Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 14 / 15 (50.000 ký tự/trang)
ོལ་བའི། །
བརྩོན་ལྡན་པདྨ་དག་གི་རིགས་སུ་ཉེ་བར་སྐྱེ་བྱེད་པ། །ཏིང་འཛིན་དབང་གིས་དགའ་བས་བགྲོད་པར་དཔལ་གནས་འཇུག་པར་ཤོག །འགྲོ་བ་བཟང་པོ་བདག་ཉིད་ཀྱང་ནི་ཤིན་ཏུ་འཐོར་འབར་བའི། །མེ་དཔུང་ར་བའི་དཀྱིལ་ན་གནས་པར་གྱུར་པའི་སྐུ་ཉིད་དང་། །བླ་མ་མཆོག་ནི་སྙིང་རྗེ་ཐོད་པའི་ཕྲེང་
བ་དང་ལྡན་པའི། །སྤྲིན་ཚོགས་ཀྱིས་གང་རྡོ་རྗེ་ཕུན་ཚོགས་ཐོབ་པར་ཤོག །ངག་གི་སྒྲུབ་ཐབས་བླ་མེད་འདི། །ལེགས་པར་འགྲོ་བ་བཟང་པོས་བྱས། །དེས་ནི་ངག་གི་སྒྲུབ་བྱས་མ། །ངག་གི་དབང་ཕྱུག་ཉིད་དུ་བརྗོད། །ངག་གི་སྒྲུབ་ཐབས་སོ། །ངག་སྒྲུབ་པའི་པཎྜི་ཏ་ཆེན་པོ་ཤཱཀྱ་རཀྵི་ཏ་ལ་
སོགས་པའི་ཞལ་སྔ་ནས་ལེགས་པར་མཉན་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་དོགས་པ་དང་བྲལ་བར་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཝཱ་གཱི་སཱ་དྷ་ནཾ། བོད་སྐད་དུ། ངག་སྒྲུབ་པའི་ཐབས་ཞེས་བྱ་བ། གསུང་རྡོ་རྗེ་ལ་ཕྱག་འཚལ་ལོ། །སྔར་
གྱི་བཞིན་དུ་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ལ། ཡི་གེ་པཾ་ལས་བྱུང་བའི་སྣ་ཚོགས་པདྨ་ཡི་གེ་ཨོཾ་ལས་བསྐྱེད་པའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་བདག་ཉིད་སྣང་བ་མཐའ་ཡས་ཀྱི་སྐུར་བསྒོམ་པར་བྱ་སྟེ། མཉམ་གཞག་གི་ཕྱག་རྒྱ་དང་ལྡན་པ།
ཐུགས་རྗེའི་མདོག་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ནས་སྙིང་གར་ཟླ་བ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གྱེན་དུ་ལངས་ཏེ། དེའི་དབུས་ཀྱི་རྩེ་མོའི་སྟེང་དུ་ཡི་གེ་ཨཱཿདམར་པོ་བསྒོམ་པར་བྱ་བའོ། །ལྕེའི་རྩེ་མོ་ལ་ཡང་ཡི་གེ་ཧྲཱིཿདམར་པོའོ། །འདི་ནི་ངག་སྒྲུབ་པའི་
ཐབས་སོ། །མཁས་པ་དག་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། སྔར་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པའི་རྗེས་ཐོགས་ལ་སྟོང་པ་ཉིད་

ལེགས་པར་དམིགས་ཏེ། ཟླ་བ་ལ་གནས་པའི་ཡི་གེ་མཾ་གི་ས་བོན་ངེས་པར་རྫོགས་པ་ལས་འཕགས་པ་འཇམ་པའི་དབྱངས་ཏེ། སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་ཟུར་ཕུད་ལྔ་དང་ལྡན་པའི་གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཕྱག་གཡོན་ན་ཨུཏྤ་ལ་བསྣམས་པ། ཕྱག་གཡས་པ་རོལ་
པས་བསྐྱོད་པ། སེང་གེའི་ཁྲི་ལ་གནས་པའི་པདྨ་དང་ཟླ་བ་ལ་བཞུགས་པར་བདག་ཉིད་སྐད་ཅིག་གིས་བསྒོམ་པར་བྱ་བའོ། །དེ་ནས་སྙིམ་པ་བཅས་ལ་མཛུབ་མོ་གཉིས་དང་སྲིན་ལག་གཉིས་སེན་མོ་ལ་བརྟེན་པར་བྱས་པ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱ་བྱ་བ་ཡིན་ནོ། །ཨོཾ་ཝཱ་གཱི་ཤྭ་རི་མུཾ། ཞེས་བྱ་བ་ནི་
བཟླས་པའི་སྔགས་སོ། །རྒྱལ་པོ་ཆེན་པོ་བརྗིད་པ་ཞེས་བྱ་བའི་འཇམ་དཔལ་གྱི་སྒྲུབ་ཐབས་སོ། །མཁས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིདྷི་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་
ཐབས། སྔོན་གྱི་ཟླ་ལྟར་གསལ་འབར་བའི། །དང་པོར་འཇམ་རྡོར་ཕྱག་འཚལ་ནས། །མདོར་བསྡུས་གསལ་བའི་མཆོག་གིས་ནི། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །དང་པོར་རེ་ཞིག་སྔགས་པས་ཡིད་ཀྱི་རྗེས་སུ་མཐུན་པའི་ས་ཕྱོགས་གཙང་མར་བདེ་བའི་སྟན་གྱི་དབུས་སུ་གནས་ལ།
རང་གི་སྙིང་གར་ཡི་གེ་ཨ་ལས་ངེས་པར་བྱུང་བའི་ཟླ་བར་རལ་གྲི་དང་བའི་དེ་ཁོ་ན་ཉིད་མཾ་རྣམ་པར་དགོད་པར་བྱ་བའོ། །དེའི་འོད་ཟེར་ནམ་མཁའ་བཀང་བས་བཅོམ་ལྡན་འདས་དང་། རྗེ་བཙུན་བླ་མ་ནམ་མཁའ་ལ་བལྟས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་གནས་ལ། ཡིད་ཀྱི་རང་བཞིན་གྱི་
མཆོད་པས་འཇམ་དཔལ་དང་། བླ་མ་རྗེ་བཙུན་མཆོད་པར་བྱ་ཞིང་ཕྱག་འཚལ་ལོ། །དགེ་བ་འཕེལ་བར་བྱ་བའི་དོན་དུ་དེ་ནས་སྡིག་པ་བཤགས་པ་ཐམས་ཅད་ནི་བདག་གིས་བཤགས་པར་བགྱིའོ། །བསོད་ནམས་ཐམས་ཅད་ལ་ནི་བདག་ཡི་རང་ངོ་། །དེ་དག་ཀྱང་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་
ཆུབ་ཏུ་བདག་གིས་ཡོངས་སུ་བསྔོ་བར་བགྱིའོ། །བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བདག་སྐྱབས་སུ་མཆིའོ། །བདག་གིས་བརྗོད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱི་བའོ། །དེ་ནས་བཅོམ་ལྡན་འདས་གཉུག་མའི་ས་བོན་དང་ལྷན་ཅིག་གྱུར་པར་བལྟས་ལ།

ཁམས་གསུམ་པོ་ཐམས་ཅད་ཀྱི་འགྲོ་བ་དང་གནས་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་རྨི་ལམ་དང་། སྒྱུ་མ་དང་གཟུགས་བརྙན་དང་མཚུངས་ཤིང་དཔྱད་མི་བཟོད་པ་ཉིད་དུ་རྣམ་པར་བསམ་པ་སྟེ། རང་བཞིན་གྱིས་འོད་གསལ་བ་ཉིད་ཡིན་པས་བདག་ཉིད་ཡོངས་སུ་
དག་པ་འབའ་ཞིག་ཏུ་བསྒོམ་པར་བྱ་བའོ། །ཨོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པ་ནི་བདག་ཡིན་ནོ་ཞེས་བྱ་བ་འདིས་ཀྱང་བརྟན་པར་བྱ་བའོ། །ཡང་སྨོན་ལམ་གྱི་སྟོབས་ཀྱིས་བསྐྱེད་པའི་ཟླ་བའི་རལ་གྲི་ལ་ལྃ་རྣམ་པར་བལྟས་ལ། དེའི་འོད་ཟེར་སྤྲོས་
པས་འཇམ་པའི་རྡོ་རྗེའི་བདག་ཉིད་ལ་ལེགས་པར་བཅུག་པའི་བདག་ཉིད་ཡི་གེ་མྃ་ལས་བྱུང་བར་བསྒོམ་པར་བྱ་སྟེ། སྐུ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཟུར་ཕུད་ལྔ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་པས་ཨུཏྤ་ལ་སྔོན་པོ་བསྣམས་ཤིང་། ཕྱག་གཡས་པས་མཆོག་སྦྱིན་པ།
སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ནས་རང་གི་སྙིང་གའི་ཟླ་བ་ལ་ནོར་བུ་ཤེལ་གྱི་འོད་དང་མཚུངས་པའི་མྃ་གི་འོད་ཟེར་གྱིས་ནམ་མཁའི་མཐས་ཁྱབ་པའི་སྐྱེ་དགུ་རྣམས་ཀྱི་དོན་བྱེད་པར་གྱུར་པ། ཁྱད་པར་གསལ་བར་བྱེད་པ། ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་
དེ་སྲིད་དུ་བསྒོམ་པར་བྱ་བའོ། །བསྒོམས་པས་སྐྱོ་བར་གྱུར་ན་གསང་སྔགས་བཟླས་པར་བྱ་བ་ནི། ཨོཾ་ཝཱ་ཀྱེ་དཾ་ན་མཿདང་ཉེ་བའི་སྙིང་པོ་ཡང་བཟླས་པར་བྱ་སྟེ། ཨོཾ་ཧྲཱིཿཧཱུཾ་དེ་ནས་ཡི་གེ་བརྒྱ་པ་བཏོན་ལ། འཇམ་པའི་རྡོ་རྗེའི་ང་རྒྱལ་གྱིས་ལངས་ཏེ། དེ་ཁོ་ན་བཞིན་དུ་རྒྱུ་བར་བྱ་བའོ། །འདིས་
ནི་ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་ཉིད་ངེས་པར་སྒྲུབ་པར་བྱེད་དོ། །རྟག་ཏུ་གོམས་པར་བྱས་པའི་སྦྱོར་བས་སྐྱེ་བ་འདི་ཉིད་ཁོ་ན་ལ་སངས་རྒྱས་ཉིད་ཀྱང་སྒྲུབ་པར་བྱེད་པ་ཡིན་ནོ། །བསམ་གཏན་དེ་ལྟ་བུས་གནས་པས་སྔོན་དུ་འགྲོ་བའི་བཟླས་པ་འབུམ་ཕྲག་བདུན་བྱས་ལ། རལ་གྲི་ལ་སོགས་པའི་
དངོས་གྲུབ་རྣམས་བསྒྲུབ་པར་བྱ་བའོ། །དེ་ནས་ཉི་མ་གཟས་བཟུང་བའམ་ཟླ་བ་གཟས་བཟུང་བ་ལ་ཁབ་ལེན་གྱི་ལྕགས་ལས་བརྡུངས་པའི་རལ་གྲི་རང་གི་ལག་ཏུ་བཟུང་ལ། ཟླ་བ་ལ་ལྟ་བས་ཇི་སྲིད་དུ་བཏང་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱས་ན། རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་

རྡོ་རྗེ་དང་། འཁོར་ལོ་དང་། མདུང་རྩེ་གསུམ་དང་། ཐོ་བ་དང་། ཞགས་པ་དང་། ལྕགས་ཀྱུ་ལ་སོགས་པ་རྣམས་ཀྱང་ཡིན་ནོ། །མིག་རྩི་དང་། རྐང་པའི་བྱུག་པ་དང་། ཐིག་ལེ་དང་། དབང་དུ་བྱ་བའི་རྫས་རྣམས་བསོགས་ལ་བསྒྲུབ་པར་བྱ་བའོ། །རིག་པས་བཅུད་ཀྱིས་ལེན་ལེགས་པར་འདུ་བྱས་ལ་
བསྒྲུབ་པར་བྱ་བའོ། །འོ་ཐུག་གི་བཟའ་བའམ། ཞོའི་ཟས་སམ། མར་དང་བཅས་པའམ། ཤ་ཀ་རས་ལྷུང་བཟེད་ཁེངས་པར་བྱས་ལ། ལག་པས་ཀྱང་བཀབ་སྟེ། བཟླས་པ་བྱས་ལ་བཟའ་བར་བྱ་སྟེ། ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུར་རོ། །མོན་སྲན་དྲེའུ་ཁར་བཅུག་ལ་མྱུ་གུ་བྱུང་གི་བར་དུ་བཟླས་པ་
བྱས་ཏེ། དེ་དག་མེད་པར་གྱུར་ན་སྙན་དངགས་པར་འགྱུར་རོ། །ཐོས་པ་དང་འཛིན་པ་དང་། ངག་ལ་དབང་བ་དང་། ཡིད་གཞུངས་པར་ཡང་འགྱུར་རོ། །ཤིང་ཐོག་བིལྦ་དག་གིས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་ངེས་པར་འགྲུབ་པར་འགྱུར་རོ། །ཇི་སྙེད་པའི་
མེ་ཏོག་དཀར་པོ་རྣམས་ཀྱིས་འབུམ་ཕྲག་བཞི་སྦྱིན་སྲེག་བྱས་པས། ངག་གི་གྲུབ་པ་ཐོབ་ནས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །མར་གྱིས་བྱུག་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་ཙམ་གྱིས་ཀྱང་གནོད་སྦྱིན་མོ་དང་། ས་འོག་གི་བུ་མོ་ཡང་འགུགས་པར་བྱེད་དོ། །ཚངས་པའི་ཕྱེ་
མ་བྱི་ལ་སྤར་པ་ཙམ་ལ་ལེན་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ཏེ། ནམ་མཁའ་བྱུང་བ་དང་མཎྜལ་བྱས་ནས་ཕུན་སུམ་ཚོགས་པ་ཇི་ལྟ་བར་བཅོམ་ལྡན་འདས་ལེགས་པར་མཆོད་ལ་མར་དང་གཉིས་སྦུ་གུས་བཏུང་བར་བྱ་བའོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ཙམ་དེ་ཁོ་ན་བཞིན་དུ་མངོན་པར་བསྔགས་ལ།
མར་རམ་འོ་མ་འམ། མར་ནག་དང་ཡང་རུང་སྟེ། ཟླ་བ་གཅིག་ཏུ་བཏུང་བར་བྱ་སྟེ། གླེན་པ་དང་ལྐུགས་པ་ཉིད་དང་། ངར་ངར་པོ་དག་ཀྱང་རྣམ་པར་འཇོམས་པར་འགྱུར་རོ། །ཟླ་བ་དྲུག་གས་ནི་མ་ཐོས་པའི་བསྟན་བཅོས་རྣམས་ཀྱང་མངོན་སུམ་དུ་འགྱུར་རོ། །ཤེས་ཟིན་པ་རྣམས་ལས་ནི་རྣམ་པར་
ཉམས་པར་མི་འགྱུར་རོ། །ཐོས་པ་འཛིན་པ་དང་། མཚུངས་པ་མེད་པའི་ཁུ་བྱུག་དང་འདྲ་བར་སྐད་སྙན་པ་དང་། ངག་གསལ་བར་ཡང་འགྱུར་རོ། །དེ་ལ་ཡི་གེ་བརྒྱ་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་

བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྷིམྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ་ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་སརྦྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མཱ་ཡ་སཏྭ་ཨཱཿ འཕགས་པ་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ཀ་ར་གུཔྟའི་ཞལ་
སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིདྡྷཻ་ཨེ་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། པདྨ་དཀར་པོའི་སྟེང་དུ་ཡི་གེ་
ཨཱཿདཀར་པོ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་དྷཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བ། སྐུ་མདོག་ཐམས་ཅད་དཀར་བ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་མཆོག་སྦྱིན་པ། གཡོན་པས་ཨུཏྤ་ལ་སྔོན་པོ་བསྣམས་པ། ལྷ་རྫས་ཀྱི་
རྒྱན་དང་ལྡན་ཞིང་མཛེས་པ། རྣམ་པར་བཀྲ་བའི་ན་བཟའ་བསྣམས་ནས་སྐྱིལ་ཀྲུང་གིས་བཞུགས་པར་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱས་ལ། མགོ་བོ་དང་མགྲིན་པ་དང་། སྙིང་ག་རྣམས་སུ་ཡི་གེ་ཨོཾ་ཨཱཿཧཱུྃ་རྣམས་དགོད་པར་བྱའོ། །ཨཱཿའི་ཡི་གེ་དང་ཧཱུཾ་གི་གཉིས་ཀྱི་བར་དུ་ཡང་
ཡི་གེ་དྷཱིཿའི་འོད་ཟེར་གྱིས་འཇིག་རྟེན་གྱི་དོན་བྱེད་པར་གྱུར་པས་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་རྡོ་རྗེ་རྣོན་པོས་སྡུག་བསྔལ་གཅོད། །ཤེས་རབ་ཡེ་ཤེས་དག་གི་སྐུ། །ཡེ་ཤེས་སྐུ་སྟེ་གསུང་དབང་ཕྱུག །ཨ་ར་པ་ཙ་ན་དབང་འདུད། །དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་ཐབས་སོ། །
མཁས་པ་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ལི་མནྨ་སཱ་དྷ་ནཾ། བོད་སྐད་དུ། ཁོར་ཡུག་མངར་བའི་སྒྲུབ་ཐབས་ཞེས་བྱ་བ། ཁོར་ཡུག་མངར་བའི་སྒྲུབ་པ་ལ་ཕྱག་འཚལ་ལོ། །སྟོན་པ་ལོངས་སྤྱོད་རྫོགས་
པའི་སྐུ། །ཀུན་དགའ་མཚར་བ་རྒྱུ་མཐུན་པ། །བཏུད་ནས་བུང་བའི་ལུས་ཀྱི་ནི། །སྒྲུབ་ཐབས་མདོར་བསྡུས་བཤད་པར་བྱ། །དང་པོར་རེ་ཞིག་མེ་ཏོག་པདྨ་དམར་པོ་དང་མཚུངས་པའི་དཔལ་ཧེ་རུ་ཀའི་སྐུར་བདག་ཉིད་བསྐྱེད་ལ། ཁམས་གསུམ་མ་ལུས་པ་རྣམ་པར་ཤེས་པ་ཙམ་དུ་ཡང་བརྟགས་

ཏེ། ཡང་རང་གི་སྙིང་གར་ཤིན་ཏུ་དམར་བ། འདབ་མ་བཅུ་དྲུག་གི་ཕྱེད་པའི་ཨུཏྤ་ལ་ཆེན་པོའི་ལྟེ་བ་ལ་ཨའི་སྡེ་དང་། ཀའི་སྡེ་མདོར་བསྡུས་པའི་གཟུགས་སུ་གྱུར་པ། སངས་རྒྱས་ཀྱི་ཡོན་ཏན་མཐའ་དག་རྗེས་སུ་ཆགས་པར་བྱེད་པའི་ཡི་གེ་ཧཱུཾ་གཉིས་ཡིད་ཀྱིས་མངོན་པར་བྲི་བར་བྱའོ། །དེ་ནས་ཡི་
གེ་ཨ་དང་། ཧཱུཾ་དེ་དག་ལས་མཆོག་ཏུ་དམར་ཞིང་ཤིན་ཏུ་མཛེས་པའི་འོད་ཟེར་གྱི་ཚོགས་སྤྲོས་ལ། གུར་གུམ་གྱི་ཁུ་བ་དང་འདྲ་བར་གྱུར་པའི་འོད་ཟེར་གྱི་ཚོགས་དེ་ཉིད་ཀྱིས་ཀྱང་སེམས་ཅན་དང་། སྣོད་ཀྱི་འཇིག་རྟེན་དུ་བཅས་པ་རྣམ་པར་སྦྱངས་ནས་དེ་རྣམས་ཀྱི་ཡང་སྐུ་དང་གསུང་དང་ཐུགས་ལྷན་ཅིག་
གཅིག་ཏུ་བྱས་ཤིང་བཀུག་ལ། ཨའི་ཡི་གེ་དང་ཧཱུཾ་གི་ཡི་གེ་དེ་དག་གཉིས་ཉིད་དང་། ཐིག་ལེ་ལ་ལེགས་པར་གཞུག་པར་བྱ་བའོ། །དེ་ནས་ཨ་ཡིག་དང་། ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་སྒྲ་སྙན་པ་སྒྲོགས་པའི་བུང་བ་ཟུང་གཅིག་སྟེ། རིན་པོ་ཆེ་དང་མཚུངས་པའི་བུམ་པ་མཆོག་ཏུ་སྙིང་རྗེ་དང་
ལྡན་པས་ཟེའུ་འབྲུའི་རྩི་འཐུང་བར་བྱེད་པ། ཤིན་ཏུ་དགའ་བ་དང་ལྡན་པའི་སྐུ། ཧཱུཾ་གི་སྒྲ་རིང་པོ་སྙན་པར་སྒྲོགས་པའི་བདག་མེད་མ་དང་། ཧེ་རུ་ཀའི་རང་བཞིན་དུ་རྣམ་པར་བསམ་པར་བྱ་བའོ། །དེ་ནས་འདི་དག་གི་སྙིང་གར་མེ་ཏོག་ཀུ་སུམྦྷ་དམར་པོ་བསྐུས་པའི་ཁུ་བའི་ཐིགས་པ་འདྲ་ཞིང་། ཡུངས་
ཀར་ཕྲ་མོ་ཙམ་པའི་ཨ་དང་ཧཱུཾ་བལྟ་བར་བྱ་བའོ། །དེའི་རྗེས་ལ་ཟུང་དེ་དག་དབུགས་འབྱུང་བའི་རླུང་གི་ཤིང་རྟ་ལ་ཞོན་ཏེ། སྣ་བུག་གི་བུག་པ་ནས་འཕུར་ནས་ཁམས་གསུམ་ཀུན་ན་གནས་པའི་སེམས་ཅན་རྣམས་ཀྱི་ལུས་དང་ངག་དང་ཡིད་རྣམ་པར་ཁྲིད་ནས་སླར་ཡང་དབུགས་རྔུབ་པའི་རླུང་ལ་
ཞོན་པས། སྙིང་གའི་པདྨའི་ལྟེ་བ་ཇི་ལྟ་བ་དེ་ཉིད་ལ་ལེགས་པར་གཞུག་གོ། །བཅུག་ལ་ཡང་དྲངས་པའི་ལུས་དང་། ངག་དང་ཡིད་ནས་རང་གི་ལུས་དང་ངག་དང་ཡིད་མཉམ་པ་ཉིད་དུ་ལྷག་པར་མོས་པར་བྱ་བའོ། །ཡང་ཇི་སྲིད་དུ་སྐད་ཅིག་ལ་ཡང་ཤིན་ཏུ་གསལ་བར་རྟོགས་པའི་ངོ་བོ་སྐྱེ་བར་
འགྱུར་བ་དེ་ལྟར་བསྒོམ་པར་བྱ་བའོ། །ཕྱི་ནས་ནི་བསྒྲུབ་བྱའམ་བསྒྲུབ་བྱ་མོའི་སྙིང་གར་སྐད་ཅིག་གིས་པདྨ་དམར་པོ་འདབ་མ་བརྒྱད་པ་བསྒོམས་ལ། བདག་ཉིད་ཀྱི་སྙིང་གའི་པདྨའི་ལྟེ་བ་ལ་བུང་བ་ཟུང་དེ་དག་དབུགས་འབྱུང་བའི་རླུང་ལ་ལེགས་པར་ཞོན་ནས། སྣ་བུག་གི་བུ་ག་ལས་འཕུར་

བས། བསྒྲུབ་བྱ་སྣ་བུག་གི་བུ་ག་ནས་ཉིད་ཀྱི་ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གྱི་སྙིང་གའི་པདྨ་ལ་རབ་ཏུ་ཞུགས་སོ། །ཞུགས་ནས་ཀྱང་དེའི་སྙིང་གི་རྩིབས་ཕུག་ནས་ལུས་ཀྱི་རང་བཞིན་གྱི་འདབ་མའི་བདག་ཉིད་རྣམས་འཇིབ་པར་བྱེད་དོ། །ངག་གི་རང་བཞིན་དུ་གྱུར་པའི་
ཟེའུ་འབྲུ་འཇིབ་པར་བྱེད་དོ། །སེམས་ཀྱི་རང་བཞིན་ལྟེ་བ་ལ་ཡང་ཟ་བར་བྱེད་དོ། །དེའི་རྗེས་ལ་སྒྲུབ་པ་པོ་ཉིད་ཀྱི་དབུགས་རྔུབ་པའི་རླུང་གིས་དྲངས་ནས་བསྒྲུབ་བྱའི་སྣ་བུག་གི་བུ་ག་ནས་བྱུང་སྟེ། བདག་ཉིད་ཀྱི་སྣ་བུག་གི་བུ་ག་ནས། སྙིང་གའི་ཨུཏྤ་ལ་ཆེན་པོའི་ལྟེ་བ་ལ་རབ་ཏུ་ཞུགས་ཤིང་།
བབས་པས་འགུལ་བར་བྱས་ཤིང་། ལུས་ཀྱི་རང་བཞིན་འདབ་མ་བཏང་ནས། ངག་གི་རང་བཞིན་གྱི་ཟེའུ་འབྲུ་དང་། སེམས་ཀྱི་རང་བཞིན་གྱི་སྙིང་པོ་ཡང་མཆོག་ཏུ་གཡོ་བར་བྱེད་པར་བསམ་པར་བྱ་བའོ། །ཡང་དེ་ཁོ་ན་བཞིན་དུ་སོང་ཞིང་། དེ་ཁོ་ན་བཞིན་དུ་རབ་ཏུ་ཞུགས་ཏེ་དེ་ཁོ་ན་བཞིན་དུ་
བཟུང་ནས། དེ་བཞིན་དུ་ཕྱིར་འོངས་པས། དེ་ཁོ་ན་བཞིན་དུ་མཆོག་ཏུ་གཡོ་བར་བྱེད་པར་ཡང་བསམ་པར་བྱ་བའོ། །ཇི་སྲིད་དུ་རྗེས་སུ་ཆགས་པ་སྟོན་པར་མི་བྱེད་ཀྱི་བར་དུ་དེ་ལྟར་ཡང་དང་ཡང་དུ་བྱ་བའོ། །རྗེས་སུ་ཆགས་པས་སྟོན་པས་ནི་དབང་དུ་གྱུར་པ་ཉིད་དུ་རྟོགས་པར་བྱ་བའོ། །
རྟོགས་ནས་ཀྱང་ཇི་ལྟར་མངོན་པར་འདོད་པའི་དོན་གྲུབ་པར་བྱ་བའི་ཕྱིར་འབད་པར་བྱ་བའོ། །དེ་ལ་བསྒོམ་པ་འདིས་ཀྱང་ལམ་མ་ལོག་པ་དྲི་མ་མེད་པ། ཞེན་པར་གྱུར་པས་ལུས་ཀུན་རྒྱགས་པར་མྱོས་ནས། སྒྲུབ་པ་པོ་རྣམས་ལ་འཁྱུད་པ་དང་། དམ་ཚིག་གི་རྒྱུན་ཆགས་པ་ཉིད་དུ་དགའ་
བར་བྱ་བ་ལ་བརྩོན་པར་བྱེད་པ་ཉིད་དུ་འགྱུར་རོ། །གལ་ཏེ་སྐྱོན་མཐོང་བས་དགའ་བར་མི་བྱེད་ན། དེའི་ཚེ་ལྷ་ཆེན་པོ་སུན་འབྱིན་པར་ཞུགས་པ་ཡིན་པས་དེ་དག་རྟོགས་པར་བྱ་སྟེ། ཕྱིན་ཅི་ལོག་གི་ཡུལ་ལེགས་པར་ཁོང་དུ་ཆུད་པར་བྱ་ཞིང་ཁོང་དུ་ཆུད་པར་བྱས་ནས་ཀྱང་བསྒོམས་པས་དབང་
དུ་བྱ་བ་ཡིན་ནོ། །ཁོར་ཡུག་མངར་བྱེད་བསྒྲུབ་པའི་ཐབས། །རྣམ་བཀོད་ལས་འབྱུང་བསོད་ནམས་གང་། །དེས་ནི་སྐྱེ་དགུ་མཐོང་འགྱུར་ཞིང་། །སྙིང་རྗེའི་སྟོབས་ལྡན་དཔལ་དུ་ཤོག །ཁོར་ཡུག་མངར་བའི་སྒྲུབ་ཐབས། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པ། ཨ་བྷ་ཡའི་

ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། འཇམ་དཔལ་ལ་ཕྱག་འཚལ་ལོ། །ཁ་དོག་དམར་པོ་རབ་འབར་འོད་ཟེར་ཕུང་པོ་ཅན། །འཇམ་པའི་རྡོ་རྗེའི་སྐུ་ནི་ཆོ་ག་བཞིན་བསྐྱེད་
དེ། །དབྱངས་ཡིག་བཅུ་དྲུག་པོ་ནི་ཡང་དག་རྫོགས་པ་ལས། །སྙིང་གི་པདྨའི་དབུས་སུ་རྡོ་རྗེ་ལེགས་པར་བསམ། །མེ་ཏོག་བནྡྷུ་ཀ་ཡི་ཁ་དོག་དང་མཚུངས་གཟུགས། །ངེས་པར་དམིགས་བྱ་རྐང་དྲུག་པ་ཞེས་གྲགས་གྱུར་པ། །དབུགས་འབྱུང་རླུང་དག་གིས་ནི་དལ་གྱིས་མ་ལུས་པར། །རྒྱུ་བར་བྱེད་ཅིང་
གཉིད་ཀྱང་སད་པ་ཉིད་བྱས་ནས། །བསྒྲུབ་བྱ་མདུན་ན་གནས་པ་ལེགས་པར་བསམ་བྱ་ཞིང་། །ཐལ་སྦྱར་མིག་གཉིས་ལ་ནི་བུང་བའི་སྒྲ་བསྒྲགས་ནས། །བུང་བ་དེ་ནི་སྣ་སྒོ་གཉིས་ཀྱི་བུ་ག་ལས། །བསྒྲུབ་བྱ་སྐལ་ལྡན་སྙིང་ལ་རྣམ་པར་འཇུག་པ་ཡིན། །དབང་དུ་བྱེད་པའི་འཇམ་དཔལ་གྱི་སྒྲུབ་ཐབས་
སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་ཡི་གེ་མུཿསེར་པོ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞལ་
གསུམ་ཕྱག་དྲུག་པ་སྟེ། ཞལ་གུར་གུམ་འོད་ཀྱི་མདོག་དང་། གཡས་པ་དང་ཅིག་ཤོས་ནི་སྔོན་པོ་དང་དཀར་པོ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་པའི་ཕྱག་གསུམ་ནི་རལ་གྲི་དང་། མདའ་དང་མཆོག་སྦྱིན་པ་དང་ལྡན་ལ། གཡོན་པའི་ཕྱག་གསུམ་ན་ནི་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པའི་གླེགས་བམ་དང་། གཞུ་དང་། ཨུཏྤ་ལ་སྔོན་པོས་བྲེལ་ཞིང་། སྒེག་པའི་ཉམས་བག་དང་ལྡན་པའི་གཞོན་ནུའི་རྒྱན་དང་། ན་བཟའ་ལ་སོགས་པ་ཅན། མེ་ཏོག་ལ་སོགས་པས་མཛེས་པ་ཆེན་པོར་གྱུར་པའི་ཟུར་ཕུད་གསུམ་གྱིས་རྣམ་པར་མཛེས་པ། དེ་བཞིན་གཤེགས་པའི་རྡུལ་ཕྲ་
རབ་ལས་གྲུབ་པར་བདག་ཉིད་བསྒོམས་ལ། ཨོཾ་མུཿཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །འཇམ་དཔལ་གྱི་སྒྲུབ་ཐབས། ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ།

འཇམ་དཔལ་གྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། པདྨའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་རྣམ་པར་བསྒོམ་པར་བྱ་སྟེ། སྤྲོ་བར་བྱ་བ་ལ་སོགས་པ་སྔོན་དུ་བཏང་ཞིང་དེ་ཡོངས་སུ་གྱུར་པ་ལས་ཡི་གེ་དྷཱིཿདཀར་པོས་བསྐྱེད་
པའི་འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ་གཅིག་པུ་ཉིད་འབའ་ཞིག་གོ། །རང་ཉིད་ཀྱི་ས་བོན་སྙིང་གར་རྣམ་པར་བསམས་ལ། ཨོཾ་དྷཱིཿསྭཱ་ཧཱ། ཞེས་བཟླས་པར་བྱ་བའོ། །རིག་པ་འཛིན་པའི་སྡེ་སྣོད་ནས་འབྱུང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་མདོར་བསྟན་པའོ། །ཨ་བྷ་ཡ་ལས་དགེ་སློང་ཚུལ་
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་བརྡྷ། བོད་སྐད་དུ། ཤེས་རབ་བསྐྱེད་པ། སྐད་ཅིག་གིས་འཇམ་དཔལ་གྱི་རྣལ་འབྱོར་དུ་དམིགས་ལ། ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་མར་མེ་གསལ་བར་འབར་བ་ལྟ་བུ་འོད་
ཟེར་དང་བཅས་པ་རྣམ་པར་བསམས་ཏེ། མགོ་བོ་ལ་ཉམས་པ་མེད་པའི་ཡི་གེ་ཧཾ་དཀར་པོ་མགོ་བོ་ལས་འཛག་པར་གྱུར་པ་འོད་ཟེར་དང་བཅས་པ་བསྒོམ་པར་བྱ་བའོ། །དེའི་རྗེས་སུ་ཐིག་ལེའི་འོད་ཟེར་གྱིས་ལེགས་པར་བསྐུལ་བས་ཁུ་བར་གྱུར་ནས་ཡི་གེ་ཧཾ་གིས་ཐིག་ལེ་ཀུན་ནས་ཁྱབ་པར་གྱུར་པ་
ལ་སེམས་བརྟན་པའི་སྔགས་པ་ནི་རིང་པོ་མི་ཐོགས་པར་ཤེས་རབ་མངོན་པར་འཕེལ་བར་འགྱུར་རོ། །ཤེས་རབ་མངོན་པར་བསྐྱེད་པ། ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་པའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་བྲྀདྡྷི། བོད་སྐད་དུ། ཤེས་རབ་འཕེལ་བར་
བྱེད་པ། ལྟེ་ཡུལ་སྟེང་དུ་ལེགས་གསལ་བའི། །ཆོས་འབྱུང་དམར་པོའི་ནང་དུ་ནི། །རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བར་གཟི་བརྗིད་འོད་མཆོག་ཅན། །ཡི་གེ་ཧཱུཾ་དཀར་སྒྲས་བསྐྱེད་པ། །མཚོག་མའི་མཚམས་སུ་ངེས་འབྱུང་བའི། །ཧཱུྃ་ཡིག་དུད་ཁས་ལེགས་བསྐྱེད་པ། །ནམ་མཁའ་ཁྱབ་
པར་བལྟ་བྱ་བ། །སྒྲ་ཡི་འོད་ཟེར་རྩེ་མོའོ། །ཤེས་རབ་འཕེལ་བའི་ཆོ་ག །ཨ་བྷ་ཡ་ཀ་རའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཡ་པྲཛྙཱ་ཙཀྲ། བོད་སྐད་དུ། འཇམ་དཔལ་གྱི་ཤེས་རབ་ཀྱི་འཁོར་ལོ། །

བླ་མའི་ཞབས་ལ་རྟག་བཏུད་ཅིང་། །དེ་བཞིན་རྡོ་རྗེ་སློབ་དཔོན་ལའང་། །དང་པོར་ཕྱག་འཚལ་འཇམ་པའི་དཔལ། །གང་གིས་གྲུབ་པ་བདག་གིས་བྲི། །སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས། །སྙིང་གའི་ཟླ་བ་ལ་ཡི་གེ་ཨཱི་དང་ཨཿདག་གིས་བརྒྱན་ཅིང་དུང་དང་ཀུནྡ་ལྟར་མཆོག་ཏུ་འབར་
ཞིང་འོད་ཟེར་སྣ་ཚོགས་པ་རྣམས་ཀྱིས་ཀུན་དུ་གང་བའི་ས་བོན་ནོ། །དེས་བསྒྲུབས་པའི་རྫོགས་པའི་སངས་རྒྱས་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་དེ་དག་རྣམས་བལྟས་པ་ལ་སྔགས་འདི་དག་གིས་མཆོད་པར་བྱ་བའོ། །ཨོཾ་རྡོ་རྗེའི་མེ་ཏོག་ཧཱུཾ། ཨོཾ་རྡོ་རྗེའི་
བདུག་པ་ཧཱུཾ། ཨོཾ་རྡོ་རྗེའི་མར་མེ་ཧཱུཾ། ཨོཾ་རྡོ་རྗེའི་དྲི་ཆབ་ཧཱུཾ། ཨོཾ་རྡོ་རྗེའི་ལྷ་བཤོས་ཧཱུཾ། དེ་ནས་ནི། བདག་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་བདག་གིས་སོ་སོར་བཤགས། །འགྲོ་བའི་བསོད་ནམས་ལ་ནི་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་བར་བགྱི། །
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བདག་ནི་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་ཏུ་བསྒྲུབ་བྱའི་ཕྱིར། །བྱང་ཆུབ་སེམས་འདི་བདག་གིས་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད་བགྱི་ཞིང་། །བདག་གིས་སེམས་ཅན་ཐམས་
ཅད་མགྲོན་དུ་གཉེར་བར་བགྱི། །ཡིད་འོང་བྱང་ཆུབ་མཆོག་གི་སྤྱོད་པ་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་ཉིད་ནི་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱ་བ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་
ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཁམས་གསུམ་མ་ལུས་པ་རྣམས་སྒྱུ་མ་དང་མཚུངས་པའི་ས་བོན་གྱི་རྣམ་པར་བསམ་པར་བྱ་བའོ། །མཐོང་དང་རིག་པ་ཉིད་དག་དང་། །གང་ཕྱིར་སྒྱུ་བཞིན་ཐམས་ཅད་ནས། །དམིགས་སུ་ཡོད་པ་ཉིད་ཀྱང་མིན། །འཇིག་རྟེན་ཐམས་ཅད་དེ་ལྟར་
གནས། །འདིར་མོས་པ་བསྐྱེད་པར་བྱ་བའོ། །དེ་ནས་ཐོག་མ་མེད་པའི་དུས་ནས་ཡང་དག་པ་མ་ཡིན་པའི་རྟོག་པའི་ས་བོན་སྦྱངས་ལ་རང་བཞིན་གྱིས་དག་པ་ཡིན་ནོ་ཞེས་ཀྱང་མོས་པར་བྱ་བ་ཡང་ཨོཾ་རང་བཞིན་གྱིས་དག་པས་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་དག་པ་ནི་བདག་ཡིན་ནོ་ཞེས་བྱ་བས་

སོ། །དེ་ནས་སྔར་བཤད་པའི་ས་བོན་གྱུར་པ་ལས་རལ་གྲིའོ། །དེའི་ཆང་ཟུངས་ཀྱི་ལྟེ་བའི་དབུས་སུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སྔར་བཤད་པའི་ས་བོན་ནོ། །དེ་དག་ཐམས་ཅད་གཞན་དུ་གྱུར་པས་བདག་ཉིད་འཇམ་དཔལ་གྱི་སྐུ་དང་། ང་ཁོ་ན་འཇིག་རྟེན་ཐམས་ཅད་
ཀྱི་མངའ་བདག་ཡིན་ནོ་ཞེས་བྱ་བ་ཡང་དག་པར་བསམ་པར་བྱ་སྟེ། པདྨ་དང་ཟླ་བའི་གདན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་དང་། ཟླ་བ་ལྟ་བུ་འོད་ཟེར་དུ་མ་སྤྲོ་བ་དང་བསྡུ་བས་ནམ་མཁའི་དཀྱིལ་ཁྱབ་པར་མཛད་པ་དང་། རྣམ་པར་མཛེས་པའི་ན་བཟའ་བསྣམས་པ་དང་། སྐྱེ་དགུ་
རྣམས་དགའ་བར་མཛད་པ་དང་། སྐུ་མདོག་དཀར་པོ་ཡིད་དུ་འོང་བ་དང་། ཟུར་ཕུད་ལྔ་དང་ལྡན་པའི་དཔའ་བོ་ཆེན་པོ་དང་། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ་དང་། ཕྱག་གཡས་པས་རལ་གྲི་གདེངས་པར་མཛད་ཅིང་ཕྱག་གཡོན་པས་ཐུགས་ཀ་ན་པོ་ཏི་བསྣམས་པའོ། །དེ་ནས་ཕྱག་རྒྱ་
བཅིང་བར་བྱ་སྟེ། ལག་པ་གཉིས་ཀྱིས་ཐལ་མོ་ཁ་སྦྱར་བར་བྱས་ལ། མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཀྱི་རྩེ་མོ་རྩེ་བཀབ་པ་ནི་ཨུཏྤ་ལའི་ཁ་བྱེ་བས་ལེགས་པར་གནས་པ་སྟེ། རང་གི་སྔགས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྨིན་མཚམས་དང་། སྤྱི་བོ་རྣམས་སུ་དགོད་པར་བྱ་
བའོ། །ཕྱི་ནས་ནི་ལྟེ་བའི་འོག་ཏུ་ཡི་གེ་བྷྲཱུྃ་ལས་ཁ་དོག་དཀར་པོ་ཤིང་མྱ་ངན་མེད་ཀྱི་འདབ་མ་དང་ཆ་འདྲ་བའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱ་བའོ། །དེའི་སྟེང་དུ་བརྒྱད་པའི་བཞི་པ་ལ་དང་པོའི་བཅུ་དྲུག་པ་དང་བདུན་པའི་གཉིས་པ་དང་དང་པོའི་བཞི་པས་བརྒྱན་པའོ། །དེ་དག་ཡོངས་སུ་
རྫོགས་པ་ལས་ཡི་གེ་ཧཱུྃ་གིས་ཁ་བྱེ་བར་བྱས་པའི་པདྨ་དྲི་མ་མེད་པ་ལྟེ་བའི་སྟེང་དུ་བསམ་པར་བྱ་བའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སོར་གྱི་བར་ཙམ་བཀག་པ་ན་འཁོར་ལོ་རྩིབས་དྲུག་པ་གཟི་བརྗིད་དང་ལྡན་པའོ། །དེའི་རྩིབས་རྣམས་ལ་ནི་དབྱངས་ཡིག་བཅུ་གཉིས་
པོ་རྣམས་ཡི་གེ་ཟུང་རེ་རེ་དགོད་དོ། །རྩིབས་སོ་སོའི་སྟེང་དུ་ནི་རྩ་བའི་སྔགས་རྣམས་ཀྱི་ཡི་གེ་རེ་རེ་རྣམ་པར་དགོད་པར་བྱ་བའོ། །འཁོར་ལོའི་ནང་གི་ལྟེ་བ་ལ་ནི་ཡི་གེ་དྷཱིཿའོད་ཀྱིས་གང་བ་དང་ལྡན་ཞིང་། གཡོ་བ་མེད་པ་བསྒོམ་པར་བྱ་བའོ། །ཕྱི་རོལ་དུ་མུ་ཁྱུད་ལ་ནི་ང་ཉ་ཎ་ན་མའི་ཡི་གེ་རྣམས་

དང་བྲལ་བའི་ཀའི་སྡེ་ཚན་མཆོག་ཏུ་འབར་བ་དང་ལྡན་པ་རྣམས་བསམ་པར་བྱ་བའོ། །གཞན་ཡང་སྟེང་དུ་སོར་གྱི་བར་ཙམ་ཡངས་པར་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཨ་ར་པ་ཙ་ནའོ། །འདི་དག་བལྟས་ལ་འཁོར་ལོ་ཤིན་ཏུ་མྱུར་བར་བྱ་བ་འཁོར་བ་དང་ལྡན་པར་བསྒོམ་པར་བྱ་ཞིང་།
ཇི་སྲིད་དུ་ཟླ་བ་དྲུག་གི་བར་དུ་བཟླས་པར་བྱ་བའི་སྔགས་ཀྱང་འདི་དག་ཡིན་ཏེ། ཨོཾ་བཛྲ་ཏཱིཀྵྞ་ཧཾ་ཉི་མ་རེ་རེ་ཞིང་ཁྲི་ཕྲག་རེ་བཟླས་པར་བྱ་བའོ། །དེ་དག་གིས་བླུན་པོ་ཡང་ངག་གི་བདག་པོར་འགྱུར་རོ། །བློ་རྣོ་བ་དང་གཞུང་སྟོང་ཕྲག་རེ་འཛིན་པར་བྱེད་དོ། །རྒྱུན་མི་འཆད་པར་སཾ་སྐྲྀ་ཏ་སྨྲ་བ་པོ་
དང་སྙན་དངགས་པ་ཆེན་པོ་ཉིད་དང་བསྟན་བཅོས་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ། །གྲུབ་པ་ཐོབ་ནས་ནི་རལ་གྲིའི་རིག་པ་འཛིན་པའི་མངའ་བདག་ཏུ་འགྱུར་ཏེ། རིག་པ་འཛིན་པ་རྣམས་དང་ལྷན་ཅིག་ཏུ་རྩེ་དགའ་བར་བྱེད་དོ། །ཤེས་རབ་འཁོར་ལོ་མཆོག་གྱུར་འདི། །བྲིས་
ལས་བསོད་ནམས་གང་བྱུང་བ། །དེས་ནི་འཇིག་རྟེན་མ་ལུས་འདི། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །འཇམ་དཔལ་གྱི་ཤེས་རབ་འཁོར་ལོ་རྫོགས་སོ།། །།མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་
སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་རྣམ་པར་བསྒོམས་ལ། །པདྨ་དང་ཟླ་བ་ལ་ས་བོན་ཏཱཾ་ཡོངས་སུ་གྱུར་པ་ལས་ས་བོན་ཏཱཾ་གི་སྙིང་པོ་དང་ལྡན་པའི་ཨུཏྤ་ལའི་མཆོག་གོ། །དེ་དག་ལས་
ཡོངས་སུ་གྲུབ་པའི་སྔོན་མོ་དོན་ཡོད་གྲུབ་པ་དབུ་རྒྱན་ལ་གནས་པ་ཕྱག་གཡས་དང་གཡོན་གྱིས་མཆོག་སྦྱིན་པ་དང་། ཨུཏྤ་ལ་བསྣམས་པ། མྱ་ངན་མེད་ལ་དགའ་མ་དང་། འོད་ཟེར་ཅན་དང་རལ་གཅིག་མ་མདུན་དང་གཡས་དང་གཡོན་གྱི་སའི་ཆ་ལ་སྟེ། ལྷའི་བུ་མོ་གཞོན་ནུ་རྒྱན་རྣམས་
དང་ལྡན་པར་བསྒོམས་ལ། ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་ལ། དེ་ཡིད་ལ་བྱེད་པ་དང་ལྡན་པ་ཉིད་ཀྱིས་ཇི་ལྟར་འདོད་པར་རྒྱུ་བར་བྱ་བའོ། །འཕགས་མ་སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་སོ།། །།

ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །དང་པོ་སྙིང་གའི་ཟླ་བའི་དཀྱིལ་ན་གནས་པའི་ཏཱྃ་གི་ས་བོན་ལས་
རྣམ་པར་འཕྲོ་བའི་འོད་ཟེར་ལས་གྲུབ་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བསྒོམ་པར་བྱ་ཞིང་། དེ་དག་ཕྱི་དང་ནང་གི་བདག་ཉིད་ཀྱི་མཆོད་པས་ཀྱང་ལེགས་པར་མཆོད་ཅིང་དེ་དག་གི་སྤྱན་སྔར་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་ཡང་བྱ་བའོ། །དེ་ནས་སྟོང་པ་ཉིད་རྣམ་པར་
བསྒོམས་ལ། ཨོཾ་ཆོས་ཐམས་ཅད་རང་བཞིན་གྱིས་དག་པས་རང་བཞིན་གྱིས་དག་པ་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས་ཟླ་བ་དང་ཏཱྃ་ལས་ཡང་དག་པར་བྱུང་བའི་ཨུཏྤ་ལ་དཀར་པོ་ལ་གནས་པའི་ཡི་གེ་ཏཱྃ་ལས་ངེས་པར་སྒྲོལ་མ་སྔོན་པོ་སྟེ། ཕྱག་གཉིས་ཀྱི་གཡས་པས་མཆོག་སྦྱིན་པ་
གཡོན་པས་རྩ་བ་དང་བཅས་པའི་ཨུཏྤ་ལའི་མཆོག་སྦྱིན་བསྣམས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པར་བསམ་པར་བྱ་བའོ། །དམ་ཚིག་གི་ཕྱག་རྒྱ་བཅིངས་པ་ནི་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་ཀྱིས་གུང་མོ་གཉིས་རྒྱ་བ་ནས་བཀབ་ཅིང་མཐེ་
བོང་དག་པདྨ་འབྱར་བ་ལྟར་ནང་དུ་བརྐྱང་བ་ནི་ཨུཏྤ་ལ་ཁ་བྱེ་བའི་ཕྱག་རྒྱའོ། །དེ་ནས་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །སྒྲོལ་མ་ཆེན་མོ་ཞེས་བྱ་བའི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་
མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔ་མ་དག་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། བྃ་གྱི་ཡི་གེ་ལས་སྐྱེས་པའི་སྣ་ཚོགས་པདྨའི་དབུས་སུ་ཡི་གེ་ཨོཾ་
ལས་བྱུང་བའི་ཟླ་བ་ལ་ཏཱྃ་གི་ཡི་གེ་སྔོན་པོས་བསྐྱེད་པའི་སྒྲོལ་མ་སྐུ་མདོག་སྔོན་མོ་རྒྱན་ཐམས་ཅད་དང་ལྡན་པ་སྟེ། གཡོན་ན་ཨུཏྤ་ལ་སྔོན་པོ་དང་ལྡན་པ་གཡས་ཀྱིས་མཆོག་སྦྱིན་པར་མཛད་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གཡས་ཀྱི་ཕྱོགས་ན་ནི་མྱ་ངན་མེད་པ་ལ་དགའ་མ་སེར་མོ་རིན་པོ་ཆེ་

སྣ་ཚོགས་ཀྱིས་དབུ་རྒྱན་དང་ལྡན་ཞིང་གཡས་དང་གཡོན་གྱི་ཕྱག་གཉིས་ན་རྡོ་རྗེ་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའོ། །དེ་བཞིན་དུ་རྨ་བྱ་ཆེན་མོ་སེར་མོ་གཡོན་དང་ཅིག་ཤོས་ཀྱི་ཕྱག་གཉིས་ན་རྨ་བྱའི་མཇུག་སྒྲོ་དང་རྔ་ཡབ་བསྣམས་པའོ། །གཡོན་གྱི་ཕྱོགས་ན་རལ་གཅིག་མ་བོང་
ཐུང་བ་ནག་མོ་སྟག་དང་ཛི་ནའི་པགས་པ་བསྣམས་པ། སྤྱན་གསུམ་མ། ཞལ་མཆེ་བ་རྣམ་པར་གཙིགས་མ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། གྲི་གུག་དང་ཐོད་པ་བསྣམས་པའོ། །དེ་བཞིན་དུ་འཕགས་མ་དུག་སེལ་མ་ལྗང་གུ་ཕྱག་གཡས་པ་དང་གཡོན་པ་གཉིས་ན་རྔ་ཡབ་དང་སྦྲུལ་
ནག་པོ་བསྣམས་པར་བསྒོམ་པར་བྱ་བའོ། །ཡང་དེ་ལྟར་བསྒོམས་པས་སྐྱོ་ན་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་བྱ་བའོ། །སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། ཡི་གེ་ཏཱྃ་ལས་བྱུང་བའི་ཨུཏྤ་ལ་དབུས་ན་ཡི་གེ་ཏཱྃ་གནས་པ་བསྒོམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་སྔོན་མོ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་ཨུཏྤ་ལ་བསྣམས་
པ། བཟང་པོའི་གདན་ལ་བཞུགས་པ། དོན་ཡོད་གྲུབ་པ་དབུ་རྒྱན་ལ་བཞུགས་པར་བསྒོམས་ཏེ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་པས། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་དབང་དུ་གྱིས་ཤིག་སྭཱ་ཧཱ། ཞེས་བྱ་བ་འདི་བསྒྲུབ་བྱའི་མིང་དང་ལྡན་པར་བཟླས་མ་ཐག་ཏུ་བརྗོད་པའི་གྲངས་ངེས་པར་བཟླས་
པར་བྱ་བའོ། །མདའ་ལ་སོགས་པའི་ཕྱག་མཚན་མེད་ན་ཡང་བསྒྲུབ་བྱའི་མགུལ་པ་ཨུཏྤ་ལས་བཅིངས་ལ། རང་གི་ལུས་ཀྱི་འོད་ཟེར་སྤྲོས་པའི་ཚོགས་ཀྱིས་དེའི་ལུས་ཀུན་ནས་ཁྱབ་པར་བྱ་སྟེ། རང་དབང་དུ་གཞག་པར་བྱ་བ་ཡིན་ནོ། །སྒྲོལ་མའི་སྒྲུབ་ཐབས་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་
མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། རྡོ་རྗེ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྦྱིན་སྲེག་ལས་མཆོག་གིས། །འདོད་དོན་ཀུན་གྲུབ་དེ་ཡི་ཕྱིར། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ནི། །བདག་

གིས་ཡང་དག་རབ་ཏུ་བཤད། །དེ་ལ་སྔགས་ཀྱི་ཚིག་ནི་འདི་དག་རྣམས་ཡིན་ཏེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བདག་གིས་དབང་
བགྱིས་པའི་མ་རུངས་པ་དང་རབ་ཏུ་མ་རུངས་པ་ཐམས་ཅད་རྨུགས་པར་མཛོད་ཅིག །རེངས་པར་མཛོད་ཅིག །རྨོངས་པར་མཛོད་ཅིག །ཆིངས་ཤིག་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་མ་རུངས་པ་ཐམས་ཅད་སྒྲོལ་མ་ལ་སྭཱ་ཧཱ། མ་མོའི་དཀྱིལ་འཁོར་དབུས་གནས་པར། །ལྷ་མོ་སྒྲོལ་མ་རྣམ་བསྒོམས་ཏེ། །ཞལ་
བཞི་མ་ལ་ཕྱག་བརྒྱད་མ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་མ། །གསེར་གྱི་སྐུ་མདོག་སྐལ་ལྡན་མ། །གཞོན་ནུ་མཚན་རྣམས་མཆོག་ཏུ་འབར། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །རྡོ་རྗེ་ཉི་མ་དབང་བསྐུར་བཞུགས། །ལང་ཚོ་བདོ་ཞིང་མདངས་བཟང་ཅན། །གསེར་གྱི་རྣ་གདུབ་རྣམ་
པར་གཡོ། །སྣ་ཚོགས་པ་ཡི་གདན་བཞུགས་ཤིང་། །འོད་ཟེར་དམར་པོས་རྣམ་པར་བརྒྱན། །རྡོ་རྗེ་ཞགས་པ་དེ་བཞིན་དུ། །མདའ་གཡོན་གསལ་དང་གཡས་པ་རྣམས། །རྡོ་རྗེ་ལྕགས་ཀྱུ་ཨུཏྤལ་གཞུ། །སྡིགས་མཛུབ་མཛད་རྣམས་གཡོན་པ་རྣམས། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །ས་
གསུམ་སྒྲུབ་པར་བྱེད་པ་ཡིན། །ཤར་དུ་མེ་ཏོག་སྒྲོལ་མ་སྟེ། །ཡི་གེ་ཨོཾ་ཡིག་ལས་གྲུབ་པའི། །ཁ་དོག་དཀར་མོ་ཡིད་འོང་མ། །ཞལ་གཅིག་མ་ལ་ཕྱག་གཉིས་མ། །མེ་ཏོག་ཕྲེང་བས་ཕྱག་བྲེལ་ཞིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ལྷོ་ན་བདུག་སྤོས་སྒྲོལ་མ་ནི། །ཁ་དོག་ནག་མོ་
གཟུགས་བཟང་མ། །ཕྱག་ན་བདུག་པའི་སྣོད་བསྣམས་ཤིང་། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ནུབ་ཀྱི་མར་མེའི་སྒྲོལ་མ་ནི། །མར་མེའི་ཀོང་བུ་ལག་ཐོགས་ཤིང་། །སེར་མོ་རྒྱན་ཆེན་གྱིས་བརྒྱན་མ། །གསེར་གྱི་རྣ་གདུབ་གཡོ་བའོ། །བྱང་གི་དྲི་ཡི་སྒྲོལ་མ་ནི། །ཕྱག་ན་དྲི་ཡི་
དུང་བསྣམས་པའི། །ལྷ་མོ་སྐུ་མདོག་དམར་གྱུར་པ། །དཀྱིལ་འཁོར་ལྟེ་བར་བསྒོམ་པར་བྱ། །ལྕགས་ཀྱུ་མ་སོགས་རབ་དབྱེ་བས། །དེ་ནས་སྒོ་སྲུང་བསྒོམ་པར་བྱ། །ཤར་གྱི་སྒོ་ནི་རྡོ་རྗེ་ལྕགས་ཀྱུ་མ་སྟེ། ཞལ་གཅིག་ཕྱག་གཉིས་མ། ལྕགས་ཀྱུ་དང་ཨུཏྤ་ལ་ཕྱག་ན་བསྣམས་ཤིང་།

ཞལ་རྣམ་པར་བསྒྱུར་བ་མདོག་ནག་མོ། ལྷོའི་སྒོར་ནི་རྡོ་རྗེ་ཞགས་པ་མ་སྟེ། མདོག་སེར་མོ་བཞིན་རྣམ་པར་བསྒྱུར་བ། ཞལ་གཅིག་ཕྱག་གཉིས་མ་ཕྱག་ན་རྡོ་རྗེའི་ཞགས་པ་བསྣམས་པའོ། །ནུབ་ཀྱི་རྡོ་རྗེ་ལྕགས་ཐག་མ་སྟེ། དམར་མོ་ཞལ་གཅིག་ཕྱག་གཉིས་མ། ཞལ་རྣམ་པར་བསྒྱུར་བ་
ཕྱག་ན་རྡོ་རྗེའི་ལྕགས་ཐག་བསྣམས་པའོ། །བྱང་གི་སྒོ་ན་ནི་རྡོ་རྗེ་དྲིལ་བུ་མ་ཁ་དོག་དཀར་མོ་སྟེ། ཞལ་གཅིག་ཕྱག་གཉིས་མ་བཞིན་རྣམ་པར་བསྒྱུར་བ་རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས་པའོ། །དེ་དག་རྣམས་ནི་ཉི་མའི་གདན་ལ་གཡོན་བསྐུམ་པའི་སྟབས་ཀྱིས་བཞུགས་ཤིང་། ཉི་མའི་གཟི་
བརྗིད་ཅན། འབར་བའི་ཕྲེང་བས་དཀྲིགས་པ། སྦྲུལ་གྱིས་བརྒྱན་པར་བསྟན་པར་བྱ་བའོ། །སྟེང་དུ་ནི་གཙུག་ཏོར་རྣམ་པར་རྒྱལ་བ་སྟེང་འོག་ཏུ་ཡང་སུམྦྷ་རྣམ་པར་བསྒོམ་པར་བྱ་བ་ནི། འཁོར་ལོ་དང་ཀླུའི་ཞགས་པ་དང་ལྡན་པར་བསྒོམས་ལ། སྔགས་སྤྲོས་པས་བཟླས་པར་བྱ་བ་ནི། ཨོཾ་
ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཕ་རོལ་ཕྱིན་བཅུ་ལ་བརྟེན་པ། །ཡི་གེ་བཅུ་ལས་ལྷ་བཅུ་ནི། །སྦྱོར་བ་ཡིས་ནི་བསྒོམ་བྱས་ན། །དོན་རྣམས་ཐམས་ཅད་རབ་ཏུ་འགྲུབ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པའི། །སྔགས་ཀྱི་གཙོ་བོ་མཆོག་དེ་དག །བརྗོད་པས་གྲུབ་བྱེད་རྣོ་གྱུར་པ། །རྡོ་རྗེ་གུར་ལས་
གསུངས་པ་ཡིན། །སྔགས་འདིས་སྟོད་གཡོགས་ཀྱི་གྲྭ་ལ་ལན་བདུན་མངོན་པར་བསྔགས་ཏེ། མདུད་པ་བཅིངས་ནས་རི་འབིགས་བྱེད་ལ་འགྲོ་བར་གྱུར་ན་ཡང་འགའ་ཞིག་གིས་ཀྱང་གནོད་པར་མི་ནུས་སོ། །སྟག་དང་། ཆོམ་རྐུན་དང་། ཆུ་སྲིན་ན་ཀྲ་དང་། སེང་གེ་དང་། སྦྲུལ་དང་། མཆེ་བ་ཅན་དང་། མ་
ཧི་ཥ་དང་། དོམ་དང་། བ་མེན་ལ་སོགས་པ་རྣམས་ཀྱང་མིང་དྲན་པ་ཙམ་གྱིས་འཇོམས་ཤིང་ཐུལ་བར་འགྱུར་རོ། །སྔགས་འདིས་ཇི་སྲིད་དུ་ཨུཏྤ་ལ་བརྒྱ་རྩ་བརྒྱད་སྦྱིན་སྲིག་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཆེ་གེ་མོ་བདག་གི་དབང་དུ་ཁུག་སྭཱ་ཧཱ། སྔགས་འདི་ཁྭ་ཏའི་གཤོག་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་ཀྱི་བར་དུ་ཡོངས་སུ་
བསྔགས་ལ་དགྲའི་སྒོར་སྦས་ཏེ། ཉི་མ་བདུན་ན་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙ་ལ་པྲ་ཙ་ལ་ཤཱ་གྷྲི་གཱ་མི་ནི་ལྷ་སྦྱིན་སྐྲོད་ཅིག་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་ནས་སྦྱོར་བ་གཞན་ཡང་ཡོད་དོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷི་དྷཱ་ནཱ་ཀུ་མཱ་རཱི་མ་ཛྱཾ་བི་བཱ་ཧེ་ན་ཏ་སྱཿཔི་ཏཱ་པྲ་ཡཙྪ་ཏུ་སྭཱ་ཧཱ། མྱོས་བྱེད་གཏུམ་པོ་ས་བོན་དང་། །

དེ་བཞིན་སྨྱོན་པ་ཉིད་དང་ནི། །མྱ་ངན་མེད་འདབ་མེ་ཏོག་ཀྱང་། །སྟོང་ཕྲག་ལྔ་ནི་སྦྱིན་སྲེག་བྱ། །སྦྲང་མར་བུ་རམ་སྦྱིན་སྲེག་ནི། །བུ་མོ་སྒྲུབ་ལ་རབ་ཏུ་བསྔགས། །ཉི་མ་བདུན་ནས་རྣལ་འབྱོར་པས། །རང་འདོད་བུ་མོ་དེ་རྙེད་དོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་དོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་
གེ་མོ་རང་གི་གནས་ནས་མངོན་པར་བཀུག་ནས་བདག་གི་དྲུང་དུ་ཁྲིད་ཤོག་ཛཿསྔགས་འདིས་འབྲས་བུ་བཱ་ཌ་རཱི་ཀཎྜེ་ཀ་རང་བྱུང་གི་མེ་ཏོག་གིས་བྱུགས་ལ་སྟོང་ཕྲག་ལྔ་སྦྱིན་སྲེག་བྱ་བའོ། །བྱ་བ་འདིས་ནི་མིའི་བདག་པོའི་བུ་མོ་ཡང་འགུགས་པར་བྱེད་པ་ཡིན་ནོ། །དེ་ནས་སྦྱོར་བ་གཞན་དག་ཡང་ཡོད་དོ། །ར་ཙ་ས་
ལཱའི་རས་ལ་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་མ་ལྕགས་ཀྱུ་དང་ཨུཏྤ་ལ་དང་ཞགས་པ་ཕྱག་ན་བསྣམས་པ་རྣམ་པར་བྲིས་ལ། དེའི་མདུན་དུ་ལྷ་རྫས་ཀྱི་མེ་ཏོག་མཆོག་འདི་དག་བྱ་བ་ལ་སོགས་པས་མཆོད་པར་བྱ་བའོ། །དེའི་ཕྱི་ནས་ནི་བསྒོམ་པ་དང་ལྡན་པས་བཟླས་པ་བྱ་སྟེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་
ཆེ་གེ་མོས་བདག་འདོད་པའི་སྭ་སྣཾ་ཀ་ཐ་ཡ་ཧཱུཾ་ཕཊ་བྱ་བས་སྟོང་ཕྲག་ལྔ་ནས་འོང་བར་འགྱུར་རོ། །ཞགས་པས་རྐེད་པ་ནས་བཅིངས་ཤིང་ལྕགས་ཀྱུས་ཕུག་ནས་བཟུང་བའི་བསྒྲུབ་བྱ་རྐང་པའི་འོག་ཏུ་བསྒོམས་ལ། བྲན་མོའི་ཚུལ་གྱིས་ལོངས་སྤྱོད་པར་བྱའོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི་སྒྲོལ་མའི་
གཟུངས་ཀྱིས་ལན་བདུན་དུ་མངོན་པར་བསྔགས་ལ། བདག་ཉིད་མིག་གཉིས་མཉེས་ཏེ། རྒྱལ་པོའི་ཕོ་བྲང་གི་སྒོར་ཞུགས་པར་གྱུར་ན་འགལ་བར་ཞུགས་ཤིང་གུས་པ་མེད་པ་ཡང་དེ་ནས་རྒྱལ་པོ་དེ་སློབ་མ་བཞིན་དུ་གུས་པར་བྱེད་དོ། །རབ་ཏུ་དང་བར་གྱུར་པ་ཡང་ལེགས་པར་གསལ་བར་བྱེད་དོ། །མཐུན་
པའི་གཏམ་སྨྲ་བར་བྱེད་དོ། །གཡོག་པོ་ཉིད་དུ་ཡང་ཡོང་བར་འགྱུར་རོ། །གཏུམ་པོ་ཡིན་ཡང་དབང་དུ་འགྱུར་བ་འདི་ནི་མཐོང་བས་ཡིད་ཆེས་པ་དང་ངེས་པར་བདེན་པ་ཡིན་ནོ། །ཡང་དེ་ནས་སྦྱོར་བ་གཞན་དུ་གྱུར་པ་ནི། སྒྲོལ་མའི་གཟུངས་ལན་བརྒྱ་བཟླས་ཤིང་སྦྲུལ་དུག་ཅན་ངོ་གཉིས་པ་ཐལ་བར་བྱས་
ཏེ། བ་ཁ་དོག་དམར་མོའི་མར་དང་ཤིང་ཉི་མའི་ཤིང་བལ་གྱིས་སྡོང་བུ་བྱས་ལ་ལེགས་པར་སྤར་བས་མིག་རྩི་དབབ་པར་བྱ་བའོ། །མིག་རྩི་དེ་དང་རྡོ་རྗེ་ཉི་མ་དང་རྡོ་རྗེ་ཆོས་གཉིས་དང་ལེགས་པར་མཉེས་ཏེ་རྟ་མཆོག་གི་དུ་བ་བདུགས་ལ། ཐལ་བ་དང་ལྷན་ཅིག་ཏུ་མིག་ལ་བྱུགས་པར་གྱུར་པའི་མིག་རྡོ་རྗེ་གང་

ལ་བལྟས་པ་དེ་གང་གི་ཚེ་པདྨ་གར་གྱི་དབང་ཕྱུག་ཡིན་ཡང་འཛག་པར་མ་གྱུར་ན་དེའི་ཚེ་ང་སྒྲོལ་མ་མ་ཡིན་ཞིང་ངས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་བཅོམ་པར་ཡང་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི་བུ་ཆུང་སོ་མེད་པའི་ལྕེ་བླངས་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་
མངོན་པར་བསྔགས་ཏེ། བྷྲྀངྒ་རཱ་ཇའི་རྩ་བ་དང་གི་ཝཾ་དང་ལྷན་ཅིག་གཅིག་ཏུ་བྱས་ལ་དཔྲལ་བར་ཐིག་ལེ་བྱུགས་པ་གང་དང་གང་གིས་མཐོང་བ་དེ་དབང་དུ་བྱེད་དོ། །གཞན་ཡ་དགའ་བར་མི་འགྱུར་ཞིང་གཞན་དུ་འགྲོ་བར་ཡང་མི་བྱེད་དེ། བདག་ཉིད་ཀྱང་མི་འདོར་རོ། །དེ་ནས་ནི་སྦྱོར་བ་གཞན་དག་ཀྱང་ཡོད་དེ།
གསུས་པའི་འབུ་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་མངོན་པར་བསྔགས་ནས་རྡོ་རྗེ་ཆོས་དང་ལྷན་ཅིག་ཏུ་བྱས་ཏེ། ཏཱམྦུ་ལ་དང་བུ་མོ་ལ་སྦྱིན་ན་ཟོས་པ་ཙམ་གྱིས་རྣལ་འབྱོར་དང་ལྡན་པ་ནི་མི་ཕྱེད་པར་འགྱུར་རོ། །གཞན་ལ་དགའ་བར་མི་བྱེད་ཅིང་གཞན་དུ་འགྲོ་བར་ཡང་མི་འགྱུར་རོ། །རང་གི་ཁྱིམ་ཐབས་
ཀྱང་སྤོང་བར་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི་མར་ནག་ཆེན་པོས་བདག་ཉིད་ཀྱི་ལུས་ལ་བྱུགས་ལ། བསྒོམ་པ་དང་ལྡན་པས་སྒྲོལ་མའི་གཟུངས་ཁྲི་བཟླས་པར་བྱ་བའོ། །བཟླས་པ་དང་འབྲས་ཤཱ་ལི་ཕྱེ་མར་བྱས་པའི་ལྡེ་གུས་དྲི་མ་དྲིལ་ཕྱིས་བྱས་པ། གང་ལ་བྱིན་པ་དེ་ཉི་མ་ལྔར་ཡང་མི་ཕྱེད་
པ་ཡིན་ནོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི་ཟླ་བ་གཟས་བཟུང་བའི་དུས་སུ་སྒྲོལ་མའི་གཟུངས་བཟླས་པ་དང་། སྔོན་དུ་འགྲོ་བ་ཡང་བྱས་པས་དེ་ལྟ་བུར་གྱུར་པའི་འཇིག་རྟེན་དབང་ཕྱུག་བླངས་ལ་དུང་འདེ་གུ་དང་བཅས་པ་བག་མ་ལ་སྦྱིན་པར་བྱ་སྟེ། ཉི་མ་ལྔར་ཡང་རྗེས་སུ་བྱེད་པར་འགྱུར་རོ། །དེ་ནས་སྦྱོར་བ་
གཞན་དག་ཀྱང་ཡོད་དེ། གང་ལ་སྒྲོལ་མའི་གཟུངས་ཀྱི་སྔགས་ཀྱིས་མྱོས་པའི་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བསྔགས་ཤིང་འབྲས་བུ་དེ་དང་རྟ་མགྲིན་ལྷན་ཅིག་ཏུ་བྱས་པ་གང་ལ་བྱུགས་པ་དེ་དབང་དུ་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་འཆིང་བ་གྲོལ་
བར་མཛོད་མུཿསྭཱ་ཧཱ། སྔགས་འདི་ཤིང་ཉི་མའི་ཡལ་ག་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་པ་ལེགས་པར་བྲིས་ལ་ཀུ་ལཱའི་ར་གར་ཏ་ལ་བཞག་ནས་བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་

གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྦྱིན་སྲེག་ལས་མཆོག་གིས། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཕྱིར། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ནི། །བདག་གིས་ཡང་དག་རབ་ཏུ་བཤད། །
དེ་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་ནི་འདི་དག་སྟེ། འདི་ལྟར་ཐུགས་རྗེ་ཆེན་པོ་དང་ལྡན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཀྲི་ཏེ། སརྦ་དུཥྚཱ་ན་ཛཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་བནྡྷ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་
སརྦ་དུཥྚཱ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། དེ་ལ་རེ་ཞིག་དང་པོར་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་ས་བོན་གྱི་ཡི་གེ་ཏཱྃ་བསྒོམས་ལ། དེའི་འོད་ཟེར་གྱིས་ཡང་དག་པར་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་སྣ་ཚོགས་པའི་མཆོད་པ་ལ་སོགས་པས་ལེགས་པར་མཆོད་ཅིང་།
གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་པས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ། དེ་ནས་ཡང་ཚངས་པའི་གནས་བཞི་པོ་རྣམས་བསྒོམས་ཏེ། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་བདག་ཉིད་ཀྱི་རང་བཞིན་ནི་ང་ཡིན་ནོ། །བྱ་བའི་སྔགས་བརྗོད་པར་བྱ་བའོ། །དེ་ནས་ཡི་གེ་པྃ་ལས་
བྱུང་བའི་པདྨ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཏཱྃ་གི་ས་བོན་གཞན་ཡང་བསྒོམ་པར་བྱ་ཞིང་དེ་དག་ཡོངས་སུ་གྱུར་པ་ལས། མ་མོའི་དཀྱིལ་འཁོར་དབུས་གནས་པར། །ལྷ་མོ་སྒྲོལ་མ་རྣམ་པར་བསྒོམ། །ཞལ་བཞི་མ་ལ་ཕྱག་བརྒྱད་མ། །རྒྱན་རྣམས་ཀུན་གྱིས་བརྒྱན་པ་ཉིད། །གསེར་གྱི་
ཁ་དོག་དང་མཚུངས་པའི། །གཞོན་ནུ་སྐལ་ལྡན་མཚན་མཆོག་འབར། །སྣ་ཚོགས་པདྨར་ལེགས་བཞུགས་ཤིང་། །ཟླ་བའི་གདན་ལ་ཡང་དག་བཞུགས། །སེར་ནག་དཀར་དང་དམར་བ་ནི། །གཡས་ནས་སྐོར་བའི་ཞལ་བཞི་ཡིན། །ཞལ་རེ་ཞིང་ལ་སྤྱན་གསུམ་མ། །རྡོ་རྗེ་སྐྱིལ་མོ་ཀྲུང་
གིས་བཞུགས། །འོད་ཟེར་དམར་པོ་དང་ལྡན་པ། །སངས་རྒྱས་བཞི་ཡིས་དབུ་བརྒྱན་པ། །གཡས་ཀྱི་ཕྱག་རྣམས་ན་ནི། རྡོ་རྗེ་དང་མདའ་དང་། དུང་བསྣམས་པ་དང་། མཆོག་སྦྱིན་པར་མཛད་པའོ། །གཡོན་པའི་ཕྱག་རྣམས་ན་ཨུཏྤལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་

སྡིགས་མཛུབ་དང་བཅས་པ་བསྣམས་པའོ། །རྡོ་རྗེ་སྐྱིལ་ཀྲུང་སྦྱོར་བ་ཡིས། །ས་གསུམ་སྒྲུབ་པར་བྱེད་པ་ཡིན། །དེ་མདུན་མེ་ཏོག་སྒྲོལ་མ་ནི། །ཡི་གེ་ཨོཾ་ཡིག་ངེས་རྫོགས་ལས། །ཁ་དོག་དཀར་མོ་ཡིད་འོང་མ། །མེ་ཏོག་ཕྲེང་གིས་ཕྱག་གང་ཞིང་། །ཞལ་གཅིག་པ་ལ་ཕྱག་གཉིས་
མ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ལྷོ་ཕྱོགས་བདུག་པའི་སྒྲོལ་མ་ཡང་། །ཁ་དོག་ནག་མོ་གཟུགས་ལེགས་མ། །སྤོས་ཕོར་གྱིས་ནི་ཕྱག་སྦྲེལ་ཞིང་། །རྒྱན་རྣམས་ཀུན་གྱིས་མཛེས་པ་ཉིད། །ནུབ་ཀྱི་མར་མེ་སྒྲོལ་མ་ཡང་། །ཁ་དོག་སེར་མོ་ཡིད་འཕྲོག་མ། །ལྷ་རྫས་མར་མེའི་
སྣོད་བསྣམས་ཤིང་། །གསེར་གྱི་རྣ་གདུབ་གཡོ་བའོ། །བྱང་གི་དྲི་ཡི་སྒྲོལ་མ་ནི། །དྲི་ཡི་དུང་ཕོར་ཕྱག་ན་བསྣམས། །ལྷ་མོ་ཁ་དོག་དམར་མོ་མདོག །དཀྱིལ་འཁོར་ལྟེ་བར་བསྒོམ་པར་བྱ། །དེ་དག་རྣམས་ནི་ཞལ་གཅིག་མ་ཕྱག་གཉིས་མ། རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ་དང་། རྡོ་
རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །དེ་ནས་ཤར་སྒོར་བསྒོམ་བྱ་བ། །འོད་དཀར་རྡོ་རྗེ་ལྕགས་ཀྱུ་མ། །རྡོ་རྗེ་ལྕགས་ཀྱུ་དམ་པ་ཡི། །ཕྱག་མཚན་བདག་ཉིད་ཡིད་འཕྲོག་མ། །ལྷོ་སྒོའི་རྡོ་རྗེ་ཞགས་པ་མ། །ནག་མོ་ཤིན་ཏུ་དགའ་མགུ་མ། །ལྷ་རྫས་རྒྱན་གྱིས་བརྒྱན་པའི་སྐུ། །གོས་ལྡན་
རྡོ་རྗེ་ཞགས་པ་བསྣམས། །རྡོ་རྗེ་ལྕགས་ཐག་སྐུ་མདོག་སེར། །རྡོ་རྗེ་ལྕགས་ཐག་ཕྱག་ན་བསྣམས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ཉིད། །ནུབ་ཀྱི་སྒོར་ནི་བསམ་པར་བྱ། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །རྡོ་རྗེའི་དྲིལ་བུ་དང་ལྡན་མ། །འོན་ཀྱང་མདོག་དམར་དགེ་བ་ཡིས། །དཀར་དང་
གཟུགས་གཉིས་ལྷ་སྐུར་བ་ལྟ། །དེ་ནས་སྔགས་པས་སྟེང་དུ་ནི། །གཙུག་ཏོར་རྣམ་རྒྱལ་འཁོར་ལོ་འཛིན། །གཟུགས་ལེགས་ཁ་དོག་སེར་བ་སྟེ། །རྫོགས་པའི་བྱང་ཆུབ་འབྲས་འབྱིན་བསྒོམ། །དེ་ནས་དཀྱིལ་འཁོར་ལྟེ་འོག་ཏུ། །ཕྱག་ན་ཀླུ་ཞགས་བསྣམས་པ་ཡི། །སུམྦྷ་འོད་
འབར་དམ་པའི་སྐུ། །ཁ་དོག་ནག་པོ་བསྒོམ་པར་བྱ། །ཞལ་གཅིག་མ་ལ་ཕྱག་གཉིས་མ། །ཐམས་ཅད་ཤེས་བྱ་ཡིད་འོང་མར། །ལྷ་མོ་དྲུག་པོ་དག་རྣམས་ནི་ཅུང་ཟད་མཆེ་བ་རྣམ་པར་གཙིགས་པ་དང་བསྐྱོད་པའི་སྐྱིལ་ཀྲུང་གིས་ལེགས་པར་བཞུགས་པ་ཡིན་ནོ། །དཀྱིལ་འཁོར་གྱི་

འཁོར་ལོ་དེ་དག་ཐམས་ཅད་བསྒོམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡང་དག་པར་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ཛཿཧཱུཾཿབཾ་ཧོཿཞེས་བྱ་བ་འདིས་སྤྱན་དྲངས་པ་ལ་སོགས་པ་རྣམས་བྱ་བའོ། །ལྷ་བཅུ་པོ་དེ་དག་ཀྱང་། ཡི་གེ་བཅུ་ཡི་སྤྲུལ་པ་ཡིན། །ཕ་རོལ་
ཕྱིན་བཅུ་རྣམ་དག་པས། །ལས་རྣམས་ཐམས་ཅད་རབ་སྒྲུབ་བྱེད། །དེ་ལ་ཡི་གེ་བཅུ་པོ་རྣམས་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དེ་བཞིན་དུ་ལུས་དང་ངག་དང་ཡིད་བྱིན་གྱིས་བརླབ་པ་དབང་བསྐུར་བ་དང་། ཐིག་ལེ་དང་ཕྲ་མོའི་རྣལ་འབྱོར་དང་། བཟླས་པ་ལ་སོགས་པ་རྣམས་ཀྱང་རྟོགས་པར་
བྱ་བ་ཡིན་ནོ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་ཤིང་། །བཀླགས་པ་ཙམ་གྱིས་གྲུབ་བྱེད་པའི། །སྔགས་ཀྱི་གཙོ་བོ་མཆོག་འདི་ནི། །ལྷ་རྫས་རྡོ་རྗེ་གུར་ལས་བཤད། །བྱ་བ་ཡིན་ནོ། །འདི་ལ་ཡང་ལས་ནི་འདི་དག་ཡིན་ཏེ། སྔགས་འདིས་ནི་སྟོད་གཡོགས་ཀྱི་གྲྭ་ནས་བཟུང་ལ་ལན་
བདུན་མངོན་པར་བསྔགས་ཏེ། མདུད་པ་བསྡམས་ལ་ཕྱིན་པར་གྱུར་ན་ཡང་འགའ་ཞིག་གིས་ཀྱང་འཇིགས་པར་མི་འགྱུར་རོ། །སྟག་དང་། ཆོམ་རྐུན་དང་། ཆུ་སྲིན་ན་ཀྲ་དང་། སེང་གེ་དང་། སྦྲུལ་དང་། མཆེ་བ་ཅན་དང་། མ་ཧི་ཥ་དང་། དོམ་དང་། བ་མེན་དང་། རྟ་ལ་སོགས་པ་རྣམས་
ཀྱང་བརླག་པར་བྱེད་ཅིང་འཇིག་པར་འགྱུར་རོ། །དེ་བཞིན་དུ་སྔགས་འདིས་ཨུཏྤ་ལ་རྣམས་བརྒྱ་རྩ་བརྒྱད་ཙམ་ཇི་སྲིད་དུ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་བདག་གི་དབང་དུ་གྱིས་ཤིག་སྭཱ་ཧཱ་བྱ་བས་སྦྱིན་སྲེག་བྱས་པས་གང་འདོད་པ་དེ་དབང་དུ་འོང་ངོ་། །དེ་ནས་ཡང་སྔགས་འདིས་ཁྭ་ཏའི་གཤོག་
པའི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་ཡོངས་སུ་བསྔགས་ཏེ། དགྲ་བོའི་ཁྱིམ་དུ་སྦས་པས་ཉི་མ་བདུན་ན་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་བསྐྱོད་ཅིང་རབ་ཏུ་བསྐྱོད་པས་ལྷས་བྱིན་མྱུར་དུ་འགྲོ་བར་སྐྲོད་ཅིག་ཧཱུཾ་ཕཊ་ཅེས་བྱ་བ་འདི་བསྐྲད་པའི་ཆོ་གའོ། །དེ་ནས་སྦྱོར་བ་གཞན་ལ། ཨོཾ་ཏཱ་རེ་
ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོར་མངོན་པར་བརྗོད་པའི་ཀུ་མཱ་རཱི་མ་ཛྱ་མུད་བཱ་ཧེ་ན་ཏ་སྱཱ་པི་ཏེ་པྲ་ཡཙྪ་ཏུ་སྭཱ་ཧཱ། མྱོས་བྱེད་གཏུམ་པོའི་ས་བོན་དང་། །དེ་བཞིན་སྨྱོན་པའི་འབྲས་བུ་དང་། །ལོ་འདབ་མེ་ཏོག་མྱ་ངན་མེད། །སྟོང་ཕྲག་ལྔར་ནི་བསྲེག་པར་བྱ། །མར་དང་སྦྲང་རྩི་བུ་རམ་གྱི། །སྦྱིན་སྲེག་བུ་མོ་སྒྲུབ་ལ་

བསྔགས། །དེ་ནས་རྣལ་འབྱོར་ཉིན་བདུན་ན། །བུ་མོ་རང་ཉིད་འདོད་པ་ཐོབ། །དེ་ནས་སྦྱོར་བ་གཞན་ཡང་། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོར་མངོན་པར་བརྗོད་པ་རང་གི་གནས་ནས་བདག་གི་དྲུང་དུ་ཁུག་ཅིག་ཛཿཞེས་བྱ་བའི་སྔགས་འདིས་འབྲས་བུ་བ་ཌ་རི་ཀཎྜ་ཀཱ་རང་བྱུང་གི་མེ་ཏོག་གིས་བྱུགས་ལ་སྟོང་ཕྲག་
སྦྱིན་སྲེག་བྱ་བའོ། །དེས་ནི་རྒྱལ་པོའི་བུ་མོ་ཡང་འགུགས་པར་བྱེད་དོ། །དེ་ནས་ཡང་སྦྱོར་བར་གྱུར་པ་གཞན་ལ་ར་ཛ་ས་ལཱའི་རས་ལ་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་མ་ལྕགས་ཀྱུ་དང་ཞགས་པ་དང་ཨུཏྤ་ལ་ཕྱག་ན་བསྣམས་པ་རྣམ་པར་བྲིས་ལ། དེའི་སྤྱན་སྔར་ལྷ་རྫས་ཀྱི་མེ་ཏོག་
མཆོག་འདི་དག་ཅེས་བྱ་བ་ལ་སོགས་པས་མཆོད་པ་བྱས་ཏེ། སྒོམ་པ་དང་ལྡན་པས་སྔགས་བཟླས་པར་བྱ་བ་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོ་འདི་དག་འདོད་པའི་རྨི་ལམ་སྟོན་པ་ཧཱུཾ་ཕཊ། སྟོང་ཕྲག་ལྔ་ན་འོང་བར་འགྱུར་ཏེ། ཞགས་པས་མགུལ་པ་བཅིངས་ཤིང་ལྕགས་ཀྱུས་རྣམ་པར་ཕུག་ནས།
རྐང་པ་ཨུཏྤ་ལ་ཉིད་ཀྱིས་བཀྱིགས་པས་ཉེ་འཁོར་ཀུན་ནས་དྲངས་པའི་བསྒྲུབ་བྱ་རྐང་པའི་འོག་ཏུ་བསྒོམས་ལ། ཁོལ་མོའི་ངོ་བོས་ལོངས་སྤྱད་པར་བྱ་བའོ། །དེ་ནས་སྦྱོར་བ་གཞན་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་དུ་མངོན་པར་བསྔགས་ལ་བདག་ཉིད་ཀྱི་མིག་གཉིས་བསྲུབ་པར་བྱ་བའོ། །དེ་
རྒྱལ་པོའི་ཕོ་བྲང་འཁོར་དུ་ཞུགས་པར་གྱུར་ན་རྒྱལ་པོ་གུས་པ་ལ་སོགས་པ་བྱེད་པར་འགྱུར་ཞིང་། གཅིག་ཏུ་དབང་དུ་འདུ་བར་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་བརྒྱ་ཕྲག་ཙམ་བགྲངས་ལ་སྦྲུལ་དུག་ཅན་གདོང་གཉིས་པ་ཐལ་བར་བྱ་བའོ། །བ་ཁ་དོག་དམར་མོའི་མར་ལ་
ཤིང་ཉི་མའི་ཤིང་བལ་གྱིས་སྡོང་བུ་བྱས་ཏེ། ལེགས་པར་སྤར་ལ་མིག་རྩི་དབབ་པར་བྱ་བའོ། །མིག་རྩི་དེ་རྡོ་རྗེ་ཉི་མ་དང་ལེགས་པར་མཉེས་ལ་རྟ་མཆོག་གིས་བདུག་པར་བྱ་བའོ། །དེ་དག་ཐལ་བ་དང་ལྷན་ཅིག་ཏུ་མིག་ལ་བྱུགས་པར་བྱ་སྟེ། རྡོ་རྗེའི་མིག་གིས་གང་མཐོང་བ་དེ་གལ་ཏེ་པདྨ་
གར་གྱི་དབང་ཕྱུག་ཡིན་ཡང་འཛག་པར་མ་གྱུར་ན་ནི་དེའི་ཚེ་ང་སྒྲོལ་མ་མ་ཡིན་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བསླུས་པར་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ལ་གསུས་པའི་སྲིན་བུ་ལ་གཟུངས་ལན་བདུན་མངོན་པར་བསྔགས་ཏེ་རྡོ་རྗེ་ཆོས་དང་ལྷན་ཅིག་གཅིག་ཏུ་བྱས་ལ་ཏཱམྦུ་

ལ་དང་སྦྱིན་པར་བྱ་བའོ། །མིད་པ་ན་རྣལ་འབྱོར་གྱི་མཆོག་འདིས་མི་འབྲལ་བ་དང་རང་གི་ཁྱིམ་ཐབས་དང་ཡང་སྤྱོད་པར་མི་བྱེད་དོ། །དེ་ནས་སྦྱོར་བ་གཞན་ཡང་ཡོད་པ་ནི་བུ་ཆུང་སོ་མེད་པའི་ལྕེ་བླངས་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་དུ་མངོན་པར་བསྔགས་ལ་བྷྲྀངྒ་
རཱ་ཛ་དང་གི་བཾ་དང་གཅིག་ཏུ་བྱས་ཏེ། དཔྲལ་བར་ཐིག་ལེ་བྱས་པས་ནི་གང་གིས་མཐོང་བ་དེ་དབང་དུ་བྱེད་དོ། །དེ་ནས་སྦྱོར་བ་གཞན་ཡང་སྣུམ་ཆེན་པོས་བདག་ཉིད་ཀུན་དུ་བྱུགས་ཏེ། བསྒོམ་པ་དང་ལྡན་པས་སྒྲོལ་མའི་གཟུངས་ཁྲི་ཕྲག་གཅིག་བཟླས་པར་བྱ་བའོ། །བཟླས་པ་དང་འབྲས་
ཤཱ་ལི་ཕྱེ་མར་བྱས་པའི་འདེ་གུས་དྲི་མ་དྲིལ་ཕྱིས་བྱས་པས་གང་ལ་སྦྱིན་པར་གྱུར་པ་དེ་ཉི་མ་ལྔར་ཡང་མི་ཕྱེད་དོ། །སྦྱོར་བ་གཞན་ཡང་ཟླ་བ་གཟས་བཟུང་བའི་དུས་ཚོད་དུ་སྒྲོལ་མའི་གཟུངས་བཟླས་པ་དང་སྔོན་དུ་འགྲོ་བ་ཡང་བྱས་པས་དེ་ལས་བྱུར་བའི་འཇིག་རྟེན་དབང་ཕྱུག་དང་དུང་གི་འདེ་
གུ་དང་ལྡན་པ་དེ་གང་ལ་བྱིན་པ་ནི་ཉི་མ་ལྔ་ཉིད་དུ་རྗེས་སུ་འཇུག་པར་འགྱུར་རོ། །སྦྱོར་བ་གཞན་ལ་སྒྲོལ་མའི་གཟུངས་ཀྱིས་མྱོས་པའི་འབྲས་བུ་ལན་བརྒྱ་རྩ་བརྒྱད་ཡོངས་སུ་བསྔགས་ལ། འབྲས་བུ་དེ་དང་རྟ་མགྲིན་དང་ལྷན་ཅིག་ཏུ་བྱས་པ་གང་ལ་བྱུགས་པ་དེ་དབང་དུ་འགྱུར་རོ། །སྦྱོར་
བ་གཞན་ཡང་ཡོད་དེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཆེ་གེ་མོའི་འཆིང་བ་གྲོལ་བར་མཛོད་སྭཱ་ཧཱ། སྔགས་འདིས་བསྒྲུབ་བྱའི་མིང་བར་དུ་བཅུག་པ་ཤིང་ཉི་མའི་ཡལ་ག་ལ་ལེགས་པར་བྲིས་པ་ཀུ་ལཱི་ར་ག་ར་ཏ་ལ་སྦས་པར་གྱུར་ན། བཅིངས་པ་ལས་གྲོལ་བར་འགྱུར་རོ། །འདིས་ནི་རྡོ་རྗེ་སྒྲོལ་མའི་
སྒྲུབ་ཐབས་རྫོགས་པ་ཡིན་ནོ།། །།མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་དང་ཨ་བྷ་ཡ་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་སྒྲོལ་མའི་སྒྲུབ་
ཐབས། སྔར་བཤད་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ཡི་གེ་ཨཱཿདམར་པོ་ལས་བྱུང་བའི་པདྨ་དམར་པོའི་སྟེང་དུ་ཡི་གེ་ཏཱཾ་དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་དུ་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་མཐིང་ནག་ལས་བྱུང་བའི་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་

རྗེ་བཙུན་མ་འཕགས་མ་སྒྲོལ་མ་ནག་མོ་སྟེ་ཞལ་གཅིག་མ་སྤྱན་གསུམ་མངའ་བ། ཕྱག་བཞི་མ། གསུས་པ་འཕྱང་བ་ཞལ་མཆེ་བ་གཙིགས་པ། གཡས་བསྐུམས་པའི་ཞབས་ཀྱིས་རོ་མནན་པ། ཀླུ་བརྒྱད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མགོ་བོའི་ཕྲེང་བ་
འཕྱང་བར་གྱུར་པ། ཕྱག་རྒྱ་ལྔས་རྣམ་པར་བརྒྱན་པ། ཕྱག་གཡས་པ་དག་གིས་རལ་གྲི་དང་གྲི་གུག་བསྣམས་པ། ཕྱག་གཡོན་པ་དག་གིས་ཨུཏྤ་ལ་དང་ཐོད་པ་བསྣམས་པ། མི་བསྐྱོད་པའི་དབུ་གནོན་དང་ལྡན་ཞིང་རལ་པ་སེར་པོ་དང་ལྡན་པ། ཤིན་ཏུ་སྐྲག་པར་བྱེད་པའི་གད་མོ་
ཆེར་སྒྲོགས་པ། འཇིགས་སུ་རུང་བའི་གཟུགས་སུ་རྫོགས་པར་བྱས་ལ། ཧྲིཾ་ཧྲིཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་འདི་དུག་དང་། ཤེས་རབ་ཀྱི་དབང་དུ་བྱས་ལ་བཟླས་པར་བྱ་བའོ། །རལ་གྲིའི་གནས་སུ་སྒྲེན་པོ་ཡིས། །མི་རུས་ཕྲེང་བ་བསྒོམ་བྱས་ལ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །
བླ་མེད་གསང་སྔགས་བཟླས་པར་བྱ། །ཞེས་བྱ་བའོ། །རྒྱ་ནག་ཆེན་པོའི་ལུགས་ཀྱི་འཕགས་མ་སྒྲོལ་མའི་སྒྲུབ་ཐབས་སོ། །མཁས་པ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱ་མ་ན་ཡཱ་ན་ཏ་ར། བོད་སྐད་
དུ། གདམས་ངག་གི་ཁྱད་པར། གཡས་ཀྱི་ཞབས་བསྐུམས་ཞབས་ཀྱི་རྩེ་མོས་རོའི་སྙིང་ག་ཉིད་དུ་འཛུགས་མཛད་པ་དང་གཞན། །ཕྱག་ན་རལ་གྲི་ཨུཏྤ་ལ་དང་གྲི་གུག་བསྣམས་མ་ས་བོན་ཧཱུྃ་གི་ཡི་གེ་མཆོག་བྱོན་མ། །མཐིང་ནག་བོང་ཐུང་ཡངས་མ་རལ་པ་སེར་པོའི་ཐོར་ཚུགས་
དང་ལྡན་རྩེ་ན་ཀླུས་བརྒྱན་ཅིང་། །མི་རོའི་ཐོད་པས་ཀྱང་བརྒྱན་སྲིད་གསུམ་འཇོམས་པར་མཛད་ལ་བརྩོན་པ་སྒྲོན་མ་རང་ཉིད་ཡིན། །གདམས་ངག་གི་ཁྱད་པར་གྱི་སྒྲུབ་ཐབས། ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་
གར་སྐད་དུ། ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་སྲིད་གསུམ་སྒྲོལ་མཛད་མ། །རྒྱ་ནག་ཆེན་པོའི་ལུགས་བཏུད་ནས། །བླ་མའི་གདམས་ངག་ཇི་བཞིན་དུ། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །རྟགས་གཅིག་དང་ནི་དུར་ཁྲོད་དང་། །ཐམས་

ཅད་དུ་ཡང་ཁྱིམ་སྟོང་སྟེ། །རྣལ་འབྱོར་པས་ནི་དེར་གནས་ལ། །རིག་པ་སྲིད་གསུམ་སྒྲོལ་མཛད་སྒྲུབ། །སྟན་འཇམ་ནང་ཚངས་ཅན་གནས་པ། །སྟན་གཞན་འཇམ་པོ་ཡིན་ཡང་རུང་། །ལེགས་པར་གནས་ལ་དངོས་གྲུབ་ནི། །མཆོག་ཏུ་གྱུར་པ་བསྒྲུབ་པར་
བྱ། །སྐད་ཅིག་རྣམ་པའི་སྦྱོར་བ་ཡིས། །མཉམ་པར་བཞག་པས་རྡོ་རྗེ་གསུམ། །གནས་གསུམ་དུ་ནི་བསྒོམ་བྱས་ལ། །དེ་ནས་འོད་ཟེར་རྣམ་པར་སྤྲོ། །འདིས་ནི་སྲིད་གསུམ་འགྲོ་བ་ཡི། །སེམས་ཅན་སྣང་བྱས་སླར་ཡང་ནི། །ལེགས་པར་བསྡུ་དང་ཡང་བསྒོམ་པ། །
མཐའ་དག་སྟོང་པ་ཉིད་དུ་སྟེ། །ཨོཾ་སྟོང་པ་ཉིད་སོགས་རང་བཞིན་ཅན། །གསང་སྔགས་དེ་ནས་བརྗོད་པར་བྱ། །དེ་ནས་ནམ་མཁར་བསྒོམ་བྱ་བ། །པདྨར་ཨ་ཡིག་ལས་བྱུང་བ། །ཡང་ནི་དེ་སྟེང་བསྒོམ་བྱ་བ། །ཊཱ་ཡིག་ལས་བྱུང་པད་སྣོད་དོ། །ཡང་ནི་དེ་དབུས་བསྒོམ་བྱ་བ། །ཧཱུྃ་
ཡིག་ཀུན་ནས་མཐིང་ནག་མདོག །དེ་ནས་ཧཱུྃ་ཡིག་ལས་བྱུང་བར། །གྲི་གུག་ས་བོན་གྱིས་བརྒྱན་བལྟ། །གྲི་གུག་ཡོངས་གྱུར་བདག་ཉིད་ནི། །སྒྲོལ་མ་དང་ནི་མཚུངས་པར་བསྒོམ། །ཞབས་གཡས་བསྐུམ་དང་འཇིགས་རུང་བའི། །མགོ་བོའི་ཕྲེང་བ་ལེགས་པར་འཕྱང་། །བོང་
ཐུང་གྲོད་འཇོལ་འཇིགས་རུང་མ། །ཨུཏྤལ་སྔོན་པོས་བརྒྱན་པ་ཉིད། །ལྷ་རྫས་ཞལ་གཅིག་སྤྱན་གསུམ་མ། །འཇིགས་པའི་གད་རྒྱངས་རབ་ཏུ་འབར། །ལེགས་པར་རབ་འཛུམ་རོ་བཅིབས་ཤིང་། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །སྟག་གི་པགས་པས་ཕོད་ཀ་དཀྲིས། །སྤྱན་ནི་
དམར་དང་ཟླུམ་པ་སྟེ། །གཞོན་ནུ་ལང་ཚོ་ལ་བབས་མ། །ཕྱག་རྒྱ་ལྔ་ཡིག་རྣམ་པར་བརྒྱན། །འཇིགས་པ་ཆེན་པོར་ལྗགས་འདྲིལ་མ། །ཅུང་ཟད་ཚེམས་གཙིགས་སྡིགས་པར་མཛད། །རལ་གྲི་གྲི་གུག་ཕྱག་གཡས་ན། །གཡོན་ན་ཨུཏྤལ་ཐོད་པ་བསྣམས། །སེར་ཞིང་དྲག་
པའི་ཞལ་གཅིག་གིས། །ཅོད་པན་མི་བསྐྱོད་ཀྱིས་བརྒྱན་བསྒོམ། །བསྒོམ་པའི་སྟོབས་ནི་རྫོགས་པ་ན། །རྣལ་འབྱོར་སྙན་དངགས་མཁན་འགྱུར་རོ། །རྨོངས་དང་གལ་ཏེ་ལྐུགས་གྱུར་ཀྱང་། །བསྒོམ་པའི་རོ་ལ་ཕྱེད་གཉེར་བས། །འཇམ་པའི་ངག་ནི་འཐོབ་པ་དང་། །གསང་

སྔགས་འབུམ་ཕྲག་བཟླས་པས་ཀྱང་། །སྔགས་ཆེན་འདི་ནི་ཡི་གེ་གསུམ། །མཐའ་མར་ཕཊ་དོ་སྙིང་ལ་གནས། །འོད་ཟེར་ལྔ་དང་ཀུན་ནས་ལྡན། །གཏི་མུག་བུད་ཤིང་སྲེག་བྱེད་ཡིན། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ལ། །དེ་བཏུ་བ་ཡི་ཆོ་ག་བཤད། །དང་པོར་ས་ཡི་ཕ་རོལ་
སྦྱིན། །དབྱངས་ཡིག་བཞི་པས་བརྒྱན་པར་བྱ། །ཡི་གེ་ར་ར་གནས་འབར་འཕྲོ་བའི། །ཟླ་བའི་ཐིག་ལེར་ཡང་དག་ལྡན། །དེ་ནས་ཡི་གེ་ཏྲཱྃ་སྦྱིན་ཏེ། །བཞི་པ་ཉིད་ཀྱིས་བརྒྱན་པའོ། །ཡི་གེ་ཨུ་རིང་ལེགས་ལྡན་པའི། །ཡཾ་ནི་ཧཾ་ཡིག་སྦྱར་བར་བྱ། །དེ་ནས་ཕཊ་ཡིག་ཀྱང་སྦྱིན་པ། །
གྲུབ་པའི་གསང་སྔགས་ཡོངས་རྫོགས་ཡིན། །མཁས་པས་རལ་གྲིའི་གནས་སུ་ནི། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །བསྒོམ་བྱ་མི་རུས་ཕྲེང་བ་ཡིས། །སྔགས་ཀྱི་མཆོག་ནི་ལེགས་པར་བཟླས། །བརྟན་པའི་སེམས་ཀྱིས་བརྟག་པར་བྱ། །རྒྱུན་དུ་བསྒོམ་པ་གོམས་པ་
ལས། །མཁས་པ་ཉིད་དང་སྙན་དངགས་པར། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །སྒྲོལ་མའི་སྒྲུབ་ཐབས་བྱས་པ་ལས། །བདག་གིས་དགེ་བ་གང་ཐོབ་པ། །དེས་ནི་འགྲོ་ཀུན་སྟོན་པ་ཡི། །བསྟན་ལ་མཁས་པ་ཉིད་དུ་ཤོག །འདི་ནི་རྟག་པའི་རྡོ་རྗེས་བྱས། །འདིས་ནི་བློ་རྣོན་རབ་གྲུབ་
བྱེད། །བགྲོད་དཀའ་འདི་ལ་པཎྜི་ཏ། །བཟང་པོ་རྣམས་ཀྱིས་བཟོད་པར་རིགས། །རྒྱ་ནག་ཆེན་པོའི་ལུགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་ར་སཱ་དྷ་
ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། །ཐིག་ལེ་དཀར་པོའི་དབུས་གནས་པའི། །ཏཱྃ་བྱུང་ཟླ་བའི་གདན་ལ་ནི། །རྡོ་རྗེ་སྐྱིལ་ཀྲུང་ལེགས་བཅིངས་ཤིང་། །མཆོག་སྦྱིན་པ་དང་
ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བ་ལྟ་བུའི་མདོག །རྒྱབ་ནི་ཟླ་བ་ལ་ལེགས་བརྟེན། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་མ། །ལོ་ནི་བཅུ་དྲུག་མ་ཡི་སྐུ། །རིམ་གྱིས་འཕགས་མ་སྒྲོལ་བསྒོམས་ལ། །དེ་ཐུགས་འཁོར་ལོ་ཟླ་འོད་ཅན། །རྩིབས་བརྒྱད་ལ་ནི་ཡི་གེ་

ཡང་། །བརྒྱད་ཀྱིས་ཡོངས་སུ་གང་བའོ། །ཨོཾ་དང་གསལ་བྱེད་ཧ་ཡི་བར། །བསྒྲུབ་བྱའི་མིང་ནི་ཆུད་གནས་པ། །རྩེ་གཅིག་སེམས་ཀྱིས་ལྟེ་བར་བསྒོམ། །ཟླ་དྲུག་བརྟན་པས་དེ་ངེས་བྱ། །སེམས་དུབ་ན་ནི་ཡི་གེ་བཅུའི། །སྔགས་འདི་བཟླས་པར་བྱ་བ་ཡིན། །
དེ་ལ་སྔགས་ནི་འདི་དག་ཡིན་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། སྒྲོལ་མའི་སྙིང་གར་འཁོར་ལོ་སྒོམ་པ་པོ། །འཆི་བདག་སྐྱོན་གྱིས་གོས་པར་འགྱུར་མ་ཡིན། །ཟླ་བ་དྲུག་ཏུ་སྒྲུབ་ལ་བརྩོན་པ་ལ། །དངོས་གྲུབ་ཀུན་ཡང་འབྱུང་བར་འགྱུར་བ་ཡིན། །འཆི་བ་སླུ་བར་བྱེད་པའི་སྒྲོལ་མའི་སྒྲུབ་ཐབས་
རྫོགས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཱི་ཏ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། ཟླ་བ་དྲུག་ཏུ་སྒྲུབ་པ་ལ་བརྩོན་པས། །སྒྲོལ་མའི་ཐུགས་ཀར་འཁོར་ལོ་བསྒོམ་
པ་ལ། །འཆི་བདག་སྐྱོན་གྱིས་གོས་པར་འགྱུར་མ་ཡིན། །དངོས་གྲུབ་རྣམས་ཀྱང་ཐམས་ཅད་ཐོབ་པར་འགྱུར། །འཆི་བ་སླུ་བ་བསྡུས་པ་ལས། །སྒྲོལ་མ་དཀར་མོ་བཏོན་པ་ཡི། །བསྒོམས་པས་འཇིགས་པ་སེལ་བྱེད་པའི། །ངག་གི་དབང་ཕྱུག་གིས་འདི་བྱ། །སྡེ་བཞི་དང་པོའི་ཡིག་
ལྡན་ལས། །འོད་ཟེར་ནམ་མཁར་རྣམ་སྤྲོས་པས། །པད་དཀར་ཟླ་བའི་གདན་བལྟས་ལ། །མདུན་དུ་གསུམ་ལ་སྐྱབས་འགྲོ་བརྗོད། །རང་བཞིན་སྒྲོ་བཏགས་གཞོམ་དོན་དུ། །སྟོང་པ་ཉིད་དུ་ཡུད་ཙམ་བལྟ། །དེ་ནས་སྨོན་ལམ་སྟོབས་ལས་ནི། །བྱང་ཆུབ་སེམས་ཀྱི་ཡི་གེ་ཡིན། །ཟླ་བའི་
དཀྱིལ་འཁོར་གདན་སྟེང་ན། །རྡོ་རྗེའི་སྐྱིལ་ཀྲུང་ལེགས་པར་གནས། །མཆོག་སྦྱིན་མ་དང་ཨུཏྤལ་བསྣམས། །སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་། །རྒྱབ་ནི་ཟླ་བ་ལ་ལེགས་བརྟེན། །ལོ་ནི་བཅུ་དྲུག་མ་ཡི་ལུས། །རྒྱན་རྣམས་ཀུན་གྱིས་ལེགས་བརྒྱན་མ། །རྫོགས་སངས་དེ་དག་ཐམས་
ཅད་སྲས། །ཡུམ་གྱུར་འདོད་པའི་གཟུགས་འཛིན་མ། །བསྒོམས་ལ་འཕགས་མ་སྒྲོལ་མ་དེའི། །ཐུགས་ཀར་འཁོར་ལོའི་འོད་དཀར་བ། །རྩིབས་བརྒྱད་ལ་ནི་ཡི་གེ་ཡང་། །བརྒྱད་ཀྱིས་ཡོངས་སུ་དགང་བྱ་བ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པའི། །བསྒྲུབ་བྱའི་མིང་སོགས་

ལྟེ་བར་ནི། །བསྒོམ་བྱ་རྩེ་གཅིག་སེམས་ཀྱིས་ཀྱང་། །ཟླ་དྲུག་བརྟན་པས་ངེས་བྱ་ཞིང་། །སེམས་སྐྱོ་ན་ནི་བཟླས་བྱ་བ། །སྔགས་ཀྱི་ཡི་གེ་བཅུ་པོ་འདི། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱི་ནས་ཏཱ་རེ་ལེགས་པར་སྦྱར། །འདི་དག་རྗེས་ལ་ཏུཏྟཱ་རེ། །དེ་མཐའ་སྭཱ་ཧཱ་ལས་ཀུན་བྱེད། །ཚངས་
དབང་ཁྱབ་འཇུག་ཉི་ཟླ་དྲུག །ཕྱོགས་སྐྱོང་འདོད་པའི་རྒྱལ་པོས་ཀྱང་། །དགག་པར་མི་ནུས་སྤུ་ཡི་རྩེ། །འཆི་བདག་འབྱུང་ལས་གྲོལ་འགྱུར་ཞིང་། །གཉེར་མ་སྐྲ་དཀར་སྐལ་ངན་ནད། །དབུལ་བའང་ཀུན་ནས་ཟད་པར་བྱེད། །སེང་གེ་ལ་སོགས་འཇིགས་ཆེན་བརྒྱད། །སྡུག་
བསྔལ་ཚོགས་རྣམས་འཇིག་པར་བྱེད། །གོས་སྐོམ་ཁང་བཟངས་རིན་ཆེན་སོགས། །བཙལ་བ་མེད་པར་བདེ་བར་རྙེད། །རལ་གྲི་མིག་རྩི་རྐང་བྱུག་དང་། །བུམ་པ་བཟང་སོགས་དངོས་གྲུབ་འབྱུང་། །ཡིད་གཞུངས་སྨྲ་མཁས་སྙན་དངགས་ཉིད། །ཤེས་རབ་གཅིག་ཏུ་དྲི་མེད་
དང་། །འདོད་པའི་དངོས་གྲུབ་གཞན་རྣམས་ཀྱང་། །འཁོར་ལོ་འདི་ལས་རབ་ཏུ་འབྱུང་། །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་ཀྱིས། །ནད་དང་འཆི་བདག་རྣམ་འཇོམས་པ། །ལེགས་བྱུང་དགེ་བ་གང་ཡིན་དེས། །སྐྱེ་དགུ་སྒྲོལ་མ་ཉིད་དུ་ཤོག །སྒྲོལ་མ་དཀར་མོའི་སྒྲུབ་ཐབས།
ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སཱི་ཏ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། སྔར་བཞིན་དུ་སྟོང་པ་ཉིད་ལ་སོགས་པའི་རྗེས་ཐོགས་ལ། སུྃ་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས།
རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་རི་རབ་ལྷུན་པོ། །དེའི་སྟེང་དུ་ཡི་གེ་པྃ་ལས་པདྨ་དཀར་པོ། དེའི་སྟེང་དུ་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡི་གེ་ཧཱུྃ་དཀར་པོ་ཡོངས་སུ་རྫོགས་པ་ལས། བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་སྟེ། སྤྱན་
གསུམ་མ། ཕྱག་བཞི་མ། དེ་བཞིན་གཤེགས་པ་ལྔ་དབུ་རྒྱན་ལ་བཞུགས་པ། སྣ་ཚོགས་པའི་རྒྱན་མངའ་བ། ཕྱག་གཉིས་ཀྱིས་ཨུཏྤ་ལའི་ཕྱག་རྒྱ་མཛད་པ། ཕྱག་གཡས་པ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལེགས་པར་བསྣམས་ནས་མཆོག་སྦྱིན་པར་མཛད་པས་

ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་མཛད་དོ། །གཡོན་པ་ན་ཨུཏྤ་ལའི་སྡོང་པོ་རྣམ་པར་འཚེར་བ་བསྣམས་པར་བསྒོམ་པར་བྱ་བའོ། །དེའི་གཡས་ཀྱི་ཟུར་དུ་འོད་ཟེར་ཅན་སེར་མོ་ཟླ་བའི་གདན་ལ་གནས་པ། ན་བཟའ་སྔོ་
བ་ཕྱག་གཉིས་ཀྱི་གཡོན་པས་ཤིང་མྱ་ངན་མེད་དམར་པོའི་ཡལ་ག་བསྣམས་པ། གཡས་པས་རྔ་ཡབ་དཀར་པོ་བསྣམས་པ། སྟོད་ཤག་དམར་པོ་དང་རྒྱན་དང་ལྡན་པའོ། །གཡོན་གྱི་ཟུར་ན་རྨ་བྱ་ཆེན་མོ་པྲི་ཡང་ཀུའི་མདོག་ལྟར་སྔོན་མོ་ཕྱག་གཉིས་མ་གཡོན་པས་རྨ་བྱའི་མཇུག་
སྒྲོ་འཛིན་པ་གཡས་པས་རྔ་ཡབ་འཛིན་པའོ། །དེ་ལྟར་རྣམ་པར་བསམས་ལ། ཨོཾ་བཅོམ་ལྡན་འདས་མ་སྒྲོལ་མ་བདག་གི་སྙིང་ལ་ལེགས་པར་ཞུགས་སྭཱ་ཧཱ་ཞེས་བྱ་བ་འདིས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་སྒྲོལ་མ་ལ་ཕྱག་འཚལ་ལོ། །
ཡིད་འཕྲོག་མ་ཧཱུཾ་ཧཱ་ར་སྭཱ་ཧཱ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤུཀླ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་བསྒོམས་པའི་
རྗེས་ཐོགས་ལ། ར་ཡོངས་སུ་གྱུར་པའི་ཉི་མ་ལ་གནས་པའི་ཧཱུྃ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་རབ་ལ་སོགས་པ་རྣམ་པར་བསམས་པ་དེའི་དབུས་སུ་ཡི་གེ་པྃ་ལས་བྱུང་བའི་པདྨའི་སྟེང་དུ་ཡི་གེ་ཨཾ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧཱུཾ་དཀར་པོ་ལས་སྐྱེས་པའི་
ས་བོན་དང་བཅས་པའི་ཨུཏྤ་ལ་བལྟས་ཏེ། དེ་ནས་སྤྲོ་བ་ལ་སོགས་སྔོན་དུ་བཏང་བའི་དེ་དག་ཡོངས་སུ་གྱུར་པ་ལས་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ། སེར་པོ་དང་མཐིང་ནག་ནི་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ཏེ་ཞལ་སོ་སོ་ཞིང་སྤྱན་གསུམ་གསུམ་མོ། །མཆོག་སྦྱིན་
པ་དང་། ཕྲེང་བ་དང་། མདའ་བསྣམས་པ་ནི་གཡས་ཀྱི་ཕྱག་གསུམ་མོ། །ཨུཏྤ་ལ་དང་། པདྨ་དང་། གཞུ་བསྣམས་པ་ནི་གཡོན་གྱི་ཕྱག་གསུམ་སྟེ། ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཟླ་བའི་འོད་དང་ལྡན་པ་རལ་པ་དང་ཅོད་པན་ལ་དོན་ཡོད་གྲུབ་པ་གནས་པ།

དབུ་ལ་མགོ་བོ་ལྔས་རྣམ་པར་བརྒྱན་ཅིང་། ཟླ་བ་ཕྱེད་པས་སྤྱི་བོར་བརྒྱན་པ། སྣ་ཚོགས་པའི་རྒྱན་མངའ་བ། ལོ་བརྒྱད་ཕྲག་གཉིས་ཀྱི་ཚད། དུར་ཁྲོད་བརྒྱད་ཀྱི་དབུས་ན་གནས་པ་དང་རང་བཞིན་གྱི་ས་བོན་སྙིང་གའི་ཟླ་བ་ལ་གནས་པའི་བདག་ཉིད་དུ་ཡང་རྣམ་པར་བསམས་ལ་སྔགས་
བཟླས་པར་བྱས་ཏེ། ཨོཾ་ཙ་ལེ་ཨ་ནི་མིཏྟ་ཙཱ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། བསྙེན་གནས་ཀྱི་མཆོད་པ་སྔོན་དུ་བཏང་ལ་ཐུན་བཞིར་ཟླ་བ་གཅིག་བཟླས་པས་ཞི་བ་ལ་སོགས་པར་འགྱུར་རོ། །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་
གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཛཱཾ་གུ་ལི་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དུག་སེལ་བའི་སྒྲུབ་ཐབས། སྒྲོལ་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། །དུག་སེལ་མ་ཡི་གཟུགས་འཛིན་མའི། །བཅོམ་ལྡན་སྒྲོལ་མ་ལ་བཏུད་ནས། །སེམས་
ཅན་རྣམས་ལ་སྙིང་བརྩེ་བས། །བྲི་བྱ་དེ་རབ་སྒྲུབ་བྱེད་ཐབས། །དང་པོར་རེ་ཞིག་སྔགས་པས་གཙང་མར་ཁྲུས་བྱས་ཤིང་གོས་དང་ཕྲེང་བ་དཀར་པོ་དང་ལྡན་པས་དབེན་པའི་ས་ཕྱོགས་ལེགས་པར་བྱུགས་པར་དྲི་དཀར་པོ་ཤིན་ཏུ་ཞིམ་པས་ཆག་ཆག་བཏབ་ཅིང་། མེ་ཏོག་དཀར་པོའི་
བྱེ་བྲག་རྣམས་ཀྱིས་སིལ་མར་བཀྲམ་པར་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། སྐྱེ་དགུ་ལ་བྱམས་པ་དང་སྙིང་རྗེ་ཡང་རྣམ་པར་བསྒོམས་ལ། ཨོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ནས་སྟོང་
པ་ཉིད་མངོན་དུ་བྱས་ལ། ཡི་གེ་པྃ་དཀར་པོ་ལས་བྱུང་བའི་པདྨ་དཀར་པོ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཡི་གེ་ཨ་ལས་སྐྱེས་པའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་འོད་ཟེར་གྱི་ཚོགས་དུ་མ་སྤྲོ་བར་བྱེད་པ་བསམ་པར་བྱ་བའོ། །དེ་དག་ལས་བྱུང་བའི་བཅོམ་ལྡན་འདས་མ་
དུག་སེལ་མ་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་བ། ཕྱག་བཞི་མ་རལ་པ་དང་དབུ་རྒྱན་དང་ལྡན་པ་འོད་ཟེར་དཀར་པོ་དང་སྟོད་གཡོགས་དང་ལྡན་པ། རིན་པོ་ཆེ་དཀར་པོའི་རྒྱན་དང་ལྡན་པ། སྦྲུལ་དཀར་པོས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའོ། །

རྩ་བའི་ཕྱག་གཉིས་ཀྱིས་ནི་པི་ཝང་སྦྲེང་བར་མཛད་དོ། །ཕྱག་གཡས་པ་དང་གཡོན་པ་གཉིས་ཀྱིས་ནི་སྦྲུལ་དཀར་པོ་བསྣམས་པས་མི་འཇིགས་པའི་ཕྱག་རྒྱ་མཛད་པ་སྟེ། ཟླ་བའི་འོད་ཟེར་གྱི་ཕྲེང་བ་ལྡན་པ་བསྒོམ་པར་བྱ་བའོ། །མགོ་བོ་དང་མགུལ་པ་དང་ནུ་
མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨཱཿཧྲཱིཿཧཱུཾ་རྣམས་ཇི་སྲིད་མི་སྐྱོ་བའི་བར་དུ་རྣམ་པར་བསྒོམ་པར་བྱ་བའོ། །དེའི་རྗེས་ལ་སྔགས་བཟླས་པར་བྱ་བ་ནི་ཧྲཱིཿསྟེ་འབུམ་ཕྲག་བདུན་བཟླས་པར་བྱ་བའོ། །རྒྱན་དཀར་པོ་དང་ལྡན་པ་དག་གིས་མེ་ཏོག་དཀར་པོ་ཁྲི་ཕྲག་བདུན་
སྦྱིན་སྲེག་བྱའོ། །དེ་ནས་བྱ་ཁྱུང་གི་དབང་ཕྱུག་གི་ནུས་པ་དང་སྙན་དངགས་དང་བསྟན་བཅོས་ཐམས་ཅད་ལ་མཁས་པར་ཡང་འགྱུར་བ་ཡིན་ནོ། །འཕགས་མ་དུག་སེལ་མ་སྒྲོལ་མའི་སྒྲུབ་ཐབས་ཡོངས་སུ་རྫོགས་སོ།། །།ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། དྷ་ན་དཱ་ཏཱ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས། སྒྲོལ་མ་ལ་ཕྱག་འཚལ་ལོ། །སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་བཞི་མ། །སྤྱན་གཉིས་དང་ལྡན་ཀུན་དུ་དགའ་མཛད་མ། །ངག་གི་དཀྱིལ་འཁོར་གྱི་ནི་
འཁོར་ལོའི་ཡང་། །ལྷ་མོ་བཅུ་གཉིས་ཀྱང་ནི་སྤྱན་གཉིས་མ། །ཁྱད་པར་འཕགས་དང་རྙེད་པར་དཀའ་བ་ཡི། །བཅོམ་ལྡན་འདས་མ་འཕགས་མ་སྒྲོལ་མ་ཡི། །ནོར་སྦྱིན་མ་ཡི་རིམ་པའི་སྒྲུབ་པའི་ཐབས། །མདོར་བསྡུས་པ་ནི་ལེགས་པར་བདག་གིས་བཤད། །རྣལ་འབྱོར་
པས་ནང་པར་སྔ་མོར་བྱང་ཆུབ་ཏུ་སེམས་བསྐྱེད་ལ། རང་གི་སྙིང་གར་ཡི་གེ་ཏཱྃ་སྔོན་པོ་བལྟ་སྟེ། གདོང་བཀྲུ་བ་ལ་སོགས་པ་བྱས་ནས། ཨོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་ཡིན་ནོ་ཞེས་བརྗོད་ལ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ་
ཅེས་བྱ་བ་འདི་དང་། སེ་གོལ་གྱིས་ཕྱོགས་བཅུའི་བགེགས་རྣམས་ཚར་བཅ