Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 125

Văn bản gốc(Tây Tạng)

Trang 17 / 19 (50.000 ký tự/trang)
་ཅི་འབྲེལ་ཞེ་ན། བདག་
གིས་ཇི་ལྟར་བཙལ་བའི་ཆོས་གཞན་ལ་བཤད་ན་ནི་གཞན་ལ་ཕན་པ་བསྒྲུབ་པ་ཡིན་ལ། ཇི་ལྟར་བཙལ་བའི་ཆོས་དེ་ཉིད་ཀྱི་དོན། བདག་གིས་བསྒྲུབས་ན་ནི་བདག་ལ་ཕན་པ་བསྒྲུབ་པ་ཡིན་ཏེ། དེ་བས་ན་ཐོས་པ་མང་པོ་དང་ལྡན་པ་རྣམས་ཀྱིས་ཉན་པ་ཉིད་ཀྱི་ཆོས་གཞན་ལ་བཤད་པར་
བྱའོ། །བདག་ཉིད་ལ་ཕན་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་ཀྱང་བསྒྲུབ་པར་བྱ་དགོས་ཏེ། དེ་བས་ན་བཤད་པའི་སྐབས་ཀྱི་རྗེས་ལ་བསྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །ཡང་མིག་ཡོད་པར་མར་མེ་ལག་ན་ཐོགས་པ་ནི་བདག་དང་གཞན་གཉི་གས་ཀྱང་ལམ་མཐོང་བར་འགྱུར་ལ་ལོང་བ་
མར་མེ་ཐོགས་པ་ནི་གཞན་གྱིས་ལམ་མཐོང་བར་ཟད་ཀྱི་བདག་གིས་མཐོང་བ་ལ་མི་ཕན་ནོ། །དེ་དང་འདྲ་བ་ཇི་ལྟར་བཙལ་བས་ཆོས་གཞན་ལ་བསྟན་ཏེ། བདག་གིས་མ་བསྒྲུབས་ན་ནི་གཞན་ལ་ཕན་པར་ཟད་ཀྱི། བདག་ལ་ཕན་པ་མེད་དོ། །དེ་བས་ན་ཇི་ལྟར་བཙལ་བའི་ཆོས་གཞན་ལ་ཕན་
པར་བྱ་བའི་ཆོས་བཤད་པར་བྱའོ། །བདག་ལ་ཕན་པར་བྱ་བའི་ཕྱིར་ནི་བསྒྲུབ་པར་བྱ་སྟེ། དེ་བས་ན་བཤད་པའི་སྐབས་ཀྱི་རྗེས་ལ་བསྒྲུབ་པའི་སྐབས་བཤད་པར་འབྲེལ་ཏོ། །སྒྲུབ་པ་རྣམ་པར་དབྱེ་བའི་ཚིགས་སུ་བཅད་པ་དྲུག་གོ་ཞེས་བྱ་བ་མདོ་སྡེ་ལས་སྒྲུབ་པ་རྣམ་པར་དབྱེ་བ་བཤད་པ་ནི་ཇི་
ལྟར་དོན་ཤེས་པ་དང་ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པར་འགྱུར་བ་དང་། མཚུངས་པར་སྒྲུབ་པ་དང་ཆོས་ལ་རྗེས་སུ་སྤྱོད་པ་ཞེས་འབྱུང་བ་སྟེ། ཚིག་ལྔ་པོ་དེ་དག་གི་དོན་ཚིགས་སུ་བཅད་པ་དྲུག་གིས་བསྟན་ཏོ། །དེ་ལ་ཡང་དོན་ཤེས་པ་དང་། ཆོས་ཤེས་པ་གཉིས་ནི་ཚིགས་སུ་བཅད་པ་དང་པོ་དང་གཉིས་པས་

བསྟན་ཏོ། །ཆོས་ལ་ཆོས་ཀྱི་རྗེས་སུ་སྒྲུབ་པར་འགྱུར་བ་དང་། མཚུངས་པར་འགྱུར་བ་གཉིས་ནི་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་བསྟན་ཏོ། །ཆོས་ལ་རྗེས་སུ་སྤྱོད་པ་ཚིགས་སུ་བཅད་པ་ལྔ་པ་དང་དྲུག་པས་བསྟན་ཏོ། །གང་ཟག་ཆོས་ལ་བློ་ལྡན་གྱིས། །བདག་མེད་གཉིས་སུ་ཤེས་
པ་དང་། །ཞེས་བྱ་བ་ལ། བློ་དང་ལྡན་པ་ནི་ཤེས་རབ་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་དེས་གང་ཟག་ལ་ཡང་བདག་མེད་པ་གཉིས་སུ་ཤེས་སོ་ཆོས་ལ་ཡང་བདག་མེད་པ་གཉིས་སུ་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟ་ཞེ་ན། གང་ཟག་དང་སྲོག་དང་
བདག་ཏུ་བརྟག་པའི་ཀུན་བརྟགས་ཀྱི་གང་ཟག་ཀྱང་གཟུང་བའི་ངོ་བོར་མེད་པ་དང་། འཛིན་པའི་ངོ་བོར་མེད་པས་བདག་མེད་པར་ཤེས། ཀུན་བརྟགས་ཀྱི་ཆོས་གཟུགས་དང་སྒྲ་ལ་སོགས་པ་ལ་ཡང་གཟུང་བའི་ངོ་བོར་མེད་པ་དང་། འཛིན་པའི་ངོ་བོར་མེད་པས་བདག་མེད་པར་ཤེས་སོ། །གཉིས་
ལ་ལོག་དང་མ་ལོག་པ། །རྣམ་པར་སྤངས་པ་གསུམ་པས་སོ། །ཞེས་བྱ་བ་ལ། གཉིས་ནི་མེད་པའི་དོན་དང་ཡོད་པའི་དོན་ཏོ། །ལོག་པའི་རང་བཞིན་ཡང་སྤངས་མ་ལོག་པའི་རང་བཞིན་ཡང་སྤངས་པའི་སྟོང་པ་ཉིད་དང་སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གསུམ་གྱིས་མེད་པའི་དོན་དང་།
ཡོད་པའི་དོན་གཉིས་ཤེས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གཉིས་ནི་གཟུང་བ་དང་། འཛིན་པ་མེད་པས་ཆོས་དང་གང་ཟག་ལ་བདག་མེད་པར་ཤེས་སོ། །ཞེས་བྱ་བ་ལ། གཉིས་ནི་གཟུང་བ་དང་འཛིན་པ་གཉིས་ལ་བྱ་སྟེ། གཟུགས་དང་སྒྲ་ལ་སོགས་པའི་ཀུན་བརྟགས་ཀྱི་ཆོས་ཀྱང་གཟུང་བ་དང་
འཛིན་པའི་རང་བཞིན་མེད་པས་བདག་དང་གང་ཟག་ལ་སོགས་པའི་ཀུན་དུ་བརྟགས་པའི་བདག་ཀྱང་གཟུང་བ་དང་འཛིན་པའི་ངོ་བོ་མེད་པས་ན་བདག་མེད་པར་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ལོག་པ་དང་ཡང་དག་པར་སྤངས་པ་གསུམ་གྱིས་ནི་གཉིས་ཏེ་ཞེས་བྱ་བ་ལ། ལོག་པ་དང་ཡང་དག་པར་
སྤངས་པའི་རང་བཞིན་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་གྱིས་ནི་མེད་པ་དང་ཡོད་པའི་དོན་ཤེས་སོ་ཞེས་བྱ་བའི་དོན་ཏོ། །ཀུན་བརྟགས་རང་བཞིན་གཉིས་མེད་པ་ལ་སྟོང་པའི་ཏིང་ངེ་འཛིན་གྱིས་སོ་ཞེས་བྱ་བ་ལ་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་གི་རང་

བཞིན་མེད་དེ། ཅིའི་ཕྱིར་ཞེ་ན། མིང་དང་མཚན་མ་དང་ཐ་སྙད་དང་། བརྡར་ཀུན་དུ་བརྟགས་པ་ཐམས་ཅད་ནི་རི་བོང་གི་རྭ་བཞིན་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཀུན་བརྟགས་རང་བཞིན་མེད་པ་ནི་སྟོང་པ་ཉིད་ཀྱིས་ཏིང་ངེ་འཛིན་གྱིས་ཤེས་སོ། །ཅིའི་ཕྱིར་ཞེ་ན། སྟོང་པ་ཉིད་
ཀྱི་ཏིང་ངེ་འཛིན་ནི་ཀུན་བརྟགས་ཀྱི་ཆོས་དང་གང་ཟག་ལ་བདག་མེད་པ་དང་། སྟོང་པར་བསྒོམ་པའི་རྣམ་པ་ཡིན་པའི་ཕྱིར་རོ། །གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་གཉིས་ཀྱི་རང་བཞིན་ཡོད་པ་ལ་སྨོན་པ་མེད་པ་དང་། མཚན་མ་མེད་པས་སོ་ཞེས་བྱ་བ་ལ། གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་
གཉིས་ཡོད་པ་དེ་གཉིས་ནི་སྨོན་པ་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་གཉིས་ཀྱིས་རིམ་བཞིན་དུ་ཤེས་སོ། །ཇི་ལྟ་ཞེ་ན། གཞན་གྱི་དབང་དེ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་དང་ལྡན་པ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱོན་ཅན་དུ་
བྱས་པ་ཡིན་པས་རང་བཞིན་ཡོད་དུ་ཟིན་ཀྱང་སྨོན་པ་བྱ་བའི་གནས་མ་ཡིན་ཞེས་སྨོན་པ་མེད་པའི་ཏིང་ངེ་འཛིན་གྱིས་རྟོགས་སོ། །ཡོངས་སུ་གྲུབ་པ་ནི་རང་བཞིན་ཡོད་ལ་སྨྲ་བ་དང་བསམ་པ་དང་སྤྲོ་བའི་མཚན་ཉིད་ཀྱི་རྟོག་པ་དང་བྲལ་བས་འདི་འདྲའོ་ཞེས་མཚན་མ་བརྟག་ཏུ་རུང་བ་མ་ཡིན་པར་
མཚན་མ་མེད་པའི་ཏིང་ངེ་འཛིན་གྱིས་ཤེས་སོ། །ཏིང་ངེ་འཛིན་དེ་གསུམ་འཇིག་རྟེན་གྱིས་ཏེ་ཞེས་བྱ་བ་ལ། སྟོང་པ་ཉིད་ལ་སོགས་པའི་ཏིང་ངེ་འཛིན་གསུམ་ནི་མོས་པ་སྤྱོད་པའི་ས་བཞིའི་ཚེ་ན། བསྒོམ་པས་འཇིག་རྟེན་པ་ཞེས་བྱ་སྟེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་ལ་ལྟོས་ནས་ནི་
ལོག་པ་དང་མ་ལོག་པར་བཞག་གོ། །དེ་ལ་མོས་པ་སྤྱོད་པའི་སར་མ་ཞུགས་པ་འཇིག་རྟེན་པ་ལ་ལྟོས་ནས་ནི་མ་ལོག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ལམ་ལ་ལྟོས་ནས་ནི་ལོག་པ་ཞེས་བྱའོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་བསྐྱེད་པས་ན་ཕྱིན་ཅི་མ་ལོག་པའོ་ཞེས་
བྱ་བ་ལ། ལོག་པ་སྤངས་པ་ཞེས་འཆད་དེ། མོས་པ་སྤྱོད་པའི་ས་ན་དེ་ཏིང་ངེ་འཛིན་དེ་གསུམ་བསྒོམས་ཏེ། དེ་གསུམ་ལ་བསྒོམས་པའི་རྒྱུས་ས་དང་པོ་ཐོབ་ཅིང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཁོང་དུ་ཆུད་དེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ་བྱེད་པས་ན་ཕྱིན་ཅི་མ་ལོག་པ་

ཞེས་བྱའོ། །འཇིག་རྟེན་ལས་འདས་པ་མ་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་ནོ་ཞེས་བྱ་བ་ལ། མ་ལོག་པ་སྤངས་པ་འཆད་དེ། ཏིང་ངེ་འཛིན་དེ་གསུམ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཉིད་དུ་མ་གྱུར་ཅིང་། རྣམ་པར་མི་རྟོག་པའི་རང་བཞིན་མ་ཡིན་པས་ན་ཡང་དག་པ་མ་ཡིན་ནོ། །ཞེས་བྱ་
བའི་དོན་ཏོ། །དོན་ཤེས་པ་ནི་ཆོས་ཀུན་ལ། །གཟིངས་དང་འདྲ་བར་རྟོགས་པའོ། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ཉན་པའི་ཤེས་རབ་ཀྱིས་གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་པ་ནི་དོན་ཤེས་པ་ཞེས་བྱའོ། །དོན་ཤེས་པ་དེ་ནི་འཕགས་པ་རྡོ་རྗེ་གཅོད་པ་ལས་གསུངས་པ་བཞིན་དུ་
ཆོས་ཐམས་ཅད་གཟིངས་དང་འདྲ་བར་རྟོགས་ཏེ། དཔེར་ན་ཆུ་བོ་ལས་བསྒྲལ་བར་བྱ་བའི་ཕྱིར། གཟིངས་བཅའ་ཞིང་གྲུ་ལ་སོགས་པའི་གཟིངས་ལ་བརྟེན་ཏེ་ཆུ་བོ་བརྒལ་ནས་གཟིངས་དོར་བ་དེ་བཞིན་དུ་ཆོས་ཀྱི་དོན་རྟོགས་པར་བྱ་བ་དང་། ཉོན་མོངས་པ་སྤང་བར་བྱ་བའི་ཕྱིར་དམ་པའི་ཆོས་ཉན་ཅིང་།
བསམ་པ་ལ་སོགས་པ་བྱ་བ་ཡིན་ལ་དོན་རྟོགས་ནས་ནི་དེ་དག་ཀྱང་འདོར་བར་བྱ་བ་ཡིན་པར་ཁོང་དུ་ཆུད་པས་ན་གཟིངས་དང་འདྲ་བར་རྟོགས་སོ་ཞེས་བྱ་བར་རྟོགས་ཏེ། དེ་ཡན་ཆད་དུ་དོན་ཤེས་པ་བསྟན་ཏོ། །ཐོས་པས་དགའ་བ་སྤངས་པའི་ཕྱིར། །ཆོས་ཤེས་པས་ནི་དེས་བརྗོད་དོ། །ཞེས་བྱ་བ་
ལ། དེ་ལྟར་ཐོས་པ་ཙམ་གྱིས་ཀྱང་ཆོག་པར་མི་བྱའི་ཇི་ལྟར་ཐོས་པའི་ཆོས་དེ་དག་མ་ནོར་བར་རིག་པར་བསམ་དགོས་ཏེ། དེ་བས་ན་ཐོས་པས་འཛིན་པ་སྤངས་ནས་བསམ་པའི་ཤེས་རབ་ལ་གུས་པ་བསྐྱེད་ཅིང་། སེམས་པ་ལ་འཇུག་པར་བྱེད་པ་ནི་ཆོས་ཤེས་པ་ཞེས་བྱའོ་ཞེས་བྱ་བའི་དོན་ཏོ། །
སོ་སོར་འགྲོ་བའི་ཤེས་པ་ཡིས། །དེ་བཞིན་གཉིས་པོར་རབ་རྟོགས་ན། །དེ་ཡི་ཤེས་པ་རྫོགས་བྱའི་ཕྱིར། །ཆོས་ཀྱི་རྗེས་སུ་བསྒྲུབ་པའོ། །ཞེས་བྱ་བ་ལ་སོ་སོར་འགྲོ་བ་ནི་སོ་སོའི་སྐྱེ་བོ་ལ་བྱ་སྟེ། སོ་སོའི་སྐྱེ་བོ་ཕལ་པའི་དུས་ན་མཉན་པའི་ཤེས་རབ་ཀྱིས་དོན་ཤེས་པ་དང་། བསམ་པའི་དུས་ན་
ཆོས་ཤེས་པ་གཉིས་ལ་བརྟེན་ནས། གང་ཟག་དང་ཆོས་ལ་བདག་མེད་པ་གཉིས་རྟོགས་པའི་ཡེ་ཤེས་དེ་ཉིད་རྫོགས་ཤིང་དག་པ་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཚན་ཉིད་དུ་འགྱུར་བར་བྱ་བའི་ཕྱིར། མོས་པ་སྤྱོད་པའི་ས་དྲོད་ལ་སོགས་པ་ལ་བསྒོམ་པར་འཇུག་པ་ནི་ཆོས་ལ་

ཆོས་ཀྱི་རྗེས་སུ་བསྒྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །དེ་ནས་ཡེ་ཤེས་འཐོབ་པ་ནི། །བླ་མེད་འཇིག་རྟེན་འདས་པ་སྟེ། །དང་པོ་ཡི་སྟེ་མཉམ་པ་ནི། །བྱང་ཆུབ་སེམས་དཔའ་ཀུན་དང་ངོ་། །ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་མོས་པ་སྤྱོད་པའི་སར་བསྒོམ་པ་ལ་ཞུགས་པའི་འོག་ཏུ་
ཞེས་བྱ་བའི་དོན་ཏོ། །དེའི་འོག་ཏུ་ཡེ་ཤེས་ཐོབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་ཅི་འདྲ་བ་ཞིག་ཡོད་ཅེ་ན། འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་ཡེ་ཤེས་འཐོབ་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །ཡེ་ཤེས་དེ་འཇིག་རྟེན་པ་རྣམས་ལ་མེད་པས་ན་འཇིག་
རྟེན་ལས་འདས་པ་ཞེས་བྱའོ། །ཡེ་ཤེས་དེ་ལས་ཁྱད་ཞུགས་པ་གཞན་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་སུ་ལ་ཡང་མེད་པས་ན་བླ་ན་མེད་པ་ཞེས་བྱའོ། །དེའང་གང་གི་ཚེ་འཐོབ་ཅེ་ན་ས་དང་པོ་ལ་འཐོབ་སྟེ། ས་རབ་ཏུ་དགའ་བའི་དུས་ན་འཐོབ་པོ་ཞེས་བྱ་བའི་དོན་ཏོ། །དེའི་ཚེ་ས་དང་པོར་
ཞུགས་པའི་བྱང་ཆུབ་སེམས་དཔའ་ཀུན་དང་མཉམ་པ་ཉིད་དུ་འགྱུར་རོ། །དེ་བས་ན་བསྒྲུབ་པ་མཚུངས་པར་བསྒྲུབ་པ་ཞེས་བྱ་སྟེ། ས་དང་པོར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་སྐུ་དང་གསུང་དང་ཐུགས་མཉམ་ཞིང་མཚུངས་པ་ཐོབ་པའི་ཕྱིར་རོ། །མཐོང་བས་སྤང་བྱའི་ཉོན་
མོངས་དག །ཐམས་ཅད་ཟད་པར་བྱས་ནས་སུ། །ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར། །བསྒོམ་པ་ལ་ནི་འཇུག་པར་བྱ། །ཞེས་བྱ་བ་ལ། དེར་ས་དང་པོར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་ནས་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་མ་ལུས་པར་སྤངས་ཏེ། ཟད་པར་བྱས་ནས་དེའི་
འོག་ཏུ་ཤེས་བྱའི་སྒྲིབ་པ་སྤང་བར་བྱ་བའི་ཕྱིར། ས་གཉིས་ནས་ས་བཅུའི་བར་དུ་བསྒོམ་པ་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་བསྒོམ་པའི་ལམ་ནི་ཡེ་ཤེས་གང་ལ་བསྒོམ་པ་དང་། ཡེ་ཤེས་གང་གིས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་བའི་ཡེ་ཤེས་བསྟན་པའི་ཕྱིར། རྣམ་པར་རྟོག་དང་
རྣམ་མི་རྟོག །ཡེ་ཤེས་ཀྱིས་ཏེ་ལྷན་ཅིག་སྤྱོད། །དེ་བཞིན་ཆོས་ཀྱི་རྗེས་སུ་སྤྱོད། །ལྷག་མ་དག་གིས་ས་ལའོ། །ཞེས་བྱ་བ་སྨོས་ཏེ། དེ་ལ་རྣམ་པར་རྟོག་པའི་ཡེ་ཤེས་ནི་དག་པ་འཇིག་རྟེན་པའི་ཡེ་ཤེས་ཏེ། ཡེ་ཤེས་གང་གིས་སོ་སོའི་སྤང་བར་བྱ་བའི་ཆོས་ནི་འདི་ཡིན་བསྒྲུབ་པར་བྱ་བའི་ཆོས་ནི་

འདི་ཡིན། སོ་སོའི་མཚན་ཉིད་ནི་འདི་ཡིན་ནོ་ཞེས་རྣམ་པར་རྟོག་པར་བྱེད་དོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གང་གིས་ས་ཐམས་ཅད་ནམ་མཁའ་ལྟར་ཁོང་དུ་ཆུད་པས་སོ་སོའི་དྲི་མ་སྦྱང་ཞིང་། མ་ཐོབ་པ་རྣམས་ཀྱང་ཐོབ་པར་བྱེད་པའོ། །ཡེ་ཤེས་དེ་གཉིས་ཀྱང་ལྷན་ཅིག་སྤྱོད་དེ། རྣམ་
པར་མི་རྟོག་པའི་ཡེ་ཤེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་བ་དང་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་རྗེས་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ལྟར་ཕན་ཚུན་རིམ་གྱིས་འབྱུང་བས་ན་ལྷན་ཅིག་སྤྱོད་པ་ཞེས་བྱའོ། །དེ་ལྟར་ན་ས་གཉིས་ནས་ས་བཅུའི་བར་དུ་ཡེ་ཤེས་དེ་
གཉིས་ཀྱིས་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་པ་ནི་ཆོས་ཀྱི་རྗེས་སུ་སྤྱོད་པ་ཞེས་བྱའོ། །ལྷན་ཅིག་སྤྱོད་པ་ནི་རྗེས་སུ་འབྲེལ་བར་སྤྱོད་པ་སྟེ། ཕན་ཚུན་དུ་རྒྱུན་དུའོ་ཞེས་བྱ་བ་ལ། ཡེ་ཤེས་གཅིག་གི་རྗེས་ལ་གཅིག་འབྱུང་ཞིང་རྗེས་སུ་འབྲེལ་པར་འབྱུང་བ་ལ། ལྷན་ཅིག་སྤྱོད་པ་ཞེས་བྱ་སྟེ།
དེ་ཡང་ཡེ་ཤེས་དེ་གཉིས་ཕན་ཚུན་དུ་རྒྱུན་དུ་འབྱུང་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྗེས་ལ་དག་པ་འཇིག་རྟེན་པའི་ཡེ་ཤེས་འབྱུང་སྟེ། དེའི་རྗེས་ལ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བ་ལྟ་བུར་རྒྱུན་མི་གཅོད་པའོ། །བསྒྲུབ་པ་ལ་བག་ཡོད་པའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་
ལ། བྱང་ཆུབ་སེམས་དཔའ་རྣལ་འབྱོར་བསྒོམ་པ་ཡང་བག་ཡོད་པར་བྱས་པ་དང་། བསྒྲུབ་པ་མཐར་ཕྱིན་པར་འགྱུར་གྱི། བག་མེད་པའི་གནས་སྐྱེ་བོ་མི་སྲུན་པ་དང་། མཚོ་བའི་ཡོ་བྱད་དཀོན་པ་དང་སྟག་གཟིག་ལ་སོགས་པའི་སེམས་ཅན་གདུག་པ་ཡོད་པའི་གནས་སུ་བསྒྲུབས་ན་སྲོག་ལ་
འབབ་པར་འགྱུར་གྱི། སྒྲུབ་པ་མཐར་ཕྱིན་པར་མི་འགྱུར་ཏེ། དེ་བས་ན་ཇི་ནས་བག་ཡོད་པའི་གནས་སུ་བསྒྲུབས་ན་ལེགས་པས་བག་ཡོད་པའི་ཆོས་རྣམ་པ་བཞི་བཤད་དོ། །དེ་ཡང་གང་ཞེ་ན། མཐུན་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་བརྟེན་པ་དང་། །ཡང་དག་པའི་སྨོན་ལམ་
དང་། །སྔོན་བསོད་ནམས་བྱས་པའོ། །ལེགས་པར་རྙེད་དང་ལེགས་པར་གནས། །ས་རབ་དང་ནི་གྲོགས་པོ་རབ། །འབྱོར་རབ་ཡོན་ཏན་ཅན་གྱི་ཡུལ། །གང་ན་བློ་ལྡན་སྤྱོད་པའོ། །ཞེས་བྱ་བའི་ཚིགས་བཅད་འདིས་མཐུན་པའི་ཡུལ་དང་གནས་བསྟན་ཏོ། །དེ་ལ་བསོད་སྙོམས་དང་ཆོས་

གོས་ལ་སོགས་པ་རྙེད་སླ་བའི་ཡུལ་ལ་ནི་ལེགས་པར་རྙེད་པ་ཞེས་བྱའོ། །སྐྱེ་བོ་མི་སྲུན་པ་དང་གཅན་གཟན་ལ་སོགས་པ་གདུག་པ་མེད་པའི་གནས་ལ་ནི་ལེགས་པར་གནས་པ་ཞེས་བྱའོ། །ཤུ་བ་དང་མཛེ་ལ་སོགས་པ་མེད་པའི་ས་ལ་ནི་ས་རབ་ཅེས་བྱའོ། །ཚུལ་ཁྲིམས་དང་ལྟ་
བས་མཚུངས་པའི་གྲོགས་པོ་ལ་ནི་གྲོགས་པོ་རབ་ཅེས་བྱའོ། །ཉིན་པར་སྐྱེ་བོའི་འགྲུལ་ཉུང་བ་དང་། མཚན་མོ་ཅ་ཅོ་ཉུང་བ་ནི་འབྱོར་པ་རབ་ཅེས་བྱའོ། །ཡོན་ཏན་དེ་ལྔ་དང་ལྡན་པའི་ཡུལ་ནི་ཡོན་ཏན་གྱི་ཡུལ་ཞེས་བྱ་སྟེ། རྗེས་སུ་མཐུན་པའི་ཡུལ་དང་གནས་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གནས་དེ་ལྟ་བུར་
རྣལ་འབྱོར་པ་བྱང་ཆུབ་སེམས་དཔའ་གནས་ཤིང་བསྒོམ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །འཁོར་ལོ་རྣམ་པ་བཞིས་བག་བྱེད་པ་བསྟན་ཏེ་ཞེས་བྱ་བ་ལ་དཔེར་ན་ཤིང་རྟའི་འཁོར་ལོ་བཞི་ཚང་བར་ཡོད་ན་བག་བྱེད་དེ། གང་དུ་བགྲོད་པར་བྱ་བའི་གནས་སུ་བདེ་བར་ཕྱིན་པར་འགྱུར་བ་དེ་བཞིན་དུ་འདིར་ཡང་
རྗེས་སུ་མཐུན་པའི་ཡུལ་ལ་གནས་པ་ལ་སོགས་པའི་ཆོས་བཞི་དང་ལྡན་ན་བག་ཡོད་པ་ཞེས་བྱ་སྟེ། རྣལ་འབྱོར་པས་གང་དུ་བགྲོད་པར་བྱ་བའི་གནས་སུ་བདེ་བར་ཕྱིན་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ལེགས་པར་ཐོབ་པ་ནི་ཆོས་གོས་དང་བསོད་སྙོམས་ལ་སོགས་པའོ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་
འབྱོར་པ་གང་ན་གནས་པའི་གནས་དེ་ནི་འབད་རྩོལ་ཆེན་པོ་བྱ་མི་དགོས་པར་ཆོས་གོས་དང་ལྷུང་བཟེད་དང་བསོད་སྙོམས་དང་ན་བའི་རྐྱེན་གྱི་སྨན་ལ་སོགས་པ་རྙེད་པར་འགྱུར་ཞིང་གཞན་དག་ཀྱང་ཆེད་དུ་འབུལ་བར་བྱེད་པའི་གནས་ནི་ལེགས་པར་ཐོབ་པ་ཞེས་བྱའོ། །མ་རུངས་པ་ཞེས་བྱ་བ་ནི་སྐྱེ་བོ་མི་སྲུན་པ་
དང་། མི་རྒོད་པ་ལ་སོགས་པ་ལ་བྱའོ། །མི་སྲུན་པ་ཞེས་བྱ་བ་ནི་གཅན་གཟན་དང་སྦྲུལ་གདུག་པ་དང་། སྦྲང་བུ་གདུག་པ་ལ་སོགས་པ་ལ་བྱའོ། །ས་རབ་ནི་ནད་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། གནས་གང་ན་ཤུ་བ་དང་། མཛེ་དང་གྲུམ་བུ་ལ་སོགས་པའི་ནད་འགོ་བ་མེད་པའི་ས་དེ་ལ་ས་རབ་ཅེས་བྱའོ་
ཞེས་བྱ་བའི་དོན་ཏོ། །གྲོགས་རབ་ལྡན་ནི་ཚུལ་ཁྲིམས་དང་ལྡན་པ་མཐུན་པའི་གྲོགས་པོའི་ཕྱིར་རོ་ཞེས་བྱ་བ་ལ། ཚུལ་ཁྲིམས་མི་མཐུན་པ་ནི་སར་པ་སྟི་པ་དང་མ་ཧཱ་སཾ་ཀྲི་ཏ་ལྟ་བུ་སྟེ། དེ་ལྟ་བུ་དག་དང་འགྲོགས་ན་དགེ་འདུན་གྱི་བྱ་བ་དག་མི་འགྲུབ་ཀྱི། ཚུལ་ཁྲིམས་མཐུན་པ་དང་འགྲོགས་ན་བྱ་བ་འགྲུབ་

པར་འགྱུར་རོ། །ལྟ་བ་མི་མཐུན་པ་ནི་ཉན་ཐོས་དང་མུ་སྟེགས་པའི་ལྟ་བ་ལ་ཕྱོགས་པ་ལྟ་བུ་སྟེ། དེ་ལྟ་བུ་དག་དང་འགྲོགས་ན་རྩོད་པར་འགྱུར་གྱི་བདེ་བར་གནས་པར་མི་འགྱུར་རོ། །ཉིན་པར་འདུ་བ་ཉུང་བ་དང་ཞེས་བྱ་བ་ལ། ཉིན་པར་ཡང་སྐྱེས་པ་དང་བུད་མེད་དང་བྱིས་པ་ལ་སོགས་པ་སྐྱེ་བོ་འགྲུལ་
ཟག་ཉུང་བའོ། །ཟང་ཟིང་ཉུང་བ་དང་ཞེས་བྱ་བ་ལ། གང་ན་གནས་པའི་གནས་དེ་ན་ཕྱག་དར་ལ་སོགས་པའི་ལྕག་ལྕིག་མེད་པའི་འཇིག་རྟེན་པའི་ཡོ་བྱད་བར་བུར་མེད་པའོ། །མཚན་མོ་སྒྲ་ཆུང་བའི་ཕྱིར་རོ་ཞེས་བྱ་བ་དང་། མཚན་མོར་རྣལ་འབྱོར་སྒོམ་པར་བྱེད་པ་ན་ཡང་། མི་དང་ཕྱུགས་ལ་སོགས་པའི་སྒྲ་
མི་གྲག་པ་སྟེ། མདོ་ལས་ཀྱང་སྒྲ་ནི་བསམ་གཏན་གྱི་ཚེར་མ་ཡིན་ནོ་ཞེས་གསུངས་སོ། །དེ་བས་ན་སྦྲང་བུ་ལ་སོགས་པའི་སྒྲ་ཡང་མི་གྲག་པའི་གནས་སུ་གནས་པར་བྱ་ན་སྒྲ་ཆེན་པོ་གྲག་པའི་གནས་སུ་གནས་པར་བྱ་བ་ལྟ་ཅི་སྨོས་ཏེ། དེ་བས་ན་སྒྲ་མེད་པའི་གནས་སུ་གནས་པར་བྱའོ་ཞེས་བྱ་བའི་དོན་
ཏོ། །རབ་ཏུ་ཐོས་ཤིང་བདེན་པ་མཐོང་། །སྨྲ་དང་ལྡན་ཞིང་སྙིང་རྗེ་ཅན། །མི་སྐྱོ་བྱང་ཆུབ་སེམས་དཔའ་སྟེ། །སྐྱེས་བུ་ཆེན་པོར་ཤེས་པར་བྱ། །ཞེས་བྱ་བའི་ཚིགས་བཅད་གཉིས་པོ་འདིས་གང་ལ་བརྟེན་པར་བྱ་བའི་སྐྱེས་བུ་དམ་པའི་མཚན་ཉིད་སྟོན་ཏེ། ལུང་གི་ཆོས་སྡེ་སྣོད་གསུམ་མ་ལུས་པར་ཐོས་པ་
ནི་མང་དུ་ཐོས་པ་ཞེས་བྱའོ། །རྟོགས་པའི་ཆོས་བདེན་པ་བཞི་ཁོང་དུ་ཆུད་པས་ན་བདེན་པ་མཐོང་བ་ཞེས་བྱའོ། །ཆོས་སྟོན་པའི་དུས་ན་མི་དལ་མི་མྱུར་བར་ཚིག་འདེབས་ཤིང་བཟང་པོ་སྟོན་པས་ན་སྨྲ་བ་དང་ལྡན་པ་ཞེས་བྱའོ། །སེམས་ཅན་གྱི་སྡུག་བསྔལ་བསལ་བར་བྱ་བའི་ཕྱིར་ཆོས་སྟོན་གྱི། ཁེ་
དང་བཀུར་སྟི་ལ་ཆགས་པ་མེད་པས་ན་སྙིང་རྗེ་ཅན་ཞེས་བྱའོ། །བར་འགའ་འཆད་བར་འགའ་མི་འཆད་པ་མ་ཡིན་གྱི་རྒྱུན་དུ་འཆད་པས་ན་མི་སྐྱོ་བ་ཞེས་བྱ་སྟེ། དེ་ལྟ་བུ་ནི་བྱང་ཆུབ་སེམས་དཔའ་ཡིན་པས་སྐྱེས་བུ་དམ་པ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བའི་དོན་ཏོ། །ད་ནི་ཚིགས་བཅད་གསུམ་པས་
བདག་གི་ཡང་དག་པའི་སྨོན་ལམ་ཚུལ་བཞིན་ཡིད་ལ་བྱེད་པས་ཟིན་པ་བསྟན་པའི་ཕྱིར། རབ་ཏུ་དམིགས་དང་རབ་བསྟན་པ། །ཐབས་རབ་དེ་དག་བསྟན་པ་ནི། །རབ་ཏུ་འཇུག་དང་རབ་འབྱོར་པ། །བདག་གི་ཡང་དག་སྨོན་ལམ་མོ། །ཞེས་བྱ་བ་སྨོས་ཏེ། ཡང་དག་པའི་སྨོན་ལམ་ཞེས་བྱ་བ་དང་།

བདག་ཡོངས་སུ་སྦྱངས་པ་ཞེས་བྱ་བ་དང་། བདག་ལས་སུ་རུང་སྟེ་ཅི་བསམས་པ་བཞིན་དུ་འགྲུབ་ཅེས་བྱ་བ་དོན་གཅིག་གོ། །དེ་ལ་དམ་པའི་ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའི་ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་ལ་དམིགས་པ་ཞེས་བྱའོ། །ཚེ་རབས་སྔ་མར་
བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བརྟེན་པས་ན་རབ་ཏུ་བརྟེན་པ་ཞེས་བྱའོ། །ཏིང་ངེ་འཛིན་བསྒོམ་པའི་ཚེ་དུས་དུས་སུ་ཞི་གནས་ཀྱི་མཚན་མ་དང་། ལྷག་མཐོང་གི་མཚན་མ་དང་། བཏང་སྙོམས་ཀྱི་མཚན་མ་བསྒོམ་པས་ན་ཐབས་རབ་ཅེས་བྱ་སྟེ། དེ་གསུམ་བསྟན་པ་ནི་བདག་གི་
ཡང་དག་པའི་སྨོན་ལམ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་དགེ་བའི་རྩ་བ་ཅུང་ཟད་ཙམ་གྱིས་ཆོག་པར་མི་འཛིན་ཏེ་མཉན་པར་བྱས་ནས་སེམས་པར་འདོད་པ་དང་། བསམས་ནས་བསྒོམ་པར་འདོད་པ་ནས་ས་གོང་མ་གོང་མ་དང་ཡོན་ཏན་གོང་མ་གོང་མ་རྣམས་སྒྲུབ་པར་བྱེད་པ་ནི་རབ་ཏུ་འཇུག་པ་ཞེས་
བྱའོ། །ཞི་གནས་དང་ལྷག་མཐོང་བསྒོམ་པ་ལ་རྒྱུན་དུ་བསྒོམ་པ་དང་གུས་པར་བསྒོམ་པ་ནི་རབ་ཏུ་སྦྱོར་བ་ཞེས་བྱ་སྟེ། གོང་དུ་བཤད་པ་དེ་དག་དང་ལྡན་པ་ནི་བདག་གི་ཡང་དག་པའི་སྨོན་ལམ་ཡིན་ཏེ། བདག་སྦྱང་བ་བྱས་པ་དང་། བདག་གིས་བསམས་པ་བཞིན་དུ་བསྒྲུབ་སྟེ། བདག་ལས་སུ་རུང་བ་བྱས་པ་
ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཞི་གནས་ལ་སོགས་པའི་མཚན་མ་དུས་སུ་བསྒོམ་པ་དང་ཞེས་བྱ་བ་ལ། ནམ་གཟུགས་དང་སྒྲ་ལ་སོགས་པ་ཕྱིའི་ཡུལ་ལ་སེམས་གཡེངས་པར་གྱུར་ན་ཞི་གནས་ཀྱི་མཚན་མ་བསྒོམས་ཏེ་འཁོར་བའི་སྐྱེ་རྒ་ན་འཆི་ལ་སོགས་པའི་སྐྱོན་བསམས་ནས་སེམས་གཡེངས་པ་ལས་བློན་
པ་ནི་ཞི་གནས་ཀྱི་མཚན་མ་བསྒོམ་པ་ཞེས་བྱའོ། །ནམ་སེམས་རྨུགས་པ་དང་། ཞུམ་པར་གྱུར་པ་ན་ལྷག་མཐོང་གི་བསམ་པ་བསྒོམས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་དང་། །ཏིང་ངེ་འཛིན་གྱི་འབྲས་བུ་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བསམས་པས་སེམས་གཟེངས་བསྟོད་པ་ནི་
ལྷག་མཐོང་གི་མཚན་མ་བསྒོམ་པ་ཞེས་བྱའོ། །ནམ་ཞུམ་རྒོད་སྤངས་ནས་སེམས་མཉམ་པ་ཉིད་དུ་གྱུར་པའི་ཚེ་ན་ནི་བཏང་སྙོམས་ཀྱི་མཚན་མ་བསྒོམས་ཏེ། སེམས་མི་བསྐྱོད་པར་གཞག་པ་ཉིད་བཏང་སྙོམས་ཀྱི་མཚན་མ་བསྒོམ་པའོ། །བྱ་བ་གཞན་ཡོད་ན་ཆུང་ངུས་མི་མགུ་བར་ཞེས་བྱ་བ་ལ།

བསྒྲུབ་པར་བྱ་བའི་དགེ་བའི་རྩ་བ་དང་། ཐོབ་པར་བྱ་བ་གཞན་དག་ཡོད་ན་དགེ་བ་ཆུང་ངུ་ཙམ་གྱིས་ཆོག་པར་མི་འཛིན་ཅེས་བྱ་བའི་དོན་ཏོ། །གུས་པར་རྒྱུན་དུ་འཇུག་པའི་ཕྱིར་རོ་ཞེས་བྱ་བ་ལ། རབ་ཏུ་སྦྱོར་བ་འཆད་དེ་ཞི་གནས་དང་ལྷག་མཐོང་ལ་བསྒྲིམས་ཏེ་བསྒོམ་པ་ནི་གུས་པར་འཇུག་པ་ཞེས་
བྱའོ། །བར་འགའ་བསྒོམ་བར་འགའ་མི་བསྒོམ་པ་མ་ཡིན་གྱི་དུས་ཐམས་ཅད་དུ་བསྒོམ་པ་ནི་རྒྱུན་དུ་འཇུག་པའོ་ཞེས་བྱའོ། །དགའ་དང་ལྡན་པར་སྐྱེས་པ་ནི། །ཞེས་བྱ་བ་ལ་སོགས་པ་ཚིགས་སུ་བཅད་པ་བཞི་པས་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུས་ཆོས་རྣམ་པ་ལྔའི་རྒྱུར་གྱུར་པ་སྟོན་ཏོ། །གང་གི་
ཕྱིར་ཚེ་རབས་སྔ་མར་དགེ་བ་བྱས་པའི་རྒྱུས་ན་ཚེ་འདིར་མཐུན་པའི་ཡུལ་དང་གནས་ན་འདུག་ཅིང་གནས་པར་དགའ་བ་སྐྱེའོ། །གང་གི་ཕྱིར་ཚེ་རབས་སྔ་མར་དགེ་བ་བྱས་པ་དེའི་རྒྱུས་ཚེ་འདིར་མི་ཁོམ་པ་བརྒྱད་སྤངས་ནས་དལ་བར་སྐྱེས་ཏེ། དལ་བར་སྐྱེས་པ་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་པོ། །
ནད་མེད་པ་ཡི་རྒྱུ་དག་དང་། །ཏིང་འཛིན་རྣམ་པར་བྱེད་པ་ཡང་། སྔོན་དུ་བསོད་ནམས་བྱས་པའོ། །ཞེས་བྱ་བ་ལ། གང་གི་ཕྱིར་ཚེ་རབས་སྔ་མར་བསོད་ནམས་བྱས་པ་དེའི་རྒྱུས་ན་ཚེ་འདིར་ནད་མེད་པ་དང་ཏིང་ངེ་འཛིན་དང་། རབ་ཏུ་འབྱེད་པ་སྟེ་ཤེས་རབ་གསུམ་འཕེལ་བར་འགྱུར་ཏེ། དེ་གསུམ་
འཕེལ་བས་ཚེ་འདིར་ཅི་བསམས་ཤིང་སྨོན་ལམ་བཏབ་པ་དེ་བཞིན་དུ་འགྲུབ་པ་སྟེ། དེ་བས་ན་དེ་དག་འགྲུབ་པ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུ་ལས་གྲུབ་པོ་ཞེས་བྱ་བའི་དོན་ཏོ། །བཞི་པ་འདིས་ནི་བསོད་ནམས་བྱས་པ་རྣམ་པ་ལྔའི་རྒྱུར་སྟོན་ཏེ་ཞེས་བྱ་བ་ལ། ཚིགས་བཅད་བཞི་པ་འདིས་
ནི་ཚེ་རབས་སྔ་མར་བསོད་ནམས་བྱས་པར་ཚེ་འདིར་ཆོས་རྣམ་པ་ལྔ་འཐོབ་པའི་རྒྱུར་འགྱུར་བ་སྟོན་ཏེ། ཆོས་རྣམ་པ་ལྔ་ནི་དགའ་བ་དང་། དལ་བར་སྐྱེ་བ་དང་། ནད་མེད་པ་དང་། ཏིང་ངེ་འཛིན་དང་ཤེས་རབ་བོ། །གང་གི་ཕྱིར་དགེ་བའི་རྒྱུས་མཐུན་པའི་ཡུལ་དང་། གནས་ལ་མངོན་པར་དགའ་བའོ་ཞེས་
བྱ་བ་ལ། ཚེ་རབས་སྔ་མར་བསོད་ནམས་བྱས་པའི་རྒྱུས་ན་ཚེ་འདིར་གོང་དུ་བཤད་པ་ལྟ་བུའི་མཐུན་པའི་གནས་དང་ཡུལ་ན་གནས་པར་མངོན་པར་དགའ་སྟེ། མཐུན་པའི་ཡུལ་ན་གནས་པར་མངོན་པར་དགའ་བ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུ་ལས་གྱུར་ཏོ་ཞེས་བྱ་བའི་དོན་

ཏོ། །གང་གི་རྒྱུས་དལ་བའི་རྒྱུས་ན་སྐྱེས་བུ་དམ་པ་ལ་བརྟེན་པ་འཐོབ་པོ་ཞེས་བྱ་བ་ལ་གང་གི་ཕྱིར་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པ་དེའི་རྒྱུས་ན་ཚེ་འདིར་མཐའ་འཁོབ་ཏུ་སྐྱེ་བ་དང་། འོན་ལྐུགས་ལ་སོགས་པར་འགྱུར་བའི་མི་ཁོམ་པ་བརྒྱད་སྤངས་ནས་དལ་བ་བསྐྱེད་དེ་དལ་བ་རྙེད་པ་ན་སྐྱེས་
བུ་དམ་པ་རྣམས་དང་བརྟེན་པ་འཐོབ་བོ། །དེ་ལྟར་སྐྱེས་བུ་དམ་པ་དང་བརྟེན་པ་འཐོབ་པ་ཡང་ཚེ་རབས་སྔ་མ་ལ་བསོད་ནམས་བྱས་པའི་རྒྱུ་ལས་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ནད་མེད་པ་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་རྒྱུས་ན་བདག་གིས་ཡང་དག་པའི་སྨོན་ལམ་འགྲུབ་པོ་ཞེས་བྱ་བ་ལ། སྔོན་
བསོད་ནམས་བསགས་པའི་རྒྱུས་ན་ཚེ་འདིར་ནད་ཉུང་བ་དང་ཏིང་ངེ་འཛིན་དང་ཤེས་རབ་འཕེལ་བར་འགྱུར་ཏེ། དེ་གསུམ་འཕེལ་བས་ན་བྱང་ཆུབ་སེམས་དཔའ་ཡང་དག་པའི་སྨོན་ལམ་ཇི་ལྟར་བཏབ་པ་བཞིན་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་སྨོན་ལམ་འགྲུབ་པར་འགྱུར་བ་ཡང་ཚེ་རབས་སྔ་མ་ལ་བསོད་
ནམས་བསགས་པའི་རྒྱུ་ལས་གྱུར་ཏོ་ཞེས་བྱ་བའི་དོན་ཏོ། །ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་ལས་ཇི་ལྟར་བྱུང་བའི་ཚིགས་སུ་བཅད་པ་གསུམ་སྟེ་ཞེས་བྱ་བ་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཉིད་ལ་བརྟེན་ནས་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ལས་ཐར་བར་འགྱུར་བའི་
ཐབས་གཞན་ན་མེད་པར་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏོ། །ཆོས་ཀྱི་དབྱིངས་ནི་མ་གཏོགས་པར། །གང་ཕྱིར་ཆོས་ནི་མེད་པ་སྟེ། །ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་མི་སྨྲ་སྟེ་ཞེས་གསུངས་པ་དེ་ཅི་ལ་དགོངས་ནས་
དེ་སྐད་གསུངས་ཤེ་ན། འདི་ལྟར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཐམས་ཅད་ལས་ཐར་བར་བྱེད་པའི་ཐབས་ནི་ཆོས་ཀྱི་དབྱིངས་ཡིན་པ་ལ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་མ་ཁྱབ་ཆོས་ཀྱི་དབྱིངས་ཀྱི་ནང་དུ་མ་འདུས་པའི་ཆོས་ནི་གང་གི་ཕྱིར་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ལ་ཆོས་ཀྱི་
དབྱིངས་ཀྱིས་ཁྱབ་པོ་ཞེས་བྱ་བའི་དོན་ཏོ། །དེ་བས་འདོད་ཆགས་ལ་སོགས་པའི། །དེ་དག་འབྱུང་བར་སངས་རྒྱས་དགོངས། །ཞེས་བྱ་བ་ལ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ན་འདོད་ཆགས་ལ་སོགས་པ་ལ་ཡང་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་སྟེ། འདོད་ཆགས་ལ་ཡང་ཆོས་ཀྱི་

དབྱིངས་ཡོད་དེ་འདི་ལྟར་འདོད་ཆགས་ལ་ཡོད་པའི་ཆོས་ཀྱི་དབྱིངས་དེ་ལ་མ་སྐྱེས་མ་བྱུང་བའི་མཚན་ཉིད་དུ་ཚུལ་བཞིན་དུ་ཡིད་ལ་བྱས་ན་འདོད་ཆགས་ལ་སོགས་པ་ལས་ཐར་བར་འགྱུར་ཏེ། དེ་བས་ན་དེ་ལ་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་ང་མི་སྨྲའོ་ཞེས་བཀའ་སྩལ་ཏོ། །གང་
བཅོམ་ལྡན་འདས་ཀྱིས་གསུངས་ཞེས་བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལ་སོགས་པའོ། །འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པར་གཞན་པ་ང་མི་སྨྲ་སྟེ་ཞེས་བྱ་བ་ལ། འདོད་ཆགས་ཉིད་ཀྱིས་འདོད་ཆགས་ལས་འབྱིན་པར་བྱེད་ཀྱི་འདོད་ཆགས་ལས་མ་གཏོགས་པར་འདོད་ཆགས་ལས་
ཐར་བར་བྱེད་པའི་ཐབས་ལོགས་ཤིག་ཏུ་གུད་ན་ཡོད་པར་ང་མི་འཆད་དོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་གཏི་མུག་ལ་སོགས་པ་ལ་ཞེས་བྱ་བ་ལ། འདོད་ཆགས་དང་འདྲ་བར་གཏི་མུག་ལ་སོགས་པ་ཡང་གཏི་མུག་གིས་གཏི་མུག་འབྱིན་པ་ཡང་གཞན་པར་ང་མི་སྨྲའོ་ཞེས་བྱ་བའི་འདོད་
ཆགས་ལ་གསུངས་པ་བཞིན་དུ་སྦྱར་རོ། །དེ་ལ་དགོངས་པར་བསྟན་ཅ་ན་ཞེས་བྱ་བ་ནི་དེ་སྐད་དུ་བཀའ་སྩལ་པ་དེ། ཇི་ལ་དགོངས་ཏེ་དེ་སྐད་གསུངས་ཤེ་ན་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་ཆོས་ཀྱི་དབྱིངས་མ་གཏོགས་པར་ཆོས་མེད་པ་ནི་ཆོས་ཉིད་ལས་གུད་ན་ཆོས་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ།
བཅོམ་ལྡན་འདས་ཀྱིས་འདོད་ཆགས་འབྱིན་ཏོ་ཞེས་གསུངས་པ་དེ་ཡང་དོན་དུ་ན་ཆོས་ཀྱི་དབྱིངས་ལ་དགོངས་ནས་གསུངས་པ་ཡིན་ནོ། །ཇི་ལྟ་ཞེ་ན། འདི་ལྟར་ཆོས་ཀྱི་དབྱིངས་སྟོང་པའི་མཚན་ཉིད་མ་སྐྱེས་མ་བྱུང་བའི་རང་བཞིན་ལས་མ་གཏོགས་པ་དེས་མ་ཁྱབ་པའི་ཆོས་གང་ཡང་མེད་དེ་
ཅིའི་ཕྱིར་ཞེ་ན། ཆོས་ཉིད་ཆོས་ཀྱི་དབྱིངས་ལས་ཆོས་ཞེས་བྱ་བའི་འདོད་ཆགས་ལ་སོགས་པ་གུད་དུ་མེད་དེ། འདི་ལྟར་འདོད་ཆགས་ཉིད་ལའང་ཆོས་ཀྱི་དབྱིངས་ཀྱིས་ཁྱབ་ཅིང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡོད་པའི་ཕྱིར་རོ། །དེ་བས་ན་འདོད་ཆགས་ལ་སོགས་པའི་ཆོས་ཉིད་ལ་འདོད་ཆགས་ཀྱི་མིང་
འཐོབ་སྟེ་ཞེས་བྱ་བ་ལ། དེ་ལྟར་འདོད་ཆགས་ལ་ཡང་ཆོས་ཀྱི་དབྱིངས་ཡོད་པས་འདོད་ཆགས་ཡོད་པའི་ཆོས་ཀྱི་དབྱིངས་ལ་འདོད་ཆགས་ཀྱི་མིང་བཏགས་སོ་ཞེས་བྱ་བའི་དོན་ཏོ། །འབྱུང་བ་དེ་ནི་འདོད་ཆགས་ལ་སོགས་པ་སྟེ་ཞེས་བྱ་བ་ལ་ལ་སོགས་པ་ལ་ཡོད་པའི་ཆོས་ཀྱི་དབྱིངས་ལ་མ་སྐྱེས་མ་

བྱུང་བའི་ཆོས་ཉིད་དུ་བསྒོམས་ན་འདོད་ཆགས་ལ་སོགས་པ་ལས་འབྱུང་བར་འགྱུར་རོ། །དེ་ལ་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་མི་སྨྲའོ་ཞེས་བཀའ་སྩལ་ཏོ། །གཞན་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས་མ་རིག་པ་དང་བྱང་ཆུབ་གཅིག་སྟེ་གང་
མ་རིག་པ་དེ་བྱང་ཆུབ་གང་བྱང་ཆུབ་དེ་མ་རིག་པ་སྟེ། དེ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་པ་ཞེས་གསུངས་པ་དེ་ཇི་ལ་དགོངས་ཏེ་དེ་སྐད་གསུངས་པ་བསྟན་པའི་ཕྱིར། ཆོས་ཀྱི་དབྱིངས་ནི་མ་གཏོགས་པ། །གང་ཕྱིར་ཆོས་ནི་མེད་པ་སྟེ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །མ་རིག་པ་དང་ཉོན་མོངས་པ་
ལ་སོགས་པའི་ཆོས་གང་ཡང་རུང་ཆོས་ཀྱི་དབྱིངས་སྟོང་པས་མ་ཁྱབ་པའི་ཆོས་ནི་རྡུལ་ཙམ་ཡང་མེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་བས་ཉོན་མོངས་བཤད་པ་ལས། །བློ་ཅན་གྱིས་ནི་དགོངས་སོ་ཞེས་བྱ་བ་ལ། དེ་ལྟར་ཆོས་ཀྱི་དབྱིངས་ཀྱིས་ཀུན་དུ་ཁྱབ་པས་ན་གོང་དུ་ཉོན་མོངས་པ་བཤད་པའི་སྐབས་སུ་
འདོད་ཆགས་ཀྱིས་འདོད་ཆགས་འབྱིན་ཏོ་ཞེས་སྤྱོད་པ་ཡང་འདོད་ཆགས་དང་ཆོས་ཀྱི་དབྱིངས་གཅིག་པར་བཤད་པ་དང་འདྲ་བར་བློ་ཅན་ཏེ། བཅོམ་ལྡན་འདས་ཀྱིས་མ་རིག་པ་དང་བྱང་ཆུབ་གཅིག་པར་བཤད་པ་ཡང་བྱང་ཆུབ་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡིན་ལ། མ་རིག་པ་ལ་ཡང་ཆོས་ཀྱི་དབྱིངས་
ཀྱིས་ཁྱབ་སྟེ། བྱང་ཆུབ་ཀྱི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་དང་མ་རིག་པ་ལ་ཡོད་པའི་ཆོས་ཀྱི་དབྱིངས་གཉིས་སུ་རང་བཞིན་གཅིག་པ་ལ་དགོངས་ནས་མ་རིག་པ་དང་བྱང་ཆུབ་གཅིག་གོ་ཞེས་བཀའ་སྩལ་ཏོ་དགོངས་པ་ནི་དེའོ། །དེ་ལ་ཉོན་མོངས་པ་བསྟན་པ་ནི་དེ་ཉིད་ཡིན་པར་དགོངས་པ་སྟེ་ཞེས་བྱ་བ་ལ། གོང་
དུ་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པར་བྱེད་དོ་ཞེས་འདོད་ཆགས་དང་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གཅིག་པར་བསྟན་པ་དེ་བཞིན་དུ། འདིར་ཡང་མ་རིག་པའི་ཆོས་ཉིད་དང་བྱང་ཆུབ་ཀྱི་ཆོས་ཉིད་རང་བཞིན་གཅིག་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །མ་རིག་པ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཆོས་ཉིད་ལ་
བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ལ། མ་རིག་པ་དང་། འདུ་བྱེད་གཅིག་པར་བཤད་པ་ཡང་མ་རིག་པ་འགགས་ན་གང་ཞིག་ན་མ་རིག་པའི་མཚན་ཉིད་བྱང་ཆུབ་ཏུ་འགྱུར་བ་དང་། མ་རིག་པ་ལ་ཡང་སྟོང་པའི་ཆོས་ཉིད་ཡོད། བྱང་ཆུབ་ལ་ཡང་སྟོང་པའི་ཆོས་ཉིད་ཡོད་དེ། སྟོང་པའི་ཆོས་ཉིད་ལ་མི་འདྲ་

བ་མེད་པས་ན་ཆོས་ཉིད་འདྲ་བ་ལ་དགོངས་ནས་མ་རིག་པ་དང་བྱང་ཆུབ་གཅིག་གོ་ཞེས་དགོངས་སོ། །འདོད་ཆགས་ཀྱིས་འདོད་ཆགས་འབྱུང་བར་བཤད་པའི་དགོངས་པ་བསྟན་པའི་ཕྱིར། གང་ཕྱིར་འདོད་ཆགས་ལ་སོགས་མང་། །ཚུལ་བཞིན་གྲུབ་པར་གྱུར་ན་ནི། །དེ་དག་དེ་ལས་གྲོལ་བར་འགྱུར། །
དེ་ཕྱིར་དེ་ལས་འབྱུང་བ་ཡིན། །ཞེས་བྱ་བ་སྨོས་ཏེ། ཀུན་རྫོབ་ཏུ་ན་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ནི་མི་དགེ་བ་སྡུག་བསྔལ་མང་པོ་དང་ལྡན་པ། རིམས་དང་བཅས་པ། འཁྲུལ་པ་དང་བཅས་པ་སྟེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སེམས་ལས་བྱུང་ན་
སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམ་པ་སྣ་ཚོགས་སྐྱེ་བར་འགྱུར་ཞིང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་འདི་དག་ནི་དགེ་བའི་ཆོས་ཀྱི་མི་མཐུན་པའི་ཕྱོགས་ཡིན་པས་སྤང་བར་བྱ་བ་ཡིན་ནོ་ཞེས་དེ་ལྟར་ཚུལ་བཞིན་ཡིད་ལ་བྱས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་གྲུབ་པར་འགྱུར་ཏེ་འདོད་
ཆགས་ལ་སོགས་པའི་རང་བཞིན་སྐྱོན་ཅན་དུ་རྟོགས་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དེ་དག་ལས་གྲོལ་བར་འགྱུར་ཏེ། དེ་བས་ན་འདོད་ཆགས་ཀྱིས་འདོད་ཆགས་འབྱུང་བ་ཡིན་པས་དེ་ལས་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་འབྱིན་པ་གཞན་པར་ཡང་ང་མི་སྨྲ་སྟེ། ཡང་ན་གང་གི་
ཕྱིར་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཆོས་རྣམས་སྟོང་པ་དང་མ་སྐྱེས་པ་དང་མ་བྱུང་བའི་མཚན་ཉིད་དུ་དོན་དམ་པའི་ཚུལ་དུ་ཚུལ་བཞིན་དུ་ཡིད་ལ་བྱ་སྟེ། བསྒོམ་པ་ལས་གྲུབ་པར་གྱུར་ན་འདོད་ཆགས་པའི་ཉོན་མོངས་པ་ལས་གྲོལ་བར་འགྱུར་ཏེ། དེ་བས་ན་དེ་ལ་དགོངས་ནས་འདོད་ཆགས་ཀྱིས་འདོད་ཆགས་
འབྱིན་ཏོ་ཞེས་བཀའ་སྩལ་ཏོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་སྤོང་བར་ཚིགས་སུ་བཅད་པ་གཉིས་ཏེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་ཡིད་ལ་བྱེད་པ་ནི་མྱ་ངན་ལས་འདས་པ་ལ་རྒྱབ་ཀྱིས་ལྟ་ཞིང་འཁོར་བ་ལ་མངོན་དུ་ཕྱོགས་པར་བྱེད་པ་ཡིན་ནོ། །ཉན་ཐོས་ཀྱི་ཡིད་ལ་བྱེད་པ་ནི་མྱ་ངན་
ལས་འདས་པ་ལ་མངོན་དུ་ཕྱོགས་ཤིང་། འཁོར་བ་ལ་རྒྱབ་ཏུ་ལྟ་བ་ཡིན་ཏེ་དེ་བས་ན་བྱང་ཆུབ་སེམས་དཔའ་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་མྱ་ངན་ལས་འདས་པ་ལ་མངོན་དུ་ཕྱོགས་ཤིང་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །ཇི་སྟེ་འཇིག་རྟེན་

ཕྱིར་ནི་དམྱལ་བའི་གནས་འཇུག་ཀྱང་། སྡུག་བསྔལ་དྲག་པོས་རྒྱལ་བའི་སྲས་ལ་གནོད་མི་འགྱུར། །ཞེས་བྱ་བ་ལ། གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དང་ཕན་པའི་ཆེད་དུ་སེམས་ཅན་དམྱལ་བའི་གནས་སུ་འཇུག་ཅིང་དམྱལ་བར་གནས་ཀྱང་དམྱལ་བའི་སྡུག་
བསྔལ་བར་མ་དང་ཐ་མས་གནོད་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཀྱི་དམྱལ་བའི་སྡུག་བསྔལ་ཤིན་ཏུ་དྲག་པོས་ཀྱང་དེའི་ལུས་དང་སེམས་ལ་གནོད་པར་མི་འགྱུར་ཞིང་བླ་ན་མེད་པའི་བར་དུ་གཅོད་པར་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཞི་བའི་ཡོན་ཏན་སྲིད་སྐྱོན་ཐོག་མར་བསམ་པ་ཡི། །དགེ་བ་རྟོག་པ་
སྣ་ཚོགས་བློ་ལྡན་རྣམས་ལ་གནོད། །ཞེས་བྱ་བ་ལ། ཐེག་དམན་འཕངས་ཞེས་བྱ་བ་དང་པོར་བཤད་དེ་ཐེག་དམན་འཕངས་པ་ནི་ཉན་ཐོས་ཀྱི་ཡིད་ལ་བྱེད་པ་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་ལ་བྱ་སྟེ། དེ་ཡང་མྱ་ངན་ལས་འདས་པ་ཞི་བ་ལ། བདེ་བ་དང་གྱ་ནོམ་པར་ཡོན་ཏན་དུ་ལྟ་བ་དང་། སྲིད་
པ་སྟེ། འཁོར་བ་ལ་སྡུག་བསྔལ་བའོ་ཞེས་རྟོག་པའི་ཡིད་ལ་བྱེད་པ་གཉིས་ནི་བློ་ལྡན་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དང་། ས་ལ་སོགས་པ་ལ་བྱ་བར་རྟོག་པ་ལ་གནོད་ཅིང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པ་ཡིན་པས་ཡིད་ལ་བྱེད་པ་དེ་ནི་སྤང་བར་བྱ་བ་ཡིན་ནོ་ཞེས་བྱ་བའི་དོན་
ཏོ། །དེའི་དོན་ཚིགས་སུ་བཅད་པ་གཉིས་པས་བསྟན་པའི་ཕྱིར། བློ་ལྡན་དག་ནི་དྲི་མེད་རྣམ་དག་སངས་རྒྱས་བྱང་ཆུབ་ལ། །དམྱལ་བར་གནས་པ་ཐམས་ཅད་དུས་སུ་བགེགས་མི་བྱེད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ་བློ་ལྡན་དག་ནི་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཞེས་བྱ་བའི་དོན་ཏོ། །བྱང་
ཆུབ་སེམས་དཔའ་རྣམས་ཀྱིས་ཐོབ་པར་བྱ་བའི་བྱང་ཆུབ་དེ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་སྤངས་པས་དྲི་མ་མེད་པ་ཞེས་བྱའོ། །ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་ཤེས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རྣམ་པར་རྒྱས་པ་ཞེས་བྱ་སྟེ། དྲི་མ་མེད་པ་ཞེས་བྱ་
བས་ནི་སྤངས་པ་ཕུན་སུམ་ཚོགས་པ་བསྟན། རྣམ་རྒྱས་ཞེས་བྱ་བས་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་བསྟན་ཏོ། །དེ་ལྟ་བུའི་བྱང་ཆུབ་ཐོབ་པར་བྱ་བ་ལ། སེམས་ཅན་དམྱལ་བ་ན་དུས་ཐམས་ཅད་དུ་གནས་པའི་སྡུག་བསྔལ་གྱིས་ཀྱང་མངོན་པར་འཚང་རྒྱ་བར་བྱ་བ་ལ་བར་ཆད་དུ་མི་འགྱུར་གྱི་བགེགས་

སུ་མི་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཐེག་པ་གཞན་ལ་རྟོག་པར་བདག་ཕན་མཆོག་བསིལ་བ། །བདེ་བའི་མཆོག་ལ་གནས་པ་ལ་ཡང་བགེགས་སུ་འགྱུར། །ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་བྱང་ཆུབ་ཐོབ་པར་བྱ་བ་ལ་བགེགས་སུ་འགྱུར་བ་འདི་ཡིན་ཏེ། གང་ཉན་ཐོས་དང་རང་སངས་
རྒྱས་ཀྱི་ཡིད་ལ་བྱེད་པ་བདག་ལ་ཕན་པ་དང་བདེ་བར་བྱེད་པ་དང་། བདག་ཉིད་བསིལ་བ་སྟེ། བདག་འབའ་ཞིག་མྱ་ངན་ལས་འདས་པར་བྱ་བ་ལ་རྟོག་པ་དེ་ནི་བགེགས་སུ་འགྱུར་ཏེ། གང་གི་བགེགས་སུ་འགྱུར་ཞེ་ན། བདེ་བའི་མཆོག་ལ་གནས་པ་སྟེ། མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་
ཐོབ་པར་བྱ་བ་ལ་བགེགས་སུ་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ངོ་བོ་མེད་དང་རང་བཞིན་གྱིས་རྣམ་པར་དག་པ་ལ་སྐྲག་པ་སྤང་བའི་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། ཆོས་རྣམས་ངོ་བོ་མེད་པ་ཞེས་བཤད་པ་སྣང་ཞིང་དམིགས་སུ་རུང་ངོ་ཞེས་བཤད་པ་ཡང་། བྱིས་པ་རྣམས་སྐྲག་པར་འགྱུར་བའི་
གནས་ཡིན་ལ། ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་གོ་ཞེས་བཤད་ལ། དྲི་མ་ཡང་དག་གོ་ཞེས་བཤད་པ་ཡང་བྱིས་པ་རྣམས་སྐྲག་པའི་གནས་ཏེ། སྐྲག་པ་དེ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཡང་ན་བྱིས་པ་རྣམས་སྐྲག་པའི་གནས་ནི་གསུམ་
སྟེ། ཆོས་རྣམས་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ་ཞེས་བཤད་ན་ཡང་སྐྲག་པའི་གནས་སོ། །ཆོས་ཐམས་ཅད་ཡོད་དེ་དམིགས་སུ་རུང་ངོ་ཞེས་སྨྲ་ན་ཡང་སྐྲག་པའི་གནས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་མོད་ཀྱི་ཕྱིས་ཀྱང་དག་པར་བྱ་དགོས་སོ་ཞེས་བཤད་པ་ཡང་
སྐྲག་པའི་གནས་ཏེ། སྐྲག་པ་དེ་སྤང་བའི་ཕྱིར་ཚིགས་སུ་བཅད་པ་བཞི་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །ཆོས་ཀྱི་དངོས་མེད་དམིགས་པ་དང་། །ཉོན་མོངས་མི་རྟག་རྣམ་དག་ལ། །ཞེས་བྱ་བ་ལ། ཆོས་རྣམས་ཀྱི་དངོས་པོ་མེད་ཅིང་སྟོང་ངོ་ཞེས་བྱ་བ་ལ་སྣང་ཞིང་དམིགས་སུ་རུང་ངོ་ཞེས་བཤད་པ་
འདི་སྐྲག་པའི་གནས་ཏེ། བྱིས་པ་དག་འདི་སྙམ་དུ་རི་བོང་གི་རྭ་དངོས་པོ་མེད་ཀྱང་། དམིགས་སུ་མི་རུང་བ་བཞིན་དུ་ཆོས་རྣམས་ཀྱང་དངོས་པོ་མེད་ན་ནི་དམིགས་སུ་མི་རུང་ལ། དེ་བས་ན་དངོས་པོ་མེད་པ་དམིགས་སུ་རུང་ངོ་ཞེས་བཤད་པ་འདི་འགལ་བར་འགྱུར་རོ་ཞེས་གསུངས་པའི་ཕྱིར་རོ། །ཆོས་

ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ལ་ཕྱིས་ཀྱང་ཉོན་མོངས་པ་རྣམ་པར་དག་པར་བྱ་དགོས་སོ་ཞེས་བཤད་པ་འདི་ཡང་སྐྲག་པའི་གནས་ཏེ། ཅིའི་ཕྱིར་ཞེ་ན། བྱིས་པ་རྣམས་འདི་སྙམ་དུ་གལ་ཏེ་ཆོས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན། ཉོན་མོངས་པ་བསལ་ཅི་
དགོས་པའི་ཕྱིར་རོ། །སྒྱུ་མ་འདྲ་བར་ཤེས་བྱ་སྟེ། །དེ་བཞིན་ནམ་མཁའ་བཞིན་དུའོ། །ཞེས་བྱ་བ་ལ། ཆོས་དངོས་པོ་མེད་ཀྱང་དམིགས་སུ་རུང་བ་ནི་རྒྱུ་དང་འདྲ་བར་ཤེས་པར་བྱ་སྟེ། དཔེར་ན་སྒྱུ་མ་དམིགས་སུ་མེད་ཀྱང་རྟ་དང་གླང་པོ་ལྟ་བུར་དམིགས་སུ་རུང་བ་དེ་བཞིན་དུ་ཆོས་འདི་དག་དངོས་པོ་མེད་
ཀྱང་གཟུགས་དང་སྒྲ་ལ་སོགས་པ་ལྟ་བུར་དམིགས་སུ་རུང་ངོ་ཞེས་བྱ་བའི་དོན་ཏོ། །རང་བཞིན་གྱིས་རྣམ་པར་དག་ཀྱང་། ཕྱིས་རྣམ་པར་དག་པར་འགྱུར་བ་ནི་ནམ་མཁའ་བཞིན་ཏེ། དཔེར་ན་ནམ་མཁའ་རང་བཞིན་གྱིས་དག་པ་ལ་གློ་བུར་གྱི་སྤྲིན་གྱིས་རྙོག་ནས་དྲི་མ་ཅན་དུ་བྱས་པ་དེ་སྤྲིན་དང་བྲལ་ན་དག་
པར་འགྱུར་བ་དེ་བཞིན་དུ། ཆོས་ཀྱི་དབྱིངས་ཀྱང་རང་བཞིན་གྱིས་དག་པ་ཡིན་པ་ལ་འདོད་ཆགས་ལ་སོགས་པ་གློ་བུར་གྱི་ཉོན་མོངས་པས་དྲི་མ་ཅན་དུ་བྱས་པ་དེ་སྦྱང་དགོས་པས་ན་རང་བཞིན་གྱིས་རྣམ་པར་དག་པ་ལ་ཕྱིས་དག་པར་འགྱུར་བ་འགལ་བ་མེད་དོ། །ཆོས་ཀྱི་དངོས་པོ་མེད་ཀྱང་དམིགས་སུ་རུང་
བའི་རི་མོའི་དཔེ་བསྟན་པའི་ཕྱིར། ཇི་ལྟར་རི་མོ་ཆོ་ག་བཞིན་བྲིས་པ། །མཐོན་དམན་མེད་དེ་འོན་ཀྱང་སྣང་བར་འགྱུར། །དེ་བཞིན་ཡང་དག་མ་ཡིན་ཀུན་རྟོག་ཀྱང་། །མདོར་ན་གཉིས་པོ་མེད་དེ་སྣང་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། དཔེར་ན་རས་ལ་རི་མོ་མཁན་གྱིས་ས་ཚོན་རྣམ་པ་སྣ་ཚོགས་ཀྱིས་གཟུགས་རྣམ་
པ་མང་པོ་ཆོ་ག་བཞིན་དུ་བྲིས་པ་ལ། ལག་པས་བྱུགས་ན་མཐོན་དམན་དང་འབར་འབུར་མེད་ཀྱང་མིག་གིས་བལྟས་ན་མགོ་དང་རྐང་ལག་ལ་སོགས་པ་མཐོན་དམན་དང་འབར་འབུར་དུ་སྣང་བ་དེ་དང་འདྲ་བ་ཡང་དག་པ་མ་ཡིན་པ་ཀུན་རྟོག་ཀྱང་སྟེ། གཞན་གྱི་དབང་གི་མཚན་ཉིད་ལ་གཟུང་བ་དང་།
འཛིན་པ་གཉིས་མེད་ཀྱང་གཟུང་བ་དང་འཛིན་པ་ལྟ་བུར་སྣང་སྟེ། དེ་བས་ན་མེད་ཀྱང་སྣང་བ་ནི་རི་མོའི་དཔེ་དང་འདྲའོ། །དེ་ནི་ཚིགས་སུ་བཅད་པ་གསུམ་པ་དང་བཞི་པས་སེམས་ཆུའི་རང་བཞིན་དང་འདྲ་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་རྙོག་པའི་ཆུ་ནི་དང་ནས་ཀྱང་། དེ་ལས་དེ་ནི་དང་བར་མི་འགྱུར་

རོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་རང་བཞིན་གྱིས་དང་བ་དེ། གློ་བུར་གྱི་སྲིན་དང་སྦལ་ལྕོང་གིས་རྙོག་པ་ཅན་དུ་བྱས་པ་ལས། ཕྱིས་རྙོག་པ་དང་བྲལ་ཏེ་དང་བར་གྱུར་ནས་རང་བཞིན་གྱིས་དང་བ་དེ་ཀུན་ནས་འཕྲལ་བར་སྐྱེས་ནས་དང་བར་འགྱུར་བ་མ་ཡིན་གྱི་ཡེ་ནས་གནས་པ་ལ་གློ་བུར་
རྙོག་མ་དང་བྲལ་བར་གྱུར་པ་དང་། སྔ་ན་ཡོད་པའི་དང་བར་སྣང་བར་གྱུར་པ་ཙམ་དུ་ཟད་དོ་ཞེས་བྱ་བའི་དོན་ཏོ། །དེ་ལ་དྲི་མ་བསལ་བ་གཅིག་པུ་སྟེ། །དེ་བཞིན་གང་ཕྱིར་གང་གིས་སེམས་དག་པའོ། །ཞེས་བྱ་བ་ལ་ཆུ་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མ་བསལ་བར་བྱ་བ་ཙམ་དུ་ཟད་དེ། གློ་
བུར་གྱི་དྲི་མ་དང་བྲལ་ན་དག་པར་གྱུར་པ་དེ་བཞིན་དུ་འདིར་ཡང་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་བྲལ་ན་ཕྱིས་དག་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །སེམས་ནི་རང་བཞིན་དག་པར་དགོངས། །རྟག་ཏུ་གློ་བུར་ཉེས་པས་རྙོག །ཅེས་བྱ་བ་ལ། སེམས་འདི་རང་བཞིན་གྱིས་རྣམ་པར་
དག་པ་འོད་གསལ་བའི་མཚན་ཉིད་དུ་དགོངས་ཏེ། ཤེལ་བཞིན་དུ་དག་པ་ཡིན་པར་འདོད་དེ། དེ་ལྟར་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ན་རང་བཞིན་གྱིས་རྣམ་པར་དག་པ་ཅིའི་ཕྱིར་མི་སྣང་མ་མཐོང་ཞེ་ན། དཔེར་ན་ཤེལ་རང་བཞིན་གྱིས་རྣམ་པར་དག་པར་འཇིམ་པའི་གོང་བུས་
གཡོགས་ན་དག་པའི་རང་བཞིན་མི་སྣང་བ་དང་། ཆུ་རང་བཞིན་གྱིས་དང་བ་ཡིན་ཡང་རྙོག་པས་རྙོག་ན་རང་བཞིན་གྱིས་དང་བ་མི་སྣང་བ་ཡིན་ནོ། །སེམས་རང་བཞིན་གྱིས་དག་པ་དེ་སེམས་གང་ལ་བྱ་ཞེ་ན། དེའི་ཕྱིར། སེམས་ཀྱི་ཆོས་ཉིད་དེ་ལས་གཞན་དག་ནི། །རང་བཞིན་རྣམ་པར་དག་པའི་
སེམས་མི་བཤད། །ཅེས་བྱ་བ་སྨོས་ཏེ། དེ་ལ་སེམས་ཀྱི་ཆོས་ཉིད་གཉིས་སུ་མེད་པ་ཡོངས་སུ་གྲུབ་པའི་མཚན་ཉིད་དེ་ཉིད་རང་བཞིན་གྱིས་རྣམ་པར་དག་པར་བཤད་ཀྱི་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་མ་གཏོགས་པ་གཞན་གྱི་དབང་གི་སེམས་ལ་ནི་རྣམ་པར་དག་པའི་སེམས་སུ་མི་བཤད་དོ་ཞེས་བྱ་
བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། གཞན་གྱི་དབང་གི་སེམས་ནི་ཟག་པ་དང་བཅས་པ་འདོད་ཆགས་དང་དད་པ་ལ་སོགས་པས་རྟག་ཏུ་རྙོག་ཅིང་སྐད་ཅིག་མ་རེ་རེ་ལ་ལྷན་ཅིག་སྐྱེ་ལྷན་ཅིག་འགག་སྟེ་དྲི་མ་ཅན་དུ་གནས་པས་རང་བཞིན་གྱིས་འོད་གསལ་བའི་སེམས་སུ་མི་རིགས་ཀྱི་ཡོངས་སུ་གྲུབ་པའི་མཚན་

ཉིད་ནི་ཟག་པ་ཅན་འཁོར་བའི་རྣམས་དང་ལྷན་ཅིག་སྐྱེ་ཞིང་འགག་པས་དྲི་མ་ཅན་དུ་བྱེད་པ་མ་ཡིན་པའི་ཕྱིར་རང་བཞིན་གྱིས་འོད་གསལ་བ་ཞེས་བྱའོ། །ཆོས་མེད་པ་དང་ཞེས་བྱ་བ་ལ། ཆོས་རྣམས་ཀུན་རྫོབ་ཏུ་ཡོད་པར་ཟད་ཀྱི་དོན་དམ་པར་ནི་ཐམས་ཅད་ནས་ཐམས་ཅད་དུ་མེད་དོ་ཞེས་
ལྟ་བ་དང་། ཆད་པར་གྱུར་པས་སྐུར་བ་བཏབ་པའི་ཕྱིར་སྐྲག་པར་འགྱུར་བའི་གནས་སོ་ཞེས་བྱ་བའི་དོན་ཏོ། །ཆོས་དམིགས་པ་ཞེས་བྱ་བ་ལ། དོན་དམ་པར་ན་སྒྱུ་མ་དང་རྨི་ལམ་ལ་སོགས་པ་འཕྲལ་དུ་སྣང་བའི་ཆོས་འདི་དག་ཐམས་ཅད་ཡོད་དེ་བཤད་པ་ཡང་སྐྲག་པའི་གནས་ཏེ། ཅིའི་ཕྱིར་ཞེ་ན།
གལ་ཏེ་དངོས་པོ་བཞིན་དུ་རྨི་ལམ་ལ་སོགས་པ་ཡང་ཡོད་ན་ནི་རྨི་ལམ་གྱི་དངོས་པོས་ཀྱང་བྱ་བ་བྱེད་ནུས་པའི་རིགས་སོ་སྙམ་དུ་སེམས་པའི་ཕྱིར་རོ། །དེ་སྒྱུ་མ་དང་འདྲ་བ་ཞེས་བྱ་བ་ལ། མེད་ཀྱང་དམིགས་པ་ནི་སྒྱུ་མ་དང་འདྲ་བར་ཁོང་དུ་ཆུད་ན་སྐྲག་པ་ལས་ལྡོག་པར་འགྱུར་རོ་ཞེས་བྱ་བའི་དོན་
ཏོ། །ནམ་མཁའ་དང་འདྲ་བ་ཞེས་བྱ་བ་ལ། རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་དག་པར་འགྱུར་བ། ནམ་མཁའ་དང་འདྲ་བར་ཁོང་དུ་ཆུད་ན་སྐྲག་པ་ལས་ལྡོག་གོ་ཞེས་བྱ་བའི་དོན་ཏོ། །དེ་བཞིན་དུ་རི་མོ་ལ་མཐོན་དམན་དང་འདྲ་བ་དང་ཞེས་བྱ་བ་ལ། མེད་ཀྱང་དམིགས་པ་ནི་
རི་མོའི་མཐོན་དམན་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཆུ་རྙོག་པ་དང་འདྲ་བ་ཞེས་བྱ་བ་ལ། རང་བཞིན་གྱིས་རྣམ་པར་དག་ཀྱང་གློ་བུར་གྱི་དྲི་མ་དག་པར་འགྱུར་བ་ནི་ཆུ་རང་བཞིན་གྱིས་དང་ཡང་འཕྲལ་གྱི་དྲི་མ་ཅན་དུ་བྱས་པ་དང་འདྲའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཆུ་རང་བཞིན་གྱིས་དང་བ་ལ་གློ་བུར་
གྱི་རྙོག་པས་རྙོག་པ་བཞིན་དུ་ཞེས་བྱ་བ་ལ། དཔེར་ན་ཆུ་ནི་རྙོག་པའི་རང་བཞིན་མ་ཡིན་གྱི། རང་བཞིན་གྱིས་དང་བ་དང་གསལ་བའི་མཚན་ཉིད་ཡིན་ན། གློ་བུར་གྱི་སྦལ་ལྕོང་ལ་སོགས་པས་གློངས་དང་། རྙོག་པ་ཅན་དུ་འགྱུར་བ་དང་འདྲ་བར་སེམས་རང་བཞིན་གྱིས་དྲི་མ་ཅན་གྱི་མཚན་
ཉིད་མ་ཡིན་ཏེ། རྣམ་པར་དག་པའི་རང་བཞིན་ཡིན་མོད་ཀྱི་གློ་བུར་གྱི་ཉོན་མོངས་པ་ལ་སོགས་པས་དྲི་མ་ཅན་དུ་བྱས་སོ་ཞེས་བྱ་བའི་དོན་ཏོ། །དེ་བས་ན་འདིར་སེམས་ཀྱི་དེ་བཞིན་ཉིད་ལ་སེམས་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ལ། སེམས་རང་བཞིན་གྱིས་རྣམ་པར་དག་ཅེས་བཤད་པ་ཡང་སེམས་

ཀུན་ལ་མི་བྱའི་སེམས་ཀྱི་དེ་བཞིན་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ལ་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཞེས་བྱ་སྟེ། དེ་བས་ན་སེམས་ཀྱི་སྒྲ་ནི་སེམས་ཀྱི་དེ་བཞིན་ཉིད་ལ་བྱ་བར་རིག་པར་བྱའོ། །འདོད་ཆགས་ལས་ཉེས་པ་སྐྱེ་བ་དག་ལ་ཚིགས་སུ་བཅད་པ་བཞི་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་
དཔའ་སེམས་ཅན་གྱི་དོན་བྱེད་པ་ན་ཞེ་སྡང་གི་སྒོ་ནས་བྱས་པ་རྣམས་ནི་ཉེས་པ་དང་ལྟུང་བར་འགྱུར་གྱི་འདོད་ཆགས་ཀྱི་སྒོ་ནས་བྱས་པ་རྣམས་ནི་ཉེས་པ་དང་ལྟུང་བར་མི་འགྱུར་བར་བསྟན་པའི་ཕྱིར་ཚིགས་སུ་བཅད་པ་རྩོམ་མོ་ཞེས་བྱ་བའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ། །རྐང་གི་ཁོང་ནས་
བྱམས་པ་ཆེ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པ་ན། སེམས་ཅན་ལ་བྱམས་པ་དང་སྡུག་པའི་སེམས་འབྱུང་བ་ན་རུས་པའི་ནང་ན་རྐང་གི་སྙིང་པོ་ལ་བབ་ཅིང་ཕོག་པ་ཙམ་དུ་བྱམས་ཤིང་སྡུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་རྟག་ཏུ་ཕན་བྱེད་པ། །ཇི་ལྟར་བུ་
གཅིག་པ་ལ་བྱ་བ་བཞིན། །ཞེས་བྱ་བ་ལ། དེ་ལྟར་བྱམས་པ་དེ་ཡང་དཔེར་ན་ཕ་མ་གཉིས་ལ་བུ་གཅིག་ཡོད་པ་དེ་ལ་ཕ་མ་གཉིས་བྱམས་ཤིང་གདུང་བ་ལྷག་པར་སྐྱེ་བ་དང་འདྲ་བར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་ཤིང་སྡུག་པ་ལྷག་པར་བྱེད་པ་རྐང་གི་ཁོང་དུ་སོང་བ་ཙམ་དུ་བྱམས་པ་
བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ནི་ཕན་བྱེད་ན། །ཆགས་བཅས་ཉེས་པར་མི་འགྱུར་རོ། །ཞེས་བྱ་བ་ལ། འདིའི་སྐབས་སུ་འདོད་ཆགས་ཞེས་བྱ་བ་ནི་སེམས་ཅན་བརྩེ་བར་འཛིན་པའི་བྱམས་པའི་སེམས་ལ་འདོད་ཆགས་བྱ་བར་དགོངས་ཏེ། དེ་ལྟ་བུའི་བྱམས་པའི་སེམས་ལས་ནི་སེམས་
ཅན་ལ་ཕན་པ་དང་བདེ་བ་ཤ་སྟག་འབྱུང་བས་བྱམས་པའི་སེམས་ལས་སེམས་ཅན་གྱི་དོན་བྱས་པའི་སྒོ་ནས་ཉེས་པ་བྱུང་བ་ཡང་། ཉེས་པར་མི་འགྱུར་ཏེ་ལྟུང་བར་མི་གཞག་གོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་ཐང་ཅིག་རབ་ཏུ་བྱུང་བའི་ཕྱོགས་ལ་འདོད་ཆགས་ལས་སྐྱེས་པའི་ཉེས་པའི་ལྟུང་བར་མི་འགྱུར་
བར་བཞག་གོ། །ཁྱིམ་ན་གནས་པའི་བྱང་ཆུབ་སེམས་དཔའ་ལ་ཡང་བུ་དང་ཆུང་མ་ལ་སོགས་པ་ལ་བྱམས་པའི་མཚན་ཉིད་ཀྱི་འདོད་ཆགས་ཀྱང་ཉེས་པར་མི་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདོད་ཆགས་ཀྱིས་སེམས་ཅན་མི་གཏོང་ཞིང་སྡུད་པར་བྱེད་ལ་ཞེ་སྡང་ནི་སེམས་ཅན་གཏོང་བའི་མཚན་ཉིད་

ཡིན་པའི་ཕྱིར་རོ། །འོ་ན་བྱང་ཆུབ་སེམས་དཔའ་ཉེས་པ་དང་ལྟུང་བར་འགྱུར་བ་གང་ཞེ་ན། དེའི་ཕྱིར། མདོར་ན་སེམས་ཅན་ཐམས་ཅད་ལ། །དེ་ཡི་ཞེ་སྡང་མི་མཐུན་ནོ། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བཟུང་དགོས་པ་
ཡིན་པ་ལས་གལ་ཏེ་སེམས་ཅན་ལ་ཞེ་སྡང་གི་སེམས་ཅུང་ཟད་ཅིག་བྱུང་བར་གྱུར་ན་བྱམས་པའི་སེམས་དང་མི་མཐུན་ཏེ། བྱང་ཆུབ་སེམས་དཔའ་ལ་ཉེས་པ་དང་ལྟུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །གཞན་ཡང་བྱང་ཆུབ་སེམས་དཔའ་བྱམས་པ་ནི་ཕུག་རོན་གྱི་དཔེ་དང་སྦྱར་ཏེ་བསྟན་པའི་ཕྱིར། ཇི་
ལྟར་ཕུག་རོན་བདག་གི་བུ་ལ་བྱམས། །བདག་གི་བུ་དེ་སྦས་ནས་འདུག་པ་ན། །དེ་ལྟ་བུ་ལ་ཞེ་སྡང་འགལ་བ་སྟེ། །རང་བཞིན་སྙིང་རྗེ་ཅན་གྱི་ལུས་ཅན་ལ། །ཞེས་བྱ་བ་སྨོས་ཏེ། བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་པ་དང་བུ་དང་འདྲ་བར་འཛིན་པ་ནི་དཔེ་ཕུག་རོན་དང་འདྲ་སྟེ་དཔེ་ཕུག་རོན་བྱ་གཞན་
པས་ལྷག་པར་འདོད་ཆགས་ཆེ་བས་བུ་ལ་བྱམས་ཏེ། ནམ་སྒོ་ང་བྱུང་བའི་དུས་ནས་བརྩམས་ནས་སྒྲོ་གཤོག་མ་རྫོགས་ཀྱི་བར་དུ་བྲང་དང་ལུས་དང་གཤོག་པས་གཡོགས་ནས་འདུག་སྟེ། དེ་ལྟ་བུའི་སེམས་ཡོད་པ་དེ་ལྟ་བུ་ལ་ཞེ་སྡང་བའམ་མི་དྲན་པའི་སེམས་ཅུང་ཟད་བྱུང་ན་ཡང་དེ་ནི་མི་མཐུན་ཞིང་
འགལ་བ་ཡིན་ནོ་ཞེས་དེ་དང་འདྲ་བར་བྱང་ཆུབ་སེམས་དཔའ་རང་བཞིན་གྱིས་སྙིང་རྗེ་དང་ལྡན་པ། བྱམས་པའི་བདག་ཉིད་ཅན་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་དགོངས་པ་སྟེ། གལ་ཏེ་སེམས་ཅན་ལ་ཞེ་སྡང་བའི་སེམས་ཅུང་ཟད་ཅིག་བྱུང་ན་དེ་ནི་བྱམས་པའི་སེམས་དང་
འགལ་ལོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །ཞེས་བྱ་བ་ལ། ཞེ་སྡང་གི་སེམས་བྱུང་ན་ཇི་ལྟར་འགལ་བ་སྟོན་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སེམས་ཅན་ལ་བྱམས་པའི་བདག་ཉིད་དུ་གནས་པ་ཡིན་ན་སེམས་ཅན་ལ་ཁོང་ཁྲོ་བའི་སེམས་བྱུང་ན་
འགའ་ཞིག་མི་མཐུན་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་ཞི་བས་དེ་ཕྱིར་སྡུག་བསྔལ་འགལ། །ཞེས་བྱ་བ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་བྱུང་ན་ཐམས་ཅད་ཞི་བར་བྱེད་པ་ཡིན་ན། བྱང་ཆུབ་སེམས་དཔའ་དེ་ཉིད་

སྡུག་བསྔལ་ཐམས་ཅད་སྐྱེད་པར་བྱེད་པའི་རྒྱུ་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ལ་སེམས་ཅན་འཇོག་ན་དེའི་འགལ་བ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་དོན་བྱེད་དེ་ཕྱིར་རྒྱུ་སེམས་འགལ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་གྱི་དོན་དུ་བདག་ལུས་དང་ལོངས་སྤྱོད་ཀྱང་
ཡོངས་སུ་བཏང་ནས་སེམས་ཅན་ལ་ཕན་པར་བྱེད་པ་ཡིན་ན་སེམས་ཅན་སླུ་བར་བྱེད་པའི་རྒྱུའི་སེམས་ཀྱིས་བདག་གི་དོན་དུ་སེམས་ཅན་གྱི་ལོངས་སྤྱོད་དག་ལེན་པར་བྱེད་ན་འགལ་ལོ་ཞེས་བྱ་བའི་དོན་ཏོ། །གང་ཕྱིར་བདེ་བྱེད་དེ་ཕྱིར་འཇིགས་བྱེད་འགལ། །ཞེས་བྱ་བ་ལ། བྱང་ཆུབ་སེམས་
དཔའ་ནི་སེམས་ཅན་ཐམས་ཅད་ཀྱི་འཇིགས་པ་བསལ་ནས་བདེ་བ་ལ་འཇོག་པར་བྱེད་པ་མ་ཡིན་ཏེ། སེམས་ཅན་ལ་དགྲ་དང་མེ་ལ་སོགས་པའི་འཇིགས་པ་འབྱུང་བ་ཐམས་ཅད་ལས་སྐྱོབ་པར་བྱེད་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་ལུས་མཐོང་ངམ་སྒྲ་ཐོས་ན་ཡང་སེམས་ཅན་གྱི་འཇིགས་པ་
སེལ་བར་བྱེད་པ་ཡིན་ན། དེ་ལྟ་བུའི་སེམས་ཅན་དེ་ཉིད་བརྡེག་བཙོག་ལ་སོགས་པ་བྱེད་པའི་སྒོ་ནས་འཇིགས་ཤིང་དངང་བར་བྱེད་ན་ནི་དེ་ནི་འགལ་བར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །གང་སེམས་ཅན་ལ་བྱང་ཆུབ་སེམས་དཔའ་བྱམས་པ་ནི་འདིར་འདོད་ཆགས་སུ་དགོངས་པ་སྟེ་ཞེས་བྱ་བ་ལ། གང་
སེམས་ཅན་ཐམས་ཅད་ལ་བྱང་ཆུབ་སེམས་དཔའ་སྡུག་པ་དང་ཕངས་པར་སེམས་པའི་བྱམས་པ་ལ་སེམས་ཅན་གྱི་དོན་བྱེད་པའི་སྐབས་འདིར་ཆགས་པ་ཡིན་པར་དགོངས་པའོ་ཞེས་བྱ་བའི་དོན་ཏོ། །དེ་དག་གི་དེ་ལས་སྐྱེས་པའི་ཉེས་པ་ནི་འགག་པ་སྟེ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའི་བྱམས་པ་
ལས་སྐྱེས་པའི་སེམས་ཅན་ལ་སྡུག་པར་སེམས་དཔའི་འདོད་ཆགས་དེ་ནི་ལྟུང་བ་དང་ཉེས་པར་མི་འགྱུར་བར་བཞག་སྟེ་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཉེས་པར་མི་འགྱུར་ཞེ་ན། བྱམས་པ་ལས་བྱུང་བའི་འདོད་ཆགས་ལས་སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བའི་རྒྱུར་འགྱུར་བའི་ཕྱིར་ཉེས་པར་མི་
གཞག་གོ། །བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་པ་དང་། སྡུག་བསྔལ་ཞི་བ་དང་། དོན་སྦྱིན་པ་དང་། བདེ་བ་སྐྱེད་པའི་ཕྱིར་བདེ་བར་འགྱུར་བ་དང་ཞེས་བྱ་བ་ལ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་བྱམས་པར་བྱེད་པ་ཡིན་པས་ཁོང་ཁྲོ་བའི་སེམས་འགལ་བ་དང་། སེམས་

ཅན་གྱི་སྡུག་བསྔལ་ཞི་བར་བྱེད་པ་ཡིན་པས་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ལ་འཇོག་པར་བྱེད་པ་ལ་འགལ་བ་དང་། དོན་བྱེད་པ་ཡིན་པས་རྒྱུ་སེམས་འབྱུང་བ་འགལ་བ་དང་། བདེ་བ་སྐྱེད་པ་ཡིན་པས་བྱང་ཆུབ་སེམས་དཔའི་གཟུགས་མཐོང་བ་དང་། སྒྲ་ཐོས་པས་ཀྱང་བདེ་བར་འགྱུར་
བ་ཡིན་ན། འཇིགས་པ་སྐྱེ་བ་འགལ་ལོ། །དེའི་རྒྱུས་སྡུག་བསྔལ་གྱི་སེམས་ལ་སོགས་པ་དང་འགལ་ལོ་ཞེས་བྱ་བ་ལ། ཁོང་ཁྲོ་བ་དང་ཉོན་མོངས་པ་ལ་འཇོག་པ་དང་། རྒྱུ་སེམས་ལ་སོགས་པའི་རྒྱུས་སེམས་ཅན་རྣམས་ལ་སྡུག་བསྔལ་སྐྱེ་བར་འགྱུར་བས་ན་ཁོང་ཁྲོ་བ་ལ་སོགས་པའི་སེམས་
འགལ་བ་ཞེས་བྱའོ། །སྒྲུབ་པ་དབྱེ་བའི་ཚིགས་སུ་བཅད་པ་ལྔ་སྟེ་ཞེས་བྱ་བ་ལ། སྒྲུབ་པ་བཤད་པའི་སྐབས་སུ་ཡིན་པས་ན། བྱང་ཆུབ་སེམས་དཔའི་སྒྲུབ་པའི་ཕྱིར་ན་གྲངས་ཀྱིས་དུ་ཡོད་པ་དང་། རྣམ་པ་དུ་ཡོད་པ་ལ། ཚིགས་སུ་བཅད་པ་ལྔ་བསྟན་ཏོ་ཞེས་བྱ་བའི་དོན་ཏོ། །འཁོར་བ་རབ་ཏུ་
འཇུག་པ་ནི། །ཇི་ལྟར་ནད་པ་སྨན་ལ་བཞིན། །ཞེས་བྱ་བ་ལ། དཔེར་ན་ནད་པ་ནད་ལ་ཕན་པར་བྱ་བའི་ཕྱིར་སྨན་ལ་འཇུག་སྟེ། སྨན་ཁ་བ་དང་དཀུ་བ་དང་ཚ་བ་ལ་སོགས་པ་ཡིན་པར་སེམས་ཀྱང་ནད་ལ་ཕན་པར་བྱ་བའི་ཕྱིར་འཐུང་ངོ་། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་དུ་
ཤེས་བཞིན་དུ་འཁོར་བར་འཇུག་པ་ན་འཁོར་བའི་ཉེས་པ་སྡུག་བསྔལ་བ་དང་མི་བཟད་པ་ལ་སོགས་པ་མི་བདེ་བར་ཤེས་མོད་ཀྱི་མཐར་འཚང་རྒྱ་བར་བྱ་བའི་ཕྱིར་འཁོར་བར་འཇུག་པར་བྱེད་དོ་ཞེས་བྱ་བའི་དོན་ཏོ། །སེམས་ཅན་ལ་ནི་རབ་འཇུག་པ། །ཇི་ལྟར་སྨན་པས་ནད་པ་ལའོ། །ཞེས་བྱ་བ་ལ།
དཔེར་ན་སྨན་པ་སྙིང་རྗེ་ཅན་དགེ་བ་ནད་པའི་ནད་དེ་ལ་ཕན་པའི་ཕྱིར་ནད་པ་ལ་འཇུག་སྟེ། ནད་ཀྱི་གཞི་དང་སྦྱར་ནས་སྨན་གཏོང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སེམས་ཅན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ནད་ཀྱིས་ནད་པར་གྱུར་པ་རྣམས་ལ་ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར་
སོ་སོའི་སྣོད་དང་སྦྱར་ནས་དམ་པའི་ཆོས་ཀྱི་སྨན་གཏོང་ཞིང་སྟོན་པར་བྱེད་དེ། བདག་ལ་རབ་ཏུ་འཇུག་པ་ནི། །ཇི་ལྟར་མ་སྨིན་བྲལ་བའོ། །ཞེས་བྱ་བ་ལ། དཔེར་ན་བྲན་མི་སྲུན་པ་ལ་སྨིན་ཅིང་མ་དུལ་བ་ལ་འདུལ་ཞིང་ལེགས་པར་གཅོད་པའི་ཕྱིར། རྗེ་བོ་འཇུག་སྟེ། བརྡེག་པ་དང་བཙོག་པ་ལ་སོགས་ནན་

ཐུར་གྱིས་ཚར་གཅོད་པར་བྱེད་དོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བདག་གི་སེམས་ཉོན་མོངས་པའི་དབང་དུ་གྱུར་ནས་མ་དུལ་ཞིང་དམུ་རྒོད་དུ་གྱུར་ནས་སེམས་དེ་འདུལ་ཞིང་ཞི་བར་བྱ་བའི་ཕྱིར་ཚུལ་བཞིན་ཡིད་ལ་བྱེད་པས་ཚར་གཅོད་ཅིང་འདུལ་བར་བྱེད་དེ། དེ་ལ་འཕགས་པ་དཀོན་མཆོག་བརྩེགས་
པ་ལས། རྟ་འདུལ་སྦྱོང་གི་དཔེས་གསུངས་པ་ལྟ་བའོ། །འདོད་པ་རབ་ཏུ་འཇུག་པ་ནི། །ཇི་ལྟར་ཚོང་པ་ནོར་ལའོ། །ཞེས་བྱ་བ་ལ། འདི་མན་ཆད་ཕ་རོལ་ཏུ་ཕྱིན་པ་དྲུག་སྒྲུབ་པ་སྟོན་ཏེ། དཔེར་ན་ཚོང་པ་བུ་ཚ་གསོ་བའི་ཕྱིར་ཟོང་ཆུང་ངུ་ཞིག་གིས་ནོར་མང་པོ་རྙེད་པར་ཁེ་སྤོགས་བྱེད་པ་དེ་བཞིན་དུ་བྱང་
ཆུབ་སེམས་དཔས་ཀྱང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཟོང་གིས་འདོད་པ་ལྔའི་ཡོན་ཏན་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་བསྒྲུབས་ནས་སེམས་ཅན་ལ་ཡོངས་སུ་གཏོང་བར་བྱེད་དོ། །འདིས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ལས་ལ་རབ་ཏུ་འཇུག་པ་ནི། །ཇི་ལྟར་ཚོན་གྱིས་གོས་ལའོ། །
ཞེས་བྱ་བ་ལ། དཔེར་ན་ཚོན་གྱིས་བཙོས་པའི་གོས་ཚོན་གྱིས་ཞེན་པར་བྱ་བའི་ཕྱིར། གཟུང་བ་དང་བཀྲུ་བའི་ལས་ཀྱིས་གོས་ཀྱི་དྲི་མ་བྱང་བར་བྱེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་ལུས་དང་ངག་དང་ཡིད་ཀྱི་ལས་གསུམ་བྱང་ཞིང་དག་པར་བྱ་བའི་ཕྱིར། སྲོག་མི་གཅོད་པ་དང་།
མ་བྱིན་པར་མི་ལེན་པ་ལ་སོགས་པའི་ལས་ལ་འཇུག་པར་བྱེད་དོ། །འདིས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །སེམས་ཅན་མི་འཚེ་རབ་འཇུག་པའི། །ཇི་ལྟར་ཕས་ནི་བུས་བཞིན་ལའོ། །ཞེས་བྱ་བ་ལ། ཇི་ལྟར་ཕ་དེ་བུ་གཞོན་ནུ་ཤེད་མ་བྱེ་བ་ཡོད་པས། བཟེག་པ་དང་བྲད་པ་ལ་སོགས་པའི་
སྒོ་ནས་གནོད་པ་བྱས་ཀྱང་ཞེ་སྡང་མི་སྐྱེའི་སྙིང་རྗེའི་སེམས་སྐྱེ་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པ་ན་སེམས་ཅན་ཉོན་མོངས་པའི་དབང་དུ་གྱུར་ནས་ཤེད་མ་བྱེ་བ་རྣམས་ཀྱིས་གནོད་པ་སྣ་ཚོགས་བྱས་ཀྱང་བྱང་ཆུབ་སེམས་དཔའ་ལ་གནོད་པ་དང་ཞེ་སྡང་གི་སེམས་མི་སྐྱེའི་སྙིང་རྗེ་བའི་
སེམས་སྐྱེ་སྟེ། འདིས་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །རྒྱུན་བཅད་རབ་ཏུ་འཇུག་པ་ནི། །མེ་འདོད་གཙུབ་གཏན་གཙུབ་ཤིང་ལའོ། །ཞེས་བྱ་བ་ལ། དཔེར་ན་མེ་འདོད་པའི་མི་མེའི་དོན་དུ་གཙུབ་གཏན་ལ་གཙུབ་ཤིང་མེ་མ་ཕྱིན་གྱི་བར་དུ་ངལ་བ་མེད་པར་གཙུབས་པར་བྱེད་དོ། །དེ་དང་འདྲ་

བར་བྱང་ཆུབ་སེམས་དཔའ་དགེ་བ་ལ་བསྒོམ་པ་མཐར་ཕྱིན་པར་བྱ་བའི་ཕྱིར། ངལ་བ་མེད་པར་དགེ་བ་ལ་རྒྱུན་དུ་འཇུག་པའི་ཕྱིར། འདིས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ལྷག་པའི་སེམས་ལ་རབ་འཇུག་པ། །ཡིད་གཅུགས་རྫོགས་པར་གྱུར་པ་ལའོ། །ཞེས་བྱ་
བ་ལ། དེ་ལ་དཀོར་དང་བང་མཛོད་ལ་སོགས་པའི་དབང་དང་སྤྱོད་དུ་བཅུག་ཀྱང་། རྣམ་པ་གང་གིས་ཀྱང་སྲིད་པ་མི་སྐྱེ་ཞིང་བདག་གིར་མི་བྱེད་པ་དེ་ནི་ཡིད་གཅུགས་པ་ལ་རྫོགས་པ་ཞེས་བྱའོ། །དེ་ལ་ཡིད་གཅུགས་རྫོགས་པ་དེ་རྒྱལ་པོའི་བང་མཛོད་དང་དཀོར་ལ་དབང་ཡོད་ཀྱང་ཅུང་ཟད་ཙམ་ཡང་སྲེད་པ་
དང་ཆགས་པ་མི་སྐྱེ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་དབང་ཡོད་དེ། བསམ་གཏན་ཐོབ་ཀྱང་བསམ་གཏན་གྱི་རོའི་བདེ་བ་ལ་ཅུང་ཟད་ཙམ་ཡང་ཆགས་པ་མི་སྐྱེད་དོ་ཞེས་བྱ་བའི་དོན་ཏོ། །ཡང་ན་ཡིད་གཅུགས་པའི་མི་དེ་ལ། ཕྱི་ནང་གི་གཏམ་ཀུན་
ཡང་མ་ལུས་པར་སྨྲ་ཞིང་ཇི་ལྟར་གྱུར་ཀྱང་ཡིད་གཅུགས་པའི་མི་དེ་བར་མ་དོར་མི་གཏོང་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་བསམ་གཏན་གྱི་སྤྱོད་པ་ན་ཞུགས་པ་ནམ་བསམ་གཏན་གྱིས་མཐར་མ་ཕྱིན་ཅིང་འབྲས་བུ་མ་ཐོབ་ཀྱི་བར་དུ་བར་མ་དོར་མི་གཏོང་ཞིང་འཇིགས་པར་མི་བྱེད་དེ། འདིས་ནི་བསམ་
གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཤེས་རབ་ལ་ནི་རབ་འཇུག་པ། །སྒྱུ་མ་བྱེད་བཞིན་ཤེས་པར་བྱའོ། །ཞེས་བྱ་བ་ལ། དཔེར་ན་སྒྱུ་མ་མཁན་སྒྱུ་མའི་ཆོ་ག་དང་ཐབས་ཤེས་པ་དེས་གདོད་སྒྱུ་མ་བྱེད་པའི་སྒྱུ་མའི་རྟ་དང་གླང་པོ་བྱས་ནས་ཀྱང་འདི་ནི་སྒྱུ་མ་ཡིན་གྱི་རྟ་དང་གླང་པོ་ཡང་དག་པ་མ་ཡིན་ནོ་སྙམ་དུ་
སེམས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་ཀྱང་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་ཕྱིན་ཅི་མ་ལོག་པར་ཤེས་པར་བྱེད་དེ། འདིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །གང་ལ་ཇི་ལྟར་སྒྲུབ་པ་དེ། །དེ་ནི་བྱང་ཆུབ་སེམས་དཔར་དགོངས། །
ཞེས་བྱ་བ་ལ། གོང་དུ་བསྟན་པའི་དོན་བསྡུས་ནས་བསྟན་ཏེ་གོང་མ་རྣམས་ཀྱི་དོན་མདོར་བསྡུས་ན་རྣམ་པ་གཉིས་ཤིག་སྟོན་ཏེ། གང་ལ་སྒྲུབ་ཅིང་འཇུག་པ་དང་། ཇི་ལྟར་སྒྲུབ་ཅིང་འཇུག་པ་སྟེ། དེ་ལྟར་སྒྲུབ་པ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་དགོངས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལ་གང་ལ་འཇུག་ཅེ་ན།

ནད་པ་སྨན་ལ་འཇུག་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་ཅན་གྱི་དོན་ལ་འཁོར་བར་འཇུག་གོ། །ཇི་ལྟར་འཇུག་ཅེ་ན། སེམས་ཅན་ལ་ནི་རབ་འཇུག་པ། །ཞེས་བྱ་བ་ནས་བརྩམས་ཏེ། སྒྱུ་མ་བྱེད་བཞིན་ཤེས་པར་བྱ་བ་ཡན་ཆད་ཀྱི་ཚུལ་ལྟར་འཇུག་གོ་ཞེས་བྱ་བ་ཡན་ཆད་ཀྱི་དོན་ཏོ། །ཇི་ལྟར་ཞེས་བྱ་བ་ནི་ནད་
པ་ལ་སོགས་པ་ལ་འཇུག་པའོ་ཞེས་བྱ་བ་ལ། ཇི་ལྟར་འཇུག་པར་བྱ་ཞེ་ན། ནད་པ་ནད་ལ་ཕན་པར་བྱ་བའི་ཕྱིར་སྨན་དཀུ་ཡང་འཐུང་བར་བྱེད་པ་དང་། སྨན་པ་ནད་པ་ལ་སྨན་གཏོང་བར་བྱེད་པ་དང་། ལུས་ལ་སོགས་པའི་ལུས་ལས་ཡོངས་སུ་སྦྱོང་བར་བྱེད་པའི་ཚུལ་དུ་འཇུག་པར་བྱའོ་ཞེས་བྱ་བའི་དོན་ཏོ། །གང་ལ་
ཞེས་བྱ་བ་ནི་འཁོར་བ་ལས་སོར་སོར་བརྟགས་ནས་འཁོར་བ་ལ་གནས་པས་སོ་ཞེས་བྱ་བ་ལ། གང་གང་ལ་འཇུག་ཅེ་ན། སེམས་ཅན་གྱི་དོན་དུ་ཁམས་གསུམ་དུ་འཇུག་པར་བྱེད་དེ། དེ་ཡང་འཁོར་བའི་ཉེས་པ་དང་སྐྱོན་ཇི་ལྟ་བུ་ཡིན་པ་སོ་སོར་བརྟགས་ཏེ་ཤེས་པར་བྱ་བ་ནས་འཁོར་བའི་སྐྱོན་གྱིས་མ་གོས་པར་བྱ་
སྟེ་འཇུག་གོ། །ཡང་ན་གོང་དུ་གང་ལ་བསླབ་པར་བྱ་བ་དང་། ཇི་ལྟར་བསླབ་པར་བྱ་བ་དང་། གང་གིས་བསླབ་པར་བྱ་བ་རྣམ་པ་གསུམ་གླེངས་པ་ལས། འཁོར་བར་འཇུག་པས་ནི་གང་ལ་བསླབ་པར་བྱ་བ་བསྟན། སྨན་པ་ལ་སོགས་པ་མན་ཆད་ཀྱིས་ཇི་ལྟར་བསླབ་པར་བྱ་བ་བསྟན་ཏོ། །སྙིང་རྗེ་བས་སེམས་
ཅན་ནད་པ་ལ་སོགས་པ་མི་གཏོང་བའི་ཕྱིར་རོ་ཞེས་བྱ་བ་ལ། སྨན་པའི་དཔེས་ནི་སྙིང་རྗེ་དང་ལྡན་པས་ཉོན་མོངས་པའི་ནད་ཀྱིས་བཏབ་པའི་སེམས་ཅན་རྣམས་མི་གཏོང་བར་བསྟན་ཏོ། །རང་གི་སེམས་རབ་ཏུ་ལེགས་པར་བཅོས་པ་དང་ཞེས་བྱ་བ་ལ། མ་སྨིན་པའི་བྲན་གྱི་དཔེས་ནི་བདག་གི་སེམས་མ་དུལ་བ་
དང་། མ་ཞི་བ་ལེགས་པར་འཆོས་པར་བྱེད་པ་བསྟན་ཏོ། །སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་གོ་རིམས་བཞིན་དུ་ལོངས་སྤྱོད་འཕེལ་བའི་ཕྱིར་རོ་ཞེས་བྱ་བ་ལ། འདི་མན་ཆད་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་རིམ་བཞིན་དུ་སྟོན་ཏེ། ཚོང་པའི་དཔེས་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པ་
བསྟན་ཏེ། སྦྱིན་པས་ལོངས་སྤྱོད་བསྒྲུབས་ནས་ལོངས་སྤྱོད་སེམས་ཅན་ལ་གཏོང་བར་བྱེད་པའི་ཕྱིར་རོ། །ལུས་ལ་སོགས་པའི་ལས་སྦྱངས་པའི་ཕྱིར་རོ་ཞེས་བྱ་བ་ལ། ཚོན་མཁན་གྱི་དཔེས་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །ཅིའི་ཕྱིར་ཞེ་ན། ལུས་དང་ངག་དང་ཡིད་གསུམ་

གྱི་ལས་ཡོངས་སུ་དག་པར་གྱུར་པའི་ཕྱིར་རོ། །སེམས་ཀྱི་གནོད་པ་བཟོད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཕ་དང་བུའི་དཔེས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། སེམས་ཅན་གྱིས་གནོད་པ་བྱས་ཀྱང་བཟོད་དེ་སླར་གནོད་པ་མི་བྱེད་པའི་ཕྱིར་རོ། །དགེ་བ་བསྒོམ་པ་ལ་རྒྱུན་ཏུ་བརྩོན་
པར་བྱའོ་ཞེས་བྱ་བ་ལ། གཙུབ་ཤིང་གི་དཔེས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ། །དགེ་བ་བསྒོམ་པ་ལ་རྒྱུན་མི་འཆད་པར་བརྩོན་འགྲུས་རྩོམ་པའི་ཕྱིར་རོ། །ཏིང་ངེ་འཛིན་ལ་མི་ཆགས་པའི་ཕྱིར་རོ་ཞེས་བྱ་བ་ལ་ཡིད་གཅུགས་པའི་དཔེས་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། བསམ་
གཏན་གྱི་དབང་ཐོབ་ཀྱང་བསམ་གཏན་གྱི་བདེ་བ་ལ་མ་ཆགས་པའི་ཕྱིར་རོ། །ཤེས་བྱ་ལ་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་ལ། སྒྱུ་མའི་དཔེས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏེ། ཤེས་བྱ་ཐམས་ཅད་སྒྱུ་མ་ལྟ་བུ་ཕྱིན་ཅི་མ་ལོག་པར་ཤེས་པའི་ཕྱིར་རོ། །འཁོར་གསུམ་ཡོངས་སུ་དག་པའི་
ཚིགས་སུ་བཅད་པ་ཞེས་བྱ་བ་ལ། སྒྲུབ་པ་རྣམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་དུ་བསྒྲུབ་དགོས་ཏེ། དེ་བས་ན་འཁོར་གསུམ་ཡོངས་སུ་དག་པ་བསྟན་པའི་ཕྱིར་ཚིགས་བཅད་གཅིག་བརྩམས་སོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བརྩོན་འགྲུས་རྟག་པར་རྒྱ་ཆེན་ལྡན། །ཞེས་བྱ་བ་ལ། དེ་
ལྟར་ཞེས་བྱ་བ་ནི་གོང་དུ་བཤད་པ་ལྟར་རོ། །བརྩོན་འགྲུས་རྣམ་པ་གཉིས་ཏེ། རྟག་པའི་བརྩོན་འགྲུས་དང་རྒྱ་ཆེ་བའི་བརྩོན་འགྲུས་སོ། །དེ་ལ་རྟག་པའི་བརྩོན་འགྲུས་ནི་གང་དགེ་བ་རྒྱུན་དུ་བྱེད་པའོ། །རྒྱ་ཆེ་བའི་བརྩོན་འགྲུས་ནི་གང་ཐེག་པ་ཆེན་པོ་དང་ལྡན་པ་དང་ཕ་རོལ་ཏུ་ཕྱིན་པ་བསྒྲུབ་པའི་བརྩོན་
འགྲུས་སོ། །གཉིས་པོ་ཡོངས་སྨིན་སྦྱངས་ལ་གྲུབ། །ཅེས་བྱ་བ་ལ། དེ་ལྟར་རྟག་པའི་བརྩོན་འགྲུས་དང་། རྒྱ་ཆེ་བའི་བརྩོན་འགྲུས་གཉིས་ཀྱིས་གཉིས་པོ་ཡོངས་སུ་སྨིན་པ་དང་། སྦྱང་བར་བྱ་བ་ལ་འགྲུབ་སྟེ། གཉིས་པོ་ནི་བསོད་ནམས་ཀྱི་ཚོགས་སམ། ཡེ་ཤེས་ཀྱི་ཚོགས་སམ་བདག་གི་དོན་ཏམ་
གཞན་གྱི་དོན་ཏེ། བསོད་ནམས་ཀྱི་ཚོགས་ཀྱིས་ནི་བདག་གི་དོན་ཡོངས་སུ་སྨིན་པར་བྱེད་ལ། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་བདག་དང་གཞན་ཡོངས་སུ་སྦྱོང་བར་བྱེད་དོ། །མི་རྟོག་དྲི་མེད་བློ་མཆོག་གིས། །འགྲུབ་དང་མཆོག་ནི་རིམ་གྱིས་དེས་ཐོབ་འགྱུར། །ཞེས་བྱ་བ་ལ། ཆོས་དང་གང་ཟག་ལ་བདག་

མེད་པར་ཁོང་དུ་ཆུད་པའི་ཡེ་ཤེས་ལ་མི་རྟོག་པའི་ཡེ་ཤེས་ཞེས་བྱ་སྟེ། ཇི་ལ་མི་རྟོག་ཅེ་ན། སྒྲུབ་པར་བྱེད་པའི་བྱང་ཆུབ་སེམས་དཔའ་དང་། བསྒྲུབ་པར་བྱ་བའི་སེམས་ཅན་དང་། སྒྲུབ་པའི་ཆོས་གསུམ་ཡོད་པར་མི་རྟོག་པའི་ཕྱིར་རོ། །ཡེ་ཤེས་དེ་ལ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དྲི་མ་མེད་པས་ན་དྲི་མ་
མེད་པ་ཞེས་བྱའོ། །དེའི་ཕྱིར་འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱ་སྟེ། དེ་ལྟར་འཁོར་གསུམ་ཡོངས་སུ་དག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བློ་མཆོག་ཅེས་བྱ་སྟེ། ཡེ་ཤེས་དེས་སྒྲུབ་པར་བྱེད་པ་དང་། བསྒྲུབ་པར་བྱ་བ་དང་། སྒྲུབ་པ་གསུམ་ལ་མི་རྟོག་པའི་ཚུལ་དུ་བསྒྲུབས་ནས་ས་
བཅུ་རིམ་གྱིས་མནན་ནས་སངས་རྒྱས་ཀྱི་སར་བྱང་ཆུབ་སེམས་དཔའ་དེས་སྒྲུབ་པ་མཆོག་ཐོབ་པར་འགྱུར་ཏེ། བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་ཞེས་བྱ་བའི་དོན་ཏོ། །བསྒྲུབ་པའི་སྐབས་བཤད་པ་རྫོགས་སོ།། །།གདམས་ཤིང་བསྟན་པར་བྱ་བའི་ཚིགས་སུ་བཅད་པ་
ལྔ་བཅུ་རྩ་གཅིག་སྟེ་ཞེས་བྱ་བ་ལ། སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་ཤིང་བསྟན་པར་བྱ་བའི་སྐབས་བཤད་པར་འབྲེལ་པ་ཅི་ཡོད་ཅེ་ན། འདིར་བསླབ་པའི་རྣམ་པར་བཤད་པའི་སྐབས་ཡིན་ཏེ། བསླབ་པའི་རྣམ་པའི་ཁྱད་པར་ཡང་བསམ་པའི་ཁྱད་པར་དང་། བདག་ལ་ཕན་པའི་ཁྱད་
པར་དང་། གཞན་ལ་ཕན་པའི་ཁྱད་པར་དང་། མཐར་ཕྱིན་པ་ལ་སོགས་པའི་ཁྱད་པར་ལ་ཆོས་ལ་མོས་པ་མང་བའི་སྐབས་སུ་བསམ་པའི་ཁྱད་པར་བསྟན། ཆོས་འཚོལ་བའི་སྐབས་སུ་སྦྱོར་བའི་ཁྱད་པར་བསྟན། སྒྲུབ་པའི་སྐབས་སུ་བདག་ལ་ཕན་པའི་ཁྱད་པར་བསྟན། ཆོས་འཆད་པའི་སྐབས་སུ་གཞན་ལ་
ཕན་པའི་ཁྱད་པར་བསྟན་ནས་ད་ནི་མཐར་ཐུག་པའི་ཁྱད་པར་སྟོན་ཏེ། དེའང་སྒྲུབ་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་མཐོང་བ་དང་བསྒོམ་པའི་ལམ་གཉིས་རྣམ་པར་དག་ཅིང་མཐར་ཐུག་པར་བྱ་བའི་ཕྱིར་བདག་ཉིད་ཀྱིས་ཀྱང་གདམས་པ་དང་བསྟན་པར་བརྩལ་བར་བྱ་ལ། གཞན་ཡང་གདམས་པ་དང་བསྟན་
པ་ལ་བཞག་དགོས་ཏེ། དེ་བས་ན་སྒྲུབ་པའི་སྐབས་ཀྱི་འོག་ཏུ་གདམས་པ་དང་བསྟན་པའི་སྐབས་བཤད་པར་འབྲེལ་ཏོ། །བསྐལ་པ་གྲངས་མེད་འབྱུང་བ་ནི། །ཞེས་བྱ་བ་ལ། བསྐལ་པ་གྲངས་མེད་པ་གསུམ་ལ་མོས་པ་སྤྱོད་པའི་སར་བསྐལ་པ་གྲངས་མེད་པ་གཅིག་དུ་བྱང་ཆུབ་སེམས་དཔའི་སྤྱོད་པའི་

སྤྱད་པས་ས་དང་པོ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་སྤྱད་ཅེ་ན། དེའི་ཕྱིར། ཆོས་སྤྱོད་རྣམ་པར་འཕེལ་བྱེད་ཅིང་། །དགེ་བའི་ཆོས་ནི་རབ་རྫོགས་པ། །ཇི་ལྟར་རྒྱ་མཚོའི་ཆུ་བཞིན་ནོ། །ཞེས་བྱ་བ་སྨོས་ཏེ། མོས་པ་དང་དད་པ་ཞེས་
བྱ་བ་དོན་གཅིག་སྟེ། མོས་པ་སྤྱོད་པའི་སར་མོས་པ་དང་། དད་པ་ཤས་ཇེ་ཆེ་ཇེ་ཆེར་བྱས་ནས་འཇིག་རྟེན་གྱི་ཆོས་མཆོག་ཏུ་དད་པ་ཤས་ཆེར་བྱས་པ་ལ་མོས་སྤྱོད་རྣམ་པར་འཕེལ་བ་ཞེས་བྱའོ། །ཡང་ན་མོས་པ་སྤྱོད་པའི་ས་གོང་མ་གོང་མ་ཐོབ་པར་བྱས་པ་ནི་མོས་སྤྱོད་འཕེལ་བར་བྱེད་པ་ཞེས་བྱ་སྟེ། མོས་
པ་སྤྱོད་པའི་ས་དྲོད་ཀྱི་དུས་ན་ནི་མིང་སྒྱུ་མ་ལྟ་བུར་རྟོགས། རྩེ་མོའི་དུས་ན་ནི་དོན་སྒྱུ་མ་ལྟ་བུར་རྟོགས། བཟོད་པའི་དུས་ན་ནི་གཟུང་བ་མི་དམིགས་པར་རྟོགས། འཇིག་རྟེན་གྱི་ཆོས་མཆོག་གི་དུས་ན་ནི་འཛིན་པ་ཡང་མི་དམིགས་པར་རྟོགས་པའོ། །དེ་ལྟར་མོས་པ་འཕེལ་བར་འགྱུར་བས་བསོད་ནམས་
དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་ཏེ། དེའང་དཔེར་ན་རྒྱ་མཚོ་ཆུས་གང་ཞིང་རྒྱས་པ་དང་འདྲ་བར་དེའི་སེམས་ལ་ཡང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཇི་ཙམ་གྱིས་ས་དང་པོ་ཁོང་དུ་ཆུད་པར་འགྱུར་བའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་ཤིང་རྒྱས་པར་འགྱུར་རོ། །ཞེས་བྱ་བའི་
དོན་ཏོ། །སྔུན་ནས་དག་པའི་རྒྱལ་བའི་སྲས། །ཞེས་བྱ་བ་ལ། དེ་ལྟར་བསྐལ་པ་གྲངས་མེད་པར་ཞུགས་པ་དང་། མོས་པ་འཕེལ་བ་དང་། ཆོས་རྫོགས་པ་ནི་སྔུན་ནས་དག་པའི་རྒྱལ་བའི་སྲས་ཞེས་བྱ་སྟེ། མོས་པ་སྤྱོད་པའི་སར་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམ་པ་གསུམ་ཆར་དག་
ཅེས་བྱ་བའི་དོན་ཏོ། །ཚུལ་ཁྲིམས་རྣམ་པ་གསུམ་ནི་སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཚུལ་ཁྲིམས་དང་། སེམས་ཅན་གྱི་དོན་བྱེད་པའི་ཚུལ་ཁྲིམས་སོ། །དེ་ལྟར་ཚོགས་ནི་བསགས་པ་དང་། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པས་
ཐེག་པ་ཆེན་པོའི་ཆོས་ཕྱིན་ཅི་མ་ལོག་པར་རྟོགས་ཤིང་སེམས་ལ་འཛིན་པས་ན་ཐེག་པ་ཆེན་པོ་ལྟ་བ་དྲང་བ་སྟེ། ཉན་ཐོས་ལ་སོགས་པའི་ལྟ་བར་མ་ལྟུང་བ་ནི། ཚོགས་བསགས་པ་ཞེས་བྱའོ། །རབ་ཤེས་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་སར་ཐེག་པ་ཆེན་པའི་ཆོས་མང་དུ་ཐོས་པ་ལ་རབ་ཏུ་ཤེས་པ་ཞེས་

བྱའོ། །སེམས་ནི་དགེ་བ་དང་ཞེས་བྱ་བ་ལ། མོས་པ་སྤྱོད་པའི་སའི་དུས་ན་ས་དང་པོ་ཐོབ་པར་བྱ་བ་ལ་བར་དུ་གཅོད་པའི་སྒྲིབ་པ་སྤངས་པས་ན། སེམས་དགེ་བ་ཞེས་བྱའོ། །དེ་ལྟར་བསྒོམ་པ་རྣམ་པར་དག་པར་བྱས་པ་དང་། ལྟ་བ་དྲང་པོར་བྱས་པ་དང་། མང་དུ་ཐོས་པ་དང་། སྒྲིབ་པ་སྤངས་པ་ལ་སོགས་པའི་
འོག་ཏུ་འོག་ནས་འབྱུང་བའི་ཚུལ་དུ་བསྒོམ་པར་བྱས་པས་ན། བསྒོམ་པ་ལ་ནི་བརྩོན་པའོ་ཞེས་བྱ་བ་སྟེ། འོག་ནས་འབྱུང་བའི་ཚུལ་ནི་དེ་ནས་མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ་སོགས་པའོ། །ཆོས་ཀྱི་རྒྱུན་ལས་སངས་རྒྱས་ལས། །ཞི་གནས་རྣམ་པར་རྒྱས་པ་དང་། །ཡེ་ཤེས་རྒྱས་པར་འགྱུར་བའི་ཕྱིར། །
དེ་ཚེ་ལུང་བསྟན་ཐོབ་པར་འགྱུར། །ཞེས་བྱ་བ་ལ། གོང་དུ་བཤད་པ་ལྟར་མོས་པ་སྤྱོད་པའི་སར་མོས་པ་དང་དད་པ་འཕེལ་བ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་། སྡོམ་པ་རྣམ་པར་དག་པ་དང་། ཐེག་པ་ཆེན་པོ་ལ་ལྟ་བ་དྲང་བ་དང་། ཐོས་པ་མང་བ་དང་། སྒྲིབ་པ་སྤངས་པ་སྟེ། ལུས་དང་
སེམས་ལས་སུ་རུང་བར་བྱས་པའི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་ནས་སངས་རྒྱས་རྣམས་ལས་ས་དང་པོ་ཐོབ་པར་བྱ་བའི་དོན་དུ་བསྟན་པ་དང་གདམས་པའི་ལུང་ཐོབ་པར་འགྱུར་ཏེ། ལུང་དེ་ཡང་ཞི་གནས་རྣམ་པར་རྒྱས་པར་བྱ་བ་དང་། ལྷག་མཐོང་རྣམ་པར་རྒྱས་པར་བྱ་བའི་ཕྱིར་ལུང་ནོད་
པར་བྱེད་དེ། ཡེ་ཤེས་ཀྱི་སྒྲས་ནི་ལྷག་མཐོང་ལ་བྱའོ། །ས་དང་པོ་ཐོབ་པར་འགྱུར་བའི་ལམ་འཇིག་རྟེན་གྱི་ཆོས་མཆོག་གི་ཏིང་ངེ་འཛིན་ལ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཞེས་བྱའོ། །དེ་ནས་མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ། དེ་ནས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ལས་བསྟན་པ་དང་། གདམས་པ་
ལས་ཐོབ་ནས་དེའི་འོག་ཏུ་ཞེས་བྱ་བའི་དོན་ཏོ། །མདོ་ལ་སོགས་པའི་ཆོས་ཞེས་བྱ་བ་ལ། སོགས་པའི་སྒྲས་ནི་མདོའི་སྡེ་དང་ལུང་དུ་བསྟན་པ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་བྱའོ། །གསུང་རབ་དེ་དག་ཀྱང་ཇི་འདྲ་བ་ཞིག་ཅེ་ན། དེའི་ཕྱིར། མི་གཉིས་དོན་དག་གསལ་བྱེད་པ། །ཞེས་བྱ་བ་སྨོས་ཏེ།
མདོ་ལ་སོགས་པའི་ཆོས་དེ་དག་ཀྱང་གཟུང་བ་དང་འཛིན་པ་གཉིས་དང་བྲལ་བ་དང་། ཡོད་པ་དང་མེད་པ་གཉིས་དང་བྲལ་བའི་དོན་ཕྱིན་ཅི་མ་ལོག་པར་འཆད་པས་ན་གསལ་བར་བྱེད་པ་ཞེས་བྱའོ། །ཐོག་མར་དཀའ་ཐུབ་ཅན་གྱིས་ནི། །མདོ་མིང་ལ་སོགས་སེམས་གཞག་སྟེ། །ཞེས་བྱ་བ་ལ། དཀའ་ཐུབ་ཅན་

ནི་བྱང་ཆུབ་སེམས་དཔའ་རྣལ་འབྱོར་པ་ལ་བྱའོ། །རྣལ་འབྱོར་པ་དེས་དང་པོ་ཉིད་དུ་མདོ་སྡེ་ལ་སོགས་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་མིང་ལ་སེམས་འཇོག་པར་བྱེད་དོ། །ཇི་ལྟར་ཞེ་ན། མདོ་སྡེ་འདིའི་མིང་ས་བཅུ་པ་ཞེས་བྱ། འདི་ནི་ལང་ཀར་གཤེགས་པ་ཞེས་བྱ། ཞེས་མདོ་སྡེ་
རྣམས་ཀྱི་མིང་ཤེས་པར་བྱེད་དོ་ཞེས་