ་བ་ཡང་སྡིག་ཏོ་ཡིན་ཏེ། ཚད་མ་ཁས་ལེན་པ་ལ་དེ་ལྟར་འགྱུར་ཡང་ཚད་
མ་ལ་བསྙོན་འདེབས་པ་ལ་ནི་འཁྱར་པ་ཉིད་དོ་སྙམ་དུ་བསམས་པའོ། །དེས་ན་གནོད་བྱེད་མེད་པ་ཙམ་ཞེས་བྱ་བ་ནས་ཤེས་འགྱུར་ཞེས་བྱ་བའི་བར་གྱིས་ལྷག་པར་རྟོགས་པར་བྱ་བའི་དོན་དུ་སྔར་གྱི་སུན་འབྱིན་པ་ཉིད་དྲན་པར་བྱེད་དོ། །དང་པོ་གནོད་པ་མེད་པ་ནི་འཁྲུལ་པ་ལ་ཡང་
ཡོད་ལ་ཕྱིས་ནི་ངེས་པ་མེད་དོ་ཞེས་བརྗོད་ཟིན་ཏོ། །ཐོབ་ལས་ཞེས་བྱ་བ་ནི་གཞན་གྱི་ལན་ཏེ་དོན་བྱེད་པ་ཐོབ་པའོ། །སུན་འབྱིན་པར་བྱེད་པ་སྨྲས་པ་ནི། ཐོབ་པ་དེ་ཚད་མའི་མཚན་ཉིད་དོན་བྱེད་པར་ནི། གནས་པ་ཡིན་ཞེས་རྟོགས་པར་བྱའོ། །དེ་ལས་ཅིར་འགྱུར་ཞེ་ན། དེ་ཡང་ཞེས་
སྨོས་ཏེ། དོན་བྱེད་པར་གནས་པར་ཡང་ངོ་། །རང་དངོས་རིག་པའི་ཤེས་ལས་ཞེས་བྱ་བ་ནི་དོན་བྱེད་པའི་རང་བཞིན་རིག་པ་འདི་ལ་ཡོད་པའོ། །ཐུག་མེད་ཅེས་བྱ་བ་ནི་རྣམ་པར་གནས་པ་མེད་པ་སྟེ། རྗེས་སུ་དཔག་པ་གཞན་འཕེལ་བས་ཞེས་བྱ་བ་ལ་སོགས་པས་སྔར་གང་

བརྗོད་པ་དེ་ཉིད་དུ་འགྱུར་རོ། །ཚད་མ་ཚད་མ་གཞན་ལས་རྟོགས་པར་འགྱུར་རོ་སྙམ་ན། མངོན་སུམ་རྗེས་སུ་དཔག་པ་ལས། །ཞེས་སྨོས་སོ། །ད་ནི་བསྟན་བཅོས་མཛད་པས་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་
པར་འགྲེལ་པ་ནི་རང་ལས་ནི་ཞེས་བྱ་བ་ལ་སོགས་པས་སོ། །རང་གི་ངོ་བོའི་ཚིག་གི་རྣམ་པར་བཅད་པ་སྨྲས་པ་ནི། གཞན་གྱི་ངོ་བོ་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཅིའི་ཕྱིར་གཞན་གྱི་ངོ་བོ་མི་རྟོགས་ཤེ་ན། མངོན་སུམ་ནི་མངོན་དུ་ཞེས་གསུངས་སོ། །གལ་ཏེ་དེ་ལྟ་ཡིན་དུ་ཆུག་མོད་དེ་
ལས་ཅིར་འགྱུར་ཞེ་ན། མངོན་དུ་རྟོགས་པ་ཡང་ཞེས་གསུངས་སོ། །རང་གི་ངོ་བོ་ལ་ཞེས་བྱ་བ་ནི་སྒྲུབ་བྱེད་དུ་མངོན་པར་འདོད་པའི་ཤེས་པར་སྣང་བ་ལའོ། །གལ་ཏེ་ཡང་འཐད་པ་ཉིད་ཀྱིས་ཕྱི་རོལ་གྱི་གཟུགས་བཀག་པར་འདོད་པ་དེ་ལྟ་ན་ཡང་། ད་ལྟར་དེ་གཙོར་བྱེད་པ་ནི་མ་
ཡིན་ཏེ། ཚད་མ་བསམས་པའི་སྐབས་ཡིན་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཐོབ་པའི་དུས་ཀྱི་ཁྱད་པར་ཅན་ཞེས་གསུངས་ཏེ་མེ་ལ་སོགས་པའོ། །དེ་ལྟར་གང་གི་བདག་ཉིད་ཚད་མར་གྲུབ་པ་མངོན་སུམ་གཞན་གྱིས་རང་བཞིན་མངོན་དུ་བྱེད་པ་མ་ཡིན་ནོ་ཞེས་བསྟན་ནས་རྗེས་སུ་དཔག་པ་
ཡང་ཚད་མའི་སྒྲུབ་བྱེད་མ་ཡིན་ནོ་ཞེས་བསྟན་པའི་དོན་དུ་འབྲེལ་པ་འཛིན་པར་བྱེད་པ་ཉིད་མེད་དོ་ཞེས་སྟོན་པ་ནི། ཚད་མ་ཉིད་ཀྱང་ཞེས་བྱ་བའོ། །འོན་ཏེ་ཐོབ་བའི་དུས་ཀྱི་དོན་དངོས་སུ་སྣང་བ་མེད་ཀྱང་། དེ་ལ་འཁྲུལ་པ་མེད་པ་ཉིད་རྟོགས་པ་ཁོ་ན་སྟེ། དེ་ནི་ཤེས་པའི་རང་བཞིན་
ཡིན་པའི་ཕྱིར་རོ། །དེས་ན་ཚད་མ་མ་རྟོགས་སོ་ཞེས་ཅི་སྟེ་བརྗོད་ཅེ་ན། ཐོབ་པར་བྱ་བའི་དོན་ཞེས་སྨོས་སོ། །འཐོབ་བྱའི་དོན་དེ་དང་། སྒྲུབ་བྱེད་ཀྱི་ཤེས་པར་མངོན་པར་འདོད་པའི་འབྲེལ་པ་གང་ཡིན་པ་དེ་འཛིན་པ་མ་ཡིན་ནོ། །དེ་འབྲེལ་པ་ཅན་ཉིད་དུ་འཛིན་མོད་དེ་ལྟ་ན་ཡང་
ཚད་མ་ཉིད་དུ་དེ་ངེས་སོ་སྙམ་ན། དེ་ལྟ་ཞེས་གསུངས་ཏེ། ཁྱབ་པའི་དུས་སུ་ཐོབ་པར་བྱ་བའི་དོན་ལ་མི་འཁྲུལ་པ་ཉིད་དུ་མ་ངེས་པ་གང་ཡིན་པ་དེ་ནི། ཚད་མ་ཉིད་ཡིན་ནོ་ཞེས་རྗེས་སུ་དཔག་པར་འགྱུར་བ་མ་ཡིན་ནོ། །མདུན་ན་གནས་པའི་རང་བཞིན་དང་འབྲེལ་པ་ཉིད་འབྱུང་

བར་འགྱུར་བའི་རང་བཞིན་དང་འབྲེལ་པར་འཛིན་པར་འགྱུར་རོ་སྙམ་ན། མདུན་ན་གནས་པའི་རང་བཞིན་དང་འབྲེལ་པ་ནི་ཞེས་གསུངས་སོ། །དེ་ནི་ཞེས་བྱ་བ་ཚད་མ་དང་ཚད་མ་མ་ཡིན་པ་ལ་མཚུངས་པས་ནི་འབྱུང་བར་འགྱུར་བའི་རང་བཞིན་དང་འབྲེལ་པ་འཛིན་པ་མ་ཡིན་ཏེ།
འབྱུང་བར་འགྱུར་བའི་རང་བཞིན་མེད་པའི་ཕྱིར་རོ། །གལ་ཏེ་ཡང་སྔར་གྱི་སྒྲུབ་བྱེད་དུ་འདོད་པའི་ཤེས་པས་འབྱུང་བར་འགྱུར་བའི་དོན་བྱ་བའི་རང་བཞིན་དང་འབྲེལ་པར་མི་རྟོགས་པ་དེ་ལྟ་ན། འོ་ན་འབྱུང་བར་འགྱུར་བའི་དོན་བྱ་བའི་ཤེས་པ་ཉིད་ཀྱིས་འབྲེལ་པ་འཛིན་པར་འགྱུར་ཏེ།
ཉམས་སུ་མྱོང་བ་དང་འདྲ་བ་དག་སྲིད་པའི་ཕྱིར་རོ། །དེས་ན་ཐམས་ཅད་དུ་ཚད་མ་ངེས་པའི་རེ་བ་མ་ཆད་དོ་སྙམ་ན། འབྱུང་བར་འགྱུར་བའི་དོན་ཞེས་སྨོས་ཏེ། སྔ་མའི་རང་བཞིན་མེད་པའི་ཕྱིར་རོ་སྙམ་དུ་དགོངས་པའོ། །ཤེས་པ་སྔ་མ་དང་ཕྱི་མའི་འོག་ཏུ་འབྱུང་བའི་རྣམ་པར་
རྟོག་པས་ཀྱང་འབྲེལ་པ་འཛིན་པ་མ་ཡིན་ནོ་ཞེས་སྟོན་པ་ནི། དེའི་འོག་ཏུ་ཞེས་བྱ་བའོ། །དེ་ལས་ནི་རྣམ་པར་རྟོག་པས་སོ། །དེ་ལྟར་འབྲེལ་པ་འཛིན་པ་མེད་པར་བསྟན་ནས། རྗེས་སུ་དཔག་པ་ལས་ཚད་མར་རྟོག་པ་མེད་དོ་ཞེས་སྟོན་པ་ནི། དེས་ན་དེ་དང་ཞེས་བྱ་བ་ལ་སོགས་པའོ། །འོ་ན་
ཅི་ཞིག་རྟོགས་ཤེ་ན། རང་གི་ངོ་བོ་ཉིད་རྟོགས་སོ་ཞེས་བྱ་བའོ། །དེ་ལས་ཤེས་པའི་ཞེས་བྱ་བ་ནི། ཤེས་པའི་རང་བཞིན་གང་ཞིག་ཐོབ་པར་བྱ་བའི་རང་བཞིན་དང་འབྲེལ་པ་དེ་ཉིད་ཚད་མར་སྨྲ་བ་རྣམས་ཀྱི། ཚད་མ་ཉིད་དུ་མངོན་པར་འདོད་པ་ཡིན་ལ། དེ་ཡང་རང་གི་ངོ་བོ་ཙམ་དུ་
བཟུང་བ་ན། བཟུང་བ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཡང་ཞེས་བྱ་བ་ནི་ཐོབ་བྱའི་རང་བཞིན་དང་འབྲེལ་པའོ། །དེ་ལྟར་ཡིན་ཡང་འདོད་པ་ཐོག་ཏུ་བབ་བོ་སྙམ་ན་དེས་ན་འཇུག་པ་དང་ཞེས་གསུངས་སོ། །རང་གི་རང་བཞིན་རིག་པ་གང་ལ་འཇུག་པ་དང་ལྡོག་པ་མེད་པ་དེ་ལ་དེ་སྐད་ཅེས་བྱའོ། །
ཅི་ལྟར་འབྱུང་བར་འགྱུར་བ་ཡིན་པའི་ཕྱིར། མ་རྟོགས་པ་ཐོབ་པར་བྱ་བའི་དོན་དང་འབྲེལ་པར་མི་ཤེས་པ་དེ་བཞིན་དུ་བེམས་པོ་ཉིད་ཀྱིས་ད་ལྟར་བའི་ཕྱི་རོལ་དང་ཡང་། འདི་ནི་འདིའི་འཛིན་པར་བྱེད་པ་ཡིན་ནོ་ཞེས་འབྲེལ་པར་འཛིན་པའི་བློར་མི་འགྱུར་རོ། །དེས་ན་སྣ་ཚོགས་སུ་སྣང་བ་ནི་

ཤེས་པའི་རང་བཞིན་ཙམ་ཡིན་ཏེ། གཞན་ནི་སྣང་བར་མི་འཐད་པའི་ཕྱིར་རོ་ཞེས་བཤད་པ་ནི་ཐ་དད་པར་བརྗོད་པའི་སྐབས་ནི་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་དེ་ཁོ་ན་ཉིད་རྣམ་པར་བཞག་ནས། བསྒྲུབ་བྱ་གསུངས་པ་ནི་དེའི་ཕྱིར་ཞེས་བྱ་བ་སྟེ། མདོར་
བསྡུས་ན་བྱང་གྲོལ་ནི་འདི་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རང་ལས་རང་གི་ངོ་བོ་རྟོགས་ཞེས་བྱ་བ་འདིས་དོན་དམ་པའི་བདེན་པ་བསྟན་ནས། ལྷག་མས་ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་དོན་དུ་རྒལ་བ་དགོད་པའི་སྒོ་ནས་འཇུག་པ་ནི། འོ་ན་ཞེས་བྱ་བའོ། །ཚད་མ་མ་ཡིན་པ་ལས་
ལོག་པ་ནི་ཚད་མར་གནས་པའོ། །བསམ་པ་ནི་འདི་ཡིན་ཏེ། ཚད་མ་གྲུབ་པ་སྒྲུབ་པ་བརྩོན་པས་ནི་དེ་སུན་འབྱིན་པ་ཁས་ལེན་པར་ཕྱོགས་པ་སྒྲུབ་པ་ཉིད་བཟོད་པར་བྱ་བ་མ་ཡིན་ན། །དེ་ལ་བརྟེན་པའི་ཁོ་ན་ཉིད་རྣམ་པར་གཞག་པས། དེ་བརྟེན་པར་བྱ་བར་ནི་