Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 2 / 15 (50.000 ký tự/trang)
བུམ་པ་ལ་གཙོ་བོའི་མཚན་མ་དང་། དེའི་གཡོན་དུ་ལས་ཐམས་ཅད་པའི་མཚན་མ་བྲི་བར་བྱའོ་ཞེས་པ་ནི་ཕྱོགས་གཞན་ཏེ། དེའི་མཚན་མ་ནི་བགེགས་མཐར་བྱེད་ཀྱིའོ། །རྣམ་པར་སྣང་མཛད་ལ་ སོགས་པའི་མཚན་མ་བཞི་ཕྱོགས་བཞིར་བྲིའོ་ཞེས་པའི་ཕྱོགས་ལ་གཙོ་བོའི་མཚན་མ་ནི་རྣམ་པར་སྣང་མཛད་ཀྱི་མཚན་མའི་སྟེང་དུའོ། །ཁ་ཅིག་ཏུ་ནི་དེ་ཉིད་ཁའི་སྟེང་དུའོ་ཞེས་བཤད་དོ། །སྤྱན་མ་ལ་སོགས་པ་རྣམས་ཀྱི་ཡང་ཕྱོགས་བཞི་རུའོ་ཞེས་པ་ནི་ཕྱོགས་གཞན་ནོ། །ཡང་ན། སངས་རྒྱས་ ལྔ་དང་ལྷ་མོ་བཞི། །ཁྲོ་བོ་བཞི་ཡི་བུམ་པ་རྣམས། །སོ་སོར་འཁྱིལ་བའི་གཅིག་དང་ནི། །གཟུགས་ཀྱི་རྡོ་རྗེ་སོགས་དྲུག་ལའང་། །མཚན་མ་ལྷན་པ་གཅིག་ཡིན་ནོ། །ཞེས་བྱ་བས་བཅོ་ལྔའོ། །འགའ་ཞིག་གིས་བརྗོད་པའི་ཕྱོགས་རྣམས་ལས་ཕྱོགས་གཞན་དུ་བརྗོད་པ་ནི་མི་རིགས་སོ། ། དེ་ལྟར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཉི་ཤུ་དང་། བཅུ་དང་། དྲུག་དང་། གཉིས་དང་། གཅིག་དང་། བཅོ་ལྔ་སྟེ་བུམ་པའི་གྲངས་རྣམ་པར་གཞག་པའོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་དུ་ལྔ་པ་གཉིས་པའི་ཕྱོགས་ལ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་གཅིག་གོ། །ཡུམ་རྣམས་ ཀྱི་གཅིག་གོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་གཅིག་གོ། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་གཅིག་གོ། །ཁྲོ་བོ་བཅུའི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ། །རང་ཕྱོགས་སྲས་གཉིས་བདག་གི་གཅིག །ཁྲོ་དྲུག་བཙུན་མོ་རྣམས་ཀྱི་ཡང་། །ཕོ་བྲང་གནས་དང་སྒོ་ སྐྱོང་དང་། བགེགས་དགྲའི་རེ་རེ་ཉི་ཤུའོ། །ཞེས་པ་ནི་ཁ་ཅིག་གོ། །ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་ཕྱོགས་གཉིས་པའི་ལྔ་པ་ལ་ནི། ཕོ་བྲང་ན་གནས་པ་རྣམས་ཀྱི་གཅིག་གོ། །རིམ་པ་གཉིས་པར་གནས་པ་རྣམས་ཀྱི་གཅིག་གོ། །ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་གོ། ། མཚམས་ཀྱི་ལྷ་མོ་བརྒྱད་རྣམས་ཀྱི་གཅིག་གོ། །སྒོ་སྐྱོང་རྣམས་ཀྱི་གཅིག་གོ་ཞེས་པ་ནི་ཁྱད་པར་རོ། །དེ་བཞིན་གཤེགས་པ་དང་རིགས་ཀྱི་ཡུམ་དང་སྒོ་སྐྱོང་རྣམས་ཀྱི་བུམ་པ་སོ་སོར་རོ། །རིམ་པ་གཉིས་པར་གནས་པའི་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་གོ། །མཚམས་ཀྱི་ལྷ་མོ་རྣམས་ཀྱི་གཅིག་གོ། ། རིམ་པ་གསུམ་པའི་ཕྱོགས་ཀྱི་གཡོན་ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་གོ། །གཡས་ཕྱོགས་ན་གནས་པ་རྣམས་ཀྱི་གཅིག་གོ། །མཚམས་སུ་གནས་པ་རྣམས་ཀྱི་གཅིག་གོ། །དེའི་ཕྱི་རོལ་དུ་མཚམས་སུ་གནས་པ་རྣམས་ཀྱི་གཅིག་གོ། །ལས་ཐམས་ཅད་པའི་གཅིག་སྟེ་དེ་ལྟར་ཉི་ཤུ་ཞེས་པ་ནི་ཁ་ཅིག་གོ། ། བདེ་མཆོག་གི་དཀྱིལ་འཁོར་ལ་ནི་འཁོར་ལོ་ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ། །ཡང་ན་ཕོ་བྲང་དུ་གནས་པ་རྣམས་ཁོ་ནའི་ལྔའོ། །ཡང་ན་འདི་རྣམས་ཀྱི་ལྔ་དང་འཁོར་ལོ་བཞིའི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་ཕོ་བྲང་དང་དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱི་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོར་ཕྱོགས་ སུ་གནས་པ་རྣམས་ཀྱི་གཅིག་དང་། མཚམས་ཀྱི་གནས་པ་རྣམས་ཀྱི་གཅིག་གོ། །དེ་བཞིན་དུ་གསུང་གི་འཁོར་ལོ་དང་སྐུའི་འཁོར་ལོར་ཡང་དེ་བཅུ་དགུའོ། །ཕྱོགས་འདི་རྣམས་སུ་ལྷ་སོ་སོའི་དགོད་པ་ལས་ཀྱང་དུམ་སྐྱེས་མའི་ལས་ཐམས་ཅད་པའི་ལྷག་པར་དགོད་དོ། །འདིའི་རྗེས་སུ་འབྲངས་པས་ དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པར་བུམ་པའི་གྲངས་རིག་པར་བྱའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་དང་བྱ་བ་མང་པོའི་ཕྱིར་རྣམ་པར་རྒྱལ་བའི་སྟེང་དུ་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་། དྲི་བཟང་གི་ཆུ་ཨོཾ་བཛྲ་ཨ་མྲྀ་ཏོ་ད་ཀ་ཋཿཧཱུཾ་ཞེས་བྱ་བ་དང་། ཡི་གེ་གསུམ་གྱིས་ལན་བདུན་བསྔགས་ པས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་དང་ལྡན་པའི་དུང་ཆོས་སམ་པདྨའི་སྣོད་ཧཱུཾ་གིས་བསྔགས་པ་དང་། མེ་ཏོག་ཕྲེང་བ་བཅིངས་པའི་རྡོ་རྗེ་བཞག་ནས། ནང་དུ་ཨོཾ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ཞེས་བྱ་བས་དྲངས་པའི་ལྷའི་གངྒཱའི་ཆུའི་ངོ་བོའི་ཆུ་ལ་ལྷའི་འཁོར་ལོའི་གདན་ དང་བཅས་པ་སྐད་ཅིག་གིས་བསམས་ལ་མདུན་དུ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ། ཞབས་བསིལ་དང་ཞལ་བསིལ་དང་། མཆོད་ཡོན་ཕུལ་ལ་དེ་ནས་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ནས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་བྱང་ཆུབ་སེམས་ཀྱི་ངོ་ བོར་སྔར་བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །མཚན་མ་ལ་ཡང་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་ཕྲེང་བའི་མཐའ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་འཁོར་ལོའི་གཙོ་བོའི་སྙིང་པོའི་སྔགས་སམ་ཨོཾ་བཛྲོད་ ཀ་ཧཱུཾ་ཞེས་བྱ་བས་ཆུ་ལ་བརྒྱ་རྩ་བརྒྱད་བསྔགས་ནས་དེར་འཁྱིལ་པ་བཟླས་པའི་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །བུམ་པ་གཞན་ལྷ་གང་དང་གང་ཡིན་པ་དེ་དང་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དམ་ཉི་ཤུ་རྩ་གཅིག་གམ་བདུན་དུ་བཟླས་ཏེ་སྟེང་གི་རྡོ་རྗེ་མེ་ཏོག་གི་ཕྲེང་བའི་མཐར་དེ་ལྟར་བཟུང་ནས་ སོ། །དེ་བཞིན་དུ་མེ་ཏོག་ཀྱང་གཞུག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ། བསྲུང་བའི་དོན་དུ་ལས་ཐམས་ཅད་པའི་བུམ་པའི་ཆུས་དེའི་ཡལ་འདབ་ཉིད་ཀྱིས་བསངས་ཏེ། འདིར་ཇི་སྲིད་དུ་དཀྱིལ་འཁོར་གྱི་བྱ་ བ་རྣམས་རྫོགས་པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅིག་ཅེས་བརྗོད་ཅིང་གཏོར་མ་བྱིན་ནས་ཉེ་བར་རེག་སྟེ། མི་བསྐྱོད་རྡོ་རྗེ་ཞེས་བྱ་བ་ལ་སོགས་པའི་བསྟོད་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་བར་བྱའོ། །བདག་ཉིད་དང་སློབ་མ་རྣམས་ལ་ཡང་བསང་གཏོར་བྱ་བའི་དོན་དུ་བུམ་པ་དེ་རྣམས་ ལས་ཆུ་ཉུང་ཟད་བླངས་ལ་དཀྱིལ་འཁོར་ཁང་པའི་ཤར་སྒོའི་བྱང་གི་ཆར་མན་ཇི་ལ་གནས་པའི་དུང་ཆོས་ལ་སོགས་པར་གཞག་གོ། །གཞན་དུ་ནི་ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་གཞག་པར་བྱའོ་ཞེས་སོ། །བུམ་པ་རྣམས་ལ་མངོན་པར་བསྔགས་པ་དང་། མཆོད་པ་ལ་སོགས་པ་ཉི་མ་སོ་སོར་ཐུན་གསུམ་མམ་གཅིག་ཏུ་བྱའོ། །འཁོར་ལོའི་གཙོ་བོ་ལ་སོགས་པའི་སྔགས་ནི་སྒྲུབ་ཐབས་ལ་སོགས་པ་རྣམས་ཀྱི་ནང་དུ་ཤེས་པར་བྱའོ། །སླར་མདོར་བསྡུས་པ་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཕལ་ཆེར་གྲགས་པའི་ཕྱིར་ཁ་ཅིག་བརྗོད་ པར་བྱ་སྟེ། དེ་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་གཙོ་བོ་མི་བསྐྱོད་པ་དང་ལྷན་ཅིག་དབྱེར་མེད་པའི་ཨོཾ་ཨཱཿམཱཾ་ཧཱུཾ། རྣམ་པར་སྣང་མཛད་ཀྱི་ཨོཾ་ཨཱཿཛི་ན་ཛིཀ་ཧཱུཾ། རིན་ཆེན་འབྱུང་ལྡན་གྱི་ཨོཾ་ཨཱཿརཏྣ་དྷྲྀཀ་ཧཱུཾ། སྣང་བ་མཐའ་ཡས་ཀྱི་ཨོཾ་ཨཱཿཨཱ་རོ་ལྀཀ་ཧཱུཾ། དོན་ཡོད་གྲུབ་པའི་ཨོཾ་ཨཱཿཔྲཛྙཱ་དྷྲྀཀ་ཧཱུཾ། སྤྱན་མའི་ཨོཾ་ཨཱཿམོ་ཧ་ར་ཏཱི་ཧཱུཾ། མཱ་མ་ཀཱིའི་ཨོཾ་ཨཱཿདྭེ་ཥ་ར་ཏཱི་ཧཱུཾ། གོས་དཀར་མོའི་ཨོཾ་ཨཱཿརཱ་ག་ར་ཏཱི་ཧཱུཾ། སྒྲོལ་མའི་ཨོཾ་ཨཱཿབཛྲ་ར་ཏཱི་ཧཱུཾ། གཟུགས་རྡོ་རྗེ་མའི་ཨོཾ་ཨཱཿརཱུ་པ་བཛྲ་ཛཿཧཱུཾ། སྒྲ་རྡོ་རྗེ་མའི་ཨོཾ་ཨཱཿཤབྟ་བཛྲེ་ཧཱུཾ་ཧཱུཾ། དྲི་རྡོ་རྗེ་མའི་ཨོཾ་ཨཱཿགནྡྷ་བཛྲེ་བཾ་ཧཱུཾ། རོ་རྡོ་རྗེ་མའི་ཨོཾ་ཨཱཿརཱ་ས་བཛྲ་ཧོཿཧཱུཾ། རེག་བྱ་ རྡོ་རྗེ་མའི་ཨོཾ་ཨཱཿསྤཪྵེ་བཛྲེ་ཁཾ་ཧཱུཾ། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མའི་ཨོཾ་ཨཱཿདྷརྨ་དྷཱ་ཏུ་བཛྲེ་རཾ་ཧཱུཾ། གཤིན་རྗེ་གཤེད་ཀྱི་ཨོཾ་ཨཱཿཡ་མཱནྟ་ཀྲྀཏ་ཧཱུཾ། ཤེས་རབ་མཐར་བྱེད་ཀྱི་ཨོཾ་ཨཱཿཔྲཛྙཱནྟ་ཀྲྀཏ་ཧཱུཾ། པདྨ་མཐར་བྱེད་ཀྱི་ཨོཾ་ཨཱཿཔདྨཱནྟ་ཀྲྀཏ་ཧཱུཾ། བདུད་རྩི་འཁྱིལ་པའི་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ། གང་གི་ཚེ་འཇམ་པའི་ རྡོ་རྗེ་དང་དབྱེར་མེད་པའི་མི་བསྐྱོད་པས་འཁོར་ལོའི་གཙོ་བོ་བྱེད་པ་དེའི་ཚེ་ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུཾ་ངོ་། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་མི་བསྐྱོད་པ་ལ་སོགས་པ་རྣམས་ཀྱི་སྔགས་ནི་སྔར་བརྗོད་པ་ཉིད་དོ། །བྱམས་པ་ལ་སོགས་པ་རྣམས་ཀྱི་ཨོཾ་ཨཱཿམཻ་ཏྲི་ཡ་མཾ་ཧཱུཾ། ཨོཾ་ཨཱཿཀྵི་ཏི་གརྦྷ་ཐླྷིཾ་ཧཱུཾ། ཨོཾ་ཨཱཿ བཛྲ་པཱ་ཎི་ཨོཾ་ཧཱུཾ། ཨོཾ་ཨཱཿཁ་གརྦྷ་ཨོཾ་ཧཱུཾ། ཨོཾ་ཨཱཿལོ་ཀེ་ཤྭ་ར་ཨོཾ་ཧཱུཾ། ཨོཾ་ཨཱཿམཉྫུ་གྷོ་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསརྦ་ནི་བ་ར་ཎ་བིསྐཾ་བྷི་ནི་ཨོཾ་ཧཱུཾ། ཨོཾ་ཨཱཿས་མནྟ་བྷ་དྲ་སཾ་ཧཱུཾ། ཨོཾ་ཨཱཿཨ་ཙ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཊ་ཀི་རཱ་ཛ་ཧཱུཾ་ཧཱུཾ། ཨོཾ་ཨཱཿནཱི་ལ་དཎྜ་ཧཱུཾ་ཧཱུཾ། ཨོཾ་ཨཱཿམ་ཧཱ་བ་ལ་ཧཱུཾ་ཧཱུཾ། ཨོཾ་ཨཱཿཨུཥྞཱི་ཥ་ཧཱུཾ་ཧཱུཾ། ཨོཾ་ཨཱཿསུམྦྷ་ ཧཱུཾ་ཧཱུཾ། གང་གི་ཚེ་མི་བསྐྱོད་པ་དང་དབྱེར་མེད་པའི་རྡོ་རྗེ་སེམས་དཔའ་འཁོར་ལོའི་གཙོ་བོ་བྱེད་པ་དེའི་ཚེ་འདིར་ཨོཾ་ཨཱཿཧཱུཾ་ཧཱུཾ་ཞེས་པ་སྔགས་སོ། །ཁ་སྦྱོར་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ་ནི། ཨོཾ་ཨཱཿབཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁ་ཧཱཾ་སྭཱ་ཧཱ། ཞེས་པ་ནི་འཁོར་ལོའི་གཙོ་བོ་རྡོ་རྗེ་སེམས་ དཔའི་སྙིང་པོའི་སྔགས་སོ། །ཨོཾ་ཨཱཿབཛྲ་གྷཎྚེ་ཧོཿཧཾ་སྭཱ་ཧཱ། ཞེས་པ་རྡོ་རྗེ་དྲིལ་བུ་མའི་སྔགས་ཏེ་ལས་ཐམས་ཅད་པའོ། །སྔགས་གཞན་རྣམས་ནི་རྒྱུད་ཉིད་དུ་ཕྱོགས་གཅིག་ཏུ་གསུངས་སོ། །འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གཙོ་བོའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་སཾ་ཝ་ར་ སྭཱ་ཧཱ་ཞེས་པ་ནི་སྙིང་པོའོ། །ཨོཾ་ཁཎྜ་རོ་ཧི་ཧཱུཾ་ཧཱུཾ་ཕཊ་ཞེས་པ་ནི་དུམ་སྐྱེས་མའི་སྔགས་ཏེ་ལས་ཐམས་ཅད་པའོ། །དཀྱིལ་འཁོར་པ་གཞན་རྣམས་ཀྱི་སྔགས་ནི་བདེ་མཆོག་གི་མངོན་པར་རྟོགས་པར་ཁོ་བོས་གདམས་ངག་དང་བཅས་པ་བྲིས་སོ། །ཀྱེའི་རྡོ་རྗེའི་དཀྱིལ་འཁོར་དུ་ནི་འཁོར་ལོའི་གཙོ་བོའི་ཨོཾ་དེ་ ཝ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའོ། །ཨོཾ་ཨཱཿསྭཱ་ཧཱ་ཞེས་པའམ། ཨོཾ་ཨཱཿབཛྲ་གྷསྨ་རཱི་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་པ་ཟ་ཕོད་མའི་སྔགས་ཏེ་ལས་ཐམས་ཅད་པའོ། །སྔགས་གཞན་རྣམས་ནི་ཁ་སྦྱོར་དུ་བསྡུས་སོ། །དེ་ཁོ་ན་ཉིད་བསྡུས་པར་གསུངས་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་ནི་ འཁོར་ལོའི་གཙོ་བོའི་ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཡོ་གི་ཤྭ་རཱ་ཧཱུཾ་ཞེས་པ་ནི་སྙིང་པོའོ། །ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པ་རྡོ་རྗེ་གནོད་སྦྱིན་གྱི་སྔགས་ཏེ། ལས་ཐམས་ཅད་པའོ། །གཞན་ནི་དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་དུ་ཡང་དག་པར་བསྡུས་སོ། །འདིར་དཀྱིལ་འཁོར་ལ་སོགས་པའི་ལས་ལ་ཉེ་བར་མཁོ་བའི་ ཕྱིར། དང་པོར་རྡུལ་ཚོན་དཀར་པོ་ལ་སོགས་པས་པདྨ་འདབ་མ་བརྒྱད་པ་བྲིས་པའི་ལྟེ་བར་རྣམ་རྒྱལ་གྱི་བུམ་པའམ་ལས་ཐམས་ཅད་པའི་བུམ་པ་གཞག་གོ། །ཤར་གྱི་འདབ་མ་ལ་འཆད་པར་འགྱུར་བའི་ཆོ་གས་ལྷག་པར་གནས་པར་བྱས་པའི་ཚོན་སྣ་ལྔའི་ཐིག་སྐུད་གནས་པའི་སྣོད་དོ། ། ལྷོར་རྡོ་རྗེའོ། །བྱང་དུ་རྡོ་རྗེ་དྲིལ་བུའོ། །ནུབ་དང་མཚམས་ཀྱི་འདབ་མ་རྣམས་ལ་ནི་ཇི་ལྟར་རིགས་པའི་རྡུལ་ཚོན་ལྔའི་སྣོད་རྣམས་སོ། །བུམ་པ་དེའི་ཆུ་ལ་འཁྱིལ་བའི་སྔགས་སམ། ཨོཾ་ཨཱ་ཨཱ་ཨཾ་ཨཿཞེས་པ་བརྗོད་ཅིང་ཚོན་དང་ཐིག་ལ་བསང་གཏོར་བྱའོ། །བུམ་པ་ལྷག་པར་གནས་པའི་ ཆོ་གའོ། །དེ་ནས་དཀྱིལ་འཁོར་གྱིས་གཞི་དྲི་བཟང་པོ་ལ་སོགས་པས་བྱུག་ཅིང་མེ་ཏོག་གི་གཅལ་བཀྲམ་སྟེ། དེར་ནུབ་ཏུ་ཕྱོགས་པས་བདུད་རྩི་ལྔ་དང་བཅས་པ་དྲི་བཟང་པོས་ཇི་ལྟར་འབྱུང་བའི་བདག་པོ་ལྔའི་ལེའུ་ཚེ་རྣམས་སུ་མཎྜལ་གྲུ་བཞི་པ་དང་། ལྷ་གཞན་རྣམས་ལ་ཟླུམ་པོར་བྱས་ལ། མཎྜལ་དེ་རྣམས་སུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་འཁོར་ལོའི་གཙོ་བོ་ལ་སོགས་པའི་ལྷའི་དཀྱིལ་འཁོར་ཇི་ལྟར་རིགས་པར་པདྨ་ལ་གནས་པའི་ཟླ་བའམ་ཉི་མ་རྣམས་ལ་བཀོད་ནས། ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས་མཆོད་པ་དང་། བསྟོད་པ་ དང་བདུད་རྩི་མྱང་བ་བྱ་སྟེ། པུས་མོ་གཡས་པ་ས་ལ་བཙུགས་ཤིང་ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་བྱས་པར་ཧཱུཾ་བཀོད་དེ། ལག་པ་གཡས་པར་སྤོས་ཕོར་ཐོགས་ཏེ་གཡོན་པས་རྡོ་རྗེ་དྲིལ་བུ་དཀྲོལ་ཞིང་། བཅོམ་ལྡན་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་ བརྩེ་ཕྱིར་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །དཀྱིལ་འཁོར་འདྲི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་ འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །ཆོ་ག་ འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པའི་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ་ཕྱིར་བདག་དང་སློབ་མ་ལ། །རྗེས་སུ་བརྩེ་བས་ཉེར་བཟུང་ནས། །དཀྱིལ་འཁོར་དང་བཅས་ཐམས་ཅད་ནི། །ཉེ་བར་བྱོན་པར་མཛད་པར་རིགས། །ཞེས་དོན་མངོན་དུ་བྱེད་ཅིང་ལན་གསུམ་ དུ་བརྗོད་པས་གསོལ་བ་གདབ་པར་བྱའོ། །འགྲོ་འཁོར་བྱ་དོན་སྩོལ་ནི་འགྲོ་བ་ལ་དཀྱིལ་འཁོར་གྱི་བྱ་བ་རྣམས་ཀྱི་དོན་རབ་ཏུ་སྩོལ་བའོ། །སེམས་ཅན་ནི་མི་ལ་སོགས་པའོ། །རྡོ་རྗེའི་སྤྱན་ནི་ལྷའི་མིག་གོ། །ལྷ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས། དམ་ཚིག་ཉམས་པར་དོགས་པ་ཡི། །སློབ་མ་ མིན་པ་གཞུག་མི་བྱ། །ཞེས་གསུངས་པའི་ཕྱིར་ཤར་སྒོར་འདུག་སྟེ་འཆད་པར་འགྱུར་བའི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་པར་གནས་པའི་ཆོ་གས་སམ། སློབ་དཔོན་གྱི་སྡོམ་པ་སྦྱིན་པ་སྔོན་དུ་འགྲོ་བའི་ལྷག་པར་གནས་པའི་ཆོ་གས་སྔར་རང་ཉིད་ཀྱིས་དབང་མ་བྱིན་པར་གདུལ་བྱ་ སྒོའི་སློབ་དཔོན་དུ་འོས་པ་རྣམས་ལ་ལྷག་པར་གནས་པར་བྱའོ། །དེ་དག་ཀྱང་བཞི་དང་། མེད་ན་གཉིས་སམ། གསུམ་མམ། ཐ་ན་གཅིག་གིས་ཀྱང་བྱ་བར་འདོད་དོ། །དེ་རྣམས་ལས་གཞན་དེ་ལྟར་བྱས་པའི་སློབ་མ་ལྔ་པ་ནི་ལས་ཀྱི་རྡོ་རྗེར་བྱའོ་ཞེས་རྒྱུད་གཞན་དུ་འདོད་དེ། མེད་ན་དེ་རྣམས་ཉིད་དོ། ། དེ་ལྟར་སློབ་མ་ལྷག་པར་གནས་པའི་དོན་དུ་ལྷའི་དཀྱིལ་འཁོར་བཀོད་པ་རྣམས་མཆོད་དེ། ཡེ་ཤེས་ཀྱི་ཐིག་ལ་སོགས་པའི་དོན་དུ་དཀྱིལ་འཁོར་གྱི་ས་གཞིའི་སྟེང་དུ་ནམ་མཁའ་ལ་བློས་བཀོད་ནས་ཤར་དུ་ཕྱོགས་ཏེ་རྡོ་རྗེ་འཆང་གི་རྣལ་འབྱོར་རམ་དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་དང་ལྡན་ཞིང་ མཚན་མ་ཐོབ་པས། གཞོན་ནུ་མ་མ་ཉམས་པས་བཀལ་བའམ། དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར་གནས་པ་རྣམས་དྲི་ཞིམ་པོའི་ཚོན་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་རྣམས་ཡུངས་ཀར་གྱི་ཕྱེ་མ་དང་། བདུད་རྩི་ལྔ་དང་བསྲེས་པ་རྣམས་ཀྱིས་ སོ་སོར་ཁ་བསྒྱུར་ཏེ། གཡོན་པའི་ལག་མཐིལ་དུ་སོར་མོའི་རྩེ་མོ་ནས་བརྩམས་ཏེ་མཐེ་བོའི་རྩ་བའི་བར་དུ་བཀོད་ལ། བྷྲཱུཾ་ཨོཾ་ཧྲཱིཿཁཾ་ཧཱུཾ་གི་ཡི་གེ་རྣམས་སམ། བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུཾ་གི་ཡི་གེ་རྣམས་སམ། ཨོཾ་ཨ་སྭ་ཧ་ཧཱུཾ་རྣམས་སམ། རྒྱུད་ཇི་ལྟ་བར་བསྐྱེད་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པར་བསྒོམས་ ནས་ནམ་མཁའ་ལ་བཞུགས་སུ་གསོལ་བའི་རང་རང་གི་ཕྱོགས་ཀྱི་དེ་བཞིན་གཤེགས་པ་བསྡུས་པར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་ཐུགས་ཀར་བྷྲཱུཾ་ལ་སོགས་པ་ལས་གྲུབ་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་གྱི་རང་བཞིན་བལྟས་ལ། ཨོཾ་ཨཱཿཤཱ་ཤོ་ཏ་བཛྲ་སུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ན་ཡ་ཧཱུཾ་ཞེས་ པས་རྣམ་པར་སྣང་མཛད་དང་མིང་བསྒྱུར་ནས་རིན་ཆེན་འབྱུང་ལྡན་ལ་སོགས་པ་རྣམས་ལ་ཡང་གསོལ་བ་གདབ་པར་བྱའོ། །མིག་གཉིས་ཛཿལས་བསྐྱེད་བའི་ཟླ་བ་དང་ཉི་མ་སེར་པོའི་རང་བཞིན་དུ་བྱ་སྟེ། ཨོཾ་དཱིཔྟ་དྲིཥྚ་ཨཾ་ཀུ་ཤ་ཛཿཞེས་བརྗོད་ནས། མིག་རབ་ཏུ་མྱུར་དུ་བསྒྲིལ་ཞིང་མིག་གི་རྫི་མ་འདེགས་ཤིང་ བརྡེབ་པ། འབར་བའི་ལྟ་སྟངས་ལྕགས་ཀྱུ་ལྟ་བུས་རྣམ་པར་སྣང་མཛད་ལ་སོགས་པ་བསྐུལ་བས་དེ་རྣམས་བཀུག་ལ་རང་རང་གི་ཁ་དོག་ཅན་གྱི་ཐིག་སྐུད་ལག་པ་ན་གནས་པ་རྣམས་ལ་བསྟིམ་མོ། །དེ་ཉིད་ཀྱི་ཕྱིར་དེ་རྣམས་ནི་མེ་ལོང་ལྟ་བུ་ལ་སོགས་པའི་ཡེ་ཤེས་ལྔའི་རང་བཞིན་ནོ། །མེ་ལོང་ལྟ་བུ་ལ་ སོགས་པའི་ཡེ་ཤེས་རྣམས་ནི་རེ་རེ་ཞིང་ཡེ་ཤེས་བཞི་རྗེས་སུ་འགྲོ་བའི་ཕྱིར་དང་ས་བོན་རེ་རེ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་ཞིང་སྡུད་པའི་ཕྱིར་ན་ཉི་ཤུ་རྩ་ལྔར་ཕྱེ་བ་ཡིན་ནོ། །ཡེ་ཤེས་རེ་རེ་ཞིང་ལྷ་ཉི་ཤུའི་དཀྱིལ་འཁོར་གྱི་བདག་ཉིད་ཡིན་པས་རྣམ་པ་བརྒྱར་ཕྱེ་བ་ཡིན་ནོ་ཞེས་ཁ་ཅིག་ཏུ་ གསུངས་སོ། །དེ་ནས་རྣམ་པར་སྣང་མཛད་ཀྱི་གཟུགས་སམ། བདུད་རྩི་འཁྱིལ་པ་ལ་ཐམས་ཅད་པའི་གཟུགས་ཀྱིས་སློབ་མ་ཐིག་སྐུད་འཛིན་པ་དང་ལྷན་ཅིག་ཏུ་ཨོཾ་ཨཱཿཨ་ནྱོ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱཿསྥ་ར་སྥ་ར། ཨ་ནུ་པྲ་བིཥྚཿསརྦ་དྷརྨཱཿཨཱ་དྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱཿཨོཾ་ཨཱཿཧཱུཾ་ཞེས་བརྗོད་ཅིང་དང་པོར་སྐུད་པ་ལྔ་ ལྔས་ཐིག་སྐུད་རེ་རེ་བྱའོ། །དེ་ནས་དེ་ལྟར་བསྒྲིལ་བའི་ལྔ་རྣམས་ཀྱིས་ཐིག་སྐུད་གཅིག་ཏུ་བསྒྲིལ་བའི་ཐིག་སྐུད་སློབ་དཔོན་དང་སློབ་མའི་ལག་པ་གཡོན་པའི་མཛུབ་མོ་ནས་བརྩམས་ནས་སོར་མོ་བཞིའི་དབུས་སུ་བཅུག་ཅིང་རྒྱབ་ནས་དྲངས་ཏེ་སླར་ཡང་བཅུག་ཅིང་དྲངས་ནས། དེ་དག་རྡོ་རྗེ་ཁུ་ཚུར་དུ་བྱས་པ་ཉིད་ དག་གིས་མཛུབ་མོའི་རྒྱབ་ཀྱི་ས་ལ་སྦྱར་ཏེ་མནན་པའི་བར་གྱི་ལྷག་པ་མ་གཏོགས་པ་ཇི་སྲིད་དུ་དཀྱིལ་འཁོར་གྱི་ཉིས་འགྱུར་དུ་རིང་བ་དང་། སྦོམ་དུ་ནས་ཀྱི་ཉི་ཤུ་ཆས་ལྷག་པའི་སློབ་དཔོན་གྱིས་ནས་ཀྱི་ཚད་དུ་འགྱུར་བ་དེ་ལྟར་བྱའོ། །ནས་བདུན་གྱིས་སོར་གྱི་ཚིགས་གཅིག་ཅེས་མངོན་པ་ནས་བཤད་དོ། །སྦོམ་ དུ་འཁོར་ལོའི་བརྒྱད་ཆའི་ཉི་ཤུ་ཆར་བཤད་པ་ནི་སོར་ཉི་ཤུ་རྩ་བཞིའི་བདག་ཉིད་ཁྲུ་གང་བའི་དཀྱིལ་འཁོར་ཁོ་ནའི་ཡིན་ནོ། །ཁྲུ་གཉིས་པ་ལ་སོགས་པའི་དཀྱིལ་འཁོར་གྱི་ཚད་ཀྱང་དེས་མཚོན་ནས་རིག་པར་བྱའོ། །ཀུན་དགའ་སྙིང་པོ་ལ་སོགས་པས་ནི་ཁྲུ་དྲུག་པའི་དཀྱིལ་འཁོར་དུ་ཐིག་སྐུད་སྦོམ་དུ་མཐེའུ་ཆུང་གི་ཚད་ དུ་བྱ་ཞིང་གཞན་རྗེས་སུ་མཐུན་པར་བྱའོ་ཞེས་སོ། །བསྒྲིལ་བའི་རྗེས་ལ་སྔར་གྱི་ས་གཞི་དྲིས་བྱུགས་པའི་གསེར་ལ་སོགས་པའི་སྣོད་གཙང་མར་དྲིའི་ཆུ་དང་། བདུད་རྩི་ལྔ་དང་། བའི་རྣམ་ལྔས་སྤངས་ཤིང་ཡི་གེ་གསུམ་ནང་དུ་ཆུད་པ་བཞག་ལ། དྲི་དང་མེ་ཏོག་དང་། སྤོས་རྣམས་ཀྱིས་མཆོད་དེ། ལག་པས་རེག་ ཅིང་འཁྱིལ་པ་བཟླས་པས་བསྲུང་བར་བྱའོ། །དེ་ནས་གཡས་པ་དང་ཅིག་ཤོས་ཀྱི་མིག་དག་ལ་མ་དང་ཊའི་ཡི་གེ་དག་ལས་ཉི་མ་དང་ཟླ་བ་དེ་དག་བལྟས་ཏེ། སྔར་བཞིན་བཛྲ་དྲྀཥྚི་མ་ཊ་ཞེས་པས་བརྟན་པར་བྱས་ལ། ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་། ཡུངས་ཀར་དང་དྲིའི་ཆུས་གཏོར་ཏེ། རྡོ་རྗེ་ དང་བཅས་པའི་ལག་པ་གཡས་པས་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་པ་འདི་བཟླས་ནས། ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་དུ་བཟླས་པས་ལྷག་པར་གནས་པར་བྱའོ། །ཡང་དཀྱིལ་འཁོར་གྱིས་ལ། ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱིས་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་ བྱས་པས་གཙང་མའི་དྲི་ཆུས་བྱུགས་ནས། ཕྱི་རོལ་དུ་མེ་ཏོག་གཅལ་དུ་བཀྲམ་ལ། ནམ་མཁའ་ལ་བྲི་བར་བྱ་བའི་དཀྱིལ་འཁོར་བཞུགས་པར་དམིགས་ཏེ། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད་ནས། རང་ཉིད་དེའི་རྣལ་འབྱོར་དང་ལྡན་པས་སྒྲུབ་པའི་གྲོགས་པོ་རྣམ་པར་སྣང་མཛད་དམ་ འཁྱིལ་པའི་གཟུགས་སུ་བསམས་ནས། རང་དང་དེའི་གཡོན་པ་དང་ཅིག་ཤོས་ཀྱི་མིག་དག་ལ་ཛཿལས་སྐྱེས་པའི་ཉི་མ་དང་། ཟླ་བ་འོད་ཟེར་སེར་པོ་ཅན་བསྒོམས་ཏེ། རྡོ་རྗེའི་རྐང་པས་ཐིག་སྐུད་དེ་རྡོ་རྗེའི་ཁུ་ཚུར་གཡོན་པས་གཟུང་བ་ལྟེ་བར་བཟུང་ཞིང་། སྒྲུབ་པའི་གྲོགས་པོས་དེ་ལྟར་ཐིག་སྐུད་བཟུང་ལ། ཛྫཿཛྫཿ ཛྫཿཞེས་པའི་ཡི་གེ་ཛྫཿགསུམ་གྱིས་ཀྱང་བསྐུལ་ལོ། །སྒྲུབ་པའི་གྲོགས་པོས་ཀྱང་ཛྫཿཛྫཿཛྫཿཞེས་པའི་ཡི་གེ་ཛྫཿགསུམ་གྱིས་དྲངས་ནས། དེ་ཁོ་ན་བཞིན་དུ་མངོན་དུ་བལྟ་ཞིང་གནས་པས་ནུབ་ཕྱོགས་སུ་གནས་ཏེ་ཤར་དུ་ཁ་བལྟས་པ་དང་། ལྷོར་གནས་ཏེ་བྱང་དུ་ཁ་བལྟས་པས། ཚངས་ཐིག་གཉིས་ལྟེ་བ་དང་ མཉམ་པའི་བར་སྣང་ལ་བརྐྱང་ནས། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པའི་མཐེ་བོ་དང་མཛུབ་མོ་དག་གིས་ཐིག་སྐུད་བཟུང་བས་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང་། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མཱ་ཧཱུཾ། ཧཱུཾ་ཨོཾ་སྭཱ་ཨ་ཧ་ཞེས་བརྗོད་པར་བྱའོ། །ཐིག་གི་སྒྲ་དེས་ཀྱང་ནམ་མཁའ་ཀུན་ ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་བསྐུལ་བར་བྱའོ། །དེ་རྣམས་ཀྱང་བྱོན་ནས་ཐིག་སྐུད་རྣམས་ལ་ཐིམ་པར་བསྒོམ་མོ། །སྒྲ་འདིའི་དོན་ནི། སེམས་ཅན་དོན་དུ་ཁྱེད་རྣམས་ཀྱི། །དུས་ཡིན་དེ་ཕྱིར་འདིར་སྤྱོན་ཅིག །ཅེས་པའི་བརྡའོ། །ཐམས་ཅད་དུ་ཡང་སློབ་དཔོན་དང་སྒྲུབ་པའི་གྲོགས་པོ་གཡས་སྐོར་དུ་འགྲོ་ ཞིང་ཕྱོགས་ཐམས་ཅད་མཉམ་པ་ཉིད་དུ་མོས་པར་བྱའོ། །ནམ་མཁའི་ཐིག་གཉིས་བཞིན་དུ་ས་ལ་ཡང་ཚངས་ཐིག་གཉིས་ཀའི་ལག་པ་ཐིག་སྐུད་དང་བཅས་པས་མཉམ་པོར་སྨད་པས་གདབ་པར་བྱའོ། །འོན་ཀྱང་དང་པོར་ཁྲུའི་ཚད་ཀྱི་མཎྜལ་གྱི་དབུས་སུ་མཐོ་གང་གི་ཚད་ཀྱི་ཤིང་བུ་བཀོད་པའི་གྲིབ་མ་འཇུག་པ་ དང་། འབྱུང་བའི་རྩེ་མོ་མཎྜལ་གྱི་རེ་ཁཱའི་དབུས་གང་དག་ཏུ་གནས་པ་དེ་གཉིས་སུ་ཐིག་ལེ་གཉིས་བྱས་པ་ནི་ནུབ་དང་ཤར་རོ། །དེའི་སྟེང་དུ་ཐིག་སྐུད་བཟུང་ནས་མཎྜལ་གཉིས་བྱས་པས་ཉར་འགྱུར་རོ། །དེ་ནས་དེའི་མགོ་དང་མཇུག་མའི་མཐར་ཐིག་ལེ་བྱས་པ་ནི་ལྷོ་དང་བྱང་ངོ་། ། དེའི་སྟེང་དུ་ཐིག་སྐུད་བཟུང་ནས་མཎྜལ་གཞན་གཉིས་བྱའོ། །ཕུབ་པའི་གནས་སུ་ནི་ཕྱོགས་རྣམས་སུ་ཐིག་ལེ་བཞི་བྱས་པའི་སྟེང་དུ་ཟླུམ་པོ་བཞི་བསྐོར་བར་བྱའོ། །དེ་ནས་ཕྱོགས་རྣམས་སུ་ཉའི་མགོ་མཇུག་དག་གི་དབུས་སུ་ཐིག་སྐུད་བཟུང་ནས། འོད་ཟེར་གྱི་ཕྲེང་བའི་བར་དུ་ཚངས་ཐིག་གཉིས་རྐང་པ་ གཡོན་པ་སྐྱིལ་ཀྲུང་ཕྱེད་པར་བྱས་ནས་རྐང་པ་གཡས་པ་ས་ལ་བཙུགས་ཏེ། དེ་ལས་བཟློག་ནས་འདུག་ཅིང་ཇི་ལྟར་རིགས་པར་རྒྱབ་ཀྱིས་འགྲོ་བའི་སློབ་མ་དང་ལྷན་ཅིག་ཏུ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ཐིག་སྐུད་བཟུང་ནས་ནམ་མཁའ་ལ་ཐིག་གདབ་པའི་མོས་པས་གདབ་པར་བྱའོ། །དེ་ལྟར་ཐིག་གདབ་པ་གཞན་ རྣམས་ལ་ཡང་ངོ་། །ཐིག་གདབ་པ་ན། མཚན་མ་མིན་པས་འགྲུབ་མི་འགྱུར། །ཐིག་སྐུད་ཆད་ན་བླ་མ་འཆི། །དམན་དང་ལྷག་པ་ལས་ནི་ནང་། །ཕྱོགས་རྨོངས་ན་ནི་སློབ་མ་འཁྲུལ། །ཞེས་ཤེས་པར་བྱས་ལ། བཅོས་པའི་ཆོ་ག་ཡང་བྱའོ། །གལ་ཏེ་ཐིག་ནི་གདབ་པ་ལ། །འགའ་ཡང་ནུས་ལྡན་མ་གྱུར་ ཅིང་། །དེ་བཞིན་གཡོག་པོ་དང་བྲལ་ན། །ཕུར་པ་ལ་བཅིངས་རང་ཉིད་གདབ། །མེའི་མཚམས་སུ་གནས་པས་རླུང་གི་མཚམས་ཀྱི་ཐིག་དང་། །བདེན་བྲལ་གྱི་མཚམས་སུ་གནས་ཏེ་དབང་ལྡན་གྱི་མཚམས་ཀྱི་ཐིག་གོ། །འདི་གཉིས་རེ་རེ་ཞིང་སྒོའི་ཚད་བཅུ་བདུན་ནོ། །དེ་ནས་མཎྜལ་ལྔ་བྲིའོ། །ཚངས་ཐིག་ཁོ་ན་ གདབ་པའི་དོན་དུ་ཐིག་སྐུད་དཀྱིལ་འཁོར་ཉིས་འགྱུར་དུ་རིང་བར་གསུངས་ལ། དཀྱིལ་འཁོར་ཡང་འདིར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆུད་པའི་རྩ་བའི་དཀྱིལ་འཁོར་འཁོར་དང་བཅས་པ་རྩ་བའི་ཐིག་ལས་ཕྱིར་ཆ་ཆུང་བརྒྱད་པའི་བར་དུ་སྟེ། ཆ་ཆུང་བཞི་བཅུ་རྩ་བརྒྱད་དོ། །དེའི་ཕྱི་རོལ་དུ་ཆ་ཆུང་བཅུ་གཉིས་དང་། གཉིས་དང་། གཉིས་དང་། གཉིས་དང་། བཞི་ཉིད་དེ་གོ་རིམས་བཞིན་དུ་རྟ་བབས་དང་། ཆོས་ཀྱི་འཁོར་ལོ་དང་ར་དང་པདྨའི་འདབ་མ་དང་རྡོ་རྗེའི་ཕྲེང་བ་དང་འོད་ཀྱི་ཕྲེང་བ་རྣམས་ཏེ། ལོགས་གཅིག་ལ་ནི་ཆ་ཆུང་ཉི་ཤུ་རྩ་བཞིའོ། །ལོགས་གཉིས་པར་ཡང་དེ་ལྟར་རོ། །དེ་བས་ཆ་ཆུང་བཞི་བཅུ་རྩ་བརྒྱད་དོ། །དེའི་ཕྱིར་ ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །དེ་ཡང་། ཕྱོགས་ཆ་མཉམ་པར་ཤེས་ནས་ནི། །དཀྱིལ་འཁོར་ལས་ནི་ཉིས་འགྱུར་སྲིད། །ཤར་དང་ནུབ་ཏུ་རིང་བ་ཡིས། །ཚངས་ཐིག་ཡང་དག་གདབ་པར་བྱ། །ཞེས་པ་དང་། གཞན་དུ་ཡང་། ངེས་པར་འདི་ནི་དཀྱིལ་འཁོར་ལས། །དཀྱིལ་འཁོར་ས་གཞི་ ཉིས་འགྱུར་བཟུང་། །དབང་པོ་ཆུ་ཡི་ཕྱོགས་རིང་བའི། །ཐིག་ནི་ཆ་ཆུང་རྗེས་འགྲོ་གདབ། །ཅེས་གསུངས་སོ། །ར་དང་འོད་ཟེར་དག་ལ་ཆ་ཆུང་གཅིག་དང་གསུམ་ཉིད་དམ། ཆ་ཆུང་གཉིས་གཉིས་ཉིད་ན་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་གཉིས་སུ་འགྱུར་ཏེ། དེའི་ཚེ་དཀྱིལ་འཁོར་གྱི་འོད་ཀྱི་མཐའ་ལས་ཐིག་ སྐུད་ཆ་ཆུང་བཞིས་ལྷག་པར་འགྱུར་རོ། །དེ་ནི་གཟུང་བའི་དོན་དུ་ཡིན་ནོ་ཞེ་ན། མི་རིགས་ཏེ། ཁྲུ་གང་ནས་ནི་བརྩམས་ནས་ནི། །ཇི་སྲིད་ཁྲུ་ནི་སྟོང་གི་བར། །ཞེས་གསུངས་པའི་ཕྱིར་རྩ་བའི་དཀྱིལ་འཁོར་ཁྲུ་སྟོང་པའི་བརྒྱད་ཆའི་སྒོའི་བཞི་ཆ་དང་བཅས་པའི་ཁྲུ་སུམ་ཅུ་རྩ་གཅིག་ཆ་ཆུང་དུ་འགྱུར་ལ། དེ་ བཞིས་ནི་ཐིག་སྐུད་ཁྲུ་བརྒྱ་ཉི་ཤུ་རྩ་ལྔས་ལྷག་པར་འགྱུར་ཏེ། དེ་ཅི་ཞིག་བྱ། འདབ་མ་དང་རྡོ་རྗེ་ཕྲེང་བ་དག་ཆ་ཆུང་རེ་རེ་དག་ཀྱང་མི་རིགས་སོ། །དེའི་ཕྱིར་རྣམ་པ་འདི་ལྟ་བུ་གཞན་ཡང་ངོ་། །ལོགས་ཀྱི་སྟེང་ན་རྟ་བབས་སྒོའི་སུམ་འགྱུར་གྱི་ཕྱོགས་ལ་འདིར་ལུང་དང་འགལ་ཞེས་མང་པོ་རྣམས་གསུང་ངོ་། ། འདིར་ནི་ཁྲུ་གང་ལ་སོགས་པའི་ཚད་ཀྱི་འཁོར་ལོའི་ཕྱོགས་རྣམས་སུ་དེའི་ཚད་དུ་རྩ་བའི་ཐིག་བཞིས་ཡོངས་སུ་བཅད་པའོ། །དེའི་ཕྱིར་སློབ་དཔོན་མེ་མཚམས་སུ་གནས་ཏེ་བྱང་དུ་ཁ་བལྟས་པས་ཤར་གྱི་རྩ་བའི་ཐིག་འཁོར་ལོའི་ཚད་དུ་གདབ་པར་བྱའོ། །རླུང་མཚམས་སུ་གནས་ཏེ་ལྷོར་ཁ་བལྟས་པས་ ནུབ་ཏུའོ། །དེ་ཉིད་དུ་གནས་ཏེ་ཤར་དུ་ཁ་བལྟས་པས་བྱང་དུའོ། །སླར་མེ་མཚམས་སུ་ཕྱིན་ནས་ནུབ་ཏུ་ཁ་བལྟས་ཏེ་ལྷོར་རོ། །དེ་ལྟར་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལས། དང་པོ་ཚངས་པའི་ཐིག་ཡིན་ཏེ། །གཉིས་པ་ཟུར་གྱི་ཐིག་ཡིན་ནོ། །གསུམ་པ་ལ་ནི་ངོས་བཞི་རུ། །ཐིག་བཞི་རབ་ཏུ་གདབ་པར་ བྱ། །ཞེས་གསུངས་སོ། །ཐིག་དེའི་གཅིག་གི་བརྒྱད་ཆ་ནི་སྒོ་ཡིན་ལ་སྒོའི་བཞི་ཆ་ནི་ཆ་ཆུང་གཅིག་གོ། །དེ་ནས་ཚངས་པའི་ཐིག་གི་ངོས་སུ་གཡས་དང་གཡོན་དག་གི་ཆ་ཆུང་གཉིས་གཉིས་རྩ་བའི་ཐིག་གི་ས་དང་བཅས་པ་དེ་ཆ་ཆུང་བཞི་པ་སྟེ། དེར་གནས་པའི་ཚངས་ཐིག་གི་ངོས་གཉིས་ཀྱི་རྩ་བའི་ཐིག་ ནི། ཧཱི་ཡིག་ཁྲོ་བོའི་ལྟ་བ་ཡིས། །དེ་ནས་སྒོ་ཡང་དབྱེ་བར་བྱ། །ཞེས་གསུངས་པའི་ཕྱིར། བཅོམ་ལྡན་འདས་ཀྱི་སྐུ་གཡོན་པ་དང་ཅིག་ཤོས་ཀྱི་མིག་དག་གི་ཡི་གེ་ཧཱུཾ་གིས་ཟླ་བ་དང་ཉི་མར་བསྐྱེད་ནས་ཁྲོ་བོའི་ལྟ་བས་ཐམས་ཅད་དུ་བལྟ་ཞིང་། ཧཱི་ཧཱི་ཞེས་བརྗོད་ཅིང་ཐར་བའི་སྒོའི་ གེགས་སུ་གྱུར་པའི་སྒྲིབ་པ་དབྱི་བར་བྱའོ། །ཞེས་ལྷག་པར་མོས་པས་དབྱི་བར་བྱའོ། །དེ་ནས་རྩ་བའི་ཐིག་ལས་ཕྱི་རོལ་དུ་རིམ་པ་བཞིན་དུ་ཆ་ཆུང་གཅིག་དང་། གཉིས་དང་། གཅིག་དང་། གཉིས་དང་། གཅིག་དང་། གཅིག་གི་བར་དོར་ལ་ཐིག་དྲུག་ནི་ཟུར་ཐིག་ལས་ལོགས་སུ་འཐོན་པར་གདབ་ པོ། །དེ་ལ་དང་པོ་གཉིས་ཚོན་དང་། སྟེགས་བུའི་ས་དག་གི་ཡིན་ཏེ། ཕན་ཚུན་རྩེ་མོར་རེག་པ་ཆ་ཆུང་གཉིས་པའི་ཐིག་གཅིག་དང་ལྡན་ཞིང་ཆ་ཆུང་གསུམ་གྱི་བར་ཚངས་ཐིག་ཡོངས་སུ་དོར་བར་གནས་པའི་གསུམ་ནི་རིན་པོ་ཆེའི་ཕ་གུ་དང་། དོ་ཤལ་དང་། རིན་པོ་ཆེའི་ཤར་བུ་རྣམས་ཀྱི་ས་སྟེ་ཆ་ཆུང་ བརྒྱད་སྤངས་པར་རོ། །བཞི་པ་ནི་ཟུར་ཐིག་གཉིས་པའི་བར་བར་དུའོ། །དེ་ནས་སྟེགས་བུའི་ཐིག་ལས་བྱུང་བའི་ཐིག་བཞི་སྟེ། དེ་ལ་གཅིག་ནི་དར་དཔྱངས་ཀྱི་ས་ཡིན་ཏེ། ལོགས་སུ་ཐིག་གསུམ་གྱི་རྩེ་མོ་ལ་རེག་པའོ། །དེའི་གློར་ཆ་ཆུང་རེ་རེ་དོར་བར་ཐིག་གསུམ་སྟེ། རྟ་བབས་ཀྱི་ཀ་བ་དང་བར་དང་ཚོན་ གྱི་སའོ། །བཞི་པོ་འདི་རྣམས་ལ་དང་པོ་གསུམ་ནི་སྲིད་དུ་ཆ་ཆུང་ལྔའོ། །ཞེས་པ་ནི་ཆ་ཆུང་བཞིའོ། །འདིར་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱིས་ནི་མུན་པའི་སྣམ་བུ་དང་། ལོང་བའི་སྣམ་བུ་དང་། སྟོང་པའི་སྣམ་བུ་དང་། བར་སྣང་སྐབས་ཀྱི་སྣམ་བུ་ཞེས་བརྗོད་དོ། །དེ་ནས་ཚངས་པའི་ཐིག་གི་ལོགས་སུ་ཆ་ ཆུང་གཉིས་སྤངས་པར་རྩ་ཐིག་ནས་སྒོ་ཁྱུད་ཆ་ཆུང་བཞི་པ་དྲང་པོར་འཐོན་ཏེ། ལོགས་སུ་འགྲམ་པ་ཆ་ཆུང་གཉིས་སོང་ནས། སྟེང་དུ་ལོགས་སུ་ཆ་ཆུང་གཉིས་འཐོན་པའི་ཐིག་ཀྱོག་པོ་གཉིས་པ་ཅིག་གདབ་པོ། །དེའི་རྩེ་མོ་ནས་ལོགས་སུ་ཚངས་ཐིག་གི་ལོགས་གཉིས་པར་གནས་པ་དེ་ལྟ་བུ་ཀྱོག་པོའི་རྩེ་མོའི་ བར་དུ་སོང་བས་ཆ་ཆུང་བརྒྱད་པ་གདུང་མཚོན་པར་བྱེད་པའི་ཐིག་གོ། །དེ་བཞིན་དུ་དེའི་བློའི་ཐིག་གི་རྩེ་མོ་ནས་གཞན་དེའི་གློའི་ཐིག་གི་རྩེ་མོའི་བར་དུ་ཆ་ཆུང་བཅུ་པའི་ཐིག་གཅིག་སྟེ་ཡ་ཕུབས་ཀྱི་སའམ། གདུང་དང་བཅས་པའི་བྲེ་ཕུལ་གྱི་སའམ་གདུང་གི་སྟེང་གི་ཚོན་སྣ་ལྔའི་སའོ། །དེའི་ཕྱིའི་ཆ་ཆུང་ གཅིག་ནི་དཀྱིལ་འཁོར་དང་རྟ་བབས་ཀྱི་བར་གྱི་སྣམ་བུའོ། །འདིས་ནི། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །སྟེགས་བུ་དང་ནི་བྲལ་བར་འདོད། །སྒོ་ཡི་ཚད་ཀྱི་སྒོ་ཁྱུད་དེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །སྟེགས་བུ་ཀུན་ནས་སྒོ་ཡི་ཕྱེད། །དེ་བཞིན་འགྲམ་དང་ལོགས་དང་ནི། །དྲ་བ་དྲ་ཕྱེད་ཉི་ཟླ་དང་། །མེ་ ཏོག་ཕྲེང་བའི་སྣམ་བུའོ། །རྩ་བའི་ཐིག་གི་ས་ལས་ཕྱིར། །ཚོན་གྱི་ས་ནི་དེ་ཡི་ཕྱེད། །ཅེས་པ་འདི་ཡང་བཤད་པ་ཡིན་ནོ། །ལྷའི་སྣམ་བུ་ནི་རྩ་བའི་ཐིག་གི་ནང་དུའོ། །སྟེགས་བུ་ལ་ནི་གཟུངས་ཀྱི་སྣམ་བུ་དང་གར་གྱི་སྣམ་བུ་ཞེས་ཀྱང་བརྗོད་དོ། །འདིར་ངོས་སུ་སོང་བ་ནི་ལོགས་ཡིན་ཞིང་། །སྟེང་དུ་སོང་བ་ ནི་འགྲམ་པའོ་ཞེས་བརྗོད་པ་ནི། ལུང་དང་མི་ལྡན་ཞིང་། །སྒོ་མཉམ་སྒོ་ཁྱུད་སྟེང་དུ་འགྱུར། །ངོས་སུ་འགྲམ་པ་སྒོ་ཡི་ཕྱེད། །ཅེས་བཤད་པ་དང་འགལ་ལོ། །བར་གྱི་སྣམ་བུའི་དཔངས་སུ་ཆ་ཆུང་ལྔའོ། །སྲིད་དུ་ནི་སྒོ་གསུམ་གྱི་ཚད་དོ། །ཀླུའི་བློའི་ཞབས་ནི་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ ཐིག་ཉིད་གདུང་དུ་དགོངས་ནས་བར་གྱི་སྣམ་བུ་དང་ཡ་ཕུབས་ཀྱི་སྣམ་བུ་ནི་མི་བཞེད་དོ། །དེ་ཡང་། སྒོ་ནི་འཁོར་ལོའི་བརྒྱད་ཆ་སྟེ། །དེ་བཞིན་ལྷ་ཡི་སྣམ་བུའོ། །སྒོ་ཁྱུད་སྒོ་ཡི་ཚད་ཡིན་ཏེ། །དེ་བཞིན་དུ་ནི་འགྲམ་དང་ལོགས། །དེ་ཡི་ཕྱེད་དུ་སྟེགས་བུ་ཡིན། །སྟེགས་བུའི་ཕྱེད་དུ་ཚོན་གྱི་ས། །དྲ་བ་ སྟེགས་བུའི་ཚད་དུ་འགྱུར། །རིན་ཆེན་ས་ནི་དེ་ཡི་ཕྱེད། །རིན་ཆེན་ཤར་བུ་མདའ་ཡབ་ཕྱིའི། །ཀ་བ་ལ་སོགས་ས་དེ་བཞིན། །ཞེས་རྒྱུད་གཞན་དུ་གསུངས་སོ། །གང་ཡང་ཕྱོགས་འདི་ལ་བྲེ་ཕུལ་གྱི་དོན་དང་མདའ་ཡབ་ཀྱི་དོན་དུ་ལོགས་ཀྱི་ཐིག་གཉིས་ལ་གནས་པའི་ཐིག་གི་ཕྱི་རོལ་དུ་ཆ་ཆུང་གཅིག་ གི་བར་སྤངས་ནས་ཐིག་གཅིག་ཅེས་སྨྲ་བ་དེ་ལ་ནི་འདིར་རྗོད་པར་བྱེད་པའི་གཞུང་མེད་ཅིང་རང་གིས་བརྟགས་པ་ཡིན་ན་ཡང་། །ཤིང་རྟ་ཆེན་པོ་རྣམས་ཀྱིས་རྩ་བའི་ཐིག་གི་ཕྱི་རོལ་ཆ་ཆུང་བརྒྱད་པའི་གནས་ཀྱིས་བསྐོར་བ་ནི་རྩ་བའི་དཀྱིལ་འཁོར་འཁོར་དང་བཅས་པ་ཡིན་ནོ་ཞེས་མང་དུ་བཤད་པ་འདི་ དང་འགལ་བས་རྟོགས་པར་གྱིས་ཤིག །མཛེས་པའི་དོན་དུ་རིན་པོ་ཆེ་དང་། རིན་ཆེན་ཤར་བུའི་སྟེང་དུ་མདའ་ཡབ་ཀྱི་སྣམ་བུ་བྱེད་དོ་ཞེ་ན་གྱིས་ཤིག། བདག་ལ་འདིར་བགེགས་ཀྱིས་ཅི་ཞིག་བྱ། སྒོ་ཁྱུད་དང་འགྲམ་དང་ལོགས་ཀྱི་ཚད་མཉམ་པ་དང་། མི་མཉམ་པའི་ཕྱོགས་འདི་དག་བཅོམ་ ལྡན་འདས་ཀྱིས་རྒྱུད་ཐ་དད་དུ་གསུངས་སོ། །འདིར་ཆ་ཆུང་བརྒྱད་པའི་མདའ་ཡབ་ཀྱིས་ཇི་ལྟར་གཞལ་ཡས་ཁང་མཛེས་པའི་དེ་ལྟར་མདའ་ཡབ་དང་བྲལ་ན། མགོ་བཅད་པ་ལྟ་བུའི་རིན་པོ་ཆེ་དང་ཤར་བུ་རྣམས་ཀྱི་ནི་མ་ཡིན་ཞིང་། ལྷ་ཁང་ཆེན་པོ་ལ་སོགས་པ་རྣམས་ལ་ཡང་མཐོང་བས། འདིར་བྲི་བྱའི་དཀྱིལ་འཁོར་ལ་མདའ་ཡབ་ནི་དར་དཔྱངས་ཀྱི་ཐིག་གི་བར་དུའོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ནི་ལོགས་ཀྱི་སྟེང་གི་བར་དུ་སྟེ། མདའ་ཡབ་རྣམས་ནི་ལོགས་ཅན་དང་། །ཞེས་རྡོ་རྗེ་ཕྲེང་བའི་རྒྱུད་དུ་གསུངས་པའི་ཕྱིར་རོ། །གདུང་གི་འོག་ཏུ་ཀ་བ་གཉིས་མ་བྲིས་ཀྱང་བསྒོམ་བྱའི་དཀྱིལ་ འཁོར་ལ་རིག་པར་བྱ་སྟེ། གྲུ་བཞི་པ་དང་སྒོ་བཞི་པ། །ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་པའི་ལུང་གིས་སོ། །འདིས་དཀྱིལ་འཁོར་གྱི་ནང་གི་ཀ་བ་བརྒྱད་ནི་མ་གསུངས་ཏེ། དེ་དག་ནི་བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་ལ་མེད་ལ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས། །ཞེས་པའི་ མཚན་ཉིད་འདི་ཡང་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བྱེད་ཡིན་པས་སོ། །གཞོགས་ཀྱི་ཀ་བ་རྣམས་ནི་རྟ་བབས་རྣམས་ཁོ་ནའིའོ། །དེ་ཉིད་ཀྱི་ཕྱིར་གང་དག་སྒོའི་རྩ་བ་ནས་སྒོ་ཁྱུད་ལ་སོགས་པ་སྟེང་དུ་ནམ་མཁའ་ལ་ལངས་པར་རྟོགས་པ་དེ་དག་གིས་ནི་གསུང་རབ་ཀྱི་དོན་མ་ཤེས་པ་ཉིད་དོ། །རྡུལ་ཚོན་གྱི་ རྩིག་པ་ལ་ནི་རིན་པོ་ཆེ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། རིན་པོ་ཆེའི་ཤར་བུ་དང་། མདའ་ཡབ་རྣམས་རིམ་པ་བཞིན་དུ་སྟེང་དུ་བརྩེགས་པ་མཛེས་པར་བསྟན་པའོ། །རིན་པོ་ཆེའི་ཤར་བུ་ནི་བྱ་འདབ་ནས་དཔྱངས་པར་ཤེས་པར་བྱའོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཤར་བུའི་ཆ་ཆུང་བདུན་པ་ལ་རིན་པོ་ཆེ་རྣམས་ བྲི་བར་བྱའོ་ཞེས་གསུངས་སོ། །གང་ཞིག་དེ་ལྟར་ཐིག་ཐུང་མི་འདོད་པ་དེས་ནི་ལོགས་སུ་ཟུར་ཐིག་གི་བར་དུ་རྩ་བའི་ཐིག་ལས་ཕྱིར་རིམ་པ་བཞིན་དུ་ཆ་ཆུང་གཅིག་དང་། གཉིས་དང་། གཅིག་དང་། གཉིས་དང་། གཅིག་དང་། གཅིག་གི་བར་དོར་ནས་ཐིག་དྲུག་གདབ་པར་བྱའོ། །རྩ་བའི་ཐིག་ལས་ འཐོན་པའི་ཐིག་བདུན་ཡང་ཚངས་ཐིག་གི་གཡས་སུ་ཐིག་དྲུག་པའི་བར་དུའོ། །དེ་ལ་གཅིག་ནི་ཆ་ཆུང་གཉིས་སྤངས་པར་རོ། །གཞན་རྣམས་ནི་ཆ་ཆུང་རེ་རེ་སྤངས་པར་རོ། །དེ་ལྟར་གཡོན་དུ་ཡང་ངོ་། །སྔར་བརྗོད་པའི་རིམ་པས་ཐིག་ཐུང་བཏབ་པ་ལྟར་གནས་པ་ལས་གཞན་དུ་བྱའོ། །ཀ་བའི་སྟེང་དུ་རྟ་བབས་ ཏེ་ཆ་ཆུང་བཅུ་གཉིས་སོ། །དེ་ལ་ཀ་བའི་རྩེ་མོ་ནས་ཕྱིར་ཐིག་བཅུ་གཅིག་གོ། །དེ་ལ་རྟ་བབས་སྒོའི་སུམ་འགྱུར་ཏེ། དེ་ཡང་སྣམ་བུ་བཅུ་གཅིག་པ་ཞེས་གསུངས་པའི་ཕྱིར། བར་རྣམས་ནི་གོ་རིམས་བཞིན་དུ་གསེར་དང་། རིན་པོ་ཆེའི་ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་། མུན་པ་དང་། བ་ རཎྜ་དང་། མུན་པ་དང་། རིན་ཆེན་ཤར་བུ་དང་། རིན་པོ་ཆེ་དང་། རྨིག་པ་དང་། མདའ་ཡབ་རྣམས་ཀྱི་སྣམ་བུའོ། །དེ་རྣམས་ལས་མུན་པའི་སྣམ་བུ་གཉིས་སོ་སོར་དཔངས་སུ་ཆ་ཆུང་ཕྱེད་དང་གཉིས་སོ། །སྣམ་བུ་དགུ་ནི་སོ་སོར་ཆ་ཆུང་རེ་རེའོ། །འདིར་གསེར་གྱི་སྣམ་བུ་ནི་མེད་དེ། འདི་ནི་བྲེ་ཕུལ་ གྱི་སྣམ་བུ་ཡིན་ནོ་ཞེས་པ་ནི་ཁ་ཅིག་གོ། །ཡང་ན་རིན་པོ་ཆེའི་ཤར་བུ་དང་། རིན་པོ་ཆེ་དང་རྨིག་པ་དང་། གསེར་དང་། ཆུ་སྲིན་དང་། གསེར་དང་། རྨིག་པ་དང་། རིན་པོ་ཆེ་དང་། རྨིག་པ་དང་། གསེར་དང་། མདའ་ཡབ་རྣམས་ཀྱི་སྣམ་བུ་ཡིན་ཏེ། འདི་རྣམས་ཀྱི་དཔངས་སུ་དང་པོ་དང་གཉིས་པ་ནི་ཆ་ ཆུང་ཕྱེད་དང་གཉིས་སོ། །གསུམ་པ་ནི་ཆ་ཆུང་གཅིག་གོ། །བཞི་པ་ནི་ཆ་ཆུང་ཕྱེད་དོ། །ལྔ་པ་ནི་ཆ་ཆུང་ཕྱེད་དང་གཉིས་སོ། །དྲུག་པ་ནི་ཆ་ཆུང་ཕྱེད་དོ། །བདུན་པ་ནི་ཆ་ཆུང་གཅིག་གོ། །བརྒྱད་པ་ནི་ཆ་ཆུང་ཕྱེད་དང་གཉིས་སོ། །དགུ་པ་ནི་ཆ་ཆུང་གཅིག་གོ། །བཅུ་པ་ནི་ཆ་ཆུང་ཕྱེད་དོ། །བཅུ་གཅིག་ པ་ནི་ཆ་ཆུང་ཕྱེད་དང་གཉིས་སོ། །འདི་རྣམས་དང་སྔར་བརྗོད་པའི་སྣམ་བུ་བཅུ་གཅིག་པོ་རྣམས་ཀྱི་རྒྱའི་ཚད་བརྗོད་པར་བྱ་སྟེ། དེ་ལ་ཚངས་པའི་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་ཕྱེད་དང་དྲུག་དོར་བར་སྣམ་བུ་དང་པོ་སྟེ་ཆ་ཆུང་ཕྱེད་དང་གསུམ་པའོ། །དེའི་སྟེང་དུ་ཐིག་དང་པོ་ནི་ཆ་ཆུང་ཕྱེད་དང་ བཞིའོ། །ཆ་ཆུང་དྲུག་དོར་བར་གཉིས་པ་དང་གསུམ་པ་སྟེ། ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་དོར་བར་བཞི་པ་སྟེ། ཆ་ཆུང་ལྔ་པའོ། །ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ནི་ཆ་ཆུང་ཕྱེད་དང་ལྔ་པའོ། །ཆ་ཆུང་གསུམ་དོར་བར་དྲུག་པ་སྟེ་ཆ་ཆུང་ལྔ་པའོ། །བདུན་པ་ལ་སོགས་པ་བཞི་ནི་ཆ་ཆུང་ བདུན་པའོ། །བཅུ་གཅིག་པ་ནི་ཆ་ཆུང་ལྔ་པའོ། །འདི་ལ་སྣམ་བུ་ལྔ་པའི་ལོགས་སུ་ཆ་ཆུང་ཕྱེད་དང་བཞི་ནི་སྟེང་གི་ཆ་ལའོ། །བདུན་པ་ལ་འོག་ཏུ་ཆ་ཆུང་གསུམ་པ་སྟེ་སྟེང་དུ་ཆ་ཆུང་དྲུག་པའོ། །སྣམ་བུ་རྣམས་རེ་རེ་ཞིང་ཕྱིར་ངོས་ཀྱི་མཐར་ཐིག་གཅིག་ཇི་ལྟར་རིགས་པར་རོ། །ནང་གི་མཐར་ ཡང་ཐིག་དང་པོའི་ཆ་ཆུང་ཕྱེད་དོར་ནས་ཇི་ལྟར་རིགས་པར་གྱེན་དུ་འགྲེང་བའི་ཐིག་གཅིག་གོ། །དེ་དག་ནི་གཞན་དང་འབྲེལ་པས་ཀྱོག་པོ་གཅིག་ཏུ་མཐོང་སྟེ། ཇི་ལྟར་མཛེས་པར་བྲི་བར་བྱའོ། །འདིའི་ནང་དུ་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ནས་དེ་ཁོ་ན་ བཞིན་དུ་ཐིག་ཀྱོག་པོ་གཅིག་གོ། །བྲེ་ཕུལ་གྱི་སྣམ་བུ་འདོད་པ་ལ་ནི་དེ་ཆ་ཆུང་བཅུ་དྲུག་པ་ཡིན་ནོ། །གང་དག །རྒྱལ་པོ་ཉེས་པ་གསུམ་ཉི་མ། །རྒྱལ་པོ་ཕྱོགས་དང་མི་རྣམས་གསུམ། །ཕྱོགས་ཏེ་ཐད་ཀར་ཆ་ཆུང་རྣམས། །རྟ་བབས་སྣམ་བུའི་རིམ་པ་ཡིན། །ཞེས་འདོད་པ་དེ་ལ་བར་གྱི་ ཆ་ཆུང་རྣམས་ལ་རིན་པོ་ཆེའི་ཤར་བུ་ལ་སོགས་པ་མེད་པས་རིན་ཆེན་ཤར་བུ་འདི་ལ་ཆ་ཆུང་བཅོ་བརྒྱད་དང་ལྡན་པ་ཡིན་ནོ་ཞེས་པ། ལ་སོགས་པ་བརྗོད་པར་ཇི་ལྟར་རིགས་ཞེས་བརྟག་པར་བྱའོ། །སྟེང་དུ་ཆུ་སྲིན་གྱི་ཁ་ནས་འཐོན་པའི་མུ་ཏིག་གི་ཆུན་འཕྱང་ལ་སོགས་པ་ནི་ཇི་ལྟར་མཛེས་པར་རོ། །རྟ་ བབས་ཀྱི་སྟེང་གི་ཚངས་ཐིག་ལ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པ་ཆ་ཆུང་གཉིས་པའོ། །རྩིབས་བརྒྱད་ལྡན་པའི་འཁོར་ལོ་ནི། །ཆ་ལྔ་ལྡན་པའི་མུ་ཁྱུད་ཅན། །ཞེས་པ་ནི་ཁ་ཅིག་ཏུའོ། །དེའི་གདན་པདྨ་དང་ཟླ་བ་ནི་རྟ་བབས་ཀྱི་སྣམ་བུ་བཅུ་གཅིག་པ་ལའོ། །གདན་གྱི་གཡས་གཡོན་གྱི་ ལོགས་དག་ཏུ་གནས་པའི་མདའ་ཡབ་རྣམས་ལ་གནས་པའི་རི་དགས་དང་། རི་དགས་མོ་ནི་འཁོར་ལོ་ལ་ཁ་བལྟས་ཤིང་འཁོར་ལོ་ལས་ཆ་ཆུང་ཕྱེད་ཙམ་དུ་རིང་བར་གནས་པ་སྟེ། ཆ་ཆུང་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་པ་འགྲེང་ཞིང་མིག་འཁོར་ལོའི་རྩེ་མོ་ལ་བལྟ་བ་བྲི་བར་བྱའོ། །དྲི་ མ་མེད་པའི་འོད་ལས་ནི། །འཁོར་ལོའི་གཡས་དང་གཡོན་དུ་ནི། །རི་དགས་དང་རི་དགས་མོའོ། །ཞེས་གསུངས་སོ། །ཁ་ཅིག་ནི་མདའ་ཡབ་མེད་དེ། དེའི་སྣམ་བུ་ལ་ནི་རི་དགས་དང་། རི་དགས་མོ་དག་ཁོ་ན་གནས་སོ་ཞེས་ཟེར་རོ། །འདོད་པ་དེ་ནི་འཕགས་པ་ཀླུའི་བློའི་ཞབས་ཀྱིས། བུམ་ པ་ཀ་བའི་སྟེང་གནས་པའི། །སྒོ་ལས་སུམ་འགྱུར་རྟ་བབས་ནི། །ཕྱོགས་ཅན་མདའ་ཡབ་དག་དང་ལྡན། །དྲིལ་བུའི་སྒྲ་ནི་ཡང་དག་སྒྲོགས། །ཞེས་པའི་ལུང་དང་འགལ་ལོ། །འདིས་ནི་གདན་གྱི་གཞོགས་ན་གནས་པའི་རི་དགས་དང་རི་དགས་མོའི་མཇུག་མའི་ཕྱི་རོལ་གྱི་ཕྱོགས་དག་ཏུ་མདའ་ཡང་ གཉིས་གཉིས་གསུངས་སོ། །དེ་ཉིད་ཀྱི་ཕྱིར་བཞེད་པ་འདི་ལ་ནི་རི་དགས་དང་རི་དགས་མོ་དག་མདའ་ཡབ་ལ་གནས་པ་མ་ཡིན་ནོ། །འཁོར་ལོའི་ཕྱི་རོལ་གྱི་ཆ་ཆུང་གཉིས་ལ་སྣ་ཚོགས་རྡོ་རྗེའི་རའི་རྩེ་མོ་སྟེ། འཁོར་ལོའི་རྩིབས་ཀྱི་བར་རྣམས་སུ་ཡང་མཐོང་བའོ། །ར་ཆ་ཆུང་བཅུ་བཞི་པར་འདོད་པ་ ལ་ནི་འཁོར་དང་བཅས་པའི་དཀྱིལ་འཁོར་ཆ་ཆེན་བཅུ་གཉིས་པའི་རྟེན་སྣ་ཚོགས་རྡོ་རྗེའི་ལྟེ་བ་ཆ་ཆེན་བཅུ་གཉིས་པའི་ཕྱོགས་སོ་སོའི་ར་པདྨའི་ལྟེ་བའི་མཐའི་བར་དུ་གནས་པ་རྣམས་ནི་སྒོའི་ཆ་བཞི་དང་ལྡན་པའོ་ཞེས་པར་མི་འགྱུར་ཏེ། འདོད་པ་དེ་ནི་སྔར་དཔྱད་པ་ཡང་ཡིན་ནོ། །དཀྱིལ་འཁོར་གྱི་ལྟེ་བར་ སེང་ལྡེང་གི་ཕུར་པ་འོག་རྩེ་གཅིག་པ་སྟེ། སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་སྐྱེས་པར་བསམས་ནས་གདབ་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ནས། བརྡུང་བའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ཏེ། དེ་ལ་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་པ་ཉིས་བལྟབ་བྱས་པ་བཏགས་པས་དབང་ལྡན་ གྱི་ཕྱོགས་ནས་བརྩམས་ནས་གཡས་སུ་ར་ཡི་རྩེ་མོ་ནས་ཕྱི་རོལ་པདྨའི་གེ་སར་གྱི་རི་མོ་ཟླུམ་པོར་བསྐོར་བར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་པདྨའི་འདབ་མའི་ཕྲེང་བའི་ཁོར་ཡུག་གི་ཐིག་ཟླུམ་པོ་འདབ་མའི་རྩེ་མོས་རེག་པ་ཆོས་འབྱུང་གི་ཆ་མཚོན་པར་བྱེད་པའོ། །ཁ་ཅིག་ན་རེ་གང་དུ་ཡང་ བདེ་མཆོག་ལ་སོགས་པའི་དཀྱིལ་འཁོར་གྱི་ཁྱད་པར་འགའ་ཞིག་ལ་ཆོས་འབྱུང་བསྒོམ་པ་མེད་པ་དེ་ནི་ཆོས་ཀྱི་དབྱིངས་ཀྱི་ནང་དུ་ཆུད་པ་ཁོ་ན་ཡིན་པས་ཐིག་དེ་ནི་ཆོས་ཀྱི་དབྱིངས་མཚོན་པ་ཡིན་ནོ་ཞེས་སོ། །གཞན་དག་ནི་དེ་ཁོར་ཡུག་ཆེན་པོའི་ངོ་བོ་ཡིན་ནོ་ཞེས་སོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་ རྡོ་རྗེའི་ཕྲེང་བའི་ཐིག་ཟླུམ་པོ་སྟེ། མཐུག་ཅིང་སྲ་བ་ཁོར་ཡུག་ཆེན་པོའི་ངོ་བོའོ། །རྡོ་རྗེའི་སྣམ་བུ་ལ་རྡོ་རྗེ་རྩེ་གསུམ་པ་རྣམས་སམ། རྩེ་ལྔ་པ་རྣམས་སམ་སྣ་ཚོགས་རྡོ་རྗེ་རྣམས་ཀྱང་རུང་སྟེ་ལུང་ཇི་ལྟ་བར་བྲི་བར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་བཞི་པའི་འོད་ཟེར་གྱི་སའི་ཐིག་ཟླུམ་པོ་ནི་འོད་ཟེར་ འཕྲོ་བའི་ཚད་མཉམ་པར་བྱ་བའི་དོན་དུའོ། །དེ་ཉིད་ཀྱི་ཕྱིར་དེར་ཚོན་གྱི་རེ་ཁཱ་མི་བྱའོ། །ཀུན་དགའ་སྙིང་པོ་ནི་འོད་ཀྱི་དཀྱིལ་འཁོར་ལས་ཕྱི་རོལ་དུ་ཁོར་ཡུག་ཟླུམ་པོར་གདབ་པོ་ཞེས་སོ། །རྟ་བབས་ཀྱི་གློ་རྣམས་སུ་ནི་དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུ་སྲིན་གྱི་ཁ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ར་ རྣམས་ནི་ཅུང་ཟད་གཞོགས་སུ་སོང་ནས་ཕྱིར་འབྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་དང་ལྡན་པ་སྲིད་དུ་ཆ་ཆུང་བཅུ་དྲུག་པའོ། །སྣ་ཚོགས་རྡོ་རྗེ་རྩེ་ལྔ་པའི་ཕྱོགས་ལ་རའི་འགྲམ་དུ་ར་བ་གཞན་དག་གོ། །རྟ་བབས་ཀྱི་ཀ་བ་རྩིག་པའི་ཐིག་ལས་འཐོན་ཞིང་ཆ་ཆུང་བདུན་པའོ་ཞེས་ པའི་ཕྱོགས་ནི་མི་རིགས་ཏེ། གཞལ་ཡས་ཁང་ལས་ཅུང་ཟད་རིང་བར་རྟ་བབས་ཀྱི་ཀ་བ་རྣམས་རེ་རེ་ཞིང་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་ཕྱིར་རོ། །ས་མཉམ་པོ་ལ་གནས་པ་ཉིད་ཀྱིས་སྟེགས་བུ་དང་འབྲེལ་པ་བཞིན་མཐོང་བས་སྟེགས་བུའི་ཕྱི་ངོས་སུ་འདི་རྣམས་བྲི་བར་རིགས་སོ། །དེ་བཞིན་དུ་ བར་གྱི་སྣམ་བུ་ནི་སྟེང་དུ་བཞི་ཆས་ཉུང་བའི་སྒོ་གཉིས་ཀྱི་ཚད་ཡིན་ནོ་ཞེས་པ་ནི་འཆལ་པའི་རྟོག་པར་རིག་པར་བྱའོ། །དེ་ལྟ་བུ་འདི་ནི་ཕྱོགས་གཅིག་བརྗོད་པའོ། །རྩ་བའི་ཐིག་བཞིས་ཡོངས་སུ་བཅད་པའི་རྩ་བའི་དཀྱིལ་འཁོར་ཁོ་ན་ལས་ཐིག་སྐུད་ཉིས་འགྱུར་གྱིས་རིང་བ་སྟེ། དེས་ཚངས་པའི་ ཐིག་ཆ་ཆུང་དྲུག་ཅུ་རྩ་བཞི་གདབ་པར་བྱའོ། །དེ་ལྟར་ཡང་། ཚངས་ཐིག་གི་ནི་ལོགས་རེ་རེར། །ཆ་ཆེན་བརྒྱད་རྣམས་གདབ་པར་བྱ། །ཆ་ཆེན་འདི་རྣམས་ཉིད་ལ་ནི། །རེ་རེ་ཞིང་ཡང་ཆ་ཆུང་བཞིར། །དེ་ནས་ཚངས་ཐིག་ལོགས་རེ་རེར། །ཆ་ཆུང་སུམ་ཅུ་རྩ་གཉིས་སོ། །ཆ་ཆེན་སྒོ་ཡི་ཚད་ཡིན་ ཏེ། །བཞི་ཆ་ཆ་ཆུང་བརྒྱད་ཆ་བཞི། །ཞེས་གསུངས་སོ། །གཞན་དུ་ཡང་བརྗོད་པ། དཀྱིལ་འཁོར་ཉིས་འགྱུར་ལྷག་པར་ནི། །གྲུ་བཞི་དག་པར་ཡང་དག་བྱས། །དེ་ནས་ཐིག་སྐུད་དཀར་བྱས་ནས། །རང་ཉིད་སྒྲུབ་པའི་གྲོགས་དང་ལྡན། །ཙནྡན་དཀར་པོ་བསྲེས་པ་ཡི། །སཱ་ལུ་བཏགས་པས་ སྤང་བར་བྱ། །ཚངས་པའི་ཐིག་ནི་དག་པ་གཉིས། །འཁོར་ལོའི་ཚང་ནི་གང་ཡིན་པ། །དེ་ཡི་ཉིས་འགྱུར་གདབ་པར་བྱ། །དེ་ཡི་ཕྱེད་དུ་རྩ་བའི་ཐིག །ཅེས་སོ། །ཚངས་པའི་ཐིག་གི་རྩེ་མོའི་ཕ་རོལ་དུ་པདྨའི་གེ་སར་དང་། པདྨའི་འདབ་མ་དང་། རྡོ་རྗེ་དང་འོད་ཀྱི་ཕྲེང་བ་རྣམས་ཀྱི་ཐིག་ཟླུམ་པོའོ། ། ཇི་སྐད་དུ། ཁོར་ཡུག་གི་ནི་ནང་དུ་ཡང་། །སྲིད་དུ་སྒོ་ཡི་བཅུ་དྲུག་གོ། །ཞེས་བཤད་པ་ནི་གེ་སར་གྱི་རེ་ཁཱ་ནས་བརྩམས་ནས་ཁོར་ཡུག་ཏུ་འདོད་དོ། །དེ་ཇི་ལྟར་རིགས་ཏེ་གེ་སར་དང་འདབ་མ་དང་། ཆོས་འབྱུང་རྣམས་ནི་རྡོ་རྗེའི་ཕྲེང་བ་དང་མ་འབྲེལ་ལ། རྡོ་རྗེ་ཕྲེང་བའི་ཚུལ་ཅན་རྡོ་རྗེའི་ར་བ་ནི་ཁོར་ཡུག་ དུ་བཤད་དོ། །དེ་ལྟར་ཡང་འཕགས་པ་ཀླུའི་ཞལ་སྔ་ནས། རྟ་བབས་རྡོ་རྗེའི་རྩེ་མོ་ཅན། །དེ་ཡི་ཕྱི་རོལ་ཁོར་ཡུག་སྟེ། །རྡོ་རྗེའི་ཕྲེང་བ་འོད་བཟང་ལྡན། །ཞེས་གསུངས་སོ། །འདིས་ནི་རྡོ་རྗེ་ཕྲེང་བ་ཉིད། །ཁོར་ཡུག་འོད་བཟང་ལྡན་ཞེས་གསལ་བར་བརྗོད་དོ། །ཅི་སྟེ་ཟླུམ་སྐོར་དུ་མཐུན་པའི་ཕྱིར་ གེ་སར་ལ་སོགས་པ་ཡང་ཁོར་ཡུག་དང་འདྲ་བས་ཁོར་ཡུག་ཏུ་བཏགས་ལ། འདི་རྣམས་བཏགས་པར་ཡང་བཞེད་པ་ཡིན་པར་གོ་བར་བྱ་སྟེ། དེའི་ཕྱི་རོལ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན་གལ་ཏེ་དེ་ལྟར་ན་དེ་ནི་ལེགས་པར་བརྗོད་དོ། །ཁ་ཅིག་ན་རེ་དེ་བས་ཚིག་འདི་ཉིད་ཀྱིས་གེ་སར་ལ་སོགས་པ་མེད་དོ་ཞེས་པ་ནི་ མི་རིགས་ཏེ། པདྨ་ལ་སྣ་ཚོགས་རྡོ་རྗེ་གནས་པའི་ཕྱིར་རོ། །ཁ་ཅིག་ཏུ་ནི་པདྨ་དང་ཆོས་འབྱུང་མེད་པར་ཡང་དེ་ཡོད་དོ་ཞེས་གསུངས་སོ་ཞེ་ན། །དེ་ལྟར་འདིར་པདྨའི་འདབ་མ་དང་བཅས་པ་ཉིད་ལ་དེར་བཏགས་པ་ལེགས་སོ། །བསྡུས་པའི་རིམ་པར་ཡང་། བརྟན་གཡོའི་བདག་ཉིད་སྟོང་པར་ བསྒོམས་ནས་སུ། །ཆོ་གའི་སྦྱོར་བ་འདི་ཡིས་ནི། །ཡེ་ཤེས་ས་གཞི་བྱིན་གྱིས་བརླབ། །ནམ་མཁའི་ཁམས་ཀྱི་དབུས་གནས་པར། །རླུང་གི་དཀྱིལ་འཁོར་བསྒོམ་པར་བྱ། །ཞེས་པ་ལ་སོགས་པ་ནས། །དཀྱིལ་འཁོར་བཞི་བསྡུས་རྡོ་རྗེ་ཡིས། །ས་ཡི་ཆ་ཡི་དཀྱིལ་འཁོར་ཏེ། དེར་ནི་བྷཱུཾ་ཡིག་ ལས་བྱུང་བའི། །གཞལ་ཡས་ཁང་པར་རྣམ་པར་བསྒོམ། །ཞེས་པའི་བར་དུ་སྟེ། འདིར་ཡེ་ཤེས་ས་གཞི་དང་ནམ་མཁའི་ཁམས་ནི་ཆོས་འབྱུང་ངོ་། །དེའི་དབུས་ནི་པདྨའོ། །དེར་གནས་པའི་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་བཞི་འདྲེས་པར་གྱུར་པས། སའི་ཆ་སྣ་ཚོགས་རྡོ་རྗེའི་ངོ་བོར་ བསྐྱེད་ནས། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་བྷྲཱུཾ་ལས་གཞལ་ཡས་ཁང་ངོ་ཞེས་པའི་དོན་ཏོ། །དེ་ནས་འདིར་པདྨ་མེད་པར་སྣ་ཚོགས་རྡོ་རྗེའོ་ཞེས་པ་ནི་ཆེར་འཁྲུལ་ལོ། །སྣ་ཚོགས་རྡོ་རྗེའི་ལྟེ་བ་ནི་སྒོའི་ཚད་བཅུ་གཉིས་སོ། །དེའི་ར་བ་རྣམས་ཀྱི་སྲིད་དུ་སོ་སོར་སྒོ་གཉིས་སོ། །དེ་ལ་རྩ་བའི་ ཐིག་གི་ནང་དུ་སྒོའི་ཚད་བརྒྱད་དོ། །ཕྱི་རོལ་སྲིད་དུ་སྒོ་གཉིས་སོ། །དེ་ལ་བར་སྐབས་ཀྱི་སྣམ་བུ་མེད་པ་ཉིད་དོ། །རྟ་བབས་ནི་རྟ་བབས་ཀྱི་ཀ་བའི་བར་དུ་ངོས་སུ་སྒོ་ལས་སུམ་འགྱུར་རོ། །ཀ་བའི་སྟེང་གི་རྟ་བབས་དེའི་དཔངས་སུ་སྒོ་གཅིག་གི་ཚད་ལ་སྣམ་བུ་བཅུ་གཅིག་གོ། །དེ་ལ་གོ་རིམས་ བཞིན་དུ་རིན་ཆེན་ཤར་བུ་དང་། རིན་པོ་ཆེ་དང་། རྟ་མིག་དང་གསེར་དང་། ཆུ་སྲིན་དང་། གསེར་དང་། རྨིག་པ་དང་། རིན་པོ་ཆེ་དང་། རྨིག་པ་དང་། གསེར་དང་མདའ་ཡབ་རྣམས་ཀྱི་སྣམ་བུ་སྟེ། སྒོའི་བརྒྱད་ཆ་དང་། བརྒྱད་ཆ་དང་། བཅུ་གཉིས་ཆ་དང་། ཉི་ཤུ་རྩ་བཞི་ཆ་ དང་། བརྒྱད་ཆ་དང་། ཉི་ཤུ་རྩ་བཞི་ཆ་དང་། བཅུ་གཉིས་ཆ་དང་། བརྒྱད་ཆ་དང་། བཅུ་གཉིས་ཆ་དང་། ཉི་ཤུ་རྩ་བཞི་ཆ་དང་བརྒྱད་ཆའོ། །རིན་ཆེན་ཤར་བུ་རིན་ཆེན་གནས་དང་གསེར། །ཆུ་སྲིན་དེ་ནས་གསེར་གྱི་གནས་དང་ནི། །རིན་ཆེན་གནས་དང་གསེར་དང་མདའ་ཡབ་སྟེ། །གནས་ རྣམས་ཆ་ནི་བཅུ་གཉིས་ཆ་རུ་འགྱུར། །གསེར་གྱི་རྣམ་གྲངས་སྒོ་ཡི་ཉེར་བཞི་ཆ། །སྣམ་བུ་ལྷག་མ་སྒོ་ཡི་བརྒྱད་ཆ་ཡིན། །ཞེས་གསུངས་སོ། །འདི་རྣམས་ཀྱི་རྒྱའི་ཚད་བརྗོད་པར་བྱ་སྟེ། ཚངས་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་ཕྱེད་དང་ལྔ་དོར་བར་སྣམ་བུ་དང་པོ་ནི་ཆ་ཆུང་ཕྱེད་དང་ གསུམ་པའོ། །དེའི་སྟེང་གི་ཐིག་དང་པོ་ནི་ཆ་ཆུང་ཕྱེད་དང་བཞི་པའོ། །ཆ་ཆུང་ལྔ་དོར་བར་གཉིས་པ་དང་གསུམ་པ་སྟེ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་དོར་བར་བཞི་པ་ཆ་ཆུང་གསུམ་མོ། །ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ཆ་ཆུང་ཕྱེད་དང་བཞིའོ། །ཆ་ཆུང་གསུམ་དོར་བར་དྲུག་པ་ནི་ཆ་ཆུང་ ལྔ་པའོ། །བདུན་པ་ལ་སོགས་པ་གསུམ་ནི་ཆ་ཆུང་བརྒྱད་པའོ། །བཅུ་པ་ནི་ཆ་ཆུང་བདུན་པའོ། །བཅུ་གཅིག་པ་ནི་ཆ་ཆུང་དྲུག་པའོ། །སྣམ་བུ་རྣམས་སོ་སོའི་ཕྱིའི་མཐར་ཐིག་གཅིག་གྱེན་དུ་ཇི་ལྟར་རིགས་པར་རོ། །ནང་གི་མཐར་ཡང་སྟེ་ཐིག་དང་པོ་ནི་ཆ་ཆུང་ཕྱེད་དོར་ནས་གྱེན་དུ་འགྲེང་ བའོ། །འདི་ཉིད་ནི་ཐིག་གཞན་དང་འབྲེལ་པས་ཀྱོག་པོ་གཅིག་ཏུ་མཐོང་བར་འགྱུར་ཏེ། ཇི་ལྟར་མཛེས་པར་བྱའོ། །འདིའི་ནང་དུ་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དོར་ཏེ། དེ་ཁོ་ན་བཞིན་དུ་ཐིག་ཀྱོག་པོ་གཅིག་གོ། །འགའ་ཞིག་ནི། དེ་ལ་རྒྱར་ནི་ཆ་ཆེན་པོ། །བཞི་ཡིས་ནོར་ བུའི་སྣམ་བུའོ། །དེ་བཞིན་རྟ་མིག་བཅད་པ་དང་། །རང་གི་མཚན་མས་བརྒྱན་པ་སྟེ། །ཆ་ཆེན་ཕྱེད་དང་བཞི་པ་ནི། །རིན་ཆེན་ཤར་བུ་གསེར་དེ་བཞིན། །ཆ་ནི་ཆེན་པོ་གསུམ་ཉིད་ཀྱིས། །ཆུ་སྲིན་དང་ནི་མདའ་ཡབ་པོ། །ཞེས་སྨྲའོ། །འདོད་པ་དེ་ལ་བར་གྱི་ཆ་ཆུང་རྣམས་ལ་རིན་ཆེན་ཤར་བུ་ལ་སོགས་ པ་མེད་ན། རིན་ཆེན་ཤར་བུའི་སྣམ་བུ་ཆ་ཆུང་བཅུ་དྲུག་ཅེས་པ་ལ་སོགས་པ་བརྗོད་པ་ཇི་ལྟར་རིགས་ཞེས་དཔྱད་པར་བྱའོ། །རྟ་བབས་ཀྱི་སྟེང་དུ་སྒོ་ཚད་གཅིག་གི་ཚངས་ཐིག་ལ་ཆ་ཆུང་གཉིས་པའི་འཁོར་ལོའོ། །དེའི་གདན་ནི་མདའ་ཡབ་ཀྱི་སྣམ་བུའོ། །དེའི་གློ་དག་ཏུ་སྔོན་བཞིན་རི་དགས་དང་ རི་དགས་མོའོ། །དེ་དག་གི་མཇུག་མའི་ཕ་རོལ་ཏུ་མདའ་ཡབ་ལ་གནས་ཤིང་། སྤྲེའུས་བཟུང་བའི་ཟླ་ཚེས་དང་། རིན་པོ་ཆེ་དང་། རྡོ་རྗེའི་རྩེ་མོ་ཅན་གྱི་ཆ་ཆུང་ཕྱེད་དང་གསུམ་པའི་རིན་པོ་ཆེའི་ཡུ་བ་ལ་མཐའ་མར་དར་ལྕེའི་ཤམ་བུ་དང་བཅས་པའི་གཡོག་ཆ་ཆུང་གཉིས་པའི་གདུགས་དཀར་པོ་གཉིས་ ཏེ། ཁ་ཅིག་ཏུ་ནི་དམར་པོ་དར་དཔྱངས་གཉིས་འཕྱང་བའོ། །དེའི་སྟེང་ཡུ་བ་བཞི་པའི་ཆད། །གདུགས་གཡོག་དག་ཀྱང་དེ་བཞིན་ནོ། །ཞེས་ནི་གཞན་ཟེར་རོ། །ཁ་ཅིག་ནི་གདུགས་ཆ་ཆུང་དྲུག་པའོ་ཞེས་སོ། །མདའ་ཡབ་མཐའ་མའི་སྟེང་དུ་ཆ་ཆུང་གཅིག་པའི་རྒྱལ་མཚན་དང་བ་དན་ནོ། །འཁོར་ལོ་ལས་ ཕྱིར་ངོས་སུ་ཆ་ཆུང་གཉིས་པའི་སྣ་ཚོགས་རྡོ་རྗེའི་ར་སྟེ། འཁོར་ལོའི་རྩིབས་ཀྱི་བར་བར་རྣམས་སུ་ཡང་མཐོང་བཞིན་པའོ། །དེའི་ཕྱི་རོལ་གྱི་ཕྲེང་བ་གཉིས་ཀྱི་སྣམ་བུ་དག་ནི་ཆ་ཆུང་གཅིག་པ་དག་གམ། གཉིས་པ་དག་གོ། །འོད་ཀྱི་ཕྲེང་བ་ནི་ཆ་ཆུང་གཉིས་པའོ། །དེ་ལྟར་ཡང་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཕྱི་རོལ་འོད་ཀྱི་དཀྱིལ་འཁོར་ནི། །ཚོན་གྱི་ས་ཡི་ཉིས་འགྱུར་ཚད། །ཁོར་ཡུག་དེ་ཡི་ཕྱི་རོལ་དུ། །ཤིང་སོགས་དུར་ཁྲོད་བརྒྱད་པོ་ཡིན། །ཞེས་གསུངས་སོ། །དུར་ཁྲོད་རྣམས་ནི་དུར་ཁྲོད་ན་གནས་པའི་ལྷ་རྣམས་ཁོ་ན་ལ་ཡོད་ཀྱི་གཞན་རྣམས་ལ་ནི་མ་ཡིན་ནོ། །སྐལ་བ་དང་མི་ལྡན་པ་འདུས་པ་ན་དེ་ རྣམས་ཀྱང་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མི་བྲིའོ། །གཞན་དུ་འོད་ཟེར་གྱི་སྣམ་བུ་ཆ་ཆུང་བཞི་པར་གསུངས་སོ། །ཁ་ཅིག་ཏུ་ནི་བདེ་མཆོག་གི་དཀྱིལ་འཁོར་ལ། །རྡོ་རྗེ་པདྨ་འཁོར་ལོའི་གཟུགས། །ར་བ་གསུམ་ཡང་དགོད་པར་བྱ། །ཞེས་པ་འདིས་རྡོ་རྗེ་ཕྲེང་བ་ལས་ཕྱི་རོལ་དུ་པདྨ་དང་འཁོར་ ལོའི་ཕྲེང་བ་དག་གསུངས་སོ། །ཟླུམ་པོ་བསྐོར་བའི་དོན་དུ་ཐིག་སྐུད་མཐོ་གང་ལ་སོགས་པ་ལྷག་པར་བྱའོ། །ཐིག་སྐུད་བརྐྱང་བས་ཀྱང་ཟླུམ་པོའི་ཐིག་བྱའོ། །བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཉིས་འགྱུར་དུ་རིང་བར་གསུངས་པ་ནི་བྲི་བྱའི་དཀྱིལ་འཁོར་ལ་སྣ་ཚོགས་རྡོ་རྗེ་དང་དེའི་རྟེན་གྱི་ལྟེ་བའི་ མཐའ་མ་མཉམ་པ་ཚུན་ཆད་རྩ་བའི་དཀྱིལ་འཁོར་གྱི་ནང་དང་ཕྱི་མཉམ་པར་མཚོན་པ་སྟེ་འདི་ནི་ཕྱོགས་གཉིས་པའོ། །ཀླུའི་བློའི་ཞབས་ཀྱིས་ནི་ཕྱོགས་དང་པོ་ཉིད་བསྔགས་སོ། །དེས་ནི་སྒོ་ཁྱུད་དང་འགྲམ་དག་གི་ཚད་མཉམ་པ་དང་། བུམ་པ་ཀ་བའི་སྟེང་གནས་པའི། །རྟ་བབས་སྒོ་ ལས་སུམ་འགྱུར་དང་། །ཞེས་གསུངས་སོ། །དེ་ལྟར་ན་རྟ་བབས་ནི་སྒོ་ལས་ངོས་སུ་སུམ་འགྱུར་དུ་མི་འགྱུར་ཏེ་བཞི་འགྱུར་དུ་འགྱུར་རོ། །དེའི་ཕྱིར་དེ་ནི་དཔངས་སུ་སུམ་འགྱུར་ཉིད་དུ་བཞེད་དོ། །ཀུན་ཏུ་སྟེགས་བུ་སྒོ་ཡི་ཕྱེད། །འགྲམ་དང་ལོགས་ཀྱང་དེ་བཞིན་ནོ། །ཞེས་པའི་ལུང་ལས། བཅོམ་ ལྡན་འདས་ཀྱིས་འགྲམ་པ་ནི་སྒོའི་ཕྱེད་དུ་ཡང་གསུངས་ལ། ངོས་སུ་རྟ་བབས་སྒོའི་སུམ་འགྱུར་གྱི་ཕྱོགས་ཀྱང་ངོ་། །དེ་ལྟར་ཕྱོགས་གཉིས་ཀ་ཡང་ཁོ་བོས་བཤད་དོ། །ཕྱོགས་གཉིས་པ་ལ་དབུས་ཀྱི་དཀྱིལ་འཁོར་ལས་པདྨའི་གེ་སར་གྱི་ཟླུམ་པོའི་ཐིག་ཚུན་ཆད་ཀྱི་དཀྱིལ་འཁོར་དུ་ཉིས་འགྱུར་དུ་བརྗོད་ དོ། །ཕྱོགས་དང་པོ་ལ་ནི་དབུས་ཀྱི་དཀྱིལ་འཁོར་འཁོར་དང་བཅས་པ་ལས་འོད་ཀྱི་ཕྲེང་བའི་བར་ཉིས་འགྱུར་དུའོ། །རྟ་བབས་ཀྱི་ཀ་བ་ལས་ཕྱི་རོལ་པདྨའི་གེ་སར་ཟླུམ་པོའི་ཐིག་ལས་ཚུ་རོལ་ཆ་ཆུང་བཅུ་བཞི་པའོ་ཞེས་པ་ནི་ཕྱོགས་གཉིས་ཀ་དང་ཡང་མི་མཐུན་པས་སྤངས་སོ། །འདིར་སྒོ་དང་སྒོ་ཁྱུད་ཀྱི་ མཚམས་སུ་ཆ་ཆུང་གཅིག་པ་ལ་ཟླ་ཚེས་ལ་གནས་པའི་རིན་པོ་ཆེ་དམར་པོའམ། སེར་པོའམ། ལྗང་གུའམ། ནག་པོ་ཡང་རུང་སྟེ། སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པའམ། ཡོངས་སུ་རྫོགས་པའི་རྡོ་རྗེས་མཚན་པའོ། །དེ་ལྟར་ཡང་། ཚོན་གྱི་ས་ལས་ཕྱི་ཡི་ཟུར། །སྒོ་དང་སྒོ་ཁྱུད་མཚམས་རྣམས་སུ། ། ཟླ་བ་རིན་ཆེན་རྡོ་རྗེས་མཚན། །ཀུན་ནས་ཡོངས་སུ་འབར་བ་ཡིན། །ཞེས་གསུངས་སོ། །གཞན་དུ་ཡང་། སྟེགས་བུའི་ཕྱི་དང་ནང་གི་ཟུར་རྣམས་སུ། །ཟླ་བ་ཉི་མ་རིན་ཆེན་རྡོ་རྗེ་དག །རྡོ་རྗེས་མཚན་པའམ་རིན་ཆེན་གཅིག་པོ་ནི། །མཁས་པ་རྣམས་ཀྱིས་རིམ་བཞིན་ཡང་དག་བྲི། །ཞེས་སོ། །རྟ་ བབས་ཀྱི་ཀ་བ་རྣམས་ནི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ལ་གནས་པའོ། །དེ་ལྟར་ཡང་། ཆུ་སྲིན་ཁ་ནས་ཆུ་སྲིན་བར། །རྟ་བབས་སྒོ་ལས་སུམ་འགྱུར་རོ། །སྟེགས་བུ་བུམ་པ་ལས་བྱུང་བའི། །རྟ་བབས་ཀ་བ་དྲང་པོར་བྱ། །ཞེས་གསུངས་སོ། །དེ་རྣམས་ཀྱི་རྩ་བ་དང་རྩེ་མོ་ལ་ནོར་བུས་ སྤྲས་པའོ། །དབུས་སུ་གླང་པོ་ཆེའི་སྟེང་དུ་དཔུང་པ་ལ་བཏེག་པའི་སེང་གེའོ། །རྟ་བབས་ཀྱི་གདུང་ནས་དང་དེ་མེད་པའི་ཕྱོགས་ལ་རིན་ཆེན་ཤར་བུའི་སྣམ་བུ་ནས་འཕྱང་བའི་རིན་པོ་ཆེའི་པ་ཏྲ་འཕྲོ་བ་ལས་ཇི་ལྟར་མཛེས་པར་དཔྱངས་པའི་ཁ་དོག་དམར་པོ་དང་སེར་པོ་ལ་སོགས་པའམ་སྣ་ཚོགས་པའི་དར་དཔྱངས་ དང་། རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་སོ། །ཁ་གཅིག་ཏུ་ནི་དར་དཔྱངས་ཀྱི་སྣམ་བུ་ལ་གླང་པོ་ཆེའི་སྟེང་དུ་སེང་གེའི་ཁ་ནས་རིན་པོ་ཆེའི་དོ་ཤལ་འཕྱང་བ་དང་། ཀ་བའི་དབུས་སུ་མེ་ལོང་ཞེས་གསུངས་སོ། །རིན་པོ་ཆེའི་སྣམ་བུ་ལ་ནི་ཟུར་གསུམ་དང་། ཐིག་ལེ་དང་། གྲུ་བཞི་དང་། ཟླུམ་པོ་རྣམས་ རིམ་པས་རིན་པོ་ཆེའི་བཅིངས་པ་ནི་ཀ་བ་སོ་སོའི་གཞོགས་སུའོ། །དྲ་བའི་སྣམ་བུ་ལ་གསེར་གྱི་སྐེ་རགས་བཞིའི་ངོས་སུ་ཆུ་སྲིན་མ་ཀ་རའི་ཁ་ནས་བྱུང་བའི་མུ་ཏིག་གི་དོ་ཤལ་སྐུད་པ་དམར་པོ་ལས་བརྒྱུས་ཤིང་། གློ་གཉིས་དང་། སྟེང་དང་འོག་ཏུ་གསེར་གྱིས་བསྡམས་པའི་ནོར་བུ་དབུས་ན་ཡོད་པ་དང་། དོ་ ཤལ་གྱི་གློ་གཉིས་སུ་དོ་ཤལ་ཕྱེད་པ་ཅུང་ཟད་ཐུང་བར་འཕྱང་བའི་རིན་པོ་ཆེའི་ཕྲེང་བ་དྲང་ཞིང་རྩེ་མོ་གསེར་གྱིས་བསྡམས་པའི་ནོར་བུ་སྦོམ་པོ་དང་ལྡན་པས་མཛེས་པ་དང་། ཁ་ཅིག་ཏུ་ནི་རིན་པོ་ཆེའི་ཡུ་བ་ཅན་གྱི་རྔ་ཡབ་དང་། དྲིལ་བུའི་མཐར་རྔ་ཡབ་འཕྱང་བའོ། །ཁ་ཅིག་ཏུ་ནི་དྲ་བ་ཕྱེད་པའི་གློ་གཉིས་སུ་ ཡིད་དུ་འོང་བའི་མེ་ཏོག་ཕྲེང་བའི་དྲ་བ་ཕྱེད་པ་འཕྱང་ཞིང་། དེའི་གློར་གོས་སྣ་ཚོགས་པའི་དྲ་བ་ཕྱེད་པའོ་ཞེས་གསུངས་སོ། །གཞན་ནི་གྲྭ་རྣམས་སུ་ཡིད་དུ་འོང་བའི་མེ་ཏོག་གི་ཕྲེང་བའི་དོ་ཤལ་ཕྱེད་པ་དང་། དར་གྱི་ཆུན་པོའི་དོ་ཤལ་རྣམས་སོ་ཞེའོ། །དོ་ཤལ་གྱི་ནང་དུ་ཁ་ཅིག་ཏུ་ནི་པདྨ་ལ་ཟླ་ཚེས་དང་ རྡོ་རྗེ་ཕྱེད་པས་མཚན་པའི་ཉི་མའི་དཀྱིལ་འཁོར་རོ། །ཁ་ཅིག་ཏུ་ནི་རིན་པོ་ཆེའོ། །ཁ་ཅིག་ཏུ་ནི་པདྨ་ལ་གནས་པའི་རྡོ་རྗེའོ། །ཕྱོགས་རྣམས་སུ་པདྨའི་འདབ་མ་ཕྱེད་པའི་དབྱིབས་ཅན་གྱི་མདའ་ཡབ་རྣམས་ལ་གསེར་གྱི་བུམ་པ་ལ་གནས་པའམ། རིན་པོ་ཆེའི་བུམ་པ་ལ་གནས་པའི་རྒྱལ་མཚན་དང་། བ་ དན་བརྒྱད་དེ། ཟླ་ཚེས་དང་རིན་པོ་ཆེ་དང་། རྡོ་རྗེ་དང་ལྡན་པའི་རྩེ་མོ་ཅན་རིན་པོ་ཆེའི་དབྱུག་པ་ལ་བཅིངས་ཞིང་དྲིལ་བུ་འཁྲོལ་བ་བཅིངས་པའི་དར་ལྕེ་གསུམ་པ་རྩེ་མོ་ལ་རི་དགས་ཀྱི་རྒྱལ་པོ་དང་། ངང་པའི་རྒྱལ་པོ་དང་ཀླུ་ཟ་བ་དང་། ཉ་སྦུ་རྒྱས་པ་དང་ཆུ་སྲིན་གྱིས་མཚན་པ། རླུང་གིས་བསྐྱོད་པས་སུམ་ ཁུགས་སུ་འཁྱོག་ཅིང་འགྱིང་བའི་ཆ་བྱད་ཅན། དྲིལ་ཆུང་གི་སྒྲ་སྒྲོགས་པས་སིལ་སིལ་ཟེར་བ་རྔ་ཡབ་དང་བཅས་པའོ། །བ་དན་རྣམས་ཀྱང་དེ་བཞིན་དེ། །རི་དགས་ལ་སོགས་པའི་མཚན་མ་གཞན་དང་ནི་བྲལ་བའོ། །གྲྭ་བཞིར་མངའ་ཡབ་ཀྱི་སྟེང་དུ་གདུགས་བཞིའོ། །རྟ་བབས་ལ་རྣམ་ པར་བཀྲ་བའི་བླ་རེ་དང་དོ་ཤལ་དང་དོ་ཤལ་ཕྱེད་པའོ། །རྟ་མིག་དང་བ་དན་གྱི་མཐའ་རྣམས་སུ་རྒྱལ་མཚན་དང་བ་དན་རྣམས་ཏེ་ཇི་ལྟར་མཛེས་པར་རོ། །སེང་གེ་དང་། སེང་གེ་རྐང་པ་བརྒྱད་པ་དང་། ངང་པ་དང་། རྨ་བྱ་དང་། མིའམ་ཅི་དང་། མིའམ་ཅི་མོ་རྣམས་ཀྱང་ངོ་། །རྟ་བབས་ཀྱི་གཞོགས་རྣམས་སུ་ ཤིན་ཏུ་མི་རིང་བར་བུམ་པ་བཟང་པོ་ལས་སྐྱེས་པའི་དཔག་བསམ་གྱི་ཤིང་རྣམས་ཏེ། གླང་པོ་ཆེ་ལ་སོགས་པ་རིན་པོ་ཆེ་བདུན་དང་ལྡན་པའོ། །བར་བར་དུ་ནི་གྲུབ་ཐོབ་རྣམས་དང་། མེ་ཏོག་གི་ཕྲེང་བ་བཟུང་བ་སྤྲིན་གྱི་སྦུབས་ལས་བྱུང་བའི་ལྷའི་ལུས་ཅན་རྣམས་སོ། །དེ་ལྟ་བུ་འདི་ནི་རྩ་བའི་དཀྱིལ་འཁོར་ ལས་ཕྱི་རོལ་དུ་ཐིག་གདབ་ཅིང་བྲི་བའི་རིམ་པ་སྟེ་དཀྱིལ་འཁོར་ཐམས་ཅད་ཀྱི་ཐུན་མོང་ངོ་། །ནང་དུ་ནི་བྱེ་བྲག་ཏུ་བརྗོད་པར་བྱ་སྟེ། རྩ་བའི་ཐིག་གི་ནང་དུ་སྒོའི་ཚད་དུ་ལྷ་སྣམ་དོར་ནས་ངོས་ཐིག་གཅིག་ཟུར་ཐིག་གཉིས་ཀྱི་བར་དུའོ། །དེའི་ནང་དུ་གཟུགས་རྡོ་རྗེ་མ་ལ་སོགས་པ་དགོད་པའི་དོན་དུ་སྒོ་ ཚད་དོར་ནས་ཚངས་པའི་ལྟེ་བ་ལ་གནས་པའི་ཐིག་སྐུད་ཀྱིས་ཚངས་པའམ་དབང་ལྡན་གྱི་ཐིག་ནས་བཟུང་ནས། དབུས་ཀྱི་དཀྱིལ་འཁོར་གྱི་མཚམས་ཀྱི་ཟླུམ་པོའི་ཐིག་དང་པོའོ། །དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་སྤངས་ནས་དེ་ལྟར་ཟླུམ་པོའི་ཐིག་གཉིས་པའོ། །དེ་ནས་ཕྱོགས་གཞན་གྱི་ཟླུམ་པོའི་ཐིག་ གི་བར་དུ་ཚངས་ཐིག་གི་གཡས་ཕྱོགས་སུ་ཐིག་གཉིས་ཏེ། དང་པོ་ནི་ཆ་ཆུང་གཉིས་དོར་བར་རོ། །གཉིས་པ་ནི་གཙོ་བོའི་མཚན་མ་དང་ཀ་བའི་ཆ་ཆུང་དོར་ནས་སོ། །དེ་ལྟར་གཡོན་དུའོ། །འདིར་ལྷོར་གནས་ཏེ་བྱང་དུ་ཕྱོགས་པས་ཤར་ཕྱོགས་སུ་ཀ་བའི་ཐིག་གདབ་བོ། །བྱང་དུ་གནས་ཏེ་ལྷོར་ཕྱོགས་ པས་ནུབ་ཏུའོ། །ནུབ་ཏུ་གནས་ཏེ་ཤར་དུ་ཕྱོགས་པས་བྱང་དུའོ། །ཤར་དུ་གནས་ཏེ་ནུབ་ཏུ་ཕྱོགས་པས་ལྷོར་རོ། །རྡོ་རྗེ་མཁའ་འགྲོར་ནི་ཟླུམ་པོའི་ཐིག་དང་པོ་ལས་ཕྱིར་འོད་ཀྱི་ཕྲེང་བའི་དོན་དུ་ཆ་ཆུང་གཅིག་སྤངས་པར་ཟླུམ་པོའི་ཐིག་གཅིག་གསུངས་སོ། །དེ་ནས་ཚངས་ཐིག་དང་ཟུར་ཐིག་ཕྱི་བས་ རེ་མིག་དགུར་འགྱུར་རོ། །གཞན་ཡང་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་ནི་དབྱི་བར་བྱའོ། །ལྷའི་གནས་དང་ཚོན་ཁྱད་པར་དུ་བྱ་བའི་དོན་དུ་ཟུར་ཐིག་དང་ལྷ་སྣམ་གྱི་ཐིག་རྣམས་ནི་གཞག་ཅིང་རྡུལ་ཚོན་གདབ་པ་ཉིད་ཀྱིས་གཡོགས་པར་བྱའོ། །འདིར་གལ་ཏེ་དེ་ལྟར་ གདབ་པ་ལས་གཞན་དུ་གདབ་པར་འདོད་ན་དེའི་ཚེ་ཚངས་ཐིག་གི་ཕྱི་རོལ་དུ་ཆ་ཆུང་གཉིས་སྤངས་པར་ཐིག་གཅིག་གོ། །དེའི་ཕྱི་རོལ་དུ་ཆ་ཆུང་རེ་རེ་དོར་བར་ཐིག་དྲུག་སྟེ། ཐིག་བདུན་ཀ་ཡང་གཞལ་ཡས་ཁང་གི་མདའ་ཡབ་ཀྱི་ཐིག་གི་བར་དུའོ། །དེ་ལ་དཀྱིལ་འཁོར་གྱི་བརྗོད་པའི་བདུན་གདབ་པ་ཉིད་ བཏབ་ནས་སྔར་བཞིན་ཐིག་ཟླུམ་པོ་གསུམ་བྱས་ཏེ། སྔོན་གྱི་ཐིག་གདབ་པའི་རིམ་པས་གནས་པའི་ཐིག་རྣམས་བཞག་སྟེ་གཞན་རྣམས་དབྱི་བར་བྱའོ། །འདི་གཉིས་ཀ་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་ཐིག་གདབ་པའོ། །གཙོ་བོ་གཞན་དགོད་པ་ལ་ཡང་འདིའོ། །འདིས་ནི། གྲུ་བཞི་ པ་ལ་སྒོ་བཞི་པ། །རྟ་བབས་བཞི་ཡིས་རྣམ་པར་བརྒྱན། །ཐིག་བཞི་དང་ནི་ཡང་དག་ལྡན། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བྱ། །དེ་ཡི་ནང་དུ་དཀྱིལ་འཁོར་ནི། །དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན། །ཕྱི་ཡི་འཁོར་ལོའི་ཕྱེད་དུ་ནི། །ཀུན་ནས་ཡོངས་སུ་ཟླུམ་པོའོ། །འཁོར་ལོ་ཀ་བ་ལ་ སོགས་སྤྲས། །རྡོ་རྗེ་ཕྲེང་བས་བསྐོར་ཞིང་མཛེས། །ཞེས་པ་དང་། འཁོར་ལོ་ཀ་སོགས་ཐིག་རྣམས་ཀྱི། །ས་ནི་ཚོན་གྱི་ས་དང་མཉམ། །ཞེས་པ་ཡང་རྣམ་པར་ཕྱེའོ། །བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ཡང་གདབ་པའི་ཚུལ་འདི་ཉིད་དོ། །ཁྱད་པར་དུ་ཟླུམ་པོའི་ཐིག་ གཉིས་པའི་ནང་དུ་ཡང་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་བར་ཟླུམ་པོའི་ཐིག་གསུམ་མོ། །ཟླུམ་པོ་དང་པོའི་ནང་དུ་ནི་འོད་ཀྱི་ཕྲེང་བའོ། །ཟླུམ་པོའི་ཐིག་དང་པོ་ལས་ཕྱི་ངོས་སུ་ནི་ཟླུམ་པོའི་ཐིག་མེད་དོ། །ཀླུའི་བློའི་ཞབས་ཀྱིས་གང་གསུངས་པ། དབུས་ཀྱི་འཁོར་ལོ་ཡི་ནི་ཚད། །རྩ་བའི་ཐིག་གི་ཕྱེད་ཀྱིས་ སོ། །ཞེས་དང་། ཚངས་ལས་སྟེགས་བུ་ཙམ་དུ་འགྱུར། །སྟེགས་བུ་ཕྱེད་དུ་གཉིས་པ་སྟེ། །གསུམ་པ་སྟེགས་བུ་ཕྱེད་དང་གཉིས། །སྟེགས་བུའི་ཕྱེད་ཀྱི་གཞན་ཡིན་ཏེ། །འོད་ཟེར་ལྔ་ཡིས་རྣམ་བརྒྱན་པའི། །རྡོ་རྗེ་ཕྲེང་བ་གསལ་བར་བྱ། །ནང་གི་འཁོར་ལོའི་ཕྱི་རོལ་དུ། །ཐིག་བཞི་མཉམ་ པར་ཀུན་ནས་བྲི། །རྡོ་རྗེས་མཚན་ཞིང་ལེགས་མཛེས་པའི། །ཀ་བ་བརྒྱད་ནི་ནང་དུ་བྲི། །དེ་ཉིད་དུ་ནི་རེ་མིག་དགུ། །རྡོ་རྗེ་ཀ་བའི་བར་དུའོ། །ཞེས་སོ། །དཔལ་ཁ་སྦྱོར་གྱི་རྒྱུད་དུ་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་གསུམ་གྱི་བར་སྤངས་ ནས་བར་དུ་ཆ་ཆུང་ཕྱེད་པའི་ཟླུམ་པོའི་ཐིག་གཉིས་ཀྱི་དབུས་སུ་ཆུད་པའི་འཁོར་ལོའི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་གསུམ་དོར་ནས་བར་དུ་ཆ་ཆུང་ཕྱེད་པའི་ཐིག་ཟླུམ་པོ་གཉིས་ཀྱི་བར་དུ་ཆུད་པའི་པདྨའི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་གསུམ་དོར་ཏེ་ཟླུམ་པོའི་ཐིག་གི་མཐའ་ནས་ཆ་ཆུང་ཕྱེད་ཀྱི་བར་དུ་ནི་འོད་ཟེར་ གྱི་ཕྲེང་བའོ། །དེའི་ནང་དུ་ཆ་ཆུང་ཕྱེད་ཀྱི་བར་གྱི་ཐིག་ཟླུམ་པོ་གཉིས་ཀྱི་ནང་དུ་རྡོ་རྗེའི་ཕྲེང་བའོ། །འདིར་ནང་གི་ཐིག་ཟླུམ་པོ་ནས་ཕྱོགས་གཞན་གྱི་ཟླུམ་པོའི་ཐིག་གི་བར་དུ་ཚངས་པའི་གཡས་ལོགས་སུ་ཐིག་གཉིས་ཏེ། དང་པོ་ནི་ཆ་ཆུང་ཕྱེད་དང་གཉིས་དོར་བར་རོ། །གཉིས་པ་ནི་གཙོ་བོའི་མཚན་མ་དང་ ཀ་བའི་ཆ་ཆུང་ཕྱེད་དོར་ནས་སོ། །དེ་ལྟར་གཡོན་དུ་ཡང་ངོ་། །སྔོན་བཞིན་ཚངས་ཐིག་ལ་སོགས་པ་དབྱིའོ་ཞེས་པ་བྱེ་བྲག་དང་བཅས་པ་གདབ་པའི་ཚུལ་ལོ། །ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་དུ། རྩ་བའི་ཐིག་གི་ནང་དུ་ཆ་ཆུང་བཞི་དོར་བར་ཐིག་ཟླུམ་པོའོ། །དེ་ནས་དབུས་ཀྱི་ཆ་ཆུང་དོར་ བར་གཉིས་པའོ། །དེ་ནས་རྡོ་རྗེ་ཕྲེང་བའི་ཆ་ཆུང་དོར་བར་གསུམ་པའོ། །དེ་ནས་ལྷ་མོའི་ཆ་ཆུང་དྲུག་དོར་བར་ངོས་ཀྱི་ཐིག་གཅིག་སྟེ་ཟླུམ་པོ་ལ་རེག་པའོ། །དེ་ནས་ཀ་བ་དང་གཙོ་བོའི་ཕྱག་མཚན་གྱི་དོན་དུ་ཆ་ཆུང་གཅིག་དོར་ནས་དེ་བཞིན་དུ་གཉིས་པའོ་ཞེས་པ་ཁྱད་པར་གྱི་ཐིག་གོ། །བཅུ་བདུན་གྱི་བདག་ ཉིད་དགྱེས་པའི་རྡོ་རྗེ་བཞིའི་དཀྱིལ་འཁོར་ལ། རྩ་བའི་ཐིག་གི་ནང་དུ་ཚངས་པ་དང་ཟུར་ཐིག་རྣམས་ཉིད་དེ་ཐིག་གཞན་བཏབ་པ་ནི་མེད་དོ། །ཚངས་པའི་ཐིག་ལས་ཕྱི་ངོས་སུ་ཐིག་ཟླུམ་པོ་བཞིའོ། །དེ་ལ་དང་པོ་ནི་ལྟེ་བ་ཡིན་ཏེ་ཆ་ཆུང་གཅིག་གི་བརྒྱད་ཆས་ལྷག་པའི་ཆ་ཆུང་ཕྱེད་དང་གསུམ་དོར་ནས་སོ། ། གཉིས་པ་ནི་འདབ་མ་རྣམས་ཀྱི་སྟེ་བཞི་ཆ་དང་བཅས་པའི་ཆ་ཆུང་ལྔའི་བར་དོར་ནས་སོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་གི་བརྒྱད་ཆ་དོར་ནས་ཀྱང་། ཆ་ཆུང་གཅིག་དོར་བར་གསུམ་པ་སྟེ་རྡོ་རྗེའི་ཕྲེང་བ་ཡིན་ནོ། །བཞི་པ་ནི་དབུས་ཀྱི་འོད་ཟེར་གྱི་ཐིག་སྟེ་ཆ་ཆུང་གཅིག་དོར་ནས་སོ། །ཉི་ཤུ་རྩ་གསུམ་གྱི་བདག་ཉིད་ ཅན་དང་། བཅོ་ལྔའི་བདག་ཉིད་ཅན་བདག་མེད་མ་དང་། ཀུ་རུ་ཀུལླེའི་དཀྱིལ་འཁོར་ལ་ཡང་དེ་ཉིད་དོ། །རྡོ་རྗེ་བདུད་རྩི་བཞི་ཡང་དེ་ལྟར་རོ། །དགུའི་བདག་ཉིད་ཅན་དགྱེས་པ་རྡོ་རྗེ་བཞིའི་ནི་ཚངས་ཐིག་ལས་ཕྱི་ངོས་སུ་ལྟེ་བའི་དོན་དུ་ཆ་ཆུང་ལྔ་དོར་ནས་གེ་སར་གྱི་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་ འདབ་མའི་དོན་དུ་ཆ་ཆུང་བཅུ་སྤངས་པར་ཐིག་གཅིག་གོ་ཞེས་པ་ཁྱད་པར་རོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་ལ་བུམ་པ་རྣམས་སམ་དེ་ལ་རྡོ་རྗེའི་ཕྲེང་བའོ་ཞེས་པ་ཁ་ཅིག་གོ། །ལྔའི་བདག་ཉིད་བཅོམ་ལྡན་འདས་སྒྱུ་མ་ཆེན་མོའི་དཀྱིལ་འཁོར་ལ་ཡང་དེ་ལྟ་བུ་ཉིད་དོ། །དགུའི་བདག་ཉིད་བཅོམ་ལྡན་འདས་ སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་དེ་ལྟར་རོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་ཚངས་པའི་ཐིག་ནས་ཆ་ཆུང་ཕྱེད་དང་གསུམ་དོར་བར་གེ་སར་གྱི་ཐིག་ཟླུམ་པོའོ། །དེའི་ཕྱི་ངོས་སུ་འདབ་མའི་དོན་དུ་ཆ་ཆུང་ལྔ་དོར་བར་ཐིག་ཟླུམ་པོའོ། །དེ་ནས་ཆ་ཆུང་དོར་བར་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཆ་ཆུང་ ཕྱེད་དང་བརྒྱད་པའི་འདབ་མ་བརྒྱད་དེ། ཤར་གྱི་པདྨ་ལས་ཕྱི་རོལ་ཏུ་པདྨ་ཆ་ཆུང་གསུམ་པའོ། །ནུབ་ཀྱི་པདྨ་ལས་ཀྱང་དེ་བཞིན་ནོ་ཞེས་པ་གདབ་པའི་ཁྱད་པར་རོ། །བཅོམ་ལྡན་འདས་བདེ་མཆོག་དང་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་ཚངས་ཐིག་དང་ཟུར་ཐིག་གཉིས་གནས་པ་ལ། ཚངས་ ཐིག་ལས་ཕྱི་ངོས་སུ་ཆ་ཆུང་གཉིས་དོར་ནས་ཐིག་གཅིག་རྩ་བའི་ཐིག་ལ་ཐུག་པར་གདབ་བོ། །ཟུར་ཐིག་གི་གཡས་དང་གཡོན་དུ་ཆ་ཆུང་གཉིས་དོར་བར་ཐིག་རེ་རེ་སྟེ། སྲིད་དུ་ལྟེ་བའི་གློ་གཉིས་པས་སྒོའི་ཚད་བཞི་བཞིའོ། །དེ་ནས་ཚངས་ཐིག་དང་ཟུར་ཐིག་གི་ཕྱིའི་ཐིག་ལས་ཕྱི་རོལ་དུ་ཆ་ཆུང་གཉིས་དོར་བར་ ཐིག་དང་པོ་སྟེ། ཚངས་ཐིག་དང་ཟུར་ཐིག་དང་དེ་དག་གི་གློའི་ཐིག་གི་སྟེང་དག་ཏུ་སྒོའི་ཚད་དེ། ཐད་ཀར་ལོགས་དག་ཏུ་ཆ་ཆུང་གཉིས་གཉིས་ཀྱི་ཕྱིར་རོ། །དེའི་ཕྱི་ངོས་སུ་དེ་ལྟར་ཐིག་ལྔའོ། །དེ་བཞིན་དུ་ཟུར་དང་དེ་དག་གི་འགྲམ་གྱི་ཐིག་གི་སྟེང་དུ་ཐིག་དྲུག་པ་ཡང་ངོ་། །དེ་ནས་ཚངས་ཐིག་གི་གཡས་སུ་ དང་པོའི་ཆ་ཆུང་གཅིག་གི་མཐའ་ནས་ཕྱུང་སྟེ། གཉིས་པའི་རྩེ་མོར་སོང་ནས་གསུམ་པའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ་བཞི་པའི་རྩེ་མོར་སོང་ནས་ལྔ་པའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ། དྲུག་པའི་རྩེ་མོར་སོང་ནས་བདུན་པའི་ཆ་ཆུང་གཅིག་གི་མཐར་ཞུགས་པའི་ཐིག་ཀྱོག་པོ་གཅིག་གོ། །འདིའི་ ནང་དུ་ཆ་ཆུང་ཕྱེད་དོར་ནས་འདི་ལྟ་བུའི་ཀྱོག་པོའི་ཐིག་གཉིས་པའོ། །དེ་ལྟ་བུའི་ཐིག་ཀྱོག་པོ་གཉིས་ཚངས་ཐིག་གི་གཡོན་དུ་ཡང་ངོ་། །དེ་བཞིན་དུ་ཟུར་ཐིག་གཡོན་དང་ཅིག་ཤོས་དག་ཏུ་ཡང་ངོ་། །དེ་ནས་ལྟེ་བར་ཐིག་སྐུད་བཟུང་ནས་རྩ་བའི་ཐིག་ནས་བརྩམས་ནས་ནང་དུ་སྒོ་རེ་རེ་སྤངས་ པར་ཚངས་ཐིག་ལ་ཐིག་སྐུད་བཟུང་བས་ཐིག་ཟླུམ་པོ་བཞིའོ། །ཇི་སྐད་དུ། རྩ་བའི་ཐིག་ནས་ཉེར་བཟུང་སྟེ། །ཟླུམ་པོའི་ཐིག་ནི་རྣམ་བཞིའོ། །འཁོར་ལོ་གསུམ་ནི་སྒོ་ཚད་དུ། །ཡང་དག་བསྐོར་བས་ཕྱིན་པའོ། །ལྷག་མ་པདྨ་འདབ་མ་བརྒྱད། །ཚད་དེ་འདི་ལས་ལྷག་ཆད་མིན། །ཐུགས་སོགས་ འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁོར་ལོའི་ཕྲེང་། །ཞེས་གསུངས་སོ། །དེ་ལ་དང་པོ་གསུམ་རེ་རེའི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོའི་ཐིག་གཅིག་གོ། །བཞི་པ་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ནང་མཚོན་པར་བྱེད་པའི་ནང་དུ་ཆ་ཆུང་གི་བཞི་ཆ་ལས་ཕ་རོལ་ཆ་ཆུང་ཕྱེད་དང་གསུམ་པའི་འདབ་མ་དོར་ བར་ལྟེ་བའི་དོན་དུ་གེ་སར་གྱི་ཕྲེང་བའི་ངོ་བོའི་ཐིག་གཅིག་གོ། །རྡོ་རྗེའི་ཕྲེང་བའི་དོན་བཞི་པའི་ནང་དུ་ཆ་ཆུང་ཕྱེད་དོར་བར་ཟླུམ་པོ་གཅིག་གོ་ཞེས་ཀྱང་ཁ་ཅིག་གོ། །གཞན་ནི་རྩིབས་ཀྱི་གློ་དག་ཏུ་ཤིན་ཏུ་མི་བཟད་པའི་རྡོ་རྗེ་བཞིས་བསྐོར་རོ་ཞེས་སོ། །ཁ་ཅིག་ནི་རྩིབས་ཀྱི་འགྲམ་གྱི་སྟེང་དུ་ཇི་ ལྟར་རིགས་པར་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བའོ་ཞེས་སོ། །འདིར་ཕྱི་རོལ་གྱི་ཐིག་ཟླུམ་པོ་དང་ནང་གི་ཐིག་ཟླུམ་པོ་དང་། རྩིབས་ཀྱི་ཐིག་རྣམས་བསྲུང་ལ་གཞན་ནི་དབྱི་བར་བྱའོ། །ཁྱད་པར་དུ་གདབ་པའོ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་སངས་རྒྱས་ཐོད་པའི་དཀྱིལ་འཁོར་ལ་ཡང་འདི་ཉིད་ཡིན་ནོ། ། ཁྱད་པར་ནི་དང་པོར་བརྗོད་པའི་ཟླུམ་པོའི་ཐིག་བཞི་པ་དང་། ཟེའུ་འབྲུའི་ཐིག་མི་བྱའོ། །ཟླུམ་པོའི་ཐིག་དྲུག་པའི་ནང་དུ་ནི་འདབ་མ་ཆ་ཆུང་ལྔ་པ་དོར་ནས་འདིར་གེ་སར་གྱི་རང་བཞིན་ཟླུམ་པོའི་ཐིག་གཅིག་གོ། །དཔལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ལ་རྩ་བའི་ཐིག་གི་ནང་དུ་ཆ་ཆུང་ཕྱེད་དང་བཅས་པའི་ གསུམ་དོར་ནས་བར་དུ་ཆ་ཆུང་གཅིག་པའི་ཟླུམ་པོའི་ཐིག་གཉིས་ཀྱི་དབུས་སུ་ཆུད་པའི་རྡོ་རྗེའི་ཕྲེང་བའོ། །དེ་ནས་ཆ་ཆུང་ཕྱེད་དང་བཞི་དོར་བར་ཐིག་གཞན་རྣམས་ནི་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་བཞིན་ནོ། །རྩ་བའི་ཐིག་གི་ནང་དུ་གཞལ་ཡས་ཁང་གཉིས་པ་སྟེ། ཐིག་ཀྱང་འོག་ནས་འཆད་ པར་འགྱུར་བའི་བཞི་བཅུ་རྩ་གསུམ་གྱི་བདག་ཉིད་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུའོ་ཞེས་གཞན་ནོ། །གཅིག་དབུས་ཀྱི་གཞལ་ཡས་ཁང་པས་གཞལ་ཡས་ཁང་གཉིས་པ་ཟླུམ་པོའོ་ཞེས་སོ། །གཞན་ནི་འདིར་གཞལ་ཡས་ཁང་མེད་དེ་རྡོ་རྗེའི་ཕྲེང་བ་ནི་སྔར་བཞིན་ནོ་ཞེས་སོ། །བཅུ་གསུམ་གྱི་བདག་ ཉིད་དཔལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་ཁོ་ན་སྟེ་གཞན་མེད་དོ། །དེ་ལ་ཚངས་ཐིག་ནས་སྒོ་གཉིས་ཀྱི་བར་དོར་ནས་ཟུར་ཐིག་གི་བར་དུ་ངོས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བའི་ཐིག་གཅིག་གོ། །དེའི་ནང་དུ་ཆ་ཆུང་གཅིག་དོར་ནས་རྡོ་རྗེའི་ཕྲེང་བའི་ཐིག་གཅིག་གོ། །ལྟེ་བའི་ཐིག་ལས་ སྒོའི་བར་དུ་རྭ་ལྔའོ། །དེའི་རྗེས་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་དབྱི་བར་བྱའོ། །འདི་ནི་ཁྱད་དུ་གདབ་པའོ། །རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་གནས་པ་ཉིད་ལ་ཚངས་ཐིག་གི་ཕྱི་རོལ་དུ་ལྟེ་བའི་ཆ་ཆུང་གསུམ་དོར་བར་ཐིག་ཟླུམ་པོ་གཅིག་གོ། །དེའི་ཕྱི་ངོས་སུ་འདབ་ མ་ཆ་ཆུང་དྲུག་དོར་བར་ཐིག་ཟླུམ་པོ་གཅིག་གོ། །ཚངས་ཐིག་དང་ཟུར་ཐིག་རྣམས་དབྱིའོ། །ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་འོད་ཟེར་ཅན་གྱི་དཀྱིལ་འཁོར་ལ་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་བཞིན་ཐིག་གདབ་བོ། །བཅུ་གསུམ་གྱི་བདག་ཉིད་ཅན་བསྲུང་བ་ལྔའི་དཀྱིལ་འཁོར་ལ་ཚངས་ཐིག་དང་ཟུར་ཐིག་རྣམས་ ཉིད་དེ་གཞན་ནི་མེད་དོ། །དེ་ལ་ཚངས་པའི་ཐིག་གི་ཕྱི་རོལ་ཀུན་ཏུ་ཆ་བཞི་དོར་བར་དབུས་ཀྱི་པདྨའོ། །དེའི་ཕྱི་ངོས་སུ་ཆ་ཆུང་གཅིག་དོར་བར་ཕྱོགས་རྣམས་སུ་པདྨ་བཞིའོ། །ཚངས་ཐིག་དང་ཟུར་ཐིག་དབྱིའོ་ཞེས་པ་ཁྱད་པར་དུ་གདབ་པའོ། །ལྔ་བཅུ་ང་གསུམ་གྱི་བདག་ཉིད་ཅན་རྡོ་རྗེ་དབྱིངས་ཀྱི་དཀྱིལ་ འཁོར་ལ་རྩ་བའི་ཐིག་གི་ནང་ན་རང་གི་སྒོ་གཉིས་ཀྱི་ཚད་སྤངས་པར་ཟུར་ཐིག་གཉིས་ཀྱི་བར་དུ་ངོས་སུ་ཐིག་གཅིག་གོ། །དེ་ཉིད་ནི་གཉིས་པ་ནང་གི་དཀྱིལ་འཁོར་གྱི་རྩ་བའི་ཐིག་ཡིན་ཏེ། སྒོ་དང་སྒོ་ཁྱུད་ལ་སོགས་པ་མདའ་ཡབ་ཀྱི་ཐིག་གི་བར་དང་ལྡན་ཞིང་རྟ་བབས་ལ་སོགས་པ་མེད་པའོ། །རྩ་བའི་ ཐིག་འདིའི་ནང་དུ་བར་མེད་པ་ཉིད་ཟླུམ་པོའི་ཐིག་དང་པོའོ། །དེའི་ནང་དུ་རྡོ་རྗེ་ཕྲེང་བའི་ཆ་ཆུང་གཅིག་སྤངས་པར་གཉིས་པའོ། །དེ་ལས་ཕྱོགས་གཞན་གྱི་ཐིག་ཟླུམ་པོའི་བར་དུ་ཚངས་ཐིག་གི་གཡས་ཀྱི་ཆར་ཐིག་གཉིས་ཏེ་དང་པོ་ཆ་ཆུང་གཉིས་སྤངས་པར་རོ། །གཉིས་པ་ནི་ཀ་བའི་ཆ་ཆུང་དོར་བར་རོ། ། དེ་ལྟར་གཡོན་དུ་ཡང་ངོ་། །དེ་ནས་ཚངས་ཐིག་དང་ཟུར་ཐིག་ཕྱི་བས་རེའུ་མིག་དགུར་འགྱུར་རོ། །གཞན་ཚངས་ཐིག་དང་གཙོ་བོའི་གནས་ཀྱི་སྣམ་བུའི་ནང་གི་ཐིག་རྣམས་ནི་དབྱིའོ། །ཁྱད་པར་དུ་གདབ་པའོ། །དེ་ཉིད་བསྡུས་པ་ལས་དབུས་ཀྱི་གཞལ་ཡས་ཁང་རྟ་བབས་དང་ བཅས་པའོ་ཞེས་གསུངས་པ་ནི་ཁམས་གསུམ་རྣམ་རྒྱལ་གྱི་དཀྱིལ་འཁོར་ཁོ་ནའི་འོ། །གང་ཡང་། རྡོ་རྗེའི་ཀ་རྩེ་གནས་རྣམས་སུ། །དཀྱིལ་འཁོར་ལྔ་ཡི་བརྒྱན་པའོ། །ཞེས་གསུངས་པ་ནི་དེ་བཞིན་གཤེགས་པ་ལྔའི་གནས་རྣམས་སུ་རྡོ་རྗེའི་རི་མོ་ཟླུ