Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 125
Văn bản gốc(Tây Tạng)
Trang 18 / 19 (50.000 ký tự/trang)
བྱ་བའི་དོན་ཏོ། །དེ་ནས་ཚིག་ཏུ་སྤྲོས་པ་ལས། །རིམ་གྱིས་རྣམ་པར་བརྟགས་ནས་སུ། །ཞེས་བྱ་བ་ལ། དེ་ལྟར་མིང་ལ་སེམས་བཞག་ནས་དེའི་འོག་ཏུ་མདོ་སྡེ་དག་གི་ཚིག་ལ་སེམས་འཇོག་སྟེ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནས་རྫོགས་ཀྱི་བར་དུ་ མདོ་སྡེ་གཅིག་གི་ནང་ནས་ཚིག་ཇི་ནས་ཇི་འབྱུང་བ་དང་། ཚིག་ཇི་སྙེད་ཅིག་འབྱུང་བ་དང་། ཀུན་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་རིམ་གྱིས་ཤེས་པར་བྱེད་དེ། དང་པོར་མིང་བརྟགས་ནས་ཤེས་པར་བྱེད་དེ། དེ་བས་ཚིག་རྣམས་བརྟགས་ནས་ཚིག་ཤེས་པར་བྱེད་དོ། །དེས་ན་རང་རིག་ཚུལ་བཞིན་ གྱིས། །དེ་ཡི་དོན་ལ་རྣམ་པར་བརྟགས། །ཞེས་བྱ་བ་ལ། རང་གིས་རིག་པ་ཞེས་བྱ་བ་ནི་སེམས་ཀྱི་ནང་དུ་ཚུལ་བཞིན་དུ་རྟོགས་པ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཚིག་ཤེས་པའི་འོག་ཏུ་རྣལ་འབྱོར་པས། མདོ་སྡེ་རེ་རེའི་ཚིག་སོ་སོའི་ཚིག་རེ་རེ་ལ་དོན་ཅི་ཡོད་པ་ལ་བརྟགས་ཤིང་དཔྱད་ན། ཚིག་རེ་རེའི་དོན་ཡང་ ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའི་དོན་དག་བཟུང་ནས་སུ། །ཞེས་བྱ་བ་ལ། དེ་ལྟར་ཚིག་རེ་རེའི་དོན་རྟོགས་པར་བྱས་ནས་དེའི་འོག་ཏུ་མདོ་སྡེའི་ཚིག་གི་དོན་ནི་འདི་ཁོ་ན་ཡིན་གྱི་གནས་མ་ཡིན་ནོ་ཞེས་གཏན་ལ་འབེབས་ཤིང་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །ཆོས་ རྣམས་ཡང་དག་བསྡུ་བར་བྱ། །ཞེས་བྱ་བ་ལ། དེ་ནས་དེའི་འོག་ཏུ་མདོ་སྡེ་དེ་དག་གི་དོན་གཅིག་ཏུ་བསྡུས་ནས་ཆོས་ལ་སྡུད་པར་བྱེད་དེ། ཇི་ལྟར་ཞེ་ན། གསུང་རབ་ཡན་ལག་བཅུ་གཉིས་དག་གི་དོན་བསྡུས་ན་ཡང་མདོ་སྡེའི་ནང་དུ་འདུས་པའམ། །མདོ་སྡེ་གཅིག་ལ་མདོ་སྡེ་འདི་ཡིག་མགོ་ནས་མཇུག་ཏུ་དོན་ མདོར་བསྡུས་ནས་འདི་སྐད་འབྱུང་བར་ཟད་པའམ། མདོ་སྡེ་ཐམས་ཅད་ཀྱི་དོན་བསྡུས་ན་ཡང་མདོ་སྟོན་པར་ཟད་ཅེས་སྡུད་པ་ནི་ཆོས་ལ་ཡང་དག་པར་བསྡུ་བ་ཞེས་བྱའོ། །དེས་ནི་དེའི་དོན་རྟོགས་བྱའི་ཕྱིར། །དེ་ནས་ཡང་དག་རེ་བར་བྱ། །ཞེས་བྱ་བ་ལ། དེས་ཞེས་བྱ་བ་ནི་རྣལ་འབྱོར་པའི་སེམས་པ་དེས་སོ། ། དོན་རྟོགས་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་མདོ་སྡེ་ལ་སོགས་པ་དེ་དག་གི་དོན་རྟོགས་པར་བྱ་བའི་ཕྱིར་ཆོས་ལ་བསྡུས་པའི་འོག་ཏུ་བདག་ཉིད་ཀྱིས་བསམ་གཏན་ཐོབ་པར་བྱ་བའི་ཕྱིར་ཞུགས་སམ། དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུགས་སམ། ས་དང་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ སྟེ། འབྲས་བུ་གང་གི་ཕྱིར་ཞུགས་པའི་འབྲས་བུ་དེ་ཇི་ལྟར་ཐོབ་པར་བྱ་ཞེས་རེ་བ་དང་བཅས་པའི་སེམས་བསྐྱེད་པར་བྱ་སྟེ། དེ་བས་ན། དེ་ནས་ཡང་དག་རེ་བར་བྱ། །ཞེས་སྨོས་སོ། །ཚིགས་སུ་བཅད་པ་དེ་གསུམ་གྱིས་ནི་སེམས་དྲུག་བསྟན་ཏེ་ཞེས་བྱ་བ་ལ་ཚིགས་སུ་བཅད་པ་གསུམ་གྱིས་ནི་དེ་བས་མདོ་ལ་སོགས་ པའི་ཆོས་ལ་སོགས་པ་ནི་ཚིགས་བཅད་གཅིག་གོ། །དེ་ནས་ཚིག་ཏུ་སྤྲོས་པ་ལ། །ཞེས་བྱ་བ་ལ་སོགས་ནི་ཚིགས་བཅད་གཉིས་པའོ། །དེ་ཡི་དོན་དག་བཟུང་ནས་སུ། །ཞེས་བྱ་བ་ལ་སོགས་པ་ནི་ཚིགས་བཅད་གསུམ་པ་སྟེ། ཚིགས་སུ་བཅད་པ་དེ་གསུམ་གྱིས་ནི་རྣལ་འབྱོར་པའི་སེམས་ དྲུག་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །རྩ་བའི་སེམས་ནི་མདོ་སྡེའི་ཆོས་རྣམས་ཀྱི་མིང་ལ་དམིགས་པ་གདམས་པ་ཐོབ་ནས་སམ་ཞེས་བྱ་བ་ལ། རྩ་བའི་སེམས་ཞེས་བྱ་བ་ལ་ཇི་ལྟ་བུ་ནི་སློབ་དཔོན་ནམ་མཁན་པོའམ། དེ་བཞིན་གཤེགས་པ་ལ་སོགས་པ་ལས་ས་ཐོབ་པའི་གདམས་པ་དང་། བསྟན་ པ་ཐོབ་ནས་དེ་ནས་དང་པོ་ཉིད་དུ་མདོ་སྡེ་ལ་སོགས་པའི་མིང་ལ་སེམས་དམིགས་པར་བྱེད་པ་ལ་ནི་རྩ་བའི་སེམས་ཞེས་བྱའོ། །བདག་ཉིད་ཀྱིས་འདི་ལྟར་མི་རྟག་པ་དང་། སྡུག་བསྔལ་བ་ཞེས་བྱ་བ་ལ་སོགས་པ་ལ། ཡང་ན་མཁན་པོ་དང་སློབ་དཔོན་ནམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ ལས་གདམས་པ་དང་། བསྟན་པ་མ་ཐོབ་པར་ཡང་། བདག་ཉིད་ཀྱི་བློས་དང་པོ་ཉིད་དུ་ཆོས་རྣམས་ལ་རྟོག་པའི་ཚེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པའི་ཚུལ་དུ་ཚུལ་བཞིན་ཡིད་ལ་བྱེད་པ་ལ། །རྩ་བའི་སེམས་ཞེས་བྱའོ། །རྗེས་སུ་དཔྱོད་པའི་སེམས་ནི་གང་གིས་མདོ་ སྡེ་ལ་སོགས་པའི་མིང་ལ་དམིགས་ནས་ཚིག་རབ་ཏུ་དབྱེ་བའི་ཕྱིར་རྗེས་སུ་འགྲོ་བའི་ཞེས་བྱ་བ་ལ། རྗེས་སུ་དཔྱད་པའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའ་གང་གིས་ས་དང་པོ་ཉིད་དུ་མདོ་སྡེའི་མིང་ནི་འདི་སྐད་ཅེས་བྱ་ཞེས་མདོ་སྡེའི་མིང་ལ་དམིགས་ནས་དེའི་འོག་ཏུ་མདོ་སྡེ་དེ་དག་སོ་ སོའི་ཚིག་ལ་དམིགས་པར་བྱེད་དེ། མདོ་སྡེའི་ཚིག་གི་ནང་ནས་ཚིག་ཇི་སྐད་འབྱུང་བ་དང་ཚིག་གྲངས་ཀྱིས་དུ་ཞིག་འབྱུང་བར་ཤེས་པར་བྱེད་པ་ལ་རྗེས་སུ་འགྲོ་བའི་སེམས་ཞེས་བྱའོ། །རྣམ་པར་རྟོག་པའི་སེམས་ནི་གང་གིས་དོན་དང་ཡི་གེ་ལ་རྣམ་པར་རྟོག་པ་སྟེ་ཞེས་བྱ་བ་ལ། རྣམ་པར་རྟོག་པའི་སེམས་ཇི་ལྟ་བུ་ཞེ་ན། དེ་ཡང་རྣམ་པ་གཉིས་ཏེ། དོན་ལ་རྣམ་པར་རྟོག་པ་དང་། ཡི་གེ་ལ་རྣམ་པར་རྟོག་པའོ། །དེ་ལ་བགྲང་བ་ལ་སོགས་པའི་དོན་རྣམ་པ་བཞི་ལྟ་བུའི་ཚུལ་དུ་རྟོག་པ་ནི་དོན་ལ་རྣམ་པར་རྟོག་པ་ཞེས་བྱའོ། །དེའི་བགྲང་བ་ནི་གྲངས་འཛིན་པ་སྟེ། འདི་ལྟར་གཟུགས་ནི་སྐྱེ་ མཆེད་བཅུ་དང་ཕྱོགས་གཅིག་གོ་ཞེས་བྱ་བ་ལ། བགྲང་བ་ལ་རྣམ་པར་རྟོག་པ་ནི་ལྔ་ཞེའམ། བཅུ་གཅིག་ཞེའམ། དྲུག་ཅེས་གྲངས་སེམས་ལ་འཛིན་པ་སྟེ། དེ་ཡང་འདི་ལྟར་གཟུགས་ནི་དབང་པོ་ལྔ་དང་ཡུལ་ལྔ་དང་བཅུ། ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་སྟེ། རྣམ་པར་རིག་བྱེད་ མ་ཡིན་པའི་གཟུགས་དང་བཅུ་གཅིག་ཁོ་ནར་ཟད་ཀྱི་མི་མང་མི་ཉུང་ངོ་ཞེས་གྲངས་འཛིན་པ་ནི་བགྲང་བ་ལ་རྟོག་པ་ཞེས་བྱའོ། །ཚོར་བ་ནི་ཚོར་བ་དྲུག་གི་ཚོགས་སོ་ཞེས་བྱ་བ་ལ་སོགས་པ་ཞེས་བྱ་བ་ལ། ཚོར་བ་ལ་ཡང་། མིག་གིས་ཀུན་དུ་རེག་སྟེ། ཚོར་བ་ནས་ཡིད་ཀྱིས་ཀུན་དུ་རེག་སྟེ་ཚོར་བའི་བར་དུ་ ཚོར་བའི་ཚོགས་དྲུག་པོ་ཁོ་ནར་ཟད་ཀྱི་མི་མང་མི་ཉུང་ངོ་ཞེས་རྟོག་པ་ཡང་བགྲང་བ་ལ་རྟོག་པ་ཞེས་བྱའོ། །གཞལ་བ་ནི་བགྲང་བའི་ཆོས་ལ་སྐུར་པ་མི་འདེབས་ཤིང་སྒྲོ་མི་འདོགས་པར་མཚུངས་པར་རྟོག་ཅིང་འཛིན་པའོ་ཞེས་བྱ་བ་ལ། གཞལ་བ་ལ་རྟོག་པ་ནི་གོང་དུ་གཟུགས་བཅུ་གཅིག་ཏུ་བགྲང་བ་དང་། ཚོར་བའི་ཚོགས་དྲུག་ཏུ་བགྲང་བ་དང་། གཟུགས་ནི་བཅུར་ཟད་ཀྱི། ཚོར་བ་ལ་ཡང་ལྔར་ཟད་ཅེས་སྐུར་པ་ཡང་མི་འདེབས་སོ། གཟུགས་ལ་བཅུ་གཉིས་ཡོད་ཅིང་ཚོར་བ་ལ་ཡང་བདུན་ཡོད་ཅེས་སྒྲོ་ཡང་མི་འདོགས་པར་བསྐྱེད་པ་སྐུར་པ་ཡང་མེད་པའི་ཚུལ་དུ་གྲངས་ཅི་ཙམ་དུ་གཞག་པ་ཁོ་ན་ ཡང་མཚུངས་པར་རྟོག་པ་ནི་གཞལ་བ་ལ་རྟོག་པ་ཞེས་བྱའོ། །དཔྱོད་པ་ལ་ནི་ཚད་མས་རྟོག་པའོ་ཞེས་བྱ་བ་ལ། མངོན་སུམ་དང་རྗེས་སུ་དཔག་པ་དང་ལུང་གི་ཚད་མ་དང་གསུམ་གྱིས་ཆོས་དེ་དག་ཡིན་དུའང་མི་རུང་ཞེས་རྟོག་ཅིང་། ཅིའི་ཕྱིར་ན་གཟུགས་ལ་བཅུ་གཅིག་གཞག་ལ་བཅུ་གཉིས་ ལ་སོགས་པར་མང་དུ་ཡང་མ་བཞག་བཅུ་ལ་སོགས་པ་ཉུང་ངུ་ཡང་མ་བཞག་ཅེས་རྟོག་པ་ནི་དཔྱོད་པ་དང་རྟོག་པ་ཞེས་བྱའོ། །རྟག་པ་ནི་བགྲང་བ་དང་གཞལ་བ་དང་དཔྱད་པའི་དོན་ལ་ལྟ་བའོ་ཞེས་བྱ་བ་ལ་བགྲང་བས་བཅུ་གཉིས་ལ་སོགས་པའི་གྲངས་བགྲངས་པ་དང་། གཞལ་བས་སྐྱེད་སྐུར་ མ་བྱས་པ་དང་། དཔྱད་པས་རིགས་པར་གཏན་ལ་ཕབ་པའི་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ཀྱི་དོན་ལྟ་བ་ནི་རྟོག་པ་ཞེས་བྱའོ། །ཡི་གེ་ལ་རྣམ་པ་གཉིས་སུ་བརྟག་སྟེ་ཞེས་བྱ་བ་ལ། ཡི་གེ་ལ་རྣམ་པ་གཉིས་སུ་བརྟག་སྟེ། དོན་ཡོད་པར་བརྟག་པ་དང་། དོན་མེད་པར་བརྟག་ པའོ། །ཡི་གེ་མང་པོ་ལ་དོན་དང་བཅས་པ་དང་། གཅིག་པ་དོན་མེད་པའོ་ཞེས་བྱ་བ་ལ། འདུས་བྱས་མི་རྟག་ཅེས་བྱ་བ་ལ་སོགས་པ་ཡི་གེ་མང་པོ་ལ་ནི་དོན་ཡོད་པར་བརྟག་པར་བྱ་སྟེ། ཇི་ལྟར་དོན་ཡོད་ཅེ་ན། མི་རྟག་པ་ལ་སོགས་པའི་དོན་སྟོན་པའི་ཕྱིར་རོ། །ཨ་དང་ཀ་ལ་སོགས་ པའི་ཡི་གེ་གཅིག་པ་ནི་དོན་མེད་པར་བརྟག་སྟེ། ཡི་གེ་གཅིག་གི་དོན་གང་ཡང་མི་སྟོན་པའི་ཕྱིར་རོ། །འཛིན་པའི་སེམས་ནི་གང་གིས་ཇི་ལྟར་རྗེས་སུ་བརྟག་པའམ་ཞེས་བྱ་བ་ལ། འཛིན་པའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའི་ཤེས་རབ་གང་གིས་རྗེས་སུ་དཔྱོད་པའི་སེམས་ ཀྱི་སྐབས་སུ་མདོ་སྡེ་རྣམས་ཚིག་རེ་རེ་ནས་ཇི་སྐད་འབྱུང་བའི་ཚིག་རྣམས་ཀྱི་མཚན་མ་འཛིན་ཏེ། ཇི་ལྟར་མཚན་མ་འཛིན་ཅེ་ན། མདོ་སྡེ་འདིའི་ཚིག་ནི་འདི་ཁོ་ན་ཡིན་གྱི་གཞན་མ་ཡིན་ནོ་ཞེས་གཏན་ལ་འབེབས་པ་ནི་འཛིན་པའི་སེམས་ཞེས་བྱའོ། །རྣམ་པར་བརྟག་པའི་མཚན་མ་ འཛིན་པའོ་ཞེས་བྱ་བ་ལ། ཡང་རྣམ་པར་བརྟག་པའི་སེམས་ཀྱི་སྐབས་སུ་དོན་ལ་རྣམ་པར་རྟོག་པ་ལ། གྲངས་ལ་སོགས་པ་ལ་རྟོག་པ་ལ་སོགས་པ་རྣམ་པ་བཞིར་བཤད་པ་དང་། ཡི་གེ་ལ་རྣམ་པར་རྟོག་པ་རྣམ་པ་གཉིས་སུ་བཤད་པ་ལ། དེ་དག་གི་མཚན་མ་འཛིན་ཏེ་ཇི་ལྟར་འཛིན་ཅེ་ན། འདི་དག་ནི་འདི་ཁོ་ན་ལྟ་བུ་ཡིན་གྱི། གཞན་དུ་མ་ཡིན་ནོ་ཞེས་གཏན་ལ་འབེབས་པ་ནི་འཛིན་པའི་སེམས་ཞེས་བྱའོ། །བསྡུ་བའི་སེམས་ནི་གང་གིས་ཇི་ལྟར་རྣམ་པར་བརྟགས་པའི་དོན་རྩ་བའི་སེམས་སུ་བསྡུས་ནས་བསྡུ་བའི་ཚུལ་དུ་འཇུག་པ་ཞེས་བྱ་བ་ལ། བསྡུ་བའི་སེམས་ཇི་ལྟ་བུ་ཞེ་ན། བྱང་ཆུབ་སེམས་དཔའི་ཤེས་རབ་གང་གིས་གོང་དུ་རྣམ་པར་བརྟགས་པའི་ཆོས་དོན་ལ་རྣམ་པར་བརྟག་པ་ལ་ཡང་། བགྲང་བ་དང་གཞལ་བ་ལ་སོགས་པ་རྣམ་པ་བཞིར་བརྟག་པ་དང་། ཡི་གེ་ལ་ཡང་དོན་ཡོད་པ་དང་། མེད་པ་རྣམ་པ་གཉིས་སུ་བརྟགས་པ་དེ་དག་ལ་བསྡུ་བའི་ ཚུལ་དུ་འཇུག་སྟེ། ཇི་ལྟ་ཞེ་ན། ཇི་སྙེད་དུ་མདོ་སྡེ་ཡན་ལག་བཅུ་གཉིས་བཤད་པ་དེ་དག་ཀྱང་། མདོ་སྡེའི་ནང་དུ་འདུས་པར་ཟད་དོ་ཞེས་རྩ་བའི་སེམས་སུ་སྡུད་པའམ། མདོ་སྡེ་འདིའི་ནང་ནས་ཚིག་དང་ཡི་གེ་མང་པོ་འབྱུང་བ་ཐམས་ཅད་ཀྱང་ནང་བསྡུས་ན། འདི་ཙམ་ཞིག་སྟོན་པར་མཛད་དོ་ ཞེས་བྱ་བའི་སེམས་སྡུད་པ་ལ་བསྡུ་བའི་སེམས་ཞེས་བྱའོ། །རེ་བའི་སེམས་ནི་ཏིང་ངེ་འཛིན་གྱི་ཕྱིར་རམ་ཞེས་བྱ་བ་ལ། རེ་བའི་སེམས་ཇི་ལྟ་བུ་ཞེ་ན། བདག་ཉིད་ཀྱིས་ཏིང་ངེ་འཛིན་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་། དེ་མ་ཡིན་པ་གཞན་འབྲས་བུ་གང་གི་ཕྱིར་ཞུགས་ཀྱང་རུང་སྟེ། དེ་དག་ཐོས་པར་བྱ་བའི་ཕྱིར་འཇུག་པར་བྱའོ་སྙམ་དུ་སེམས་གཞན་དུ་བསྒོམ་པའམ། འབྲས་བུ་དེ་དག་གིས་ཇི་ལྟར་ཐོབ་པར་བྱའོ་སྙམ་དུ་སེམས་བཞིན་དུ་བསྒོམ་པ་ནི་རེ་བ་ཡིད་ལ་བྱེད་པ་ཞེས་བྱའོ། །དེ་ཡོངས་སུ་རྫོགས་པའི་ཕྱིར་རམ་ཞེས་བྱ་བ་ནི་ཏིང་ངེ་འཛིན་རྣམས་ཡོངས་སུ་ རྫོགས་ཤིང་མཐར་ཕྱིན་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །དགེ་སྦྱོང་གི་འབྲས་བུ་འཐོབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་དགེ་སྦྱོང་གི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །ས་ལ་འཇུག་པའི་ཕྱིར་རམ་ཞེས་བྱ་བ་ནི་ བདག་ཉིད་ཀྱིས་ས་བཅུ་རིམ་གྱིས་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །ཁྱད་པར་ཐོབ་པའི་ཕྱིར་རམ་ཞེས་བྱ་བ་ལ། ཡང་ན་བདག་གིས་མངོན་པར་ཤེས་པ་ལྔ་ལ་སོགས་པའི་ཡོན་ཏན་གྱི་ཁྱད་པར་ཐོབ་པར་བྱ་བའི་ཕྱིར་ཞུགས་ཀྱང་རུང་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ འཇུག་པ་ན་ཞེས་བྱ་བའི་དོན་ནི་གཞན་ཡང་དེ་ལ་མ་གཏོགས་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གང་གི་ཕྱིར་ཞུགས་ཀྱང་རུང་། དེ་དག་ཐོབ་པར་བྱའོ་སྙམ་དུ་སེམས་ཤིང་བསྒོམ་པ་ནི་རེ་བའི་སེམས་ཞེས་བྱའོ། །སེམས་ཉིད་དམིགས་པར་སྣང་བ་སྟེ། སེམས་ ལས་གཞན་དམིགས་པ་མེད་དེ། །ཞེས་བྱ་བ་ལ། གོང་དུ་སེམས་དྲུག་བཤད་པའི་སྐབས་སུ་སེམས་དྲུག་གི་དམིགས་པའི་ཡུལ་བཤད་པ་དེ་དག་ཀྱང་། སེམས་ཉིད་དམིགས་པའི་ཡུལ་རྣམ་པ་དྲུག་སྣང་བ་ལྟ་བུར་ཟད་ཀྱི། སེམས་ལས་མ་གཏོགས་པར་སེམས་ཀྱི་དམིགས་པར་བྱ་བའི་ཡུལ་སེམས་ ལས་ལོགས་ཤིག་ན་གཞན་མེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཙམ་དུ་ཤེས་ཀྱང་རུང་མི་ཤེས་ཀྱང་རུང་ཞེས་བྱ་བ་ལ་སོགས་པ་ལ། སེམས་རྣམ་པ་དྲུག་པོ་དེ་དག་གི་ཡུལ་རྣམས་སེམས་ཙམ་དུ་ཟད་པའི་བསམ་པའི་ཤེས་རབ་ཀྱིས་ཁོང་དུ་ཆུད་དེ། སེམས་ཙམ་དུ་ཤེས་ཀྱང་སེམས་དྲུག་པོ་ལ་བསྒོམ་པ་ན། དྲུག་པོ་དེ་དག་སེམས་ཙམ་དུ་མི་ཤེས་ཀྱང་རུང་ཞེའམ། བསམ་པའི་ཤེས་རབ་ཀྱིས་སེམས་ཙམ་དུ་ཤེས་པ་མེད་ཀྱི། ཐོས་པའི་ཤེས་རབ་ཀྱིས་འདི་ལྟར་སེམས་ཙམ་དུ་ཟད་ཀྱི་སེམས་ལས་ལོགས་ཤིག་ན་ཡུལ་གཞན་མེད་དོ་ཞེས་ཀྱང་རུང་སྟེ། དོན་དུ་ན་སེམས་ཉིད་སེམས་རྣམ་པ་དྲུག་གི་དམིགས་པ་ ལྟ་བུར་སྣང་བ་ཟད་དེ། སེམས་ལས་གཞན་མ་ཡིན་པས་སེམས་དྲུག་པོ་ཡང་སེམས་ཙམ་པར་རྣམ་པར་བཞག་གོ། །དེ་ལྟར་རྣལ་འབྱོར་པ་སེམས་དྲུག་ལ་བསྒོམ་པ་བསྒོམ་པ་དེས། ཡིད་ལ་བྱེད་པ་བཅུ་གཅིག་བསྒོམ་ཞིང་ཡིད་ལ་བྱ་སྟེ། དེ་བས་ན། ཚོལ་དང་སོ་སོར་རྟོག་པ་དང་། །ཡིད་ཀྱི་ རྟོག་པ་རྒྱུན་དུ་བྱ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཡིད་ལ་བྱེད་པ་བཅུ་གཅིག་ནི་རྟོག་པ་དང་བཅས་དཔྱོད་པ་དང་བཅས་པ་ལ་སོགས་པ་སྟེ། ཡིད་ལ་བྱེད་པ་བཅུ་གཅིག་ཀྱང་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། །དེ་ལ་ཚོལ་བ་ཡིད་ཀྱིས་རྟོག་པ་རྒྱུན་དུ་བྱ་བ་དང་། སོ་སོར་རྟོག་པ་ཡིད་ཀྱིས་རྟོག་པ་རྒྱུན་དུ་ བྱའོ་ཞེས་ཚིག་དེ་ལྟ་བུའོ། །དེ་ལ་ཚོལ་བ་ཡིད་ཀྱིས་རྟོག་པ་ཞེས་བྱ་བ་ལ། རྟོག་པ་དང་བཅས་དཔྱོད་པ་དང་བཅས་པའི་ཡིད་ལ་བྱེད་པ་བསྟན་ཏེ། དེའང་མི་ལྕོགས་པ་མེད་པ་དང་། བསམ་གཏན་དང་པོའོ། །དེ་ལ་ཚོལ་བ་ལ་རྟོག་པར་ཅི་མངོན་ཞེ་ན། གཙུག་ལག་ལས་རྟོག་པའི་མཚན་ཉིད་བཤད་ པའི་སྐབས་སུ་རྟོག་པ་གང་ཞེ་ན། ཚོལ་བ་ཡིད་ཀྱི་འཇོག་པའོ་ཞེས་བསྟན་པས་ན་ཚོལ་བ་ལ་རྟོག་པ་ཞེས་བྱ་བར་མངོན་ནོ། །སོ་སོར་རྟོག་པ་ཡིད་ཀྱིས་རྟོག་པ་ཞེས་བྱ་བས་མི་རྟོག་ཅིང་དཔྱོད་པ་ཙམ་གྱིས་ཡིད་ལ་བྱེད་པ་བསྟན་ཏེ། དེ་ཡང་བར་གྱི་བསམ་གཏན་དང་བསམ་གཏན་གཉིས་པ་ལ་བྱའོ། ། སོ་སོར་རྟོག་པ་ལ་དཔྱོད་པ་ཞེས་བྱ་བར་ཅི་མངོན་ཞེ་ན། གཙུག་ལག་ལས་དཔྱོད་པའི་མཚན་ཉིད་བཤད་པའི་སྐབས་སུ་དཔྱོད་པ་གང་ཞེ་ན། སོ་སོར་རྟོག་པ་ཡིད་ཀྱིས་འཇོག་པའོ་ཞེས་བཤད་པའི་ཕྱིར་དཔྱོད་པ་ལ་སོ་སོར་རྟོག་པ་ཞེས་བྱ་བར་མངོན་ནོ། །རྣམ་པར་མི་རྟོག་རོ་གཅིག་པའི། །ཡིད་ ལ་བྱེད་པ་བརྟག་པར་བྱའོ། །ཞེས་བྱ་བ་ལ། རྣམ་པར་མི་རྟོག་རོ་གཅིག་པ་ཞེས་བྱ་བས་མི་རྟོག་མི་དཔྱོད་པའི་ཡིད་ལ་བྱེད་པ་བསྟན་ཏེ། དེའང་བསམ་གཏན་གསུམ་པ་དང་བཞི་པ་སྟེ། དེའི་ཚེ་རྟོག་དཔྱོད་དང་བྲལ་བའི་མཚན་ཉིད་དུ་ནང་གཅིག་པར་བསྒོམ་པའི་ཕྱིར་ཏེ། རྟོག་དཔྱོད་དང་བྲལ་བ་རྣམ་པར་མི་ རྟོག་པའི་རོ་གཅིག་པ་དེ་ལ་རྟག་ཏུ་ཡིད་ལ་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་གནས་ལམ་དུ་ཤེས་བྱ་སྟེ། །དེས་ན་ཆོས་དང་མིང་བསྡུས་པ། །ཞེས་བྱ་བ་ལ། མིང་གང་ཆོས་རྣམས་ཀྱི་དོན་དང་ཚིག་བསྡུས་པ་ལ་མིང་བསྡུས་ཞེས་བྱ་སྟེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་གིས། ཤེས་རབ་ཀྱི་ ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་ཚིག་མང་པོ་བསྡུས་པའོ། །དང་གི་སྒྲས་ནི་རྗེས་སུ་འགྲོ་བའི་སེམས་ཀྱིས་མདོ་སྡེའི་ཚིག་སོ་སོར་ཤེས་པར་བྱ་བའི་ཚིག་ལ་བསྙེགས་ཏེ། དོན་དུ་མདོ་སྡེའི་མིང་དང་ཚིག་ལ་དམིགས་པར་བྱེད་པ་ནི་ཞི་གནས་ཀྱི་ལམ་དུ་ཤེས་པར་བྱ་སྟེ། འདིས་ནི་ཞི་གནས་ཡིད་ལ་བྱེད་པ་བསྟན་ཏོ། །དེའི་ དོན་དག་རྣམ་བརྟགས་ཕྱིར། །ལྷག་མཐོང་དུ་ནི་ཤེས་པར་བྱ། །ཞེས་བྱ་བ་ལ། དེའི་དོན་ཞེས་བྱ་བ་ནི་མདོ་སྡེ་རྣམས་ཀྱི་མིང་དང་ཚིག་རྣམས་ཀྱི་དོན་ཏེ། དེ་ཡང་བགྲང་བ་དང་གཞལ་བ་དང་དཔྱད་པ་དང་རྟོག་པ་སྟེ་ཆོས་དེ་དག་གི་རང་དང་སྤྱིའི་མཚན་ཉིད་ལ་རྟོག་ཅིང་། ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་པ་ནི་ལྷག་མཐོང་ གི་ལམ་དུ་ཤེས་པར་བྱ་སྟེ། འདིས་ནི་ལྷག་མཐོང་ཡིད་ལ་བྱེད་པ་བསྟན་ཏོ། །དེ་དག་བསྡུས་པའི་ལམ་དེ་ནི། །ཟུང་དུ་འབྲེལ་བར་ཤེས་པར་བྱ། །ཞེས་བྱ་བ་ལ། ཞིགནས་དང་ལྷག་མཐོང་ཟུང་དུ་མ་འབྲེལ་པའི་དུས་ན་ནི་སོ་སོར་དམིགས་ཏེ། ཞི་གནས་ཀྱིས་ནི་མིང་དང་ཚིག་ལ་དམིགས། ལྷག་མཐོང་གིས་ནི་དོན་ལ་ དམིགས་པར་བྱེད་དོ། །ནམ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ན་ནི་མིང་དང་དོན་ལ་སོ་སོར་མི་དམིགས་ཀྱི། དེ་གཉིས་གཅིག་ཏུ་བསྡུས་ནས་ཞི་གནས་ལྷག་མཐོང་མགོ་མཉམ་དུ་འབྲེལ་ཏེ་དམིགས་པར་བྱེད་པའི་ལམ་དེ་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་དུ་ཤེས་པར་བྱ་སྟེ། འདིས་ནི་ཟུང་ དུ་འབྲེལ་པ་ཡིད་ལ་བྱེད་པ་བསྟན་ཏོ། །ཞུམ་པའི་སེམས་ནི་རབ་ཏུ་གཟུང་། །ཞེས་བྱ་བ་ལ། རྣལ་འབྱོར་པ་ཏིང་ངེ་འཛིན་བསྒོམ་པའི་དུས་ན་སེམས་ཉིད་ཀྱིས་མི་གསལ་ཏེ་ཞུམ་པར་གྱུར་ན། ལྷག་མཐོང་མཚན་མ་ཡིད་ལ་བྱེད་པས་སེམས་གཟུང་ཞིང་གཟེངས་བསྟོད་པར་བྱ་སྟེ། ཇི་ལྟར་གཟེངས་བསྟོད་ཅེ་ན། ལྷག་ མཐོང་གིས་དེ་བཞིན་གཤེགས་པ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཡིད་ལ་བྱ་བས་སེམས་གཟེངས་བསྟོད་པར་བྱ་སྟེ། འདིས་ནི་འཛིན་པའི་མཚན་མ་ཡིད་ལ་བྱེད་པ་བསྟན་ཏོ། །རྒོད་པ་ཡང་ནི་ཞི་བར་བྱ། །ཞེས་བྱ་བ་ལ། སྔོན་མཐོང་བ་དང་ཐོས་པ་ལ་སོགས་པ་དྲན་ནས་ཕྱིའི་ ཡུལ་ལ་སེམས་འཕྲོས་པར་གྱུར་ན་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པས་རྒོད་པ་ཞི་བར་བྱ་སྟེ། ཇི་ལྟར་ཡིད་ལ་བྱ་ཞེ་ན། འཁོར་བའི་སྐྱོན་སྐྱེ་བ་དང་རྒ་བ་ལ་སོགས་པ་བསམས་ནས་སེམས་གཡེང་བ་སྤང་བར་བྱ་སྟེ། འདིས་ནི་ཞི་གནས་ཀྱི་མཚན་མ་ཡིད་ལ་བྱེད་པ་བསྟན་ཏོ། །གང་དུ་དམིགས་པ་དེ་ལ་ཡང་། ། མཉམ་པ་ཐོབ་ནས་བཏང་སྙོམས་ཏེ། །ཞེས་བྱ་བ་ལ། རྣལ་འབྱོར་པས་དེ་ལྟར་ཞུམ་པའི་སེམས་ནི་ལྷག་མཐོང་གིས་སྤངས། རྒོད་པའི་སེམས་ནི་ཞི་གནས་ཀྱིས་སྤངས་ཏེ། དམིགས་པར་བྱ་བའི་ཡུལ་ལ་ཞུམ་རྒོད་མེད་པར་གྱུར་ནས་སེམས་མཉམ་པ་ཉིད་དུ་གྱུར་ན་མི་བསྐྱོད་པར་བཏང་སྙོམས་སུ་བཞག་སྟེ། ཞི་གནས་ཀྱི་མཚན་མ་ཡང་ཡིད་ལ་མི་བྱ་ལྷག་མཐོང་གི་མཚན་མ་ཡང་ཡིད་ལ་མི་བྱ་སྟེ། གལ་ཏེ་འགའ་ཞིག་ཡིད་ལ་བྱས་པ་ན། མཉམ་པ་ཉིད་ཀྱི་སེམས་ལས་ཉམས་པར་འགྱུར་ཏེ། འདིས་ནི་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་བསྟན་ཏོ། །རྟག་ཏུ་དང་ནི་གུས་པ་བྱས། །ཐམས་ཅད་དང་ཡང་ སྦྱར་བར་བྱ། །ཞེས་བྱ་བ་ལ། རྣལ་འབྱོར་པ་དེ་བར་འགའ་ཡིད་ལ་བྱེད། བར་འགའ་ཡིད་ལ་མི་བྱེད་པ་མ་ཡིན་གྱི་དུས་ཐམས་ཅད་དུ་ཡིད་ལ་བྱེད་པ་ནི་རྟག་ཏུ་ཞེས་བྱ་སྟེ། འདིས་ནི་རྟག་པ་ཡིད་ལ་བྱེད་པ་བསྟན་ཏོ། །ལེ་ལོ་དང་བཏང་སྙོམས་ལས་ཡིད་ལ་བྱེད་པར་ནན་ཏན་དང་བསྒྲིམས་ཏེ་ཡིད་ལ་བྱེད་པ་ནི་ གུས་པ་ཞེས་བྱ་སྟེ། འདིས་ནི་གུས་པ་ཡིད་ལ་བྱེད་པ་བསྟན་ཏོ། །དེ་ལྟར་རྟག་ཏུ་ཡིད་ལ་བྱེད་པ་དང་། གུས་པར་ཡིད་ལ་བྱེད་པ་གཉིས་ནི་གོང་དུ་བཤད་པའི་ཡིད་ལ་བྱེད་པ་ཐམས་ཅད་ལ་ཡང་སྦྱར་ཏེ། གོང་དུ་བཤད་པའི་ཡིད་ལ་བྱེད་པའི་དུས་ན་ཡང་རྟག་པར་ཡིད་ལ་བྱེད་པ་དང་། གུས་པར་ ཡིད་ལ་བྱེད་པའི་ཚུལ་གྱིས་ཡིད་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནི་ཡིད་ལ་བྱེད་པ་རྣམ་པ་བཅུ་གཅིག་ཡིད་ལ་བྱེད་པའི་རྣལ་འབྱོར་པ་མོས་པ་སྤྱོད་པའི་ས་ལ་འཇུག་པར་བྱ་བའི་ཕྱིར་སེམས་གནས་པ་དགུ་ཡིད་ལ་བྱ་སྟེ། སེམས་གནས་པ་དགུའི་དོན་ནི་ཚིགས་སུ་བཅད་པ་བཞིས་བསྟན་ཏོ། ། དམིགས་པ་ལ་ནི་སེམས་བཞག་ན། །ཞེས་བྱ་བ་ལ། དང་པོ་རྣལ་འབྱོར་པས་ཏིང་ངེ་འཛིན་གྱིས་དམིགས་པར་བྱ་བའི་ཡུལ་ལ་སེམས་རྩེ་གཅིག་ཏུ་བཞག་སྟེ། ཇི་ལྟར་བཞག་ཅེ་ན། ཏིང་ངེ་འཛིན་གྱིས་དམིགས་པར་བྱ་བའི་ཡུལ་དང་། སེམས་གཉིས་སུ་སྦྲེལ་བར་བྱ་སྟེ། དང་པོ་ཡུལ་དང་སེམས་གཉིས་སུ་ འབྲེལ་བར་བྱེད་པ་ལ་ནི་སེམས་གནས་པ་ཞེས་བྱའོ། །དེ་ནི་རྒྱུན་དུ་མི་གཡེང་ཕྱིར། །ཞེས་བྱ་བ་ལ། དེ་ལྟར་དམིགས་པའི་ཡུལ་ལ་སེམས་རྩེ་གཅིག་ཏུ་བཞག་པའི་འོག་ཏུ་ཕྱིའི་ཡུལ་ལ་སེམས་གཡེངས་པ་བསྟན་ནས་མི་གཡེང་བར་བྱ་བའི་ཕྱིར། ཡང་ནས་ཡང་དུ་རྒྱུན་དུ་སེམས་རྩེ་གཅིག་པར་བཞག་པ་ སྟེ། དེས་ནི་ཡང་དག་པར་གནས་པ་བསྟན་ཏོ། །རྣམ་པར་གཡེང་བ་ཤེས་ནས་ཀྱང་། །མྱུར་བ་དེ་ནི་སླར་བླན་ནོ། །ཞེས་བྱ་བ་ལ། དེ་ལྟར་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་འཇོག་པ་ན། སེམས་ཕྱིའི་ཡུལ་ལ་གཡེངས་པར་གྱུར་ན་བདག་གི་སེམས་འདི་ནི་ཡུལ་ལ་གཡེངས་པར་གྱུར་ཏོ་ ཞེས་ཤེས་པར་བྱས་ནས། དེ་མ་ཐག་ཏུ་གཡེང་བའི་སེམས་སྤངས་ནས་སླར་བློན་ཏེ། རྩེ་གཅིག་པ་ལ་འཇོག་པར་བྱེད་དེ་དེ་ནི་ཀུན་དུ་གནས་པ་ཞེས་བྱའོ། །ཡང་ནས་ཡང་དུ་བློ་ལྡན་གྱི། །སེམས་ནི་ནང་དུ་བླན་པར་བྱ། །ཞེས་བྱ་བ་ལ། དེ་ལྟར་སེམས་གཡེངས་པ་ལས་སླར་བླན་པའི་བྱང་ཆུབ་སེམས་དཔའ་བློ་ལྡན་ དེས། སེམས་ཕྱིའི་ཡུལ་ལ་མི་གཏོང་ཞིང་ཡང་ནས་ཡང་དུ་སེམས་ནང་དུ་བློན་པར་བྱེད་དེ་ཏིང་ངེ་འཛིན་རྩེ་གཅིག་པ་ལ་སེམས་ཡང་ནས་ཡང་དུ་སེམས་བློན་པར་བྱེད། གཏོང་བར་བྱེད་འཇོག་པར་བྱེད་དེ་དེ་ནི་ཉེ་བར་གནས་པ་ཞེས་བྱའོ། །ཏིང་འཛིན་ཡོན་ཏན་མཐོང་བས་ན། །དེ་བས་སེམས་ནི་དགའ་ བར་འགྱུར། །ཞེས་བྱ་བ་ལ། གང་གི་ཚེ་རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་འཇོག་པ་ལ་དེའི་ཚེ་ཡུལ་ལ་སེམས་འཕྲོས་པར་གྱུར་ན། ཡུལ་ལ་སེམས་དགའ་བར་འགྱུར་གྱི་ཏིང་ངེ་འཛིན་ལ་སེམས་མི་དགའ་བར་འགྱུར་ཏེ། དེའི་དུས་ན་དེས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བརྟག་པར་བྱའོ། ། དེས་ཏིང་ངེ་འཛིན་གྱི་ཡོན་ཏན་ལ་བརྟགས་ན་ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་བར་འགྱུར་རོ། །ཏིང་ངེ་འཛིན་གྱི་ཡོན་ཏན་མཐོང་ན་སེམས་མི་དགའ་བ་ཞི་ཞིང་དུལ་བར་གྱུར་ནས་སེམས་དགའ་བ་སྐྱེ་བར་འགྱུར་ཏེ་དེས་ནི་དུལ་བར་བྱེད་པ་བསྟན་ཏོ། །རྣམ་པར་གཡེངས་ལ་སྐྱོན་མཐོང་བས། །མི་དགའ་བ་ནི་ཞི་བར་ འགྱུར། །ཞེས་བྱ་བ་ལ། ནམ་རྣལ་འབྱོར་པ་སེམས་གཡེངས་སམ་ཞུམ་པ་དང་། རྨུགས་པར་གྱུར་ན་འདི་ལྟར་བདག་གིས་སེམས་གཡེངས་པས་རྩེ་གཅིག་པ་ལ་ཉམས་ཤིང་སེམས་ཞུམ་པ་དང་རྨུགས་པར་གྱུར་ན། བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པའི་འབྲས་བུ་མི་འཐོབ་སྟེ། དེ་བས་ན་ གཡེངས་བའི་སེམས་བྱུང་ན་གཡེངས་པའི་སེམས་ལ་མི་དགའ་བར་བལྟ་ཞིང་སྐྱོན་དུ་མཐོང་སྟེ། གཡེངས་པའི་སེམས་དང་མི་དགའ་བ་སྤང་བའི་ཕྱིར་གཉེན་པོ་ལ་རྟེན་པར་བྱེད་དེ། དེས་གཉེན་པོ་ལ་བརྟེན་པས་མི་དགའ་བའི་སེམས་སྤོང་བར་བྱེད་དོ། །དེ་ལྟར་མི་དགའ་བའི་སེམས་སྤོང་བར་བྱེད་པ་དེ་ལ་ནི་ཞི་ བར་བྱེད་པ་ཞེས་བྱའོ། །ཆགས་པ་དང་ནི་དཀྲུགས་པའི་སེམས། །སྐྱེས་པ་དེ་ཚེ་ཞི་བར་བྱེད། །ཅེས་བྱ་བ་ལ། གལ་ཏེ་རྣལ་འབྱོར་པ་འདོད་པ་ལ་སོགས་པས་ལོངས་སྤྱོད་ཀྱི་ཡུལ་ལ་སེམས་ཆགས་པ་ཞིག་སྐྱེས་སམ། འཁྲུགས་པ་སྟེ་ཞེ་སྡང་ཞིག་སྐྱེས་ན་བྱམས་པ་བསྒོམ་པའམ། མི་དགའ་བ་བསྒོམ་ པས་སྤོང་བར་བྱེད་དོ། །དེས་ནི་རྣམ་པར་ཞི་བར་བྱེད་པ་བསྟན་ཏོ། །དེ་བས་མངོན་པར་འདུ་བྱེད་བཅས། །སེམས་ནི་རྒྱུན་དུ་འཇུག་པ་དང་། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་རྣལ་འབྱོར་པས་ཏིང་ངེ་འཛིན་གྱི་སྐྱོན་རྣམས་སྤངས་ན་དེའི་འོག་ཏུ་བརྩམས་པ་དང་བཅས། །སེམས་ཆགས་པ་ཞིག་སྐྱེས་ སམ། འཁྲུག་པ་སྟེ་ཞེ་སྡང་ཞིག་སྐྱེས་ན། འབད་པ་དང་བཅས་པའི་མཚན་ཉིད་དུ་ཏིང་ངེ་འཛིན་རྩེ་གཅིག་པ་ལ། སེམས་རྒྱུན་དུ་འཇུག་ཅིང་གནས་པར་འགྱུར་ཏེ། དེས་ནི་གཅིག་ཏུ་བྱེད་པ་བསྟན་ཏེ། དཀའ་ཐུབ་ཅན་གྱིས་དེ་བསྒོམས་པས། །འདུ་མི་བྱེད་པ་འཐོབ་འགྱུར་ཏེ། །ཞེས་བྱ་བ་ལ། དཀའ་ ཐུབ་ཅན་ནི་རྣལ་འབྱོར་པ་ལ་བྱ་སྟེ། རྣལ་འབྱོར་པས་བརྩལ་འབད་དང་བཅས། །འབད་པ་དང་བཅས་པའི་ཏིང་ངེ་འཛིན་ལ་གོམས་པར་བྱས་པས། དེའི་འོག་ཏུ་བརྩལ་བ་དང་འབད་མི་དགོས་པར་མངོན་པར་འདུ་མི་བྱེད་ཅིང་། ལྷུན་གྱིས་གྲུབ་པར་གནས་པའི་ཏིང་ངེ་འཛིན་འཐོབ་པར་འགྱུར་ཏེ། དེ་ནི་ མཉམ་པར་འཇོག་པ་ཞེས་བྱའོ། །དེ་ནས་དེ་ནི་ལུས་སེམས་ཀྱིས། །ཤིན་ཏུ་སྦྱངས་པ་ཆུང་ངུ་འཐོབ། །ཅེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་སེམས་གནས་པ་དགུ་འཐོབ་པའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དེས་ཞེས་བྱ་བ་ནི་རྣལ་འབྱོར་པའི་བྱང་ཆུབ་སེམས་དཔའ་དེའང་དེ་ཞེས་བྱ་ བའི་དོན་ཏོ། །ལུས་སེམས་ཀྱིས་ཤིན་ཏུ་སྦྱངས་པ་ཆུང་ངུ་འཐོབ་ཅེས་བྱ་བ་ནི་ལུས་ལས་སུ་རུང་བ་དང་། སེམས་ལས་སུ་རུང་བ་ཤས་འབྲིང་པོ་དང་ཤས་ཆེན་པོ་ཐོབ་པ་ནི་མ་ཡིན་གྱི་ལས་སུ་རུང་བ་ཤས་ཆུང་ངུ་འཐོབ་ཅེས་བྱ་བའི་དོན་ཏོ། །ལུས་ལས་སུ་རུང་བ་དང་ནི་དགེ་བ་དང་ཏིང་ངེ་འཛིན་བསྒོམ་པ་ནི་ལུས་མི་ བདེ་བ་དང་ལྕི་བ་མེད་པའོ། །སེམས་ལས་སུ་རུང་བ་ནི་སེམས་གསལ་ཞིང་ཏིང་ངེ་འཛིན་ལ་མྱུར་དུ་འཇུག་པའོ། །ཡིད་ལ་བྱེད་པ་ཤེས་པར་བྱ། །ཞེས་བྱ་བ་ནི། ལུས་དང་སེམས་ལས་སུ་རུང་བ་ཤས་ཆུང་ངུ་འཐོབ་པ་དེའི་དུས་ན་རྣལ་འབྱོར་པ་ཡིད་ལ་བྱེད་པ་འཐོབ་པོ་ཞེས་ཤེས་པར་བྱ་བའི་དོན་ཏོ། །དེ་ནི་ཡང་དང་ ཡང་དུ་འཕེལ། །རིང་དུ་སོང་ཞིང་འཕེལ་བས་ན། །ཞེས་བྱ་བ་ལ། དེ་ལྟར་རྣལ་འབྱོར་པས་ཡིད་ལ་བྱེད་པས་ཐོབ་པོ་ཞེས་ཤེས་པའི་འོག་ཏུ་ཡིད་ལ་བྱེད་པ་དེ་དང་ལུས་དང་སེམས་ལས་སུ་རུང་བ། གོང་ནས་གོང་དུ་ཕྱི་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་དེ་ཉིད་ལ་བསྒོམ་པར་བྱས་པས་ལུས་དང་སེམས་ལས་སུ་ རུང་བ། ཤས་ཆེན་པོ་འཐོབ་པར་འགྱུར་ཏེ། ཤས་ཆེན་པོ་ཐོབ་པ་ལ་རིང་དུ་སོང་བ་ཞེས་བྱའོ། །དེ་ནི་ངོ་བོའི་གནས་ཐོབ་པོ། །ཞེས་བྱ་བ་ལ། ལུས་དང་སེམས་ལས་སུ་རུང་བ་ལ་ཤས་ཆེན་པོ་ཐོབ་པའི་འོག་ཏུ་གཟུགས་ཀྱི་ཁམས་ཀྱི་རྩ་བའི་བསམ་གཏན་བཞི་ཐོབ་པར་འགྱུར་ཏེ། དེ་བས་ན་ངོ་བོའི་གནས་ཐོབ་ པ་ཞེས་བྱའོ། །མངོན་ཤེས་ཕྱིར་ནི་དེ་སྦྱངས་ན། །ལས་སུ་རུང་བའི་མཆོག་ཐོབ་པའོ། །ཞེས་བྱ་བ་ལ། དེ་བས་ན་རྩ་བའི་བསམ་གཏན་ཐོབ་པའི་རྣལ་འབྱོར་པས། མངོན་པར་ཤེས་པའི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར། རྩ་བའི་བསམ་གཏན་བཞི་སྦྱངས་ཏེ། ཇི་ལྟར་སྦྱངས་ཤེ་ན། སྲིད་པའི་ཤས་ཆེ་བ་དང་། ལྟ་ བའི་ཤས་ཆེ་བ་དང་། ཐེ་ཚོམ་གྱི་ཤས་ཆེ་བ་མེད་པར་བྱ་སྟེ། སྦྱངས་ན་ལུས་ལས་སུ་རུང་བའི་མཆོག་འཐོབ་སྟེ། བསམ་གཏན་ལས་སུ་རུང་བའི་མཆོག་ཐོབ་པ་དང་། མངོན་པར་ཤེས་པ་ལས་སུ་རུང་བའི་མཆོག་ཐོབ་པ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསམ་གཏན་ལས་སུ་རུང་བའི་མཆོག་ཐོབ་པ་ནི་གཟུགས་ ཀྱི་ཁམས་སུ་བསམ་གཏན་བཞི་ལ་ལུགས་བཞིན་དུ་འཇུག་པ། ལུགས་ལས་བཟློག་སྟེ་འཇུག་པ་དང་། ཐོད་རྒལ་དུ་འཇུག་པའོ། །མངོན་པར་ཤེས་པ་ལས་སུ་རང་བའི་མཆོག་ཐོབ་པ་ནི། འཕྲུལ་གྱི་མིག་ལ་སོགས་པའི་མངོན་པར་ཤེས་པའི་ལས་བྱ་བ་ལ་ཐོགས་པ་མེད་པར་འཇུག་པའོ། ། བསམ་གཏན་མངོན་ཤེས་རྫོགས་པས་ན། །སངས་རྒྱས་རྣམས་ལས་མཉན་པ་དང་། །དཔག་ཏུ་མེད་པར་མཆོད་པའི་ཕྱིར། །འཇིག་རྟེན་ཁམས་སུ་དེ་འགྲོའོ། །ཞེས་བྱ་བ་ལ། དེ་ལྟར་བསམ་གཏན་མཆོག་ཐོབ་སྟེ། བསམ་གཏན་རྫོགས་པ་དང་། མངོན་པར་ཤེས་པ་མཆོག་ཐོབ་སྟེ། མངོན་པར་ ཤེས་པའི་རྫོགས་པའི་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཅན་ཏེ། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་སུ་འགྲོའོ་ཞེས་བྱ་བར་སྦྱར་ཏེ་ཅིའི་ཕྱིར་དེ་འགྲོ་ཞེ་ན། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་དེ་བཞིན་གཤེགས་པ་ལས་དམ་པའི་ཆོས་ཉན་པའི་སྒོ་ནས། ཡེ་ཤེས་ཀྱི་ཚོགས་ རྫོགས་པར་བྱ་བ་དང་། དེ་བཞིན་གཤེགས་པ་དེ་དག་ལ་བསོད་སྙོམས་དང་ཆོས་གོས་ལ་སོགས་པ་ཟང་ཟིང་གིས་མཆོད་པར་བྱས་པའི་སྒོ་ནས་བསོད་ནམས་ཀྱི་ཚོགས་བསགས་པར་བྱ་བའི་ཕྱིར། འཇིག་རྟེན་གྱི་ཁམས་ཀུན་དུ་འགྲོའོ་ཞེས་བྱ་བའི་དོན་ཏོ། །སངས་རྒྱས་དཔག་ཏུ་མེད་པ་ལ། །བསྐལ་ པ་གྲངས་མེད་དེ་སྙེད་ན། །ལས་སུ་རུང་བའི་མཆོག་ཐོབ་ན། །དེ་ལས་བསྙེན་པའི་སེམས་ཀྱིས་སོ། །ཞེས་བྱ་བ་ལ། དེ་ལས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་དེ་དག་ལ་ཞེས་བྱ་བའི་དོན་ཏོ། །བསྙེན་པའི་སེམས་ཀྱིས་ཞེས་བྱ་བ་ནི། སངས་རྒྱས་ལ་བཀུར་སྟི་དང་མཆོད་པ་བྱའོ་སྙམ་དུ་བསམ་ པའི་སེམས་ཀྱིས་ཞེས་བྱ་བའི་དོན་ཏོ། །འདི་ལྟ་བུའི་སེམས་ཀྱིས་ཕྱོགས་བཅུའི་སངས་རྒྱས་དཔག་ཏུ་མེད་པ་ལ་བསྐལ་པ་གྲངས་མེད་པ་གཅིག་ཏུ་དམ་པའི་ཆོས་མཉམ་པ་དང་། ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་འབུལ་བའི་སྒོ་ནས་བསྙེན་བཀུར་བྱས་ནས་ལས་སུ་རུང་བའི་མཆོག་ཐོབ་པར་ འགྱུར་ཏེ། དེའང་གང་ཞེ་ན། ཕྱོགས་བཅུ་ཐམས་ཅད་དུ་རྫུ་འཕྲུལ་གྱིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱ་བ་དང་། ཐོགས་པ་མེད་པར་ནུས་པའི་མངོན་པར་ཤེས་པ་ལ་བསྐྱེད་ནུས་པའི་བསམ་གཏན་ལས་སུ་རུང་བའི་མཆོག་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །བསྐལ་པ་གྲངས་མེད་པ་ཞེས་བྱ་བ་ནི་ བགྲང་བ་དཔག་ཏུ་མེད་པའོ་ཞེས་བྱ་བ་ལ། འདིའི་སྐབས་སུ་བསྐལ་པ་གྲངས་མེད་པ་འབྱུང་བ་ཞེས་འབྱུང་བ་གྲངས་མེད་པ་གསུམ་ལ་ནི་མི་བྱའི། བགྲང་བ་ལས་འདས་པའི་བསྐལ་པ་གྲངས་མེད་པ་གཅིག་ལ་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ནས་དེ་དག་སྔོན་རོལ་དུ། །ཡོན་ཏན་ལྔ་ནི་ འཐོབ་འགྱུར་ཏེ། །ཞེས་བྱ་བ་ལ། ལུས་དང་སེམས་ལས་སུ་རུང་བ་ཐོབ་པ་དང་། བསམ་གཏན་མངོན་པར་ཤེས་པ་རྫོགས་པ་ཐོབ་པ་དང་། དེ་བཞིན་གཤེགས་པ་ལ་མཆོད་པ་དཔག་ཏུ་མེད་པ་ཐོབ་པའི་འོག་ཏུ་དེ་ལྟ་བུ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་དེས་བསམ་པ་རྣམ་པར་དག་པ་སྟེ། ས་དང་པོ་ མ་ཐོབ་པའི་སྔ་རོལ་དུ། ས་དང་པོ་ཐོབ་པར་འགྱུར་བའི་མཚན་མ་ཡོན་ཏན་ལྔ་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །རྣམ་པར་དག་པའི་སྣོད་འགྱུར་ཞིང་། །དེ་ནས་བླ་ན་མེད་པར་འགྱུར། །ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་ལྔ་ཐོབ་ནས་ཀྱང་རྣམ་པར་དག་པ་སྟེ། ས་རབ་ཏུ་དགའ་བ་དང་ཆོས་ཀྱི་སྐུ་ རྫོགས་པ་དང་། དག་པར་འགྱུར་བའི་སྣོད་དང་། གཞི་བླ་ན་མེད་པར་འགྱུར་ཏེ། བླ་ན་མེད་པ་ཞེས་སྨོས་པས་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པའི་སྒོ་ནས་ཞུགས་པ་ནི་མ་ཡིན་གྱི་ས་དང་པོ་ཐོབ་པར་བྱ་བའི་ཕྱིར། ཐེག་པ་ཆེན་པོའི་སྒོ་ནས་ཞུགས་པས་ན་སྣོད་བླ་ན་མེད་པ་ཞེས་བྱའོ། ། གང་ཕྱིར་ལུས་ཀྱི་གནས་ངན་ལེན། །སྐད་ཅིག་རེ་རེར་ཀུན་སྦྱོང་དང་། །ཞེས་བྱ་བ་ལ། ཡོན་ཏན་རྣམ་པ་ལྔ་སྟོན་ཏོ། །ལུས་ཀྱི་གནས་ངན་ལེན་གྱི་སྒྲས་ནི་ལུས་ལས་སུ་མི་རུང་བ་དང་། སེམས་ལས་སུ་མི་རུང་བ་གཉིས་ལ་བྱ་སྟེ། ལུས་ལས་སུ་མི་རུང་བ་ནི་ལུས་ལྕི་བ་དང་། མི་བདེ་བའོ། ། སེམས་ལས་སུ་མི་རུང་བ་ནི་སེམས་མི་བདེ་ཞིང་དགེ་བ་ལ་མི་འཇོག་པའོ། །དཔེར་ན་ཁྲུས་མཁན་གྱིས་ཁྲུས་རྩི་དང་ཆོས་གོས་དང་རས་ལ་སོགས་པའི་དྲི་མ་སྐད་ཅིག་མ་རེ་རེ་ལ་འདག་ཅིང་སྦྱོང་བར་བྱེད་པ་དེ་བཞིན་དུ་དེ་དག་ཀྱང་ཞི་གནས་ཆུ་དང་འདྲ་བས་ལུས་ལས་སུ་མི་རུང་བ་སྐད་ཅིག་མ་རེ་རེ་ ལ་འདག་ཅིང་སྦྱོང་བར་བྱེད་དོ། །འདི་ནི་ཡོན་ཏན་རྣམ་པ་གཅིག་གོ། །ལུས་དང་སེམས་ཀྱིས་ཀུན་དུ་ཡང་། །ཤིན་ཏུ་སྦྱངས་པས་གང་བར་འགྱུར། །ཞེས་བྱ་བ་ལ། ཤིན་ཏུ་སྦྱངས་པའི་སྒྲས་ནི་ལས་སུ་རུང་བ་ལ་བྱ་སྟེ། དོན་དུ་ན་ལུས་ལས་སུ་རུང་བར་བྱ་ཞིང་ལུས་ཀྱི་བདེ་བས་ཀྱང་ལུས་ཀུན་དུ་ཁྱབ་ཅིང་ དང་བར་འགྱུར་བ་དང་། སེམས་ལས་སུ་རུང་ཞིང་སེམས་བདེ་བས་ཀྱང་སེམས་ཀུན་དུ་ཁྱབ་པར་འགྱུར་ཞེས་བྱ་བའི་དོན་ཏོ། །ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་གཉིས་སོ་སོར་ཕྱེ་སྟེ། ཡོན་ཏན་གསུམ་དུ་བཞག་གོ། །དེ་ལ་ལུས་ཀྱི་གནས་ངན་ལེན་སྦྱང་བ་དང་། ལུས་ལས་སུ་རུང་བ་དང་། སེམས་ལས་སུ་རུང་བ་གསུམ་ནི་ཞི་གནས་ཀྱི་ཕྱོགས་སོ། །ཐམས་ཅད་ཆོས་དག་ཤེས་པ་ནི། །ཡོངས་སུ་མ་ཆད་སྣང་བར་རོ། །ཞེས་བྱ་བ་ལ། ཆོས་ཀྱི་སྒྲས་ནི་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱའོ། །དེས་ཁ་ཅིག་ཤེས། ཁ་ཅིག་མི་ཤེས་པ་དང་། བར་འགའ་ཤེས་ པར་འགའ་མི་ཤེས་པ་ནི་མ་ཡིན་གྱི་དུས་ཐམས་ཅད་དུ་ཐམས་ཅད་ཤེས་པ་ནི་ཡོངས་སུ་མ་ཆད་པ་སྣང་བ་ཞེས་བྱ་སྟེ། དེ་ལྟར་ལུས་དང་སེམས་ལས་སུ་རུང་བར་གྱུར་པ་དང་། གསུང་རབ་ཡན་ལག་བཅུ་གཉིས་ནི་ཆོས་ཐམས་ཅད་ལ་ཡོངས་སུ་མ་ཆད་པའི་ཚུལ་དུ་ཤེས་པའི་སྣང་བ་འབྱུང་སྟེ། འདི་ནི་ཡོན་ ཏན་རྣམ་པ་བཞི་པའོ། །རྣམ་པར་དག་པའི་མཚན་མ་ཡང་། །མ་བརྟགས་པར་ནི་རབ་ཏུ་མཐོང་། །ཞེས་བྱ་བ་ལ། རྣམ་པར་དག་པའི་སྒྲས་ནི་ས་དང་པོ་ལ་བྱ་སྟེ། ས་དང་པོ་འཐོབ་པར་འགྱུར་བའི་མཚན་མ་དང་། རྟགས་དག་ཀྱང་མ་བརྟགས་མ་བསམས་པར་རྨི་ལམ་དུ་ལུས་ལས་སྲིན་བུ་འཛག་ པ་དང་། མི་གཙང་བས་ལུས་བསྐུས་པ་ལས་ཁྲུས་བྱེད་པ་ལ་སོགས་པ་ལུས་ཀྱི་སྐྱོན་དང་བྲལ་བ་དག་རྨི་ལམ་དུ་མཐོང་བར་འགྱུར་ཏེ། འདི་ནི་ཡོན་ཏན་ལྔ་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ཡོངས་སུ་མ་ཆད་པའི་སྣང་བ་ཐོབ་པ་དང་། རྣམ་པར་དག་པའི་མཚན་མ་མ་བརྟགས་པར་མཐོང་བ་གཉིས་ནི་ ལྷག་མཐོང་གི་ཕྱོགས་སོ། །རྟག་ཏུ་བློ་ལྡན་བྱེད་པ་ནི། །རབ་ཏུ་རྫོགས་དང་རྣམ་དག་པའི། །མདོར་ན་ཆོས་ཀྱི་སྐུ་ཡི་སྟེ། །རྒྱུ་ནི་དེ་བཞིན་ཡོངས་སུ་འཛིན། །ཞེས་བྱ་བ་ལ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་བློ་དང་ལྡན་པས་རྣམ་པ་ཡོངས་སུ་འཛིན་པར་བྱེད་དེ། གང་ཞེ་ན་ཆོས་ཀྱི་སྐུ་ཡོངས་སུ་ རྫོགས་པའི་སྐུ་རྒྱུ་དང་། རྣམ་པར་དག་པའི་རྒྱུ་སྟེ། རྒྱུ་ནི་དེ་བཞིན་གཤེགས་པ་གྲངས་མེད་པ་ལས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའམ། ཞི་གནས་དང་ལྷག་མཐོང་ནི་ཕྱོགས་ལ་གནས་པ་སྟེ། དེ་བས་ན་རྣམ་པར་དག་པའི་སྣོད་བླ་ན་མེད་པར་འགྱུར་བ་ཞེས་བྱའོ། །འདི་ནི་ཞི་ གནས་དང་ལྷག་མཐོང་གཉི་གའི་ཕྱོགས་སོ། །ས་བཅུའི་དུས་ན་ནི་ཆོས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྐུ་ནི་ས་བཅུ་པར་རྫོགས་པའི་ཕྱིར་རོ། །སངས་རྒྱས་ཀྱི་སའི་དུས་ན་ནི་ཆོས་ཀྱི་སྐུ་རྣམ་པར་དག་པ་ཞེས་བྱ་སྟེ། དར་ལ་ཙམ་གྱིས་ཆོད་པའི་སྒྲིབ་པ་ཡང་ སྤངས་པའི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །དེའི་བར་དུ་ནི་འཇིག་རྟེན་གྱི་ཆོས་དང་ཡོན་ཏན་ཐོབ་པོ་ཞེས་བྱ་བ་ལ། གདམས་པ་བསྟན་པའི་མགོ་ནས་བརྩམས་ཏེ། ཡོན་ཏན་ལྔ་ཐོབ་པ་ཡན་ཆད་ཀྱི་བར་དུ་ནི་མོས་པ་སྤྱོད་པའི་ས་ལ་ཞུགས་པའི་སོ་སོའི་སྐྱེ་བོའི་ཆོས་དང་ཡོན་ཏན་ཇི་ལྟར་བསྟན་པ་ཐོབ་པའོ་ཞེས་བྱ་བའི་ དོན་ཏོ། །དེ་ནས་དེ་ལྟར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཞེས་བྱ་བ་ལ་སོགས་པ་ལ་ད་འདི་མན་ཆད་ནི་ངེས་པར་འབྱེད་པའི་ཕྱོགས་བཞི་ལ་འཇུག་པ་སྟོན་ཏེ། དེ་ནས་ཞེས་བྱ་བ་ནི་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །དེ་འདྲ་བར་གྱུར་པ་ཞེས་བྱ་བ་ནི་བསམ་གཏན་དང་མངོན་པར་ ཤེས་པ་ལ་སོགས་པ་སྦྱང་བར་བྱས་པ་དང་། ཡོན་ཏན་ལྔ་ཐོབ་པ་དང་། བླ་ན་མེད་པའི་སྣོད་དུ་གྱུར་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པར་གྱུར་པའི་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་སེམས་རྩེ་གཅིག་ཏུ་གཞག་པ་དེ་འདི་སྙམ་དུ་ཡིད་ལ་རྟོག་གོ་ཞེས་བྱ་བར་སྦྱར་རོ། །ཡིད་ཀྱི་རྣམ་རྟོག་མ་གཏོགས་ པར། །ཐམས་ཅད་དོན་ནི་མི་མཐོང་ངོ་། །ཞེས་བྱ་བ་ལ། དེ་འདི་སྙམ་དུ་བརྟགས་ཏེ། གཟུགས་ལ་སོགས་པའི་དངོས་པོ་འདི་དག་ཐམས་ཅད་ནི་ཡིད་ཀྱི་རྣམ་པར་རྟོག་པ་ཁོ་ན་ལས་སྣང་བར་ཟད་ཀྱི་ཡིད་ཀྱི་རྣམ་པར་རྟོག་པ་ལས་མ་གཏོགས་པར་སེམས་ལ་སོགས་པ་ལས་ལོགས་ཤིག་ན་ཡོད་པར་མ་ མཐོང་ཞིང་དོན་མེད་དོ་ཞེས་ཁོང་དུ་ཆུད་དེ་འདི་ནི་ཆོས་ལ་སྣང་བ་ཐོབ་པ་ཞེས་བྱ་སྟེ། འདི་ནི་དྲོད་ཀྱི་དུས་སོ། །ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །བརྟན་པའི་བརྩོན་འགྲུས་རྩོམ་པ་སྟེ། །ཞེས་བྱ་བ་ལ། དེ་ལྟར་དྲོད་ཀྱི་དུས་ན་ཆོས་ཀྱི་སྣང་བ་ཐོབ་པ་དེ་ཉིད་ཇེ་ཆེ་ཇེ་ཆེར་འཕེལ་ཞིང་རྒྱས་པར་བྱ་བའི་ཕྱིར། བརྟན་ པ་བྱང་ཆུབ་སེམས་དཔས་བརྩོན་འགྲུས་རྒྱུན་དུ་རྩོམ་ཞེས་བརྩོན་འགྲུས་ཇེ་ཆེ་ཇེ་ཆེར་རྩོམ་པར་བྱེད་དེ། འདི་ནི་སྣང་བ་འཕེལ་བ་ཞེས་བྱ་སྟེ། སྤྱི་བོའི་དུས་སོ། །ཆོས་ཀྱི་སྣང་བ་འཕེལ་ན་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་བྱ་བ་ལ། དེ་ལྟར་བརྩོན་འགྲུས་བརྩམས་ནས་ཆོས་ཀྱི་ སྣང་བ་ཤས་ཆེར་འཕེལ་བར་འགྱུར་ན། དེའི་ཡུལ་དུ་ཕྱིའི་ཡུལ་ལ་སོགས་པར་སྣང་བ་ཀུན་དང་བྲལ་བའི་སེམས་ཙམ་ལ་གནས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་སེམས་ཙམ་ལ་གནས་པར་འགྱུར་ཞེ་ན། དེའི་ཕྱིར། ཐམས་ཅད་དོན་དག་སྣང་བ་ནི། །སེམས་ལ་རབ་ཏུ་སྣང་བ་སྟེ། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ལྟར་ཕྱིའི་ཡུལ་དངོས་པོར་སྣང་ཞིང་དམིགས་པ་འདི་དག་ཐམས་ཅད་སེམས་ཉིད་དེ་ལྟར་སྣང་བར་ཟད་དོ་ཞེས་ཁོང་དུ་ཆུད་ནས་ཕྱིའི་དངོས་པོ་གང་ཡང་མི་སྣང་བ་ལ་གནས་ཏེ། དེ་བས་ན་སེམས་ཙམ་ལ་གནས་པ་ཞེས་བྱའོ། །འདི་དག་བཟུང་བའི་གཡེང་ བ་ནི། །དེ་ཡི་དུས་ན་སྤོང་བར་འགྱུར། །དེ་ནས་ལྷག་མ་མ་ལུས་པའི། །འཛིན་པ་གཡེང་བ་གཅིག་པུའོ། །ཞེས་བྱ་བ་ལ། འདི་དག་གི་སྒྲས་ནི་ཕྱིའི་ཡུལ་དངོས་པོར་སྣང་བ་ལ་བྱ་སྟེ། ཕྱིའི་དངོས་པོར་སྣང་བ་རྣམས་ལ་ཡོད་པར་འཛིན་ཅིང་ཕྱིའི་དངོས་པོ་སེམས་ལ་སྣང་བ་ནི་གཟུང་བའི་ གཡེང་བ་ཞེས་བྱ་སྟེ། གང་གི་ཚེ་དེ་ལ་གནས་ནས་ཡུལ་ལྟ་བུར་སེམས་ལ་སྣང་བ་ཐམས་ཅད་སྤངས་ཏེ། མི་སྣང་བར་གྱུར་པ་དེའི་དུས་ན་གཟུང་བའི་གཡེང་བ་ནི་སྤངས་ནས་གཟུང་བའི་གཡེང་བ་སྤངས་པའི་འོག་ཏུ་ཕྱིན་ན་ཅི་ཞིག་ལུས་ཤེ་ན། འཛིན་པའི་གཡེང་བ་ཕྱིན་ལུས་ཏེ། སེམས་ལ་ ཡོད་པར་འཛིན་པའི་གཡེང་བ་མ་སྤངས་ཞེས་བྱ་བའི་དོན་ཏོ། །དེས་ནི་དེ་ཁོ་ནའི་ཕྱོགས་གཅིག་པའི་ཏིང་ངེ་འཛིན་བསྟན་ཏེ། ཆོས་ཀྱི་སྣང་བ་འཕེལ་ན་ནི། །ཞེས་བྱ་བ་ནས་བརྩམས་ཏེ། འཛིན་པའི་གཡེང་བ་གཅིག་པུའོ། །ཞེས་བྱ་བ་ཡན་ཆད་ཀྱིས་བཟོད་པའི་དུས་བསྟན་ཏོ། །དེ་ཚེ་དེ་མ་ ཐག་པ་ཡི། །ཏིང་འཛིན་མྱུར་དུ་ཐོབ་པར་འགྱུར། །ཞེས་བྱ་བ་ལ། གཟུང་བའི་གཡེང་བ་སྤངས་ན་འཛིན་པའི་གཡེང་བ་མ་སྤངས་པའི་རྣལ་འབྱོར་པ་དེའི་འོག་ཏུ་གཟུང་བ་མེད་ན་དེ་ལ་འཛིན་པའི་སེམས་ཀྱང་ག་ལ་ཡོད་ཅེས་འཛིན་པའི་གཡེང་བ་མྱུར་དུ་སྤོང་བར་བྱེད་དོ། །དེ་སྤངས་པའི་དེ་ མ་ཐག་པའི་ཏིང་ངེ་འཛིན་མྱུར་དུ་ཐོབ་པར་བྱེད་དེ། འདི་ནི་འཇིག་རྟེན་གྱི་ཆོས་མཆོག་གི་དུས་སོ། །དེའི་འོག་ཏུ་ངེས་པར་འབྱེད་པའི་ཕྱོགས། ཞེས་བྱ་བ་ལ། བསམ་གཏན་དང་མངོན་པར་ཤེས་པ་ལས་སུ་རུང་བ་ཐོབ་པ་དང་། ཡོན་ཏན་ལྔ་ཐོབ་པའི་འོག་ཏུ་ངེས་པར་འབྱེད་པའི་ཕྱོགས་བཞི་ལ་ འཇུག་གོ་ཞེས་བྱ་བའི་དོན་ཏོ། །གང་གི་ཚེ་དེ་ལྟ་བུར་གྱུར་པའི་ཞེས་བྱ་བ་ལ། གང་གི་དུས་ན་བསམ་གཏན་པ་རྣལ་འབྱོར་པས་བསམ་གཏན་དང་མངོན་པར་ཤེས་པ་ལ་སོགས་པ་སྦྱང་བ་བྱས་པ་དང་། ཡོན་ཏན་ལྔ་ཐོབ་པར་བྱ་སྟེ། ཡོན་ཏན་དེ་ལྟ་བུ་དང་ལྡན་པར་གྱུར་པ་དེའི་ཚེ་འོག་ནས་འབྱུང་ བ་ལྟ་བུའི་དོན་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་སྤྱིའི་མཚན་ཉིད་གཉིས་ཡིད་ཀྱི་རྟོག་པ་ཙམ་དུ་མཐོང་བ་དེ་ནི་དྲོད་ལ་བབ་སྟེ་ཞེས་བྱ་བ་ལ། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ནི་གཟུགས་ཀྱི་རང་གི་མཚན་ཉིད་ཐོབ་པ་དང་བཅས་པ་དང་། ཚོར་བའི་རང་གི་མཚན་ཉིད་མྱོང་བའི་བདག་ ཉིད་དང་ཞེས་བྱ་བ་ནས། གང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། བལྟར་སྣང་བ་དང་། བལྟར་མི་སྣང་བ་དང་། ཐོགས་པ་དང་བཅས་པ་དང་། ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པའོ། །སྤྱིའི་མཚན་ཉིད་ནི་མི་རྟག་པ་དང་། སྡུག་ བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་སྟེ། དེ་དག་ཐམས་ཅད་ཡིད་ཀྱི་རྟོག་པ་ཙམ་དུ་ཟད་ཀྱི་ཡིད་ཀྱི་རྟོག་པ་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་པར་མཐོང་བ་དེའི་དུས་ན་དྲོད་ཀྱི་གནས་ཐོབ་པ་ཞེས་བྱ་སྟེ། དྲོད་ཅེས་ཀྱང་བྱ། ཆོས་ལ་སྣང་བ་ཐོབ་པ་ཞེས་ཀྱང་བྱ། ཆོས་ལ་རྟོག་པ་བཟོད་ པ་ཞེས་ཀྱང་བྱའོ་ཞེས་བྱ་བའི་དོན་ཏོ། །དྲོད་དང་ཆོས་ལ་སྣང་བ་ཐོབ་པ་དེ་ལ་ཆོས་ལ་རྟོག་པ་བཟོད་པ་ཞེས་བྱ་བར་ཅི་མངོན་ཞེ་ན། དེའི་ཕྱིར། སྣང་བའི་དབང་དུ་བྱས་ནས་ཆུ་ལན་ཚྭ་ཅན་གྱི་སྣང་བའོ་ཞེས་གསུངས་པ་དེ་ནི་ཆོས་ལ་རྟོག་པ་བཟོད་པའི་ཚིག་བླ་དགས་སོ་ཞེས་སྨོས་ཏེ། ཆོས་ལ་སྣང་ བ་ཐོབ་པ་དེ་ལ་ཆོས་ལ་རྟོག་པའི་བཟོད་པ་ཐོབ་པོ་ཞེས་བྱ་བར་མངོན་པ་ནི་གང་བ་ཚྭའི་འབབ་ཆུ་བཤད་པ་ཞེས་བྱ་བའི་མདོ་ལས། ཆུ་བོ་ལན་ཚྭ་ཅན་གྱི་དཔེས་བསྟན་ནས་ཆོས་ལ་སྣང་བ་ཐོབ་པ་དེ་ནི་ཆོས་ལ་རྟོག་པའི་བཟོད་པ་ཐོབ་པའི་ཚིག་བླ་དགས་སོ་ཞེས་གསུངས་སོ། །དེ་ལ་བ་ཚའི་ཆུ་བོ་ནི་ ཁམས་གསུམ་དུ་རྒྱུན་དུ་འཁོར་བ་ལ་བྱའོ། །བ་ཚྭའི་ཆུ་བོའི་ཐ་མ་བ་ཚྭའི་སྐྱེ་བོ་ལ་ཉི་མའི་ཟེར་བབ་ན་དཀར་བ་དང་སྐྱ་བར་སྣང་བ་དེ་བཞིན་དུ། གང་གི་ཚེ་ཆོས་ཐམས་ཅད་སེམས་ལས་སྣང་བར་ཟད་ཀྱི། སེམས་ལས་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ་ཞེས་ཁོང་དུ་ཆུད་པ་དེའི་ཚེ་ཉི་མ་དང་ཟླ་ བའི་འོད་ལྟ་བུར་སྣང་བ་ཞེས་ནི་མི་བྱའོ། །ཆོས་ལ་སྣང་བ་ཐོབ་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དེ་ཆོས་ཀྱི་སྣང་བ་དེ་ཉིད་འཕེལ་བའི་ཕྱིར་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་ཉིད་ཀྱི་རྟོག་པ་ལས་མ་གཏོགས་པར་དོན་གྱི་དངོས་པོ་གཞན་མེད་དོ་ཞེས་ཆོས་ཀྱི་སྣང་བ་ཐོབ་པ་དེ་ཉིད་ཤེས་ ཆེར་སྤེལ་ཞིང་སྣང་བ་ཆེར་བསྐྱེད་པར་བྱ་བའི་ཕྱིར་ཅུང་ཟད་ཀྱང་མི་གནས་མི་འདུག་པར་བརྩོན་འགྲུས་རྩོམ་པར་བྱེད་དོ། །དེ་ནི་རྩེ་མོའི་དུས་སོ་ཞེས་བྱའོ། །ཆོས་ཀྱི་སྣང་བ་འཕེལ་ནས་འདི་དག་ཀུན་སེམས་ཙམ་མོ་ཞེས་རྟོག་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་སེམས་ཙམ་དུ་རྟོགས་ པའི་ཆོས་ཀྱི་སྣང་བ་ཐོབ་ནས་སྣང་བ་དེ་ཉིད་ཤས་ཆེར་འཕེལ་བའི་བརྩོན་འགྲུས་བརྩམས་པ་ལས་སེམས་ཙམ་དུ་རྟོག་པའི་སྣང་བ་ཤས་ཆེར་འཕེལ་བའི་འོག་ཏུ་ཕྱིའི་གཟུང་བ་སྣང་བའི་གཟུང་བ་ཐམས་ཅད་དང་བྲལ་ནས་སེམས་ཙམ་དུ་རྟོག་ཤིང་སེམས་ལ་གནས་པར་འགྱུར་ཏེ། གང་གི་ཚེ་ བཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་གཡེང་བ་ཙམ་ལ་གནས་པ་ཐོབ་པའི་ཚེ་བཟོད་པ་ཐོབ་པའི་དུས་ཞེས་བྱའོ། །དེའི་ཚེ་མྱུར་དུ་དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རེག་པར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ལ་དེ་ལྟར་སེམས་ཙམ་ལ་གནས་ཏེ་གཟུང་བའི་གཡེང་བ་སྤངས་ནས་འཛིན་པའི་ གཡེང་བ་ཙམ་ལ་གནས་པ་དེ་ཡང་འདི་སྙམ་དུ་རྟོག་སྟེ། དེ་ལྟར་གཟུང་བ་མེད་ན་འཛིན་པ་ཡང་ཡོད་པར་མི་རིགས་སོ་ཞེས་འཛིན་པའི་གཡེང་བ་ལ་མངོན་པར་ཆགས་པ་ཡང་དེ་མ་ཐག་ཏུ་སྤངས་ནས། དེ་མ་ཐག་པའི་ཏིང་ངེ་འཛིན་ལ་རིག་པར་བྱེད་དེ། །དེ་འཇིག་རྟེན་ཆོས་མཆོག་གི་ དུས་སོ། །ཅིའི་ཕྱིར་ཞེ་ན། དེ་མ་ཐག་པ་ཞེས་བརྗོད་ཅེ་ན། གང་ཕྱིར་འཛིན་པའི་གཡེང་བ་ནི། །དེ་མ་ཐག་ཏུ་སྤོང་བས་སོ། །ཞེས་བྱ་བ་ལ། ཅིའི་ཕྱིར་འཇིག་རྟེན་གྱི་ཆོས་མཆོག་ལ་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱ་ཞེ་ན། གང་གི་ཕྱིར་རྣལ་འབྱོར་པས་གཟུང་བའི་གཡེང་བ་སྤངས་པ་དང་། དེ་མ་ ཐག་ཏུ་འཛིན་པའི་གཡེང་བ་ཡང་སྤོང་བར་བྱེད་ཅིང་དེ་མ་ཐག་པའི་ས་དང་པོར་འཇུག་པར་བྱེད་པས་ན། དེའི་ཕྱིར་དེ་མ་ཐག་པའི་ཏིང་ངེ་འཛིན་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །དྲོད་ལ་སོགས་པ་ཞེས་བྱ་བ་ལ། གང་ཕྱིར་དེ་དག་རིམ་བཞིན་ནོ། །ཞེས་བྱ་བ་ལ། དྲོད་ལ་སོགས་པ་ངེས་པར་འབྱེད་ པའི་ཕྱོགས་བཞིའི་རིམ་པ་ཡང་འདི་ལྟར་ཤེས་པར་བྱ་སྟེ། དང་པོ་དྲོད་དོ། །དེ་ནས་སྤྱི་བོའོ། །དེ་ནས་བཟོད་པའོ། །དེ་ནས་འཇིག་རྟེན་ཆོས་མཆོག་སྟེ། རིམ་པ་དེ་ལྟར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འདི་མན་ཆད་མཐོང་བའི་ལམ་སྟོན་ཏོ། །དེའི་ཕྱིར། འཛིན་པ་གཉིས་ལས་རྣམ་ གྲོལ་བའི། །འཇིག་རྟེན་འདས་པ་བླ་ན་མེད། །དྲི་མ་བྲལ་བ་རྣམ་མི་རྟོག །ཡེ་ཤེས་དེ་ནས་དེ་ཐོབ་པོ། །ཞེས་སྨོས་ཏེ། དེ་ནས་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་ས་འཇིག་རྟེན་གྱི་ཆོས་མཆོག་གི་འོག་ཏུ་བྱང་ཆུབ་སེམས་དཔའ་དེས་ཡེ་ཤེས་ཐོབ་པོ་ཞེས་བྱ་བར་སྦྱར་ཏེ། ཡེ་ཤེས་དེ་ཡང་ཅི་འདྲ་བ་ཞིག་ཅེ་ན། འཛིན་པ་གཉིས་ལས་རྣམ་པར་གྲོལ་བ། འཇིག་རྟེན་ལས་འདས་པ་བླ་ན་མེད་པ་དྲི་མ་དང་བྲལ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཟུང་པ་དང་འཛིན་པ་གཉིས་སྤངས་པས་ན་འཛིན་པ་གཉིས་ལས་རྣམ་པར་གྲོལ་བའོ། །ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་ཅིང་ འཇིག་རྟེན་པའི་སྤྱོད་ཡུལ་དུ་མ་གྱུར་པས་ན་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །ཡེ་ཤེས་དེ་ལས་ཁྱད་ཞུགས་པའི་ཡེ་ཤེས་དེ་ལས་གཞན་མེད་དེ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡེ་ཤེས་ལས་འཕགས་པས་ན་བླ་ན་མེད་པ་ཞེས་བྱའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་དང་བྲལ་བས་ ན་དྲི་མ་དང་བྲལ་བ་ཞེས་བྱའོ། །གཟུང་བར་རྟོག་པ་དང་འཛིན་པར་རྟོག་པ་དང་བྲལ་བས་ན་རྣམ་པར་མི་རྟོག་པ་ཞེས་བྱའོ། །དེ་བས་ན་དྲི་མ་མེད་པས་དྲི་མ་དང་བྲལ་བས་གསུངས་སོ། །ཞེས་བྱ་བ་ལ། དེ་ལྟར་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་དབང་དུ་བྱས་ནས་མདོ་ལས་ཀྱང་། རྡུལ་མེད་ཅིང་ རྡུལ་དང་བྲལ་བས་ཆོས་ལ་ཆོས་ཀྱི་མིག་རྣམ་པར་དག་པའོ་ཞེས་གསུངས་ཏེ། གཟུང་བ་དང་འཛིན་པའི་རྡུལ་སྤངས་པས་ན་རྡུལ་མེད་པའོ། །མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པའི་དྲི་མ་སྤངས་པས་ན་རྡུལ་དང་བྲལ་བ་ཞེས་བྱའོ། །ཡང་ན་བཟོད་པའི་དུས་ན་རྡུལ་མེད་པ། ཞེས་བྱ་སྟེ། བཟོད་ པས་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་རོ། །ཡེ་ཤེས་ཀྱི་དུས་ན་ནི་དྲི་མ་མེད་པ་ཞེས་བྱ་སྟེ། རྣམ་པར་གྲོལ་བའི་རང་བཞིན་དུ་སྐྱེས་པའི་ཕྱིར་རོ། །དེ་ནི་དེ་ཡི་གནས་འཕོས་ལ། །ས་ཡི་དང་པོ་ཡིན་པར་འདོད། །ཅེས་བྱ་བ་ལ། ས་དང་པོ་ཐོབ་ནས་མཐོང་བའི་ལམ་སྐྱེས་པས་ན། བྱང་ ཆུབ་སེམས་དཔའ་དེས་གཟུང་བ་དང་། འཛིན་པ་སྤངས་ཤིང་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པ་དེ་ནི་བྱང་ཆུབ་སེམས་དཔའ་དེའི་ཀུན་གཞི་གནས་འཕོས་པ་ཞེས་བྱ་སྟེ། ཀུན་གཞི་གནས་འཕོས་པ་ཉིད་ལས་ས་དང་པོ་ཞེས་བྱ་བ་ཡང་དེ་ཉིད་ལ་བྱ་བར་འདོད་དོ། །ཀུན་གཞི་གནས་ འཕོས་པ་དེ་དུས་ཇི་སྲིད་ཅིག་གིས་འཐོབ་ཅེ་ན། དེའི་ཕྱིར། དེ་ནི་བསྐལ་པ་དཔག་མེད་པས། །ཤིན་དུ་རྣམ་པར་དག་པར་འགྱུར། །ཞེས་སྨོས་ཏེ། དེ་ནི་ཞེས་བྱ་བ་ནི་ཀུན་གཞི་གནས་འཕོས་པ། ས་དང་པོའི་མཚན་ཉིད་དེ་ནི་བསྐལ་པ་གྲངས་མེད་པ་གསུམ་ལས་བསྐལ་པ་གྲངས་མེད་པ་གཅིག་ གི་བར་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་སྤྱད་པས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ས་དང་པོ་རབ་ཏུ་དགའ་བ་འཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་ལ་མཉམ་པ་ཉིད། །དེ་ཚེ་རབ་ཏུ་རྟོགས་ནས་ཀྱང་། །ཞེས་བྱ་བ་ལ། གཞན་ཡང་ས་དང་པོ་ཐོབ་པའི་བྱང་ ཆུབ་སེམས་དཔའ་དེས། སོ་སོའི་སྐྱེ་བོའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་དང་། འཕགས་པ་རྣམས་ཀྱི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་སུ་ཐ་དད་པ་མེད་ཅིང་རོ་གཅིག་པའི་དེ་བཞིན་ཉིད་དེའི་ཚེ་རྟོགས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དབྱིངས་མཉམ་པ་ཉིད་རྟོགས་པས་མཉམ་པ་ཉིད་རྣམ་པ་ལྔ་ ཡང་རྟོགས་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ཚེ་སེམས་ཅན་ཐམས་ཅད་ལ། །བདག་དང་མཚུངས་པའི་སེམས་ཐོབ་པོ། །ཞེས་བྱ་བ་ལ། ས་དང་པོའི་ཚེ་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པས་ན། སེམས་ཅན་ཐམས་ཅད་དང་བདག་ཏུ་མཚུངས་པའི་སེམས་ཀྱང་ཐོབ་སྟེ། བདག་གང་ཡིན་ པ་སེམས་ཅན་ཡང་དེ་ཡིན་ལ་སེམས་ཅན་གང་ཡིན་པ་བདག་ཀྱང་དེ་ཡིན་ནོ་ཞེས་རྟོགས་པའི་སེམས་ཐོབ་པོ། །མཉམ་པ་རྣམ་པ་ལྔ་གང་ཞེ་ན། དེའི་ཕྱིར། བདག་ཆེད་དང་ནི་སྡུག་བསྔལ་དོན། །བྱ་བ་དང་ནི་རེ་བ་མེད། །སེམས་ཅན་ལ་སྟེ་དེ་ལྟར་རྒྱལ་བའི་སྲས། །གཞན་དག་དང་ནི་སེམས་ མཉམ་པའོ། །ཞེས་སྨོས་ཏེ། མཉམ་པ་རྣམ་པ་ལྔ་ནི། བདག་མེད་པ་མཉམ་པ་དང་། སྡུག་བསྔལ་མཉམ་པ་དང་། དོན་བྱ་བ་མཉམ་པ་དང་། སེམས་ཅན་ལ་ལན་རེ་བ་མེད་པ་མཉམ་པ་དང་། རྒྱལ་བའི་སྲས་གཞན་དང་སེམས་མཉམ་པའོ། །བདག་མེད་པའི་ཆོས་མཚུངས་པ་རྟོགས་པས་ན་ བདག་དང་སེམས་ཅན་མཉམ་པའི་སེམས་རྟག་ཏུ་ཐོབ་པ་ནི་མཉམ་པ་རྣམ་པ་ལྔ་སྟེ་ཞེས་བྱ་བ་ལ། བདག་མེད་པ་ཞེས་བྱ་བ་ནི་གང་ཟག་དང་ཆོས་ཀྱི་རང་བཞིན་མེད་པ་ཆོས་ཀྱི་དབྱིངས་ལ་བྱ་སྟེ། ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་པས་ཆོས་མཚུངས་པར་རྟོགས་ཏེ། ས་དང་པོར་ཆོས་ཀྱི་དབྱིངས་ རྟོགས་ནས། མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པར་འགྱུར་རོ། །མཉམ་པ་རྣམ་པ་ལྔ་ཐོབ་པ་རྟོགས་པ་དང་། དེའི་ཚེ་བདག་དང་སེམས་ཅན་དུ་སེམས་མཉམ་པ་ཡང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །བདག་དང་ཕ་རོལ་ལ་བདག་མེད་པ་དང་། བདག་དང་གཞན་གྱི་རྒྱུད་ལ་བདག་མེད་པ་ཞེས་བྱ་བ་ལ། ཇི་ལྟར་བདག་གི་ཉེ་བར་ལེན་པའི་ཕུང་པོ་ལ་བདག་མེད་པ་ལྟར་སེམས་ཅན་གྱི་ཉེ་བར་ལེན་པའི་ཕུང་པོ་ལ་ཡང་བདག་མེད་དེ། བདག་མེད་པར་ཁྱད་པར་མེད་པས་ན་བདག་མེད་པའི་མཚན་ཉིད་དུ་འདྲའོ་ཞེས་རྟོགས་པ་ནི་བདག་མེད་པ་མཉམ་པ་ཉིད་རྟོགས་པ་ཞེས་བྱའོ། །སྡུག་བསྔལ་ལ་ཁྱད་པར་མེད་པར་ རྟོགས་པའི་ཕྱིར། སྡུག་བསྔལ་ལ་མཉམ་པ་ཉིད་དང་། ཞེས་བྱ་བ་ལ། ཇི་ལྟར་མིག་གི་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལྟར་སེམས་ཅན་གཞན་གྱི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་སྡུག་བསྔལ་གྱི་རང་བཞིན་ཡིན་པ་སྟེ། སྡུག་བསྔལ་གྱི་རང་བཞིན་དུ་ཁྱད་པར་ མེད་དོ་ཞེས་རྟོགས་པས་ན་སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་ཞེས་བྱ་སྟེ། བདག་མེད་པ་མཉམ་པ་ཉིད་རྟོགས་པ་དང་། སྡུག་བསྔལ་མཉམ་པ་ཉིད་རྟོགས་པ་གཉིས་ཀྱིས་ནི་སྡུག་བསྔལ་གྱི་བདེན་པ་རྟོགས་པ་བསྟན་ཏོ། །དེ་ལ་སྡུག་བསྔལ་གྱི་བདེན་པ་ནི་མི་རྟག་པ་དང་། སྡུག་བསྔལ་བ་ བ་དང་། སྟོང་པ་དང་། བདག་མེད་པའི་རྣམ་པ་སྟེ། རྣམ་པ་བཞི་ལྟར་རྟོགས་ན་སྡུག་བསྔལ་གྱི་བདེན་པ་རྟོགས་པ་ཡིན་ན་རྣམ་པ་གཉིས་ལྟར་རྟོགས་པས་ཇི་ལྟར་སྡུག་བསྔལ་གྱི་བདེན་པ་རྟོགས་པར་འགྱུར་ཞེ་ན། འདི་ལྟར་གང་མི་རྟག་པ་དེ་སྡུག་བསྔལ་ཡིན་པས་སྡུག་བསྔལ་བའི་ནང་དུ་ མི་རྟག་པའི་རྣམ་པ་བསྡུས་པ་ཡིན་པར་བལྟའོ། །གང་བདག་མེད་པ་དེ་སྟོང་པ་ཡིན་པས་བདག་མེད་པའི་རྣམ་པའི་ནང་དུ་སྟོང་པའི་རྣམ་པ་ཡང་བསྡུས་པར་བལྟ་སྟེ། དེ་ལྟར་ན་བདེན་པའི་རྣམ་པ་བཞི་ཆར་རྟོགས་པར་ཞར་གྱིས་བསྟན་ཏོ། །བདག་དང་ཕ་རོལ་གྱི་སྡུག་བསྔལ་མཉམ་པར་ འདོད་པ་མཚུངས་པའི་ཕྱིར་བྱེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བདག་གི་སྡུག་བསྔལ་གྱི་ཕུང་པོ་དང་། སྡུག་བསྔལ་བསྐྱེད་པའི་རྒྱུ་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པར་འདོད་ཅིང་། བྱེད་པ་དེ་བཞིན་དུ་སེམས་ཅན་གྱི་སྡུག་བསྔལ་གྱི་ཕུང་པོ་དང་། དེ་སྐྱེད་པར་བྱེད་པའི་རྒྱུ་ཀུན་འབྱུང་གི་ བདེན་པ་ཡང་སྤོང་བར་བྱེད་ཅིང་འདོད་དེ། དེ་བས་ན་བྱེད་པ་མཉམ་པ་ཞེས་བྱ་སྟེ། འདིས་ནི་ཀུན་འབྱུང་གི་བདེན་པ་སྤོང་བར་བྱེད་པ་བསྟན་ཏོ། །བདག་ལ་ཇི་ལྟ་བ་བཞིན་དུ། གཞན་ལ་ལན་མི་རེ་བའི་ཕྱིར་ལན་རེ་བ་མེད་པ་མཉམ་པ་དང་ཞེས་བྱ་བ་ལ། ཇི་ལྟར་བྱང་ཆུབ་སེམས་དཔའ་ བདག་ཉིད་ཀྱིས་ལམ་གྱི་བདེན་པ་དང་། འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དམ་པས་ཕན་བཏགས་ཀྱང་བདག་ལ་ཕན་བཏགས་པའི་ལན་རེ་བ་མེད་པ་བཞིན་དུ་སེམས་ཅན་གཞན་ལམ་གྱི་བདེན་པ་དང་འགོག་པའི་བདེན་པ་ལ་བཀོད་དེ། ཕན་པ་དམ་པས་ཕན་བཏགས་ཀྱང་ཕན་བཏགས་སོ་ སྙམ་དུ་མི་དགོངས་ཤིང་ཕན་བཏགས་པའི་ལན་ལ་མི་རེ་བ་སྟེ། དེ་བས་ན་ལན་རེ་བ་མེད་པ་མཉམ་པ་ཞེས་བྱའོ། །འདིས་ནི་ལམ་གྱི་བདེན་པ་བསྒོམ་པ་དང་འགོག་པའི་བདེན་པ་མངོན་དུ་བྱེད་པ་བསྟན་ཏོ། །ཇི་ལྟར་དེ་དག་གིས་མངོན་པར་རྟོགས་པ་དེ་བཞིན་དུ་མངོན་པར་རྟོགས་ པས་གཞན་དང་མཉམ་པའོ་ཞེས་བྱ་བ་ལ། ཇི་ལྟར་ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཆོས་ཀྱི་དབྱིངས་རྟོགས་ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་པ་དེ་བཞིན་དུ་ས་དང་པོར་ཞུགས་པ་བྱང་ཆུབ་སེམས་དཔའ་དེས་ཀྱང་། ཆོས་ཀྱི་དབྱིངས་རྟོགས་ ཤིང་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་རྟོགས་ཏེ། ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་གཞན་དང་རྟོགས་པ་འདྲ་བས་ན་བྱང་ཆུབ་སེམས་དཔའ་གཞན་དང་མཉམ་པ་ཞེས་བྱའོ། །དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཞེས་བྱ་བ་ ལ། དེས་ཞེས་བྱ་བ་ནི་ས་དང་པོ་ཐོབ་ཅིང་མཉམ་པ་ཉིད་རྣམ་པ་ལྔ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཞེས་བྱ་བའི་དོན་ཏོ། །ཁམས་གསུམ་གྱི་འདུས་བྱས་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ཕུང་པོ་ལྔ་དང་གཟུགས་ཀྱི་ཁམས་ཀྱི་ཕུང་པོ་ལྔ་དང་། གཟུགས་མེད་པའི་ཁམས་ཀྱི་ཕུང་པོ་བཞི་ལ་སོགས་པ་ ཁམས་གསུམ་པའི་ཆོས་ཐམས་ཅད་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ཙམ་དུ་མཐོང་སྟེ། སེམས་ལས་བྱུང་བ་ཟད་པ་ཙམ་དུ་མཐོང་གི། སེམས་དང་སེམས་ལས་བྱུང་བ་ལས་མ་གཏོགས་པའི་ཆོས་གང་ཡང་ཡོད་པ་མ་ཡིན་པར་མཐོང་སྟེ། དེ་བས་ན་ས་བཅུའི་མདོ་ ལས་ཀྱང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་འདི་དག་ནི་སེམས་ཙམ་མོ་ཞེས་གསུངས་སོ། །སེམས་ཙམ་དུ་ཡེ་ཤེས་གང་གིས་མཐོང་ཞེ་ན་དེའི་ཕྱིར། ཡེ་ཤེས་རབ་ཏུ་རྣམ་དག་པ། །མི་གཉིས་དོན་གྱིས་མཐོང་བར་འགྱུར། །ཞེས་སྨོས་ཏེ། འདུས་བྱས་སེམས་ཙམ་དུ་ཡང་རྣམ་པར་ མི་རྟོག་པའི་ཡེ་ཤེས་ཤིན་ཏུ་རྣམ་པར་དག་པ་མི་གཉིས་པས་མཐོང་ངོ་། །དེ་ལ་ཡེ་ཤེས་དེ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ཡིན་པས་ན། ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། །ཡེ་ཤེས་དེས་གཟུང་བ་དང་འཛིན་པ་མེད་པའི་དོན་མཐོང་ཞིང་གཟུང་འཛིན་གཉིས་ཡེ་ཤེས་དེ་ལ་མེད་པས་ན་ མི་གཉིས་པའི་དོན་ཞེས་བྱའོ། །དོན་དུ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ནམ་མཁའི་ངོས་བཞིན་དུ་མཐོང་ངོ་། །དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ནི་ཁམས་གསུམ་པའི་འདུས་བྱས་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་ཙམ་དུ་ཟད་པར་མཐོང་ངོ་། ། དེ་མེད་པ་ཡི་ཡོད་པ་དེ། །མཐོང་བའི་སྤངས་པས་རྣམ་པར་དག །ཅེས་བྱ་བ་ལ། དེ་མེད་པ་ནི་གཟུང་བ་དང་འཛིན་པ་གཉིས་མེད་པའོ། །ཡོད་པ་ནི་གཟུང་འཛིན་སྤངས་པའི་སྟོང་པ་ཉིད་ཕྱི་ནས་ཡོད་པ་སྟེ། ས་དང་པོ་མཐོང་བའི་ལམ་སྐྱེས་པའི་དུས་ན་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བའི་སྟོང་ པ་ཡོངས་སུ་གྲུབ་པའི་མཚན་ཉིད་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། རྣམ་པར་དག་པ་ཡིན་པར་དེའི་ཚེ་ན་མཐོང་ངོ་ཞེས་བྱ་བའི་དོན་ཏོ། །དེས་ནི་མཐོང་བའི་ལམ་ཐོབ་ཅེས། །གང་ཕྱིར་དེ་ཚེ་བརྗོད་པའོ། །ཞེས་བྱ་བ་ལ། གང་གི་ཚེ་གཟུང་འཛིན་དང་བྲལ་བའི་སྟོང་པ་ཉིད་མཐོང་བས་ སྤང་བར་བྱ་བའི་ཉོན་མོངས་པ་སྤངས་པར་མཐོང་བ་དེའི་ཚེ་མཐོང་བའི་ལམ་ཐོབ་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་ས་དང་པོ་ཐོབ་པའི་ཚེ་སྟོང་པ་ཤེས་པ་བརྗོད་དེ། ཅིའི་ཕྱིར་ཞེ་ན། སྟོང་པ་རྣམ་གསུམ་ཤེས་པའི་ཕྱིར་ཏེ། དེ་བསྟན་པའི་ཕྱིར་སྨྲས་པ། དངོས་པོ་མེད་པའི་སྟོང་པ་ཤེས། །ཞེས་བྱ་བ་ལ་ སོགས་པ་སྨོས་སོ། །དེ་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་ཀུན་བརྟགས་ཀྱི་མཚན་ཉིད་འདི་དག་ནི་ཇི་ལྟར་བྱིས་པ་རྣམས་ཀྱིས་སའི་མཚན་ཉིད་སྲ་བ་ལ་སོགས་པར་བརྟགས་པ་དེ་ལྟར་མེད་ཅིང་སྟོང་པར་ཤེས་ཏེ། །དེ་བས་ན་དངོས་པོ་མེད་པའི་སྟོང་པ་ཤེས་པ་ཞེས་བྱའོ། །དེ་ལྟར་མེད་པའི་སྟོང་པ་དང་། །ཞེས་བྱ་བ་ ལ། ཤེས་ཞེས་བྱ་བར་སྦྱར་ཏེ། གཞན་གྱི་དབང་གི་མཚན་ཉིད་ནི་ཇི་ལྟར་སོ་སོའི་སྐྱེ་བོ་བྱིས་པ་རྣམས་ཀྱིས་གཟུང་བའི་མཚན་ཉིད་ཇི་ལྟར་བརྟགས་པ་དེ་ལྟར་ནི་མེད་ཀྱི། གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་དོ་ཞེས་བཤད་དེ། དེ་བས་ན་དེ་ལྟར་མེད་པའི་སྟོང་པ་ཞེས་བྱའོ། །རང་བཞིན་སྟོང་པ་ཤེས་ ནས་ནི། །ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་ནམ་མཁའི་ངོས་བཞིན་དུ་གཟུང་བ་དང་འཛིན་པའི་རང་བཞིན་གྱིས་སྟོང་པ་ཡིན་ཏེ། ཡོངས་སུ་གྲུབ་པའི་རང་བཞིན་ཐོག་མ་ནས་སྟོང་པར་ཤེས་པ་ནི་རང་བཞིན་སྟོང་པར་ཤེས་པ་ཞེས་བྱའོ། །སྟོང་པ་ཤེས་པ་བརྗོད་པའོ་ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ས་དང་པོའི་ཚེ་སྟོང་པ་རྣམ་པ་གསུམ་ཤེས་པས་ན་སྟོང་པ་ཤེས་པ་ཞེས་བརྗོད་དོ་ཞེས་བྱ་བའི་དོན་ཏོ། །རང་གི་མཚན་ཉིད་ཀྱིས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ལ། ཇི་ལྟར་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་ལ་རང་གི་མཚན་ཉིད་མེད་པ་དེ་ལྟར་བྱིས་པ་དེ་ཁོ་ན་མ་མཐོང་བ་ ཕྱིན་ཅི་ལོག་གི་བློ་ཅན་རྣམས་ཀྱིས་སའི་མཚན་ཉིད་སྲ་བ་ལ་སོགས་པར་ཀུན་བརྟགས་པ་དང་། གཟུང་བ་དང་འཛིན་པ་ལྟ་བུར་བརྟགས་པ་དེ་དག་མཚན་ཉིད་མེད་པའི་ཕྱིར། ཀུན་བརྟགས་ཀྱི་རང་བཞིན་སྟོང་པར་ཤེས་པ་ནི་ངོ་བོ་མེད་པའི་ངོ་བོ་སྟོང་པ་ཤེས་པའོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་མེད་པའི་སྟོང་པ་ ནི་གཞན་གྱི་དབང་གིས་སྟོང་པ་སྟེ་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་མེད་པའི་སྟོང་པ་ནི་གཞན་གྱི་དབང་གིས་སྟོང་པ་ལ་བྱ་སྟེ། དཔེར་ན་སྒྱུ་མའི་རྟ་དང་གླང་པོ་ལ་སོགས་པ་རྟ་དང་གླང་པོའི་རང་བཞིན་དུ་མེད་པས་སྟོང་ཡང་། རྡོ་བ་དང་ཤིང་གི་ངོ་བོར་ཡོད་པ་བཞིན་དུ་གཞན་གྱི་དབང་གི་རང་བཞིན་ལ་ཇི་ལྟར་ བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་གཟུང་བ་དང་འཛིན་པའི་མཚན་ཉིད་དུ་བརྟགས་པ་ལྟར་མེད་ཀྱི་གཞན་དབང་རང་གི་མཚན་ཉིད་དུ་ཡོད་པ་སྟེ། དེ་ལྟར་ཤེས་པ་ནི་དེ་ལྟར་སྟོང་པ་མེད་པའི་ཤེས་པ་ཞེས་བྱའོ། །སྟོང་པའི་རང་བཞིན་གྱིས་ཕྱིར་ཡོངས་སུ་རྫོགས་པའི་ངོ་བོ་ཉིད་ནི་རང་བཞིན་གྱིས་སྟོང་པའོ་ ཞེས་བྱ་བ་ལ། ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཐོག་མ་ནས་ཀྱང་གཟུང་འཛིན་གྱི་དྲི་མ་དང་བྲལ་ཞིང་རང་བཞིན་གྱིས་སྟོང་པ་ཡིན་ཏེ། དེ་ལ་སྟོང་པ་ཉིད་ཀྱི་རང་བཞིན་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དེ། དེ་ཡང་ཀུན་དུ་བརྟགས་པའི་རང་བཞིན་དང་བྲལ་བའི་ངོ་བོ་ཡིན་པས་གཉིས་དང་བྲལ་བའི་རང་ བཞིན་སྟོང་པ་ཉིད་དེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བ་བསྟན་དུ་མེད་པ་བསམ་གྱིས་མི་ཁྱབ་པ། རྟོག་གེ་པའི་སྤྱོད་ཡུལ་ལས་འདས་པའི་རང་བཞིན་ཏེ། དེ་ལྟར་ཁོང་དུ་ཆུད་པ་ནི་རང་བཞིན་གྱིས་སྟོང་པར་ཤེས་པ་ཞེས་བྱའོ། །དེ་བས་ན་ཐེག་པ་ཆེན་པོ་བསྡུས་ པའི་བསྟན་བཅོས་ལས་ཀྱང་། ཆོས་ཀྱི་སྐུ་ནི་བསམ་གྱིས་མི་ཁྱབ་པའི་མཚན་ཉིད་དེ། དེ་ཡང་རང་བཞིན་ཉིད་ཀྱི་མཚན་ཉིད་དོ། །དེ་བཞིན་ཉིད་དེ་ནི་སོ་སོ་རང་གིས་རིག་པ་དང་། འཇིག་རྟེན་ན་དཔེ་མེད་པ་དང་། རྟོག་གེའི་སྤྱོད་ཡུལ་ལས་འདས་ནས་བསམ་གྱིས་མི་ཁྱབ་པར་རིག་པར་བྱའོ་ཞེས་བཤད་དོ། །གཞན་ ཡང་འཕགས་པ་དཀོན་མཆོག་སྤྲིན་ལ་སོགས་པའི་མདོ་སྡེ་ལས་དོན་དམ་པའི་བསྟན་པའི་དབང་དུ་མཛད་ནས་བཤད་པའི་ཚུལ་བཞིན་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ལྟར་ཁོང་དུ་ཆུད་པར་བྱའོ། །རྣམ་པར་རྟོག་པ་ཟད་པ་ཡི། །དངོས་པོ་མཚན་མ་མེད་པས་ཤེས། །ཞེས་བྱ་བ་ལ། གཞན་ཡང་ས་དང་ པོའི་ཚེ། འདི་ལྟར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་རྣམ་པར་རྟོག་པ་ནི་ཡོད་པ་དང་མེད་པ་དང་། གཟུགས་དང་། སྒྲ་ལ་སོགས་པའི་རྣམ་པར་རྟོག་པ་ནས་མྱ་ངན་ལས་འདས་པའི་བར་དུ་རྣམ་པར་རྟོག་པ་སྟེ། རྣམ་པར་རྟོག་པ་ཐམས་ཅད་ཟད་པའི་རྣམ་པར་རྟོག་པ་ཀུན་དང་བྲལ་བའི་དེ་བཞིན་ཉིད་ འགོག་པའི་བདེན་པ་ལ་བྱ། དངོས་པོའི་སྒྲས་ནི་དམིགས་པར་བྱ་བའི་ཡུལ་ལ་བྱ་སྟེ། དེ་བཞིན་ཉིད་འགོག་པའི་བདེན་པ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་དེ་ཤེས་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེའང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ནི་སྟོང་པ་ཉིད་འགོག་པའི་བདེན་པ་སྟེ་ གཟུགས་དང་སྒྲ་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བར་ཤེས་སོ། །དེ་བས་ན་མངོན་པའི་ཆོས་བསྡུས་པའི་བསྟན་བཅོས་ལས་ཀྱང་། འགོག་པའི་བདེན་པའི་མཚན་ཉིད་ཇི་ལྟར་ཤེས་པར་བྱ་ཞེ་ན། དེ་ནི་གང་དུ་འགགས་པ་དང་། གང་གིས་འགགས་པ་དང་། ཇི་ལྟར་འགགས་པ་ཤེས་པར་བྱ་སྟེ། གང་དུ་འགགས་ཤེ་ན་དེ་བཞིན་དུ་འགགས་སོ། །གང་གིས་འགགས་ཤེ་ན་ལམ་གྱི་བདེན་པས་འགགས་སོ། །གང་འགགས་ཤེ་ན་རྣམ་པར་རྟོག་པ་ལ་སོགས་པའི་ཉོན་མོངས་པ་འགགས་སོ་ཞེས་བཤད་དོ། །ཡང་དག་མ་ཡིན་ཀུན་རྟོག་པ། །དེ་ནི་སྨོན་པ་མེད་པས་སོ། །ཞེས་བྱ་བ་ལ། ཡང་དག་མ་ཡིན་ཀུན་རྟོག་ ནི། །གཞན་གྱི་དབང་གི་མཚན་ཉིད་ནི། །དེ་ལ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་དམིགས་ཤིང་ཤེས་སོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་དམིགས་ཤེ་ན། གཞན་གྱི་དབང་གི་མཚན་ཉིད་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ས་བོན་གྱི་རྟེན་དུ་གྱུར་པ། སྐྱེ་བ་དང་རྒ་བ་ལ་སོགས་པ་སྡུག་བསྔལ་སྣ་ཚོགས་ ཀྱི་རྒྱུ་ཡིན་པས་སྨོན་པར་བྱ་བའི་གནས་མ་ཡིན་ནོ་ཞེས་དེ་ལྟར་དམིགས་སོ། །རྒྱལ་བའི་སྲས་ཀྱིས་སྣ་ཚོགས་པའི། །བྱང་ཆུབ་ཕྱོགས་ནི་ཐམས་ཅད་དག །མཐོང་བའི་ལམ་དང་ལྷན་ཅིག་ཏུ། །རྟག་ཏུ་ཐོབ་པར་དགོངས་པའོ། །ཞེས་བྱ་བ་ལ། གང་གི་ཚེ་ས་དང་པོ་ཐོབ་ནས། བཟོད་པ་བརྒྱད་དང་ཡེ་ ཤེས་བརྒྱད་དེ། མཐོང་བའི་ལམ་གྱི་མཚན་ཉིད་སྐད་ཅིག་མ་བཅུ་དྲུག་སྐྱེས་པས་ན་དེ་ལྟར་ལྷན་ཅིག་དུས་གཅིག་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་སུམ་ཅུ་རྩ་བདུན་གྱི་ཆོས་རྣམ་པ་སྣ་ཚོགས་ཀྱང་དུས་གཅིག་ཏུ་མཐོང་བར་དགོངས་ཏེ། དུས་གཅིག་ཏུ་ཐོབ་པར་ཤེས་ པར་བྱའོ་ཞེས་པའི་དོན་ཏོ། །ད་འདི་མན་ཆད་ཚིགས་སུ་བཅད་པ་ལྔས་ས་དང་པོ་མཐོང་བའི་ལམ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདག་ཉིད་ཆེན་པོ་དང་། ངོ་མཚར་ཆེན་པོ་སྟོན་ཏེ་དེ་བས་ན། བདག་མེད་སྡུག་བསྔལ་སྐྱེ་བ་ཙམ་དུ་ཡང་། །འགྲོ་བ་འདུས་བྱས་ཙམ་དུ་བློས་ཆུད་ནས། ། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འགྲོ་བའི་སྒྲས་ནི་ཁམས་གསུམ་གྱི་ཆོས་ཐམས་ཅད་ལ་བྱའོ། །འདུས་བྱས་ཙམ་དུ་བློས་ཆུད་ཅེས་བྱ་བས་ནི་སེམས་དང་། སེམས་ལས་བྱུང་བ་ཙམ་དུ་ཟད་ཀྱི། བདག་ཅེས་བྱ་བ་མེད་པར་ཤེས་རབ་ཀྱིས་རྟོགས་ནས་ཞེས་བྱ་བའི་དོན་ཏོ། །དེ་ལྟར་རྟོགས་པ་ན་ཁམས་ གསུམ་གྱི་ཆོས་ཐམས་ཅད་གང་ཟག་གི་དངོས་པོར་ཡང་བདག་མེད་ཆོས་ཀྱི་དངོས་པོར་ཡང་བདག་མེད་ཀྱི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་འབྱུང་བར་འགྱུར་རོ་བར་ཁོང་དུ་ཆུད་དོ་ཞེས་བྱ་བའི་དོན་ཏོ། །དོན་མེད་རང་བཞིན་ ལྟ་བ་ཡོངས་སྤངས་ནས། །ལྟ་ཆེན་དོན་པོ་ཆེ་ལ་རྟེན་པར་བྱེད། །ཅེས་བྱ་བ་ལ། དེ་ལྟར་ཁོང་དུ་ཆུད་པ་ན་བྱང་ཆུབ་སེམས་དཔའ་དེ་དོན་མེད་པའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེས་ཀྱང་བྱ། ལྟ་བ་ཆེན་པོ་ལ་གནས་པ་ཞེས་ཀྱང་བྱའོ། །དེ་ལ་སེམས་ཅན་རྣམས་མ་རུངས་པ་དང་། རླག་པར་བྱེད་པའི་ལྟ་བ་ལ་ དོན་མེད་པ་ཞེས་བྱའོ། །རང་བཞིན་གྱི་སྒྲས་གཟུངས་དང་འཛིན་པ་ལ་བྱ་སྟེ། ལྟ་བའི་གཟུང་འཛིན་གྱི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ་བྱའོ། །ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཇིག་ཚོགས་སུ་ལྟ་བ་གཟུང་བ་དང་འཛིན་པའི་རྒྱུར་གྱུར་པ་འགྲོ་བ་རྣམས་མ་རུངས་པར་བྱེད་པའི་ ལྟ་བ་ངན་པ་སྤངས་པས་ན་དོན་མེད་པའི་རང་བཞིན་གྱི་ལྟ་བ་སྤངས་པ་ཞེས་བྱའོ། །ས་དང་པོ་ཐོབ་པའི་དུས་ན་བདག་དང་གཞན་དུ་མཉམ་པ་ཉིད་དུ་ཤེས་པའི་ལྟ་བ་ཐོབ་པས་ན་ལྟ་བ་ཆེན་པོ་ཞེས་བྱ་སྟེ། དེ་ལྟར་མཐོང་བ་དེ་ཉིད་ཀྱིས་མཐའ་ཡས་པའི་སེམས་ཅན་གྱི་དོན་བྱེད་པས་ན་ལྟ་བ་ཆེན་པོ་ཞེས་ བྱ་སྟེ། དེའི་ཚེ་ན་དེ་ལྟ་བུའི་ལྟ་བ་ལ་གནས་པས་ན། ལྟ་བ་ཆེན་པོ་ལ་གནས་པ་ཡིན་ཏེ། དེ་ཡང་འཇིག་རྟེན་ན་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བདག་ལྟ་མེད་ཀྱང་གང་དེ་བདག་ཏུ་ལྟ། །ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་དུས་ན་བདག་ཏུ་ལྟ་བ་ཞེས་ཀྱང་བྱ། བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱའོ། ། ཅིའི་ཕྱིར་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱ་ཞེ་ན། ས་དང་པོ་ཐོབ་པའི་དུས་ན་འཇིག་ཚོགས་སུ་ལྟ་བ་སྤངས་པའི་ཕྱིར་བདག་ཏུ་ལྟ་བ་མེད་པ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་བདག་ཏུ་ལྟ་བ་ཞེས་བྱ་ཞེ་ན། བདག་གང་ཡིན་པ་དེ་ཉིད་སེམས་ཅན་ཡང་དེ་ཡིན་ནོ་ཞེས་བདག་དང་སེམས་ཅན་དུ་མཉམ་པ་ཉིད་དུ་མཐོང་ བས་ན་བདག་ཏུ་ལྟ་བ་ཞེས་བྱའོ། །སྡུག་བསྔལ་མེད་ཀྱང་རབ་ཏུ་སྡུག་བསྔལ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་མེད་པ་ཞེས་ཀྱང་བྱ། རབ་ཏུ་སྡུག་བསྔལ་བ་ཞེས་ཀྱང་བྱའོ། །ཅིའི་ཕྱིར་སྡུག་བསྔལ་བ་མེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་ བསྔལ་གསུམ་དང་བརྒྱད་ལ་སོགས་པ་སྤངས་པས་ན་སྡུག་བསྔལ་མེད་པ་ཞེས་བྱ་སྟེ། དེའི་ཕྱིར་ས་བཅུའི་ས་དང་པོའི་མདོ་ལས་ཀྱང་། ས་དང་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་འཇིགས་པ་ལྔ་ལས་འདས་པ་ཡིན་ནོ་ཞེས་བཤད་དོ། །འཇིགས་པ་ལྔ་ནི། འཚོ་བ་མེད་པའི་འཇིགས་པ་དང་། ཚིགས་བཅད་མེད་པའི་འཇིགས་བ་དང་། འཁོར་གྱི་འཇིགས་པ་དང་། ངན་སོང་དུ་སྐྱེ་བའི་འཇིགས་པ་དང་། འཆི་བའི་འཇིགས་པ་སྟེ་དེ་ལྔ་ལས་འདས་པའོ། །དེ་ལྟ་མོད་ཀྱི་བྱང་ཆུབ་སེམས་དཔའ་སེམས་ཅན་མཐའ་ཡས་པའི་སྡུག་བསྔལ་སྤངས་དགོས་ཏེ། སེམས་ཅན་གྱི་སྡུག་བསྔལ་མ་སྤངས་ ཀྱི་བར་དུ་སྙིང་རྗེའི་དབང་གིས་སེམས་ཅན་སྡུག་བསྔལ་བས་བདག་སྡུག་བསྔལ་བར་གྱུར་པས་ན་རབ་ཏུ་སྡུག་བསྔལ་བ་ཞེས་བྱའོ། །ཇི་ལྟར་བདག་ལ་བདག་གིས་ཕན་བྱེད་བཞིན། །ཐམས་ཅད་དོན་བྱས་ལན་ནི་རེ་བ་མེད། །ཅེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་ཕན་པར་བྱེད་པ་ ཞེས་ཀྱང་བྱ། ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ཕན་པར་བྱེད་པ་ཞེས་བྱ་ཞེ་ན། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་དོན་སྒྲུབ་པར་བྱེད་པས་ཕན་པར་བྱེད་པ་ཞེས་བྱའོ། །འོན་ཀྱང་ཕན་པར་མི་བྱེད་པ་ཞེས་ཀྱང་བྱ་སྟེ། ཇི་ལྟར་ཞེ་ན། ཇི་ལྟར་བདག་ལ་ཕན་བཏགས་ཏེ། །ལན་རེ་བ་མེད་པ་ལྟར་ སེམས་ཅན་ཐམས་ཅད་ལ་ཕན་བཏགས་ན་ཡང་བདག་གིས་སེམས་ཅན་ཐམས་ཅད་ལ་ཕན་བཏགས་ཏེ། ལེགས་པར་བྱས་སོ་ཞེས་མི་དགོངས་ཤིང་ཕན་བཏགས་པའི་ལན་ལ་རེ་བ་མེད་པས་ན་ཕན་པར་མི་བྱེད་པ་ཞེས་ཀྱང་བྱའོ། །དེ་བས་ན་འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་ཀྱང་། སེམས་ཅན་ ཐམས་ཅད་ཕུང་པོའི་ལྷག་མ་མ་ལུས་པ་ལས་ཀྱང་མྱ་ངན་ལས་འདས་པར་ཡོངས་སུ་མྱ་ངན་ལས་འདས་ཀྱང་སེམས་ཅན་གང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་མེད་དོ་ཞེས་སེམས་བསྐྱེད་པར་བྱའོ་ཞེས་གསུངས་པ་ལྟ་བུའོ། །མཆོག་གི་གྲོལ་བས་རང་སེམས་གྲོལ་བ་ཡང་། །ཡུན་རིང་དམ་པོའི་ བཅིང་བས་བཅིངས་པའོ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་དེ་མཆོག་གི་གྲོལ་བས་གྲོལ་བ་ཞེས་ཀྱང་བྱ། ཡུན་རིང་པོའི་བཅིང་བས་བཅིངས་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤངས་ པས་ན་མཆོག་གི་གྲོལ་བས་གྲོལ་བ་ཞེས་བྱའོ། །ཇི་ལྟར་ཡུན་རིང་པོའི་བཅིང་བས་བཅིངས་པ་ཞེས་བྱ་ཞེ་ན། བྱང་ཆུབ་སེམས་དཔའ་དེས་སེམས་ཅན་མཐའ་ཡས་པའི་སེམས་ཀྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པའི་བཅིང་བ་བཅད་དགོས་ཏེ། སེམས་ཅན་གྱི་ཉོན་མོངས་པའི་བཅིང་བ་མ་ བཅད་ཀྱི་བར་དུ་བྱང་ཆུབ་སེམས་དཔའ་མངོན་པར་འཚང་མི་རྒྱ་ཞིང་འཁོར་བའི་མཐར་ཡང་འཁོར་བ་ན་གནས་པར་བྱེད་པ་ན་བཅིང་བ་དམ་པོས་བཅིངས་པ་ཞེས་ཀྱང་བྱའོ། །སྡུག་བསྔལ་མཐའ་ནི་མ་མཐོང་ཡང་། །དེ་བཞིན་རབ་འཇུག་དེ་བཞིན་བྱེད་པའོ། །ཞེས་བྱ་བ་ལ། ས་དང་པོ་ ཐོབ་པའི་བྱང་ཆུབ་སེམས་དཔའ་དེ་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་ཀྱང་བྱ། མཐར་མི་བྱེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱ་ཞེ་ན། བདག་གི་རྒྱུད་ལ་ཡོད་པའི་སྡུག་བསྔལ་ཐམས་ཅད་ཟད་པར་བྱེད་པས་ན་སྡུག་བསྔལ་གྱི་མཐར་བྱེད་པ་ཞེས་བྱའོ། །ཇི་ལྟར་ན་ སྡུག་བསྔལ་གྱི་མཐར་མི་བྱེད་པ་ཞེས་བྱ་ཞེ་ན། ནམ་མཁའ་མཐའ་ཐུག་པ་མེད་པ་བཞིན་དུ་སེམས་ཅན་ཡང་མཐའ་ཐུག་པ་མེད་དོ། །སེམས་ཅན་མཐའ་ཐུག་པ་མེད་པ་བཞིན་དུ་སྡུག་བསྔལ་ཡང་མཐའ་ཐུག་པར་མ་མཐོང་སྟེ། ཇི་ལྟར་བྱས་ཀྱང་སྡུག་བསྔལ་གྱི་མཐའ་ཟད་པར་མི་འགྱུར་བར་མཐོང་བས་ན་ མཐར་མི་བྱེད་པ་ཞེས་བྱའོ། །དེ་ལྟར་སྡུག་བསྔལ་གྱི་མཐའ་མེད་མེད་ཀྱི། བྱང་ཆུབ་སེམས་དཔའ་སེམས་ཅན་ཡལ་བར་འདོར་ཤིང་སེམས་ཅན་གྱི་སྡུག་བསྔལ་མི་སེལ་བ་མ་ཡིན་གྱི། སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་དེ་བཞིན་དུ་འཁོར་བར་ཡང་འཇུག་ཅིང་སྡུག་བསྔལ་བསལ་ བར་བྱ་བའི་དོན་དུ་སེམས་ཅན་ཡང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ལ་འཇོག །བདག་ཉིད་ཀྱང་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་བྱེད་དོ། །ཚེ་གཅིག་རང་གི་སྡུག་བསྔལ་བཟོད་མཐུ་མེད། །འཇིག་རྟེན་ཡོད་ཀྱི་བར་དུ་གཞན་སྡུག་བསྔལ། །བསྡུས་ལ་བསམ་པ་སྨས་ཅི་དགོས། །ཞེས་བྱ་ བ་ལ། རང་གི་སྡུག་བསྔལ་ཞེས་བྱ་བ་དང་། བསྡུས་པ་ཞེས་བྱ་བར་སྦྱར་ཏེ། འཇིག་རྟེན་པ་རྣམས་ནི་རང་གི་དོན་དུ་རང་གི་སྡུག་བསྔལ་ཉིད་ལ་ཉམས་སུ་ལེན་ཅིང་བཟོད་པའི་མཐུ་མེད་པ་ནི་སེམས་ཅན་གཞན་གྱི་སྡུག་བསྔལ་བསྡུས་པ་དཔག་ཏུ་མེད་པ་ཉམས་སུ་ལེན་ཅིང་བཟོད་པ་ལྟ་ག་ལ་ནུས་སོ་ཞེས་བྱ་ བའི་དོན་ཏོ། །འཇིག་རྟེན་པ་རྣམས་ནི་རང་གི་དོན་དུ་ཚེ་གཅིག་གི་རང་གི་ལུས་སྡུག་བསྔལ་ཙམ་ཡང་ཉམས་སུ་ལེན་པའི་བཟོད་པའི་མཐུ་མེད་ན་སེམས་ཅན་གྱི་དོན་དུ་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་མེད་པའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་བླང་ཞིང་བཟོད་པ་བྱ་བ་ལྟ་ག་ལ་ སེམས་ཏེ་མི་སེམས་སོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་དེ་ལས་བཟློག་པའོ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་འཇིག་རྟེན་པ་ལས་བཟློག་པ་སྟེ། བདག་གི་དོན་དུ་བདག་གི་སྡུག་བསྔལ་ཉམས་སུ་མི་ལེན་གྱི་སེམས་ཅན་གྱི་དོན་དུ་སེམས་ཅན་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཉམས་སུ་ ལེན་ཅིང་བཟོད་པའི་མཐུ་ཡོད་པ་དང་། འཁོར་བའི་མཐའི་བར་དུ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཉམས་སུ་ལེན་པར་སེམས་སོ་ཞེས་བྱ་བའི་དོན་ཏོ། །གང་མཛའ་གང་ཕན་འདོད་པའི་སྦྱོར་བ་དང་། །རྒྱལ་བའི་སྲས་ཀྱིས་སེམས་ཅན་མི་སྐྱོ་བ། །དེ་དག་འཇིག་རྟེན་དག་ན་ངོ་མཚར་ཆེ། །ཞེས་བྱ་བ་ལ། དཔེར་ན་བ་བེའུ་ལ་བྱམས་པས་བེའུ་ལ་ཕན་པ་དང་བདེ་བ་སྦྱོར་བ་སྐྱོ་བ་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་སེམས་ཅན་ཐམས་ཅད་ལ་མཛའ་བ་དང་། དགའ་བ་དང་བྱམས་པའི་སེམས་དང་། ཕན་པ་དང་བདེ་བ་ལ་སྦྱོར་ཞིང་ཞུགས་པས་ན་སེམས་ཅན་རྣམས་ཀྱིས་གནོད་པར་བྱས་ཀྱང་སེམས་ ཅན་གྱིས་མི་སྐྱོ་ཞིང་སེམས་ཅན་མི་གཏོང་སྟེ། དེ་བས་ན་དོན་མེད་པའི་ལྟ་བ་གནས་པ་ནས་བརྩམས་ཏེ། མི་སྐྱོ་བའི་བར་དག་འདི་དག་ནི་འཇིག་རྟེན་ན་བྱང་ཆུབ་སེམས་དཔའི་མཛད་པ་ལ་ངོ་མཚར་དུ་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་བདག་མཚུངས་ཐོབ་པས་དེ་ལ་ནི། །ཞེས་བྱ་བ་ལ། འདིས་ནི་ ངོ་མཚར་མི་ཆེ་བ་བསྟན་ཏེ། གང་ལ་བདག་དང་གཞན་དུ་མཉམ་པ་ཉིད་ཀྱི་སེམས་མ་ཐོབ་པ་དེ་དག་ལ་གོང་དུ་བཤད་པ་ལྟ་བུ་དག་བྱུང་ན་ངོ་མཚར་དུ་བྱ་བ་ཡིན་ནོ། །དཔེར་ན་བདག་ལ་ཕན་འདོགས་ཤིང་བདེ་བ་ལ་སྦྱོར་བར་བྱེད་པ་ལ་ངོ་མཚར་དུ་མི་ཆེ་བ་དེ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔས་བདག་ དང་སེམས་ཅན་དུ་མཉམ་པ་ཉིད་ཀྱི་སེམས་ཐོབ་སྟེ། སེམས་ཅན་ཐམས་ཅད་བདག་ཉིད་ཡིན་པར་ཁོང་དུ་ཆུད་དེ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་བྱེད་ཅིང་རེ་བ་ལྟ་ཅི་ཞིག་ངོ་མཚར་དུ་ཆེ་སྟེ་ངོ་མཚར་དུ་མི་ཆེའོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་ཆེ་བའི་བདག་ཉིད་ཆེ་བ་བརྗོད་ དོ་ཞེས་བྱ་བ་ལ། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའི་ཡོན་ཏན་དང་ཕྲིན་ལས་སུ་མཛད་པ་ལ་ངོ་མཚར་ཆེན་པོར་བྱ་བའི་ཆོས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །གང་ཉོན་མོངས་པའི་བདག་ཏུ་ལྟ་བ་ནི་ཞེས་བྱ་བ་ལ་སོགས་པ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་འབྱུང་ བར་བྱེད་པའི་རྒྱུ་འཇིག་ཚོགས་ཀྱི་ལྟ་བ་ལ་དོན་མེད་པའི་རང་བཞིན་གྱི་ལྟ་བ་ཞེས་བྱ་སྟེ། ཅིའི་ཕྱིར་དོན་མེད་པ་ཞེས་བྱ་ཞེ