Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 8 / 15 (50.000 ký tự/trang)
ཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨའི་ལྟེ་བར་བདག་མེད་པའོ། །ཤར་ལ་སོགས་པའི་ཕྱོགས་
ཀྱི་པདྨའི་འདབ་མར་རྡོ་རྗེ་མ་དང་གཽ་རཱི་མ་དང་ཆུ་མ་དང་རྡོ་རྗེ་མཁའ་འགྲོ་མ་རྣམས་སོ། །རིམ་པ་གཉིས་པར་སྣ་ཚོགས་པདྨ་རྣམས་ལ་ཤར་ལ་སོགས་པར་གཽ་རཱི། ཙཽ་རཱི་བེ་ཏཱ་ལཱི་གྷསྨ་རཱི་རྣམས་སོ། །དབང་ལྡན་ལ་སོགས་པར་པུཀྐ་སཱི་དང་ཤ་བ་རཱི་དང་ཙཎྜ་ལཱི་དང་ཌོཾ་བི་ནཱི་རྣམས་སོ། །བདག་མེད་མའི་སྟེང་གི་
ཤར་ངོས་ཀྱི་པདྨ་ལ་གནས་པའི་མཁའ་སྤྱོད་མ་སྟེང་ཞལ་ཅན་ནོ། །འོག་གི་ནུབ་ངོས་ཀྱི་པདྨ་ལ་གནས་པའི་ས་སྤྱོད་མ་འོག་ཞལ་ཅན་ནོ། །འདིར་ཕྱི་མ་ལ་གནས་པའི་གཽ་རཱི་ལ་སོགས་པ་བརྒྱད་ནི་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་ལྟ་བུར་སེར་པོ་ལ་སོགས་པའི་མདོག་ཅན་ནོ། །གཞན་བདུན་
ནི་སྔོན་མོའོ། །བཅོ་ལྔ་པོ་ཡང་སྐྱིལ་ཀྲུང་ཕྱེད་པས་རོའི་སྙིང་གར་གནས་པའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །ཞལ་གཅིག་པ་སྤྱན་གསུམ་པ་དམར་བ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སྟག་གི་པགས་པའི་ཤམ་ཐབས་ཅན་ཕྱག་བཞི་པ་གཡས་དག་གིས་རྡོ་རྗེ་དང་གྲི་གུག་གོ། །
གཡོན་པ་དག་གིས་ཐོད་པ་དང་། གྱེན་དུ་བསྒྲེང་བའི་ཁ་ཊྭཱཾ་ག་འཛིན་པའོ། །དབུ་ལ་ཐོད་པ་ལྔའི་ཕྲེང་བས་བརྒྱན་པ། ཕྱག་རྒྱ་ལྔ་དང་ལྡན་པའོ། །ཟུར་རྣམས་ལ་གླིང་བུ་མ་ལ་སོགས་པ་བཞི་ནི་སྔ་མ་བཞིན་ནོ། །ཤར་གྱི་སྒོར་རྟ་གདོང་མ་དཀར་སྔོ། ལྷོར་ཕག་གདོང་མ་སེར་སྔོ། ནུབ་ཏུ་

ཁྱི་གདོང་མ་དམར་སྔོ། བྱང་དུ་སེང་གདོང་མ་ལྗང་སྔོ། བཞི་པོ་འདི་དག་ཀྱང་གཡས་བརྐྱང་གཡོན་བསྐུམ་གྱིས་ཉི་མ་ལ་གནས་པའོ། །གཡས་དང་གཡོན་པའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་མིང་གིས་རྗེས་སུ་མཐུན་པའི་ཞལ་གཅིག་མ་ཕྱག་གཉིས་གཉིས་དང་ལྡན་པའོ། །
འདི་དག་གི་ཁྱད་པར་ནི་བདག་མེད་མ་དང་མཚུངས་པའོ། །བདག་མེད་མ་ལ་སོགས་པ་རྣམས་ལ་གོ་རིམས་བཞིན་དུ་མི་བསྐྱོད་པ་དང་རྟག་པ་དང་། རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་དང་། རྟག་པ་དང་རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་
ཡས་དང་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་རྣམས་ཀྱིས་རྒྱས་བཏབ་པའོ། །གླིང་བུ་མ་ལ་སོགས་པ་དང་སྟག་གདོང་མ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་
དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །བདག་མེད་མའི་ཐུགས་ཀའི་ས་བོན་ནི་ཨཱཾ། ཨོཾ་ཨཾ་སྭཱ་ཧཱ། ཞེས་བྱ་བ་ནི་གྷསྨ་རཱིའི་སྔགས་ཏེ་ལས་ཐམས་ཅད་པའོ། །ཡང་ན་བདག་མེད་མ་ལ་སོགས་པ་ལྷ་མོ་བཅོ་ལྔའི་བདག་ཉིད་ཀྱི་དཀྱིལ་འཁོར་རོ། །དེ་ལ་ལྷ་མོ་ཐམས་ཅད་སྐུ་མདོག་ནག་མོ་གཡས་གཡོན་
གྱི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་མཆོད་ཕྱིར་ཐོགས་པ་འདྲ་བའི་ཁ་ཊྭཱཾ་ག་དང་བཅས་པའོ། །གཞན་རྣམས་ནི་གོང་མ་བཞིན་ནོ། །ཨོཾ་ཨཱཿབཛྲ་གྷསྨ་རཱི་ཨོཾ་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ནི་གྷསྨ་རཱིའི་སྔགས་སོ།། །།གང་གི་ཚེ་དཀྱིལ་འཁོར་གྱི་བདག་པོ་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མ་གཡས་
གཉིས་ཀྱིས་མདའ་དང་ལྕགས་ཀྱུ་འཛིན་པ། གཡོན་གཉིས་ཀྱིས་ཨུཏྤ་ལ་དམར་པོ་དང་གཞུ་འཛིན་པ་ཞལ་གཅིག་པ་སྤྱན་གསུམ་པ་སྣང་བ་མཐའ་ཡས་ཀྱིས་རིགས་ཀྱི་བདག་པོ་བྱས་པ། རྡོ་རྗེ་མ་ལ་སོགས་པ་བཅུ་བཞི་སྐུ་མདོག་དམར་མོ་ཕྱག་གཉིས་ཀྱིས་མདའ་དང་གཞུ་འཛིན་པ་བཅོ་ལྔ་པོ་
ཐམས་ཅད་ཀྱང་པདྨ་དམར་པོ་དང་རོའི་སྙིང་གར་ཟླ་བ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའོ། །ཀུ་རུ་ཀུལླེའི་སྙིང་གའི་ས་བོན་ནི་ཧྲཱིཿཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །གཞན་ནི་སྔར་བཞིན་དུ་སྟེ་དེའི་ཚེ་ཀུ་རུ་ཀུལླེའི་དཀྱིལ་འཁོར་དུ་འགྱུར་རོ། །རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་

ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ཟེ་འབྲུར་ཟླ་བ་ལ་དཔལ་རྡོ་རྗེ་བདུད་རྩི་སེམས་དཔའི་སྐྱིལ་ཀྲུང་གིས་གནས་པ་མེ་ཏོག་ཕྲི་ཡང་ཀུ་ལྟ་བུ་ལྗང་སེར། རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་གསུམ་མེ་ཏོག་པྲི་ཡང་
ཀུ་ལྟ་བུ་ལྗང་སེར་དང་དཀར་པོ་དང་དམར་པོ་སྣ་ཚོགས་པའི་ལག་གདུབ་དང་རྐང་གདུབ་ལ་སོགས་པ་དང་གོས་རྣམས་ཀྱིས་བརྒྱན་པ་ཕྱག་དྲུག་པ་རྡོ་རྗེ་དང་དྲིལ་བུར་བཅས་པའི་ཕྱག་གཉིས་ཀྱིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ་གཡས་པ་གཉིས་ཀྱིས་འཁོར་ལོ་དང་རལ་གྲི། གཡོན་པ་གཉིས་ཀྱིས་ཞགས་
པ་དང་ལྕགས་ཀྱུ་འཛིན་པ་འོད་དམར་པོའི་དཀྱིལ་འཁོར་ཅན་ཞི་བ་དང་སྒེག་པའི་ཉམས་ཀྱི་ཚོགས་ཅན་ནོ། །ཤར་གྱི་འདབ་མར་ཞི་བ་མོ་དཀར་མོ་ཞལ་གསུམ་ནི་དཀར་བ་དང་ནག་པ་དང་དམར་བའོ། །ལྷོར་ཞི་གདོང་མ་སེར་མོ་ཞལ་གསུམ་ནི་སེར་པོ་དང་། དཀར་པོ་དང་དམར་པོའོ། །ནུབ་ཏུ་ཟླ་ལྡན་མ་
དམར་མོ་ཞལ་གསུམ་ནི་དམར་པོ་དང་ནག་པོ་དང་དཀར་པོའོ། །བྱང་དུ་རི་བོང་ཅན་མ་ལྗང་གུ་ཞལ་གསུམ་ནི་ལྗང་གུ་དང་དཀར་པོ་དང་དམར་པོའོ། །མེའི་མཚམས་སུ་ཟླ་དཀྱིལ་མ་སྔོན་མོ་ཞལ་གསུམ་ནི་སྔོན་མོ་དང་དཀར་པོ་དང་དམར་པོའོ། །བདེན་བྲལ་དུ་ཟླ་ཚེས་མ་མེ་ཏོག་པྲི་ཡང་ཀུ་ལྟ་བུ་ལྗང་སེར་
མོ་ཞལ་གསུམ་ནི་ལྗང་སེར་དང་དཀར་པོ་དང་དམར་པོའོ། །རླུང་དུ་ཡིད་འོང་མ་ཨུཏྤ་ལ་སྔོན་མོའི་མདོག་ཅན་ཞལ་གསུམ་ནི་སྔོན་མོ་དང་དཀར་པོ་དང་དམར་པོའོ། །དབང་ལྡན་དུ་ཡིད་ཚིམ་བྱེད་མ་གསེར་གྱི་མདོག་ཅན་མ་ཞལ་གསུམ་ནི་སེར་པོ་དང་དཀར་པོ་དང་དམར་པོའོ། ལྷ་མོ་འདི་རྣམས་ནི་དཀྱིལ་
འཁོར་གྱི་གཙོ་བོའི་ཕྱག་མཚན་ལྟ་བུ་འཛིན་པའོ། །འོན་ཀྱང་འཁོར་ལོའི་གནས་སུ་ཟླ་བའི་དཀྱིལ་འཁོར་འཛིན་པའོ། །ཟླ་ཚེས་མ་ནི་ཟླ་བའི་ཆ་གཅིག་འཛིན་པའོ། །རིམ་པ་གཉིས་པར་དབང་ལྡན་གྱི་མཚམས་སུ་མེ་ཏོག་མ་དཀར་མོ་ནི་ཞལ་གསུམ་པ་དཀར་པོ་དང་ནག་པོ་དང་དམར་པོའོ། །
མེར་བདུག་སྤོས་མ་དུ་བའི་མདོག་ཅན་ཞལ་གསུམ་པ་དུ་བའི་མདོག་དང་དཀར་བ་དང་དམར་བའོ། །བདེན་བྲལ་དུ་མར་མེ་མ་གསེར་གྱི་མདོག་ཅན་མ་ཞལ་གསུམ་པ་གསེར་མདོག་དང་དཀར་པོ་དང་ནག་པོའོ། །རླུང་དུ་དྲི་ཆབ་མ་དམར་མོ་ཞལ་གསུམ་པ་དམར་པོ་དང་ནག་པོ་དང་དཀར་པོའོ། །

འདི་རྣམས་ནི་གོ་རིམས་བཞིན་དུ་གཡས་ཀྱི་དང་པོས་མེ་ཏོག་གི་ཟ་མ་ཏོག་དང་སྤོས་ཕོར་དང་མར་མེའི་མཆོད་སྡོང་དང་དྲིའི་དུང་ཆོས་འཛིན་པའོ། །ཕྱག་ལྷག་མ་རྣམས་ཀྱིས་གཙོ་བོའི་ཕྱག་མཚན་འཛིན་པའོ། །ཤར་ལ་སོགས་པའི་སྣམ་བུ་ལ་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུནྡ་མ་དང་རྫ་རྔ་མ་རྣམས་ནི་
དམར་པོ་དང་སེར་པོ་དང་དཀར་པོ་དང་དུ་བའི་མདོག་ཅན་གྱི་ཞལ་གཅིག་མ་ཕྱག་གཉིས་ཀྱིས་གླིང་བུ་ལ་སོགས་པའི་སྒྲ་སྒྲོགས་པར་བརྩོན་པའོ། །ཤར་གྱི་སྒོར་ཁྲོ་གཉེར་རིམ་པར་ལྡན་མ་སྔོན་པོ་ནམ་མཁའ་ལྟ་བུ་སྔོན་པོ་དང་དཀར་པོ་དང་དམར་པོའི་ཞལ་གསུམ་མོ། །ལྷོའི་སྒོར་འཇིགས་སྡིགས་དཀར་པོ་
འཇིགས་སུ་རུང་བ་དཀར་པོ་དང་ནག་པོ་དང་དམར་པོའི་ཞལ་གསུམ་མོ། །ནུབ་སྒོར་རྟའི་གཟུགས་ཅན་དམར་མོ་དམར་པོ་དང་དཀར་པོ་དང་ནག་པོའི་ཞལ་གསུམ་མོ། །བྱང་སྒོར་ཚོགས་ཀྱི་གཙོ་བོ་ལྗང་གུ་ལྗང་གུ་དང་དཀར་པོ་དང་དམར་པོའི་ཞལ་གསུམ་པའོ། །འདི་དག་ནི་འགྱིང་བའི་ཁྲོ་བོ་འགྱིང་བའི་སྟང་སྟབས་ཀྱིས་
བཞུགས་པ་དཀྱིལ་འཁོར་གྱི་གཙོ་བོའི་ཕྱག་མཚན་འཛིན་པའོ། །ཁྱད་པར་ནི་གཡས་དང་པོའི་ཕྱག་གིས་རིམ་པ་ཇི་ལྟ་བར་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་དྲིལ་བུ་འཛིན་པ་མཆེ་བ་ཅུང་ཟད་གཙིགས་པའོ། །འདིར་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་བརྙན་ནི་དེ་བཞིན་གཤེགས་པ་ལྔ་
དང་རྡོ་རྗེས་མཚན་པའི་རིན་པོ་ཆེ་སྣ་ཚོགས་པའི་ཅོད་པན་དང་ལྡན་པའོ། །དེ་ལས་གཞན་པའི་ལྷ་ཉི་ཤུ་པ་རྣམས་ནི་རྡོ་རྗེ་དང་བདུད་རྩི་དང་པོ་ཏིས་མཚན་པའི་རིན་པོ་ཆེའི་ཅོད་པན་ཅན་ཟླ་བའི་དཀྱིལ་འཁོར་ལ་གནས་པ། དཀྱིལ་འཁོར་གྱི་གཙོ་བོ་ལྟ་བུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ་ལ་སོགས་
པའོ། །མེ་ཏོག་མ་ལ་སོགས་པ་བཅུ་གཉིས་པ་རྣམས་ཀྱི་ཟླ་བའི་འོག་ཏུ་སྣ་ཚོགས་པདྨའོ། །རྡོ་རྗེ་བདུད་རྩིའི་ཐུགས་ཀའི་ས་བོན་ནི་ཧཿའོ། །ཨོཾ་ཧཿབཛྲ་ཨ་མྲྀ་ཏ་སྭཱ་ཧཱ། ཞེས་བྱ་བ་ནི་སྙིང་པོའི་སྔགས་སོ། །ལས་ཐམས་ཅད་པའི་སྔགས་ཀྱང་འདི་ཉིད་ཡིན་ནོ། །རྡོ་རྗེ་བདུད་རྩི་གཞན་རྣམ་པ་
གསུམ་པོ་འདི་ལྟར་བསྒོམ་པའི་ཁྱད་པར་གྱི་རིམ་པ་ནི་རྡོ་རྗེ་བདུད་རྩིའི་རྒྱུད་ཉིད་ལས་ཤེས་པར་བྱའོ། །མངས་པས་འཇིགས་པས་འདིར་མ་བཤད་དོ།། །།དགུའི་བདག་ཉིད་ཀྱི་དགྱེས་པ་རྡོ་རྗེ་རྣམ་པ་བཞིའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་

ངོ་། །ཕྱག་བཅུ་དྲུག་པ་ལ་སླར་ཡང་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལྟ་བུ་སྲུང་བའི་འཁོར་ལོ་རྩིབས་བཅུ་པ་ཡང་ཡོད་དོ་ཞེས་པ་ནི་ཕྱོགས་གཉིས་པའོ། །གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བའི་ནང་དུ་གན་རྐྱལ་དུ་གནས་པའི་ཚངས་པ་དང་ཁྱབ་འཇུག་དང་
དབང་ཕྱུག་དང་། ལྷའི་དབང་པོ་སྟེ། བདུད་རྣམ་པ་བཞིའི་རང་བཞིན་ཅན་གྱི་སྙིང་གར་གནས་པའི་ཉི་མ་ལ་ཞབས་བཞི་པ་གཅེར་བུ་གར་གྱི་ཉམས་དགུ་དང་ལྡན་པ། ཞབས་གཉིས་ཀྱིས་སྐྱིལ་ཀྲུང་ཕྱེད་པ་དང་། ཞབས་གཉིས་ཀྱིས་གཡོན་བསྐུམ་པ་དང་། གཡས་བརྐྱང་བའི་གར་གྱི་ཚུལ་གྱིས་
གནས་པ་དང་སྤྱི་བོར་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་དཔྲལ་བའི་སྟེང་དུ་པགས་པ་དང་བྲལ་བའི་མི་མགོ་སྐམ་པོ་ལྔས་བརྒྱན་པ་སངས་རྒྱས་ལྔའི་ཅོད་པན་ཅན། སྐུ་མདོག་ནག་པོ་ཕྱག་བཅུ་དྲུག་པ་ཞལ་བརྒྱད་པ། ཞལ་རེ་རེ་ལ་དམར་ཞིང་ཟླུམ་པའི་སྤྱན་གསུམ་གསུམ་
ཡོད་པ་རྩ་བའི་ཞལ་ནག་པོ་གཡས་པ་རྣམས་ནི་དཀར་པོ་དང་ནག་པོ་དང་ནག་པོའོ། །གཡོན་པ་རྣམས་ནི་དམར་པོ་དང་ནག་པོ་དང་ནག་པོའོ། །སྟེང་གི་ཞལ་ནི་དུ་བའི་མདོག་ཅན་མི་སྡུག་པ་ཞལ་ཐམས་ཅད་ནི་སྨིན་མ་ཀྱོག་པོ་དང་བཅས་པ་ཁྲོ་གཉེར་ཅན་མཆེ་བའི་མྱུ་གུ་གཙིགས་པ་གཡས་པའི་ཕྱག་བརྒྱད་
ཀྱིས་བསྣམས་པའི་ཐོད་པ་རྣམས་ལ་གླང་པོ་ཆེ་དང་རྟ་དང་བོང་བུ་དང་། གླང་དང་རྔ་མོ་དང་མི་དང་ཤ་ར་བྷ་དང་བྱི་ལ་རྣམས་འཛིན་པའོ། །གཡོན་པའི་ཕྱག་བརྒྱད་པའི་ཐོད་པ་རྣམས་ནི་ས་དང་ཆུ་དང་རླུང་དང་མེ་དང་ཟླ་བ་དང་ཉི་མ་དང་གཤིན་རྗེ་དང་ནོར་སྦྱིན་རྣམས་སོ། །གཙུག་གི་འཁོར་ལོ་དང་རྣ་ཆ་དང་མགུལ་
རྒྱན་དང་ལག་གདུབ་དང་སྐ་རགས་དང་ཐལ་བ་རྣམས་དང་མི་མགོ་རློན་པ་ཁྲག་འཛག་པ་ལྔ་བཅུའི་ཕྲེང་བ་དང་དཔུང་རྒྱན་དང་རྐང་གདུབ་རྣམས་ཀྱིས་བརྒྱན་པའོ། །འདིའི་ཡུམ་བདག་མེད་མ་ནག་མོ་གཅེར་བུ་གྲི་གུག་དང་ཐོད་པར་ལྡན་པའི་ཕྱག་གཉིས་ཀྱིས་བཅོམ་ལྡན་འདས་ལ་ཡང་དག་པར་འཁྱུད་པ། གཡས་
བསྐུམ་པ་གཡོན་བརྐྱང་བའི་གར་གྱིས་གནས་པ་ཕྱག་རྒྱ་ལྔ་དང་ལྡན་པ་ཞལ་གཅིག་པ་སྟན་གསུམ་པ་དམར་ལ་ཟླུམ་པ་མཆེ་བ་གཙིགས་པ་དབུ་སྐྲ་དམར་སེར་འབར་བ་གྱེན་དུ་བརྫེས་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་པ། མགྲིན་པར་མི་མགོ་སྐམ་པོའི་ཕྲེང་བ་འཕྱང་བ་དང་། རྐང་གདུབ་ལ་སོགས་

པས་བརྒྱན་པའོ། །ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མར་གནས་པའི་ཚངས་པ་དང་དབང་པོ་དང་ཉེ་བའི་དབང་པོ་དང་དྲག་པོའི་སྙིང་གའི་སྟེང་དུ་ཟླ་བ་རྣམས་ལ་གཽ་རཱི་ལ་སོགས་པའོ། །དབང་ལྡན་ལ་སོགས་པའི་འདབ་མར་གནས་པའི་གཤིན་རྗེ་དང་ལུས་ངན་དང་སྲིན་པོ་དང་། ཐགས་བཟངས་རིས་ཀྱི་སྙིང་
གར་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་པུཀྐ་སཱི་ལ་སོགས་པའོ། །དེ་ལ་གཽ་རཱི་ནག་མོ་གཡས་ན་གྲི་གུག་གཡོན་ན་རོ་ཧི་ཏའི་ཉ་འཛིན་པའོ། །ཙཽ་རཱི་དམར་མོ་གཡས་ཌ་མ་རུ་གཡོན་ཕག་པ་འཛིན་པའོ། །རོ་ལངས་མ་གསེར་གྱི་མདོག་ཅན་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་རུས་སྦལ་དང་པདྨའི་སྣོད་འཛིན་
པའོ། །གྷསྨ་རཱི་ལྗང་གུ་ཕྱག་གཡས་པ་ན་སྦྲུལ་གཡོན་པ་ན་རྣལ་འབྱོར་གྱི་སྣོད་འཛིན་པའོ། །པུཀྐ་སཱི་སྔོན་མོ་ཕྱག་གཡས་པ་ན་སེང་གེ་གཡོན་པ་ན་དགྲ་སྟ་འཛིན་པའོ། །ཤ་བ་རཱི་དཀར་མོ་ཕྱག་གཡས་པ་ན་དགེ་སློང་གཡོན་པ་ན་གསིལ་བྱེད་འཛིན་པའོ། །ཙཎྜ་ལཱི་ནམ་མཁའ་ལྟར་སྔོ་བསངས་མ་ཕྱག་གཡས་
པ་ན་འཁོར་ལོ་གཡོན་པ་ན་གཤོལ་འཛིན་པའོ། །ཌོཾ་བི་ནཱི་ཁྲ་མོ་ཕྱག་གཡས་པ་ན་རྡོ་རྗེ་གཡོན་པ་སྡིགས་མཛུབ་འཛིན་པའོ། །བརྒྱད་པོ་འདི་དག་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཁྱད་པར་གཞན་ནི་སྔར་བརྗོད་པའི་བདག་མེད་མ་བཞིན་ནོ། །ཧེ་རུ་ཀ་དང་བདག་མེད་མ་དག་གི་རིགས་ཀྱི་བདག་པོ་མི་
བསྐྱོད་པའོ། །གཽ་རཱི་ལ་སོགས་པ་རྣམས་ནི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་སོ། །པུཀྐ་སཱི་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་གཉིས་པ་གཡས་པས་རྡོ་རྗེ་གྱེན་དུ་འཕྱར་བ་གཡོན་པ་རྡོ་རྗེས་མཚན་པའི་ཐོད་པ་འཛིན་པས་བདག་
མེད་མ་ལ་འཁྱུད་པ་ཁ་ཊྭཱཾ་ག་དཔུང་པ་གཡོན་པ་ལ་བརྟེན་པའོ། །ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་བཞི་པ་སྔོན་པོ་ཕྱག་གཡས་པས་རྡོ་རྗེ་འཛིན་པ་གཡོན་པས་ཐོད་པ་ཁྲག་གིས་གང་བ་འཛིན་པ་ཕྱག་ལྷག་མ་དག་རང་དང་མཚུངས་པའི་རྡོ་རྗེ་ཕག་མོ་ལ་འཁྱུད་པའོ། །ཡང་ན་དཀྱིལ་འཁོར་གྱི་གཙོ་བོ་ཕྱག་དྲུག་པ་
སྔོན་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་གསུམ་སྔོན་པོ་དང་དཀར་པོ་དང་དམར་པོ། ཕྱག་གཡས་པ་དག་གིས་རྡོ་རྗེ་དང་གྲི་གུག་དང་གཡོན་པ་དག་གིས་རྩེ་གསུམ་པ་དང་དྲིལ་བུ་འཛིན་པ་ལྷག་མ་དག་གིས་རྡོ་རྗེ་ལུ་གུ་རྒྱུད་མ་ལ་འཁྱུད་པའོ། །རྡོ་རྗེ་ལུ་གུ་རྒྱུད་མ་ནི་སྐུ་མདོག་དང་ཞལ་དང་ཕྱག་མཚན་ལ་སོགས་པ་རྣམས་

བདག་མེད་མ་དང་མཚུངས་པར་ཡན་ལག་མེད་པའི་རྡོ་རྗེའི་ཞབས་ཀྱིས་གསུངས་སོ། །ཕྱག་གཉིས་པ་ལ་སོགས་པ་འདི་རྣམས་སྣ་ཚོགས་པདྨའི་ཟེ་འབྲུ་ལ་རོའི་སྙིང་གར་ཉི་མ་ལ་སྐྱིལ་ཀྲུང་ཕྱེད་པས་གར་མཛད་པ་མི་བསྐྱོད་པས་རྒྱས་བཏབ་པ་སྣ་ཚོགས་རྡོ་རྗེས་མཚན་པ་དབུ་སྐྲ་དམར་སེར་གྱེན་དུ་
བརྫེས་པ་མི་མགོ་ལྔས་དབུ་བརྒྱན་པ། སྨིན་མ་འཁྱོག་པ་དང་བཅས་པའི་ཁྲོ་གཉེར་ཅན་མཆེ་བ་གཙིགས་པ་ཕྱག་བཅུ་དྲུག་པ་བཞིན་དུ་གཙུག་གི་འཁོར་ལོ་ལ་སོགས་པས་བརྒྱན་པ་གཽ་རཱི་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་བསྐོར་བའོ། །ལྷ་མོ་ཐམས་ཅད་ནི་ཐལ་བ་དང་བྲལ་བའོ། །རྡོ་རྗེ་ཕག་མོ་དང་རྡོ་རྗེ་ལུ་གུ་
རྒྱུད་མ་ནི་མི་བསྐྱོད་པས་རྒྱས་བཏབ་པའོ། །ཀྱེའི་རྡོ་རྗེ་རྣམ་པ་བཞིའི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་དེ་བ་པི་ཙུ་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། །ཞེས་བྱ་བ་ནི་ཕྱག་བཅུ་དྲུག་པའི་སྙིང་པོའོ། །ཨོཾ་ཏྲཻ་ལོ་ཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་ཕྱག་གཉིས་པའོ། །ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་བཞི་པའོ། །
ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཕྱག་དྲུག་པའོ། །ཨོཾ་ཨཱཿབཛྲ་གྷསྨ་རཱི་ཨོཾ་ཧཱུཾ་སྭཱ་ཧཱ་ཞེས་བྱ་བ་ནི་གྷསྨ་རཱིའི་སྔགས་ཏེ་ལས་ཐམས་ཅད་པའོ།། །།སྒྱུ་འཕྲུལ་ཆེན་མོའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་ན་གནས་པའི་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་ངོ་། །ཁ་ཅིག་ནི་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་
མེད་པར་གཞལ་ཡས་ཁང་ངོ་ཞེས་སོ། །གཞལ་ཡས་ཁང་གི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཟེ་འབྲུར་ཉི་མ་ལ་སྒྱུ་མ་ཆེན་མོ་ལས་བྱུང་བའི་ཧེ་རུ་ཀ་ནག་པོ་ཉི་མ་ལྟ་བུའི་འོད་ཟེར་ཅན་འབར་བའི་ཕྲེང་བ་དུ་མས་འཁྲིགས་པ་འགྱིང་བའི་ཁྲོ་བོ་དབུ་སྐྲ་དམར་སེར་འབར་བ་གྱེན་དུ་བརྫེས་པ་ཐོད་པས་བརྒྱན་
པའི་ཅོད་པན་ཅན་རྩ་བ་དང་གཡས་དང་རྒྱབ་དང་གཡོན་གྱི་ཞལ་བཞི་སྔོན་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུའོ། །ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་པ་ཕྱག་བཞི་པའི་གཡས་གཉིས་ན་ཐོད་པ་དང་མདའ། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་གཞུ་འཛིན་པ་ཕྱག་རྒྱ་དྲུག་དང་ལྡན་པ་མིའི་
པགས་པའི་ན་བཟའ་འཛིན་པ། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །སངས་རྒྱས་མཁའ་འགྲོ་མ་ནི་སྐུ་མདོག་དམར་མོ་གཙོ་བོ་ལྟ་བུའི་ཕྱག་མཚན་ཅན་ཕྱག་གཉིས་ཀྱིས་དེའི་མགུལ་ནས་འཁྱུད་པ། དམར་པོ་དང་སེར་པོ་དང་དཀར་པོ་དང་ལྗང་གུའི་ཞལ་ལོ། །ཤར་གྱི་འདབ་མར་རྡོ་རྗེ་

མཁའ་འགྲོ་མ་སྔོན་མོ་སེར་པོ་དང་དཀར་པོ་དང་ལྗང་གུའི་ཞལ་རྡོ་རྗེ་དང་ཐོད་པ་དང་དྲིལ་བུ་དང་ཁ་ཊྭཱཾ་ག་འཛིན་པའོ། །ལྷོར་རིན་ཆེན་མཁའ་འགྲོ་མ་སེར་མོ་སེར་པོ་དང་སྔོན་པོ་དང་དཀར་པོ་དང་ལྗང་གུའི་ཞལ་རིན་པོ་ཆེའི་པ་ཏྲ་དང་ཏྲི་ཤཱུ་ལ་དང་མགྲིན་པ་བཙིར་བའི་ཅེ་སྤྱང་དང་བ་དན་འཛིན་པའོ། །ནུབ་ཏུ་
པདྨ་མཁའ་འགྲོ་མ་དཀར་མོ་དཀར་པོ་དང་སེར་པོ་དང་དམར་པོ་དང་། ལྗང་གུའི་ཞལ་སྣ་ཚོགས་པདྨ་དང་མདའ་དང་ཐོད་པ་དང་གཞུ་འཛིན་པའོ། །བྱང་དུ་སྣ་ཚོགས་མཁའ་འགྲོ་མ་ལྗང་གུ་ལྗང་གུ་དང་སེར་པོ་དང་དཀར་པོ་དང་སྔོན་པོའི་ཞལ་ལོ། །རལ་གྲི་དང་ཌ་མ་རུ་དང་ཞགས་པ་དང་ཐོད་པ་འཛིན་པའོ། །
ཐམས་ཅད་ཀྱང་ཕྱག་རྒྱ་ལྔ་དང་ལྡན་པ། ཟླ་བའི་གདན་ལ་འོད་དང་ལྡན་པའོ། །འདི་རྣམས་ཀྱི་ཁྱད་པར་གཞན་རྣམས་ནི་གཙོ་བོ་ལྟ་བུའོ། །བཅོམ་ལྡན་འདས་ཀྱི་རིགས་ཀྱི་བདག་པོ་ནི་མི་བསྐྱོད་པའོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱང་གོ་རིམས་ཇི་ལྟར་རྣམ་སྣང་དང་། མི་བསྐྱོད་པ་དང་
རིན་ཆེན་འབྱུང་ལྡན་དང་ངག་གི་དབང་ཕྱུག་དང་དོན་ཡོད་གྲུབ་པ་རྣམས་སོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཧཱུཾ་ཧཱུཾ་སྙིང་པོའི་སྔགས་སོ། །སངས་རྒྱས་མཁའ་འགྲོ་མ་ལ་སོགས་པ་རྣམས་ཀྱི་ཡང་ཨོཾ་ཨོཾ་ཧཱུཾ། ཨོཾ་ཧཱུཾ་ཧཱུཾ། ཨོཾ་སྭཱ་ཧཱུཾ། ཨོཾ་ཨཱཿཧཱུཾ། ཨོཾ་ཧཾ་ཧཱུཾ། སྣ་ཚོགས་མཁའ་
འགྲོ་མའི་སྔགས་ནི་ལས་ཐམས་ཅད་པའོ།། །།བཅོམ་ལྡན་འདས་སངས་རྒྱས་ཐོད་པ་ལྷ་དགུའི་བདག་ཉིད་ཀྱི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་གི་ཆོས་འབྱུང་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའོ། །དེའི་ཟེ་འབྲུ་ལ་རོའི་སྙིང་གར་ཉི་མའི་གདན་ལ་ཤེས་རབ་མ་དང་བྲལ་བའི་
བཅོམ་ལྡན་འདས་སྐུ་མདོག་ལ་སོགས་པ་ཕྱི་ནས་འཆད་པའི་འཁོར་ལོ་གསུམ་ལ་གནས་པའི་དཔལ་སངས་རྒྱས་ཐོད་པ་བཞིན་ནོ། །ཤར་དང་བྱང་དང་ནུབ་དང་ལྷོའི་འདབ་མ་ལ་རིམ་པ་ཇི་ལྟ་བས་སྣ་ཚོགས་སྡེ་མ་དང་འདོད་མ་དང་ས་འོག་ན་གནས་མ་དང་ལེགས་བཟངས་མོ་རྣམས་ནི་སྐུ་མདོག་སྔོན་མོ་
གཡས་བསྐུམ་པ་གཡོན་བརྐྱང་བ་སྟག་གི་པགས་པའི་ཤམ་ཐབས་ཅན་ཕྱག་གཡས་གཉིས་ཀྱིས་གྲི་གུག་དང་ཐོད་པ་གཡོན་གཉིས་ཀྱིས་ཁ་ཊྭཱཾ་དང་ཌ་མ་རུ་འཛིན་པའོ། །དབང་ལྡན་དང་མེ་དང་བདེན་བྲལ་དང་། རླུང་གི་འདབ་མ་ལ་ཆང་འཚོང་མ་དང་འབྱུང་མོ་དང་ཕྱག་བཞི་མ་དང་ནམ་མཁའ་ལ་གནས་མ་

རྣམས་ནི་སེར་མོ་ན་བཟའ་སེར་པོ་གོན་པ་འོད་ཟེར་སེར་པོ་འཕྲོ་བ་ཞབས་གཉིས་ཀྱིས་གཡས་བརྐྱང་བ་གཡོན་བསྐུམ་པ་ཀླུ་བརྒྱད་ཀྱིས་བརྒྱན་པ། ཕྱག་གཡས་པ་གཉིས་ཀྱིས་གྲི་གུག་དང་ཌ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང་པདྨའི་སྣོད་འཛིན་པའོ། །བརྒྱད་པོ་འདི་དག་ཀྱང་
ཉི་མའི་དཀྱིལ་འཁོར་ལ་གར་གྱི་ཚུལ་གྱིས་གནས་པ་དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་མི་མགོ་རློན་པ་ལྔ་བཅུ་མགུལ་དུ་འཕྱང་བ་མཆེ་བ་ཅུང་ཟད་གཙིགས་པ་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པའོ། །བཅོམ་ལྡན་འདས་ལ་མི་
བསྐྱོད་པ་ལ་སོགས་པ་སངས་རྒྱས་ལྔས་རྒྱས་བཏབ་པའོ། །སྣ་ཚོགས་སྡེ་མ་ལ་སོགས་པ་རྣམས་ལ་མི་བསྐྱོད་པ་དང་རྣམ་སྣང་དང་རིན་འབྱུང་དང་སྣང་མཐའ་རྣམས་ཀྱིས་སོ། །ཆང་འཚོང་མ་ལ་སོགས་པ་རྣམས་ཀྱི་ཡང་དེ་དག་རྣམས་སོ། །ཡང་ན་བཅོམ་ལྡན་འདས་འདི་དང་ཕྱོགས་ཀྱི་ལྷ་མོ་རྣམས་ཀྱང་
མདོག་དཀར་མོ་མཚམས་ཀྱི་ལྷ་མོ་རྣམས་དམར་པོ་འདི་ནི་ཡུམ་དང་བྲལ་བའམ་ཡུམ་དང་བཅས་པའོ། །རྡོ་རྗེ་ཧཱུཾ་མཛད་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གཞལ་ཡས་ཁང་ངོ་། །དེའི་དབུས་སུ་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་གཡོན་བསྐུམ་
གཡས་བརྐྱང་བས་མནན་པའི་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་བཅོམ་ལྡན་འདས་ཁྲོ་བོ་ནི་བསྐལ་པ་འཇིག་དུས་མེ་ལྟ་བུའི་འོད་ཟེར་འབར་ཞིང་འགྲོ་བ་མ་ལུས་པའི་བགེགས་ཀྱི་ཚོགས་ཐམས་ཅད་རབ་ཏུ་བསལ་བར་མཛད་པ་སྐུ་མདོག་སྔོན་པོ་སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་རྩ་
བ་དང་གཡས་དང་གཡོན་གྱི་མི་སྡུག་པ་གདངས་པ། མཆེ་བ་གཙིགས་པ་རབ་ཏུ་གཏུམ་པ་ལྗགས་འདྲིལ་བ་འཇིགས་སུ་རུང་བའི་ཞལ་གསུམ་པ་རེ་རེ་ཞིང་སྤྱན་གསུམ་གསུམ་པ་དམར་ལ་ཟླུམ་པ་སྨིན་མ་གཡོ་བ་ཁྲོ་གཉེར་དང་བཅས་པ། དཔྲལ་བའི་སྟེང་ན་ཐོད་པ་ལྔའི་ཕྲེང་བ་དང་ལྡན་པ།
ཁྲག་འཛག་པའི་མི་མགོ་ལྔ་བཅུའི་ཕྲེང་བ་མགུལ་པར་འཕྱང་བ་ཡུམ་དང་བཅས་པ་ཀླུ་མཐའ་ཡས་སྔོན་པོས་དབུ་སྐྲ་འབར་ཞིང་དམར་སེར་གྱེན་དུ་བཅིངས་པ། ཀླུ་འཇོག་པོ་དམར་པོས་རྣ་རྒྱན་བྱས་པ། ཀླུ་པདྨ་ཆེན་པོ་པདྨའི་རྩ་བ་ལྟ་བུ་དཀར་པོས་མགུལ་རྒྱན་བྱས་པ། ཀླུ་ཀརྐོ་ཊ་དཱུར་བ་ལྟ་བུ་ལྗང་

གུས་མཆོད་ཕྱིར་ཐོགས་བྱས་པ་ནོར་རྒྱས་དཀར་པོས་སྐ་རགས་བྱས་པ། པདྨ་དཀར་པོ་ཀུན་དའི་མེ་ཏོག་ལྟ་བུར་མཛེས་པས་རྐང་གདུབ་བྱས་པ། དུང་སྐྱོང་སེར་པོས་ལག་གདུབ་བྱས་པ། རིགས་ལྡན་དུ་བ་ལྟ་བུ་ཁྲ་བོས་དཔུང་རྒྱན་བྱས་པ། རྡོ་རྗེ་སེམས་དཔས་དབུ་ལ་རྒྱས་བཏབ་པ། རྡོ་རྗེ་དང་
དྲིལ་བུ་འཛིན་པའི་ཕྱག་གཉིས་ཀྱིས་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཕྱག་རྒྱས་རང་གི་ཡུམ་ལ་སྙོམས་པར་ཞུགས་པ་གཡས་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ་དང་གཡོན་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །འདིའི་ཤར་ཕྱོགས་སུ་རྡོ་རྗེ་དབྱུག་པ་སྔོན་པོ་སྔོན་པོ་དང་སེར་
པོ་དང་ལྗང་གུ་ནི་རྩ་བ་དང་གཡས་དང་གཡོན་གྱི་ཞལ་ལོ། །གཡས་པ་གཉིས་ཀྱིས་རྡོ་རྗེ་ཐོ་བ་དང་སྡིགས་མཛུབ་དང་བཅས་པའི་རྡོ་རྗེ་གྱེན་དུ་འཕྱར་བ། གཡོན་པ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །བྱང་དུ་རྡོ་རྗེ་ཉི་མ་སེར་པོ་སེར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་ལོ། །ཁྱད་པར་དུ་
ཕྱག་དང་པོས་རྡོ་རྗེ་དབྱུག་པ་འཛིན་པ། ཁྱད་པར་དུ་རྡོ་རྗེ་ལ་སོགས་པའི་ཕྱག་མཚན་རྣམས་ཀྱང་རྡོ་རྗེ་དབྱུག་པ་ལྟ་བུའོ། །འོག་ནས་འཆད་པ་རྣམས་ཀྱང་དེ་ལྟར་ཤེས་པར་བྱའོ། །བྱང་དུ་རྡོ་རྗེ་གཙུག་ཏོར་དམར་པོ་དམར་པོ་དང་ལྗང་གུའི་ཞལ་ལོ། །པདྨ་དམར་པོས་མཚན་པའི་ཕྱག་གོ། །ལྷོར་རྡོ་རྗེ་
འཁྱིལ་བ་ལྗང་གུ་ནི་ལྗང་གུ་དང་དཀར་པོ་དང་སེར་པོའི་ཞལ་ལོ། །སྣ་ཚོགས་རྡོ་རྗེས་མཚན་པའི་ཕྱག་གོ། །མེར་རྡོ་རྗེ་གནོད་སྦྱིན་དུ་བའི་མདོག་དུ་བའི་མདོག་དང་སེར་པོ་དང་ལྗང་གུའི་ཞལ་ལོ། །ལྕགས་ཀྱུ་འཛིན་པའོ། །སྲིན་པོར་རྡོ་རྗེ་བདུད་རྩི་དམར་པོ་དམར་པོ་དང་། སེར་པོ་དང་ལྗང་གུའི་ཞལ་ལོ། །
དགྲ་སྟ་འཛིན་པའོ། །རླུང་དུ་ནག་པོ་ཆེན་པོ་སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་ཏྲི་ཤཱུ་ལ་འཛིན་པའོ། །དབང་ལྡན་དུ་རྡོ་རྗེ་འཇིགས་སུ་རུང་བ་ནག་པོ་ནག་པོ་དང་། སེར་པོ་དང་ལྗང་གུའི་ཞལ་རལ་གྲི་འཛིན་པའོ། །རྡོ་རྗེ་དབྱུག་པ་ལ་སོགས་པ་བརྒྱད་པོ་འདི་རྣམས་ནི་རིམ་པ་ཇི་ལྟ་བར་གཤིན་
རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་དང་འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་སྟོབས་པོ་ཆེ་དང་མི་གཡོ་བ་རྣམས་ཀྱི་མིང་གཞན་ནོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་དཀར་པོ་དཀར་པོ་དང་སྔོན་པོ་དང་ལྗང་གུའི་ཞལ་འཁོར་ལོ་འཛིན་པའོ། །

འོག་ཏུ་རྡོ་རྗེ་ས་འོག་གནོད་མཛེས་ཀྱི་མིང་རྣམ་གྲངས་ཅན་སྔོན་པོ་སྔོན་པོ་དང་སེར་པོ་དང་ལྗང་གུའི་ཞལ་རོལ་པ་དང་བཅས་པའི་རྡོ་རྗེ་གཏུན་ཤིང་འཛིན་པའོ། །འདིའི་ཕྱག་གཉིས་ཀྱིས་ཀླུའི་ཞགས་པ་སྡིགས་མཛུབ་དང་བཅས་པ་དང་ཁ་ཊྭཱཾ་གའོ། །རྡོ་རྗེ་དབྱུག་པ་ལ་སོགས་པའི་ཁྲོ་བོ་འདི་
རྣམས་ནི་ཕྱག་མཚན་གྱི་གཙོ་བོ་དང་ཐོད་པས་མཚན་པའི་ཕྱག་གཉིས་ཀྱིས་རང་དང་མཚུངས་པའི་ཡུམ་དང་མཉམ་པར་སྦྱོར་བའོ། །དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་འཁྱིལ་བ་རང་རང་གི་རིགས་ཀྱི་བདག་པོས་ཅོད་པན་མཛེས་པར་བརྒྱན་པ་སྨིན་མ་གཡོ་བ་དང་བཅས་པའི་ཁྲོ་གཉེར་ཅན་མཆེ་བ་གཙིགས་
པའི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་དམར་ཞིང་ཟླུམ་པ་མི་མགོའི་ཕྲེང་བ་དང་ཕྱག་རྒྱ་ལྔ་ལ་སོགས་པ་དང་ཀླུའི་རྒྱལ་པོ་བརྒྱད་ཀྱིས་བརྒྱན་པ། སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད་དང་སྟེང་དུ་ཚངས་པ་དང་འོག་ཏུ་ཐགས་བཟངས་རིས་རྣམས་ལ་གཡས་བརྐྱང་གིས་མནན་ནས་
བཞུགས་པ་རང་གི་རིགས་ཀྱི་བདག་པོས་དབུ་བརྒྱན་པ་སྟེ། ཇི་ལྟར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་གྱི་རྩིབས་བཅུ་པའི་སྲུང་བའི་འཁོར་ལོར་བཤད་པ་བཞིན་ནོ། །བཅོམ་ལྡན་འདས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཁ་བཛྲ་དྷྲྀཀ་བཛྲ་ཧཱུཾ་ཀ་ར་བཛྲ་ཧཱུཾ་ཕཊ་ཅེས་བྱ་བ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱི་སྙིང་པོའི་སྔགས་
སོ། །ལས་ཐམས་ཅད་པའི་སྔགས་ནི་ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྱ་བའོ། །ཡང་ཤར་ལ་སོགས་པའི་ཕྱོགས་དང་ཕྱོགས་མཚམས་དང་སྟེང་དང་འོག་ཏུ་སྣ་ཚོགས་པདྨ་དང་ཉི་མའི་གདན་རྣམས་ལ་གཡས་སྐོར་གྱིས་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་བཅུའོ། །འདི་རྣམས་ཀྱི་གནས་
དང་སྐུ་མདོག་ལ་སོགས་པ་བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །ཡང་ན་འཇམ་པའི་རྡོ་རྗེ་སྲུང་བའི་འཁོར་ལོའི་རྩིབས་བཅུ་པ་བཞིན་ནོ། །ཡང་ན་ཀུན་དུ་ཁ་སྦྱོར་གྱི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་བཞིན་ནོ། །ཕྱོགས་འདི་གསུམ་ཀ་ལ་ཡང་ཨོཾ་ཨཱཿབིགྷྣཱཾ་ཏ་ཀྲྀཏ་
ཧཱུཾ་ཞེས་བྱ་བས་བགེགས་མཐར་བྱེད་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ།། །།བདེ་མཆོག་གི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་གནས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བའི་སྟེང་དུ་

ཉི་མ་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་མོ་གཡས་བརྐྱང་གི་ཞབས་གཉིས་ཀྱིས་མནན་པའི་བཅོམ་ལྡན་འདས་སྐུ་མདོག་ནག་པོ་ཤར་དང་བྱང་ལ་སོགས་པའི་ཞལ་བཞི་ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་སྟག་གི་པགས་པའི་ཤམ་
ཐབས་ཅན། ཕྱག་བཅུ་གཉིས་པ་རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། ཕྱག་གཉིས་ཀྱིས་རྒྱབ་ཏུ་གླང་པོ་ཆེ་དཀར་པོའི་པགས་པ་ཁྲག་དང་བཅས་པ་བརྒྱངས་ནས་འཛིན་པ། དེ་ལས་གཞན་པའི་གཡས་པའི་ཕྱག་རྣམས་ཀྱིས་ཌ་མ་རུ་དང་དགྲ་སྟ་དང་གྲི་གུག་དང་
རྩེ་གསུམ་འཛིན་པ། གཡོན་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་ཁྲག་གིས་གང་བའི་ཐོད་པ་དང་རྡོ་རྗེ་ཞགས་པ་དང་ཚངས་པའི་མགོ་བོ་རྣམས་སོ། །མི་མགོ་རློན་པ་ལྔ་བཅུའི་ཕྲེང་བ་མགུལ་དུ་འཕྱང་བ། ཕྱག་རྒྱ་དྲུག་དང་ལྡན་པའི་མིའི་རྒྱུ་མས་མཆོད་ཕྱིར་ཐོགས་བྱས་པ། དཔྲལ་བའི་སྟེང་
དུ་ཐོད་པ་ལྔ་དང་ལྡན་པ། ནོར་བུ་དང་གཡོན་ངོས་སུ་གནས་པའི་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་རྣམ་པར་འགྱུར་ཞིང་གདངས་པ། མཆེ་བ་གཙིགས་པའི་ཞལ་ཅན་གར་གྱི་ཉམས་དགུའི་ཚོགས་དང་ལྡན་པའོ། །རྡོ་རྗེ་ཕག་མོ་ནི་དམར་མོ་ཞལ་གཅིག་ཕྱག་
གཉིས་སྤྱན་གསུམ་པ་སྐྲའི་ཚོགས་གྲོལ་བ་གཅེར་བུ་ཐོད་པའི་དུམ་བུའི་སྐ་རགས་བཅིངས་པ་འཁྱུད་པའི་ཕྱག་གིས་བཟུང་བའི་ཐོད་པ་ཁྲག་གིས་བཀང་བ་འཛག་པའི་རྒྱུན་གཙོ་བོ་ལ་སྟོབ་པ། སྡིགས་མཛུབ་དང་བཅས་པ་རྡོ་རྗེ་སྟེང་དུ་འཕྱར་བའི་ཕྱག་གཡས་པས་གདུག་པ་རྣམས་ལ་སྡིགས་པར་
བྱེད་པ་ཁྲག་དང་བྲལ་བའི་མི་མགོ་སྐམ་པོའི་ཕྲེང་བ་ཅན་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན། ཕྱག་རྒྱ་ལྔ་དང་ལྡན་པ་ཅུང་ཟད་བཞད་པ་ཟླ་མཚན་འབབ་པ་དང་བཅས་པ་སྤུ་གྱེན་དུ་ལངས་པའོ། །དེ་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་ལ་གཡོན་སྐོར་གྱི་དང་། མེ་ལ་སོགས་པའི་ཕྱོགས་བྲལ་རྣམས་ལ་
གཡས་སྐོར་གྱིས་དགོད་དོ། །དེ་ལ་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་དང་། ལཱ་མཱ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ནི་ནག་མོ་དང་ལྗང་གུ་དང་དམར་མོ་དང་། སེར་མོའི་མདོག་ཅན་རྣམས་ཞལ་གཅིག་པ་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ་ཕྱག་བཞི་མ་གཡོན་པ་གཉིས་ཀྱིས་ཁ་ཊྲཱཾ་ག་

དང་ཐོད་པ་འཛིན་པ། གཡས་པ་དག་གིས་ཌ་མ་རུ་དང་གྲི་གུག་འཛིན་པ། གཡས་བརྐྱང་བས་གནས་པ་རྣམས་སོ། །མཚམས་ཀྱི་འདབ་མར་བྱང་ཆུབ་ཀྱི་སེམས་དང་ཁྲག་དང་བདུད་རྩི་ལྔ་དང་ཤ་ལྔ་རྣམས་གྲུབ་པའི་བཅུད་ལྟ་བུའི་བདུད་རྩིར་གྱུར་པས་གང་བའི་པདྨའི་སྣོད་རྣམས་སོ། །
ཡང་ན་བཞི་ཆར་ཡང་བདུད་རྩི་ལྔས་གང་བའོ། །དེ་ནས་ཐུགས་ཀྱི་འཁོར་ལོའི་ཤར་གྱི་རྩིབས་སུ་ཐོད་པའི་དམ་བུ་དང་རབ་ཏུ་གཏུམ་མོའོ། །བྱང་དུ་ཀེང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མའོ། །ནུབ་ཏུ་ཀེང་རུས་དང་འོད་ལྡན་མའོ། །ལྷོ་རུ་མཆེ་བ་རྣམ་པར་གཙིགས་པ་དང་སྣ་ཆེན་མའོ། །མེར་ཆང་
དགྲ་མ་དང་དཔའ་བོའི་བློ་གྲོས་མའོ། །སྲིན་པོར་འོད་དཔག་མེད་དང་མིའུ་ཐུང་མའོ། །རླུང་དུ་རྡོ་རྗེ་འོད་དང་ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་དུ་རྡོ་རྗེའི་ལུས་དང་ཤིང་གྲིབ་མའོ། །རིམ་པ་དེ་བཞིན་དུ་གསུང་གི་འཁོར་ལོ་ལ་མྱུ་གུ་ཅན་དང་ས་སྲུང་མའོ། །རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་
མོའོ། །དཔའ་བོ་ཆེན་པོ་དང་རླུང་གི་ཤུགས་ཅན་མའོ། །རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །རྡོ་རྗེ་བཟང་པོ་དང་ལྷ་མོ་སྔོ་བསངས་མའོ། །རྡོ་རྗེ་འོད་དང་ཤིན་ཏུ་བཟང་མོའོ། །འཇིགས་བྱེད་ཆེན་མོ་དང་རྟ་རྣ་མའོ། །མིག་མི་བཟང་དང་བྱ་གདོང་མའོ། །དེ་བཞིན་དུ་སྐུའི་འཁོར་ལོ་ལ་སྟོབས་པོ་ཆེ་
དང་འཁོར་ལོའི་ཤུགས་ཅན་མའོ། །རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །རྟ་མགྲིན་དང་ཆང་འཚོང་མའོ། །ནམ་མཁའི་སྙིང་པོ་དང་འཁོར་ལོའི་གོ་ཆ་འཛིན་པའོ། །དཔལ་ཧེ་རུ་ཀ་དང་ཤིན་ཏུ་བཟང་མོའོ། །པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མའོ། །རྣམ་པར་སྣང་མཛད་དང་འཁོར་ལོས་སྒྱུར་
མའོ། །རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །དེ་ལ་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་རྣམས་ཞལ་གཅིག་པ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན་དཔྲལ་བར་གནས་པའི་རྡོ་རྗེ་ཕྲེང་བས་མཚན་པའི་དཔའ་བོའི་དར་དཔྱངས་ཅན་ཕྱག་བཞི་པ་འཁྱུད་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་རྡོ་རྗེ་
དྲིལ་བུ་གཡོན་པས་ཁ་ཊྭཱཾ་ག་དང་གཡས་པ་ཌ་མ་རུ་བསྣམས་པ། ཚངས་པའི་སྐུད་པ་དང་དཔུང་རྒྱན་ཅན་མཆེ་བ་གཙིགས་པའི་ཞལ། ཕྱག་རྒྱ་ལྔ་དང་ལྡན་པ་གཡས་བརྐྱང་གིས་གནས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་ལྷ་མོ་རྣམས་ཞལ་གཅིག་པ་སྤྱན་གསུམ་པ་དྲག་པོའི་གཟུགས་ཅན་མ་

དབུ་སྐྲ་གྲོལ་བའི་གཅེར་བུ་མ། ཕྱག་གཉིས་པ་འཁྱུད་པའི་ཕྱག་གིས་ཐོད་པ་འཛིན་པ། གཡས་པ་གདུག་པ་རྣམས་བསྡིགས་པའི་གྲི་གུག་འཛིན་པའོ། །སྒོ་རྣམས་ལ་ཁྭ་གདོང་མ་དང་འུག་གདོང་མ་དང་ཁྱི་གདོང་མ་དང་ཕག་གདོང་མ་རྣམས་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ནོ། །ཁྱད་
པར་དུ་འདི་རྣམས་ཀྱི་ཞལ་ནི་མིང་གི་རྗེས་སུ་མཐུན་པའོ། །མཚམས་རྣམས་སུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་གཤིན་རྗེ་འཇོམས་མ་རྣམས་ནི་མིའི་ཞལ་ལོ། །གཡས་དང་གཡོན་གྱི་ཕྱོགས་ཀྱི་ལྷ་མོ་གཉིས་ཀྱི་གཡས་དང་གཡོན་གྱི་སྐུ་ཕྱེད་ཕྱེད་འདྲ་
བའོ། །བརྒྱད་པོ་འདི་རྣམས་ནི་རོའི་གདན་ཅན་ནོ། །ཌཱ་ཀི་མ་ལ་སོགས་པའི་ལྷ་མོ་རྣམས་ནི་མི་མགོའི་ཕྲེང་བ་ཅན་རྡོ་རྗེ་ཕྲེང་བས་དཔྲལ་བར་བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པ་སྐ་རགས་ལ་སྒྲ་དང་བཅས་པའི་གཡེར་ག་ལ་སོགས་པས་བརྒྱན་པའོ། །རིགས་ཀྱི་བདག་པོ་ནི་བཅོམ་ལྡན་འདས་ཀྱིས་མི་
བསྐྱོད་པའོ། །རྡོ་རྗེ་ཕག་མོའི་རྣམ་པར་སྣང་མཛད་དོ། །ཌཱ་ཀི་མ་ལ་སོགས་པའི་རིན་ཆེན་འབྱུང་ལྡན་དང་། ཐུགས་དང་གསུང་དང་སྐུའི་འཁོར་ལོར་གནས་པ་རྣམས་ནི་མི་བསྐྱོད་པ་དང་སྣང་བ་མཐའ་ཡས་དང་རྟག་པ་རྣམས་སོ། །དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ནི་དོན་ཡོད་གྲུབ་
པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། སྙིང་པོའོ། །ཨོཾ་ཁཎྜ་རོ་ཧེ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ནི་དུམ་སྐྱེས་མའི་སྔགས་ཏེ་ལས་ཐམས་ཅད་པའོ། །ལྷ་གཞན་རྣམས་ཀྱི་ནི་ཁོ་བོས་དཔལ་བདེ་མཆོག་གི་མངོན་པར་
རྟོགས་པའི་སྒྲུབ་ཐབས་སུ་བཤད་པའོ། །ཡང་དཀྱིལ་འཁོར་གྱི་དབང་ཕྱུག་ལ་སོགས་པ་ནས་གཤིན་རྗེ་འཇོམས་མའི་བར་ཐམས་ཅད་ནི་ཞལ་གཅིག་པ་ཕྱག་གཉིས་པ་དེ་ལ་དཔའ་བོ་ཉི་ཤུ་རྩ་ལྔས་འཁྱུད་པའི་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཌཱ་ཀི་མ་ལ་
སོགས་པ་བཞི་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ནི་གཡོན་པས་ཐོད་པ་དང་དཔུང་པ་ལ་བརྟེན་པའི་ཁ་ཊྭཱཾ་ག་དང་གཡས་པ་ཌཱ་མ་རུ་འཛིན་པ་གཞན་ཐམས་ཅད་ནི་གོང་བཞིན་ནོ། །ཡང་ན་འདིར་འཁོར་ལོའི་དབང་ཕྱུག་ལ་སོགས་པ་ཕྱག་གཉིས་པ་ཉིད་ཀྱིས་ཕྱོགས་ལ་དཔལ་བདེ་མཆོག་དང་རྡོ་རྗེ་

ཕག་མོ་གཉིས་ཀྱིས་གསེར་གྱི་མདོག་གམ་སྔོན་པོས་ཡང་སྟེ། བཅོམ་ལྡན་འདས་ནི་ཕྱག་གཡས་པས་རྡོ་རྗེ་གསོར་བ་ལ་མཆོག་ཏུ་བརྩོན་པ་གཡོན་པས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའམ། ཡང་ན་རྡོ་རྗེ་དང་དྲིལ་བུའི་ཕྱག་གཉིས་ཀྱིས་འཁྱུད་པས་གནས་པའོ། །ཌཱ་ཀི་མ་ལ་
སོགས་པ་བཞི་ནི་སེར་མོ་གཡས་པ་ཌཱ་མ་རུ་འཛིན་པ་རྣམས་སོ། །ཐུགས་ཀྱི་འཁོར་ལོའི་དཔའ་བོ་རྣམས་ནག་པོ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པ་དཔའ་མོ་རྣམས་དཀར་མོ་ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཅན་རྣམས་སོ། །གསུང་གི་འཁོར་ལོའི་དཔའ་བོ་རྣམས་ནི་དམར་པོ་པདྨ་དང་
པདྨའི་དྲིལ་བུ་འཛིན་པའོ། །ཌཱ་ཀི་མ་རྣམས་ནི་ནག་མོ་ཕྱག་གཡས་པ་ན་པདྨ་དང་བཅས་པའི་སྡིགས་མཛུབ་མཛད་པའོ། །སྐུའི་འཁོར་ལོའི་དཔའ་བོ་རྣམས་ནི་དཀར་པོ་འཁོར་ལོ་དང་འཁོར་ལོའི་དྲིལ་བུ་འཛིན་པའོ། །ལྷ་མོ་རྣམས་ནི་དམར་མོ་གཡས་པས་སྡིགས་མཛུབ་དང་བཅས་པའི་འཁོར་
ལོ་འཛིན་པ་རྣམས་སོ། །དཔའ་བོ་ཐམས་ཅད་ནི་ཡུམ་ལ་འཁྱུད་པར་བརྩོན་པ་གཡས་བརྐྱང་གིས་བཞུགས་པ་རྣམས་སོ། །དཔའ་མོ་རྣམས་ནི་དེའི་བརླ་གཉིས་ལ་འཁྲིལ་བའི་ཚུལ་ལོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ནི་གཡས་སྡིགས་མཛུབ་དང་བཅས་པའི་གྲི་གུག་འཛིན་པའོ། །ལྷ་མོ་ཐམས་
ཅད་ནི་གཡོན་པས་ཐོད་པ་འཛིན་པའོ། །གཤིན་རྗེ་བརྟན་མ་ལ་སོགས་པ་ནི་གཡས་པས་ཌཱ་མ་རུ་གཡོན་པས་སྡིགས་མཛུབ་དང་བཅས་པའི་མི་མགོ་འཛིན་པའོ། །ཌཱ་ཀི་མ་ལ་སོགས་པ་རྣམས་དང་ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་གཡོན་པའི་དཔུང་པ་ལ་ཁ་ཊྭཱཾ་གའོ། །བཅུ་གཉིས་པོ་འདི་
རྣམས་ནི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་ཁྱད་པར་གཞན་ཐམས་ཅད་ནི་གོང་བཞིན་ནོ། །འདི་ནི་བདེ་མཆོག་གི་དཀྱིལ་འཁོར་རྣམ་པ་གསུམ་མོ།། །།གང་གི་ཚེ་འདི་རྣམས་ལ་དཔའ་བོ་ཉི་ཤུ་རྩ་ལྔ་མི་བསྒོམ་པར་རྡོ་རྗེ་ཕག་མོ་དཀྱིལ་འཁོར་གྱི་གཙོ་བོར་གྱུར་པ་དེའི་ཚེ་རྡོ་རྗེ་ཕག་མོའི་དཀྱིལ་འཁོར་
གསུམ་མོ། །རྡོ་རྗེ་ཕག་མོའི་སྙིང་གའི་ས་བོན་ནི་བཾ་མོ། །ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ནི་སྙིང་པོའོ། །བདེ་མཆོག་གི་ཕྱག་གཉིས་པ་ལ་སོགས་པ་ལྷ་འདི་རྣམས་ཀྱི་ཕྱག་གཡས་སུ་གནས་པའི་ཕྱག་མཚན་ནི་བྲི་བྱའི་དཀྱིལ་འཁོར་ལ་བྲི་བར་བྱའོ།། །།བཅོམ་ལྡན་འདས་སངས་རྒྱས་ཐོད་

པ་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཅན་གྱི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་ནང་དུ་འཁོར་ལོ་རྩིབས་བརྒྱད་པ་ནག་པོ་ལ་གནས་པའི་སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ཟེ་འབྲུར་རོ། །གན་རྐྱལ་གྱི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་བཅོམ་ལྡན་
འདས་དཔལ་ཧེ་རུ་ཀ་སྐུ་མདོག་ནག་པོ་སྐྱིལ་ཀྲུང་ཕྱེད་པ་གར་གྱི་ཉམས་དགུས་གར་བྱེད་པ་ཞལ་གཅིག་པ་ཕྱག་བཞི་པ་སྤྱན་གསུམ་དམར་ལ་ཟླུམ་པ་གཡས་ཀྱི་ཕྱག་གཉིས་ན་ཌཱ་མ་རུ་དང་གྲི་གུག་གཡོན་གྱི་ཕྱག་གཉིས་ན་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པའོ། །ཕྱག་རྒྱ་དྲུག་པ་མི་མགོ་རློན་པ་ལྔ་བཅུའི་
ཕྲེང་བ་མགྲིན་པ་ལ་འཕྱང་བ། གཉིས་འཐུང་གི་པགས་པའི་ཤམ་ཐབས་ཅུང་ཟད་རྒྱབ་ན་ཉིལ་བ་སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པས་མཚན་པའི་རལ་པའི་ཐོར་ཅོག་ནག་པོ་ཅན་དཔྲལ་བའི་སྟེང་དུ་ཐོད་པ་ལྔས་བརྒྱན་པ་སངས་རྒྱས་ལྔའི་དབུ་རྒྱན་ཅན་ནོ། །མངའ་བདག་འདིའི་བཙུན་མོ་ནི་སྣ་
ཚོགས་སྡེ་མ་གཅེར་བུ་མི་མགོའི་ཕྲེང་བ་ཅན་སྐྲ་སིལ་བུར་འགྲོ་ཞིང་གྱེན་དུ་འབར་བ་ཐོད་པ་ལྔས་དབུ་བརྒྱན་པ། མཆེ་བ་ཅུང་ཟད་གཙིགས་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། ཡབ་ཀྱི་མགྲིན་པ་ལ་ཆགས་པའི་ཕྱག་གཡོན་པས་ཐོད་པ་ཁྲག་གི་རྒྱུན་འཛག་པ་
ཡབ་ལ་སྟོབ་པ། གཡས་ཀྱི་ཕྱག་གིས་གྲི་གུག་བརྡེག་པའི་ཚུལ་ལོ། །ཤར་གྱི་རྩིབས་ནག་པོའི་སྟེང་གི་འདབ་མ་ལ་ལེགས་ཕྲེང་ཅན་མའོ། །བྱང་དུ་ཐོད་པ་ཅན་མའོ། །ནུབ་ཏུ་འཇིགས་ཅན་མའོ། །ལྷོར་མི་ཐུབ་མའོ། །དབང་ལྡན་ལ་སོགས་པའི་འདབ་མ་རྣམས་ལ་གཡས་
སྐོར་གྱིས་བྱང་སེམས་དཀར་བ་དང་དམར་བ་དང་བདུད་རྩི་ལྔ་དང་སྒྲོན་མེ་ལྔས་གང་བའི་ཐོད་པ་རྣམས་སོ། །རིམ་པ་དང་པོ་འདི་ནི་རྡོ་རྗེ་ཕྲེང་བ་སྔོན་པོས་བསྐོར་བའོ། །དེ་ནས་རིམ་པ་གཉིས་པ་ནི་རྩིབས་བརྒྱད་དམར་པོ་ལ་གནས་པའི་པདྨ་བརྒྱད་ཀྱི་ཕྱི་རིམ་རྡོ་རྗེ་དམར་པོའི་ཕྲེང་བས་བསྐོར་
བའོ། །དེའི་ཤར་གྱི་རྩིབས་ལ་དགེ་བའི་སྐ་རགས་མའོ། །བྱང་དུ་ནི་གཟུགས་ཅན་མའོ། །ནུབ་ཏུ་རྣམ་རྒྱལ་མའོ། །ལྷོར་འདོད་ཅན་མའོ། །དབང་ལྡན་དུ་དུས་ཅན་མའོ། །མེར་ནི་མཚོ་ཆེན་མའོ། །བདེན་བྲལ་དུ་བྱེད་མའོ། །རླུང་དུ་གསོད་མའོ། །དེ་ནས་རིམ་པ་གསུམ་པ་

ལ་ནི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་ལ་གནས་པའི་པདྨ་བརྒྱད་དེ་རྡོ་རྗེ་དཀར་པོའི་ཕྲེང་བས་བསྐོར་བའོ། །དེའི་ཤར་གྱི་རྩིབས་ལ་སྒྲོལ་མའོ། །བྱང་དུ་འཇིགས་མཐོང་མའོ། །ནུབ་ཏུ་ལེགས་མཐོང་མའོ། །ལྷོར་ཐུབ་དཀའ་མའོ། །དབང་ལྡན་དུ་དགེ་
མའོ། །མེར་གྲིབ་ནོན་མའོ། །བདེན་བྲལ་དུ་དུས་མཚན་མའོ། །རླུང་དུ་གྲགས་ཆེན་མའོ། །ཤར་གྱི་སྒོའི་པདྨ་ལ་མཛེས་མའོ། །བྱང་གི་སྒོའི་པདྨ་ལ་ནོར་འཛིན་མའོ། །ནུབ་སྒོའི་པདྨ་ལ་སྐལ་བཟངས་མའོ། །ལྷོ་སྒོའི་པདྨ་ལ་མཐོང་ན་ཡིད་འོང་མའོ། །འདི་རྣམས་ཐམས་ཅད་གཡས་
གཡོན་གྱི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་སོ་ཅུང་ཟད་སྟོན་པ་ཞལ་གཅིག་མ་སྤྱན་གསུམ་མ་རུས་པའི་རྒྱན་གྱིས་བརྒྱན་པ་མི་མགོའི་ཕྲེང་བ་དང་བྲལ་བ། དབུ་སྐྲ་སིལ་བུ་དམར་སེར་གྱི་ཚོགས་གྱེན་དུ་བརྫེས་པ་བྱང་སེམས་འཛག་པ་ཉི་མའི་གདན་ལ་སྐྱིལ་ཀྲུང་ཕྱེད་པའི་གར་གྱི་ཚུལ་
གྱིས་གནས་པ་རྣམས་སོ། །སྒོ་སྐྱོང་མ་རྣམས་ནི་གཡས་བསྐུམ་གཡོན་བརྐྱང་བའོ། །ཐམས་ཅད་ཀྱང་སྟག་གི་པགས་པ་གྱོན་མ་སྐུ་མདོག་སྔོན་མོའོ། །ཡང་ན་ལེགས་ཕྲེང་ཅན་མ་ལ་སོགས་པ་བཞི་ནག་མོའོ། །རིམ་པ་གཉིས་མ་ལ་གནས་པ་རྣམས་དཀར་སེར་རོ། །རིམ་པ་གསུམ་
པ་ལ་གནས་པ་རྣམས་ལྗང་གུ་མའོ། །སྒོའི་ལྷ་མོ་རྣམས་ནག་མོའོ། །བཅོམ་ལྡན་འདས་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པའོ། །སྣ་ཚོགས་སྡེ་མ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །ལེགས་ཕྲེང་ཅན་མ་ལ་སོགས་པ་བཞི་ནི་རིན་འབྱུང་གིས་སོ། །རིམ་པ་
གཉིས་པ་ལ་གནས་པ་རྣམས་ནི་སྣང་བ་མཐའ་ཡས་ཀྱིས་སོ། །རིམ་པ་གསུམ་པ་ལ་གནས་པ་རྣམས་ནི་རྣམ་པར་སྣང་མཛད་ཀྱིས་སོ། །སྒོའི་ལྷ་མོ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །བཅོམ་ལྡན་འདས་ཀྱི་སྙིང་གའི་ས་བོན་ནི་ཧཱུཾ་ངོ་། །ཨོཾ་བུདྡྷ་ཀ་པཱ་ལི་ནཱི་ཨཱཿཧཱི་ཧེཿཧཱུཾ་ཕཊ་སྙིང་པོའོ། །སྔགས་
འདི་ཉིད་ཀྱིས་དཀྱིལ་འཁོར་འདིའི་ལས་ཐམས་ཅད་པའོ།། །།དཔལ་རྣལ་འབྱོར་ནམ་མཁའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་གྱི་སྟེང་དུ་རྒྱ་མཚོ་ཆེན་པོ་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་རྒྱ་གྲམ་གྱི་ལྟེ་བ་ལ་

གནས་པའི་གཞལ་ཡས་ཁང་གི་དཀྱིལ་དུ་དབུས་ཀྱི་རིམ་པའི་ལྟེ་བར་སེང་གེའི་སྟེང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པའི་བཅོམ་ལྡན་འདས་དཔལ་རྣལ་འབྱོར་ནམ་མཁའ་ནག་པོ་རྩ་བ་དང་གཡས་གཡོན་གྱི་ཞལ་གསུམ་ནག་པོ་དང་དཀར་པོ་དང་དམར་པོ་
ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་ཕྱག་རྒྱ་དྲུག་དང་ལྡན་པ་དཔྲལ་བར་གནས་པའི་ཐོད་པ་ལྔའི་ཕྲེང་བ་དང་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པའི་རལ་པ་ནག་པོའི་ཅོད་པན་ཅན། དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་དབུ་རྒྱན་ཅན་སྟག་གི་པགས་པའི་ཤམ་ཐབས་རྒྱབ་ཏུ་
ཅུང་ཟད་ཉིལ་བ། ཕྱག་དྲུག་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་ཡེ་ཤེས་ཀྱི་ཌཱ་ཀི་མ་ནག་མོའམ་དཀར་མོ་ལ་འཁྱུད་པ། ལག་པ་གཡས་པ་གཉིས་ཀྱིས་ནུ་མ་དང་མདའ་འཛིན་པ་གཡོན་པ་གཉིས་ཀྱིས་པད་སྣོད་དང་གཞུ་འཛིན་པའོ། །དེ་ནས་ཤར་གྱི་རེ་མིག་ལ་གླང་པོ་ཆེའི་
རྒྱལ་པོ་ལ་འགྱིང་བའི་ཚུལ་གྱིས་གནས་པའི་རྡོ་རྗེ་ཌཱ་ཀི་མ་དཀར་མོ། བྱང་དུ་རྨ་བྱ་ལ་སྐྱིལ་ཀྲུང་ཕྱེད་པས་གནས་པའི་འཇིགས་བྱེད་ཌཱ་ཀི་མ་སེར་མོ་སྦྲུལ་གྱིས་བརྒྱན་པ། ནུབ་ཏུ་བྱ་ཁྱུང་ལ་ཙོག་པུར་གནས་པའི་རོ་ལངས་མ་དམར་མོ། ལྷོར་ཁོལ་པོའི་གདན་ལ་བྱིན་པའི་སྐྱིལ་ཀྲུང་གིས་གནས་པའི་གཏུམ་
མོ་སྔོན་མོ་དབུ་སྐྲ་དམར་པོ་འགྲམ་པར་གྲོལ་ཞིང་སྤྱི་བོར་ཐལ་མོ་སྦྱོར་བའོ། །འདིར་ཡེ་ཤེས་ཀྱི་ཌཱ་ཀི་མ་ལ་སོགས་པ་ལྔ་ནི་གཡས་དང་གཡོན་གྱི་ཕྱག་གཉིས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་རྣམས་ནི་གླང་པོ་ཆེ་ལ་སོགས་པ་ལ་གནས་པའི་པདྨ་དང་ཉི་མ་ལ་གནས་
པ་གླང་པོ་ཆེའི་པགས་པ་སྨད་ལ་གོན་པ་མིའི་པགས་པ་སྟོད་ལ་གོན་པའོ། །དབང་ལྡན་དུ་སེང་གེ་ལ་འགྱིང་བའི་ཚུལ་གྱིས་གནས་པའི་སེང་གེ་མ་དཀར་སེར་ཕྱག་གཉིས་མ་གཡས་པས་སྟེང་དུ་འཕྱར་བའི་ཁ་ཊྭཱཾ་ག་འཛིན་པ། གཡོན་པས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །མེར་
རྡོ་རྗེ་ཕག་མཆུ་མ་ཟླུམ་པོའི་ཚུལ་གྱིས་བཞུགས་པའི་སྟག་མོ་ཁ་དོག་དཀར་ནག་མོ་ཕྱག་གཉིས་མ་གཡས་པ་དང་ཅིག་ཤོས་ཀྱིས་ལྕགས་ཀྱུ་དང་ཞགས་པ་འཛིན་པའོ། །བདེན་བྲལ་དུ་མ་ཧེ་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཅེ་སྤྱང་མ་ཅེ་སྤྱང་གི་གདོང་ཅན་སྐུ་མདོག་དམར་ནག་དགྲ་སྟ་དང་ཞགས་

པ་འཛིན་པའི་ཕྱག་གཉིས་སོ། །རླུང་དུ་ཅེ་སྤྱང་གི་གདན་ལ་ཙོག་པུར་བཞུགས་པའི་འུག་པ་མ་འུག་པའི་གདོང་ཅན་དམར་སེར་མོ་ཕྱག་གཉིས་ཀྱིས་དབྱུག་པ་དང་ཞགས་པ་འཛིན་པའོ། །འདི་རྣམས་ནི་རང་རང་གི་ཆིབས་རྣམས་ལ་པདྨ་དང་ཉི་མར་གནས་པའོ། །ཤར་དུ་རྡོ་རྗེ་
ཌཱ་ཀི་མའི་རྒྱབ་ཏུ་ཌཱ་ཀི་མ་དཀར་མོ་ཕྱག་གཉིས་རྩེ་མོ་ཁར་བཅུག་པའོ། །བྱང་དུ་འཇིགས་བྱེད་ཌཱ་ཀི་མའི་རྒྱབ་ཏུ་མར་མེ་མ་སེར་མོ་སྤྱི་བོར་མར་མེ་ལྟ་བུར་ཐལ་མོ་སྦྱར་བ་དང་བཅས་པའོ། །ནུབ་ཏུ་རོ་ལངས་མའི་རྒྱབ་ཏུ་འཇིགས་བྱེད་མ་དམར་མོ་སྙིམ་པ་ཁྲག་གིས་བཀང་བ་ཞལ་དུ་གསོལ་བའོ། །ལྷོར་གཏུམ་
མོའི་རྒྱབ་ཏུ་ཀམྤོ་ཛི་ནག་མོ། ཕྱག་གཉིས་ཀྱིས་ཐུགས་ཀར་གཏུན་ཤིང་འཕྱར་བའོ། །བཞི་པོ་འདི་རྣམས་པདྨ་དང་ཉི་མ་དང་རོ་ལ་གནས་པའོ། །དེ་ནས་རྡོ་རྗེ་ཕྲེང་བ་དང་འོད་ཟེར་གྱི་ཟླུམ་པོའི་རིམ་པ་བསྐོར་བ་ལ་པདྨ་དང་ཟླ་བ་རྣམས་ལ་ཤར་ཕྱོགས་སུ་པུཀྐ་སཱི་དང་ཌཱི་མི་ཌཱི་དང་གཏུམ་མོ་རྣམས་ཕྱག་གཉིས་
ཀྱིས་བདུད་རྩིའི་སྣོད་འཛིན་པའོ། །བྱང་དུ་འཇིགས་བྱེད་མ་དང་གྲགས་མ་དང་ཤ་མ་རྣམས་ནི་ཤ་ལྔས་བཀང་བའི་པདྨའི་སྣོད་འཛིན་པའོ། །ནུབ་ཏུ་དྲག་ཤུལ་མ་དང་འབར་མ་དང་མི་སྡུག་མ་རྣམས་གཏོར་མའི་སྣོད་འཛིན་པའོ། །ལྷོར་ཐོད་པ་མ་དང་རྡོ་རྗེ་མ་དང་བུམ་པ་མ་རྣམས་བཏུང་བའི་སྣོད་འཛིན་པའོ། །
དབང་ལྡན་དུ་སྒེག་མོ་སྙེམས་པའི་ཕྱག་རྒྱ་ཅན་དང་དྲི་ཆབ་མ་དྲིའི་སྣོད་འཛིན་པའོ། །མེའི་མཚམས་སུ་པི་ཝང་མ་པི་ཝང་བསྒྲེང་བ་དང་མེ་ཏོག་མ་མེ་ཏོག་འཐོར་བའོ། །བདེན་བྲལ་དུ་གླུ་མ་ཁའི་ཐད་ཀར་མཛུབ་མོ་གཡོ་བ་དང་། བདུག་སྤོས་མ་སྤོས་དང་བཅས་པའི་སྤོས་ཕོར་འཛིན་པའོ། །རླུང་དུ་གར་མ་
གར་གྱི་ཚུལ་གྱིས་སྟེང་དུ་ཐལ་མོ་སྦྱར་བ་དང་། མར་མེ་མ་མར་མེ་དང་བཅས་པའི་མར་མེའི་སྣོད་འཛིན་པའོ། །ཡེ་ཤེས་ཌཱ་ཀི་མ་ལ་སོགས་པའི་ལྷ་མོ་སུམ་ཅུ་རྩ་གསུམ་པོ་འདི་དག་ནི་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། དབུ་ལ་ཐོད་པ་ལྔའི་ཕྲེང་བ་ཅན་ནོ། །འཇིགས་བྱེད་ཌཱ་ཀི་
མ་ནི་དབུ་སྐྲ་གྱེན་ལ་བརྫེས་པ། སེང་གེ་མ་ལ་སོགས་པ་ནི་གོས་དམར་པོ་གྱོན་པའོ། །པུཀྐ་སཱི་ལ་སོགས་པ་དང་མེའི་མཚམས་ཀྱི་ལྷ་མོ་རྣམས་དཀར་མོའོ། །འཇིགས་བྱེད་ཌཱ་ཀི་མ་ལ་སོགས་པ་དང་དབང་ལྡན་གྱི་ལྷ་མོ་དག་སེར་མོའོ། །དྲག་ཤུལ་མ་ལ་སོགས་པ་དང་རླུང་མཚམས་ཀྱི་ལྷ་མོ་དག་

དམར་མོའོ། །ཐོད་པ་མ་ལ་སོགས་པ་དང་བདེན་བྲལ་གྱི་ལྷ་མོ་དག་ནག་མོའོ། །དེ་ནས་རྡོ་རྗེ་ཕྲེང་བ་ཟླུམ་པོའི་ཕྱི་རོལ་གྱི་རིམ་པའི་སྒོ་རྣམས་དང་སྣམ་བུ་རྣམས་ལ་ཆུ་སྐྱེས་དང་ཟླ་བའི་གདན་རྣམས་སོ། །དེ་ལ་ཤར་སྒོར་ཁྱབ་འཇུག་ནག་པོ་དང་། བྱང་དུ་ཚངས་པ་སེར་པོ་དང་། ནུབ་ཏུ་དབང་ཕྱུག་ཆེན་
པོ་དཀར་པོ་དང་། ལྷོར་གདོང་དྲུག་དམར་པོ་དང་། དབང་ལྡན་དུ་དབང་པོ་སེར་པོ་དང་། མེར་ལུས་ངན་སེར་པོ་དང་། སྲིན་པོར་གཤིན་རྗེ་ནག་པོ་དང་། རླུང་དུ་ཆུ་ལྷ་དཀར་པོའོ། །ལྷའི་སྣམ་བུ་ལ་ཤར་དུ་ཀེང་རུས་འཇིགས་བྱེད་དང་ཁ་ཊྭཱཾ་གའི་སྲིན་པོ་དང་ཚོགས་ཀྱི་དབང་ཕྱུག་དང་། དྲིལ་བུའི་རྣ་བ་
ཅན་རྣམས་དཀར་པོའོ། །བྱང་དུ་གཏུམ་མོའི་དབང་ཕྱུག་དང་མདུན་སའི་ལྷ་དང་རིགས་ཀྱི་དབང་ཕྱུག་དང་། ཛྷཾ་གར་འཇིགས་སུ་རུང་བ་རྣམས་སེར་པོའོ། །ནུབ་ཏུ་དྲག་པོའི་འདོད་པ་དང་ཥ་ཎ་ཌི་ལའི་དབང་ཕྱུག་དང་ཌ་མ་རུའི་འདུལ་བྱེད་དང་རྔ་སྒྲས་འཇིགས་བྱེད་རྣམས་དམར་པོའོ། །ལྷོ་རུ་ཏུམ་
བུ་རའི་དབང་ཕྱུག་དང་སྠཱ་ར་ན་དང་། མཆེ་བ་གཙིགས་པ་དང་གཞུ་འཛིན་པ་རྣམས་ནི་ནག་པོའོ། །ཁྱབ་འཇུག་ལ་སོགས་པ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་ཞལ་གཅིག་ཕྱག་བཞི་པ་སྤྱན་གསུམ་པ། ཕྱག་གཡས་པ་གཉིས་ཀྱིས་ཁ་ཊྭཱཾ་ག་དང་རྩེ་གསུམ་པ་འཛིན་པའོ། །གཡོན་པ་གཉིས་ཀྱིས་ལྷ་
མོ་ལ་འཁྱུད་པ་དང་ཐོད་པ་འཛིན་པའོ། །རལ་པ་ནག་པོའི་ཐོར་གཙུག་ཅན་རྣམས་ཐོད་པ་ལྔའི་ཕྲེང་བས་དབུ་ལ་བརྒྱན་པ་ཕྱག་རྒྱ་ལྔ་དང་ལྡན་པ། སྟག་གི་པགས་པའི་ཤམ་ཐབས་ཅན་ནོ། །འདི་རྣམས་ཀྱི་ཡུམ་ལྷ་མོ་རྣམས་ཀྱང་ཕྱག་གཡས་པ་དང་ཅིག་ཤོས་ཀྱིས་ཁ་ཊྭཱཾ་ག་དང་ཐོད་པ་འཛིན་
པའོ། །འདིར་དཔལ་རྣལ་འབྱོར་ནམ་མཁའ་ལ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་ལྔས་རྒྱས་བཏབ་པའོ། །ཡེ་ཤེས་ཀྱི་མཁའ་འགྲོ་མ་ལ་མི་བསྐྱོད་པའམ། རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་རྒྱས་བཏབ་པའོ། །རྡོ་རྗེ་ཌཱ་ཀི་མ་ལ་སོགས་པ་བཞི་ལ་རྟག་
པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་སོ། །སེང་གེ་མ་ལ་སོགས་པ་བཞི་ནི་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་རྣམས་ཀྱིས་སོ། །ཚངས་པ་ལ་རྣམ་པར་སྣང་མཛད་ཀྱིས་

སོ། །དབང་ཕྱུག་ཆེན་པོ་ལ་སྣང་བ་མཐའ་ཡས་ཀྱིས་སོ། །ལྷ་གཞན་དཀར་པོ་རྣམས་ལ་རྣམ་པར་སྣང་མཛད་ཀྱིས་སོ། །སེར་པོ་རྣམས་ཀྱི་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །དམར་པོ་རྣམས་ལ་སྣང་བ་མཐའ་ཡས་ཀྱིས་སོ། །ནག་པོ་རྣམས་ལ་མི་བསྐྱོད་
པའོ། །དཀྱིལ་འཁོར་གྱི་དབང་ཕྱུག་གི་སྙིང་གའི་ས་བོན་ཧཱུཾ་ངོ་། །ཨོཾ་ཧཱུཾ་ཧཿསྭཱ་ཧཱ། ཞེས་པ་ནི་སྙིང་པོའི་སྔགས་སོ། །ཨོཾ་གྷུཾ་གྷཿསྭཱ་ཧཱ། རོ་ལངས་མའི་ལས་ཐམས་ཅད་པའི་སྔགས་སོ་ཞེས་བྱ་བ་ནི། རིམ་པ་གསུམ་གྱི་དཀྱིལ་འཁོར་རོ། །དབུས་ཀྱི་དཀྱིལ་འཁོར་གཞལ་ཡས་ཁང་ལྟ་བུ་ལ་
ཌཱ་ཀི་མ་ལ་སོགས་པ་བཞི་པོ་རྣམས་ནི་སྒོ་རྣམས་སུའོ་ཞེས་པ་གཞན་ནོ། །རིམ་པ་གཉིས་པ་ཡང་གཞལ་ཡས་ཁང་གི་དབྱིབས་སོ་ཞེས་པ་ནི་གཞན་ནོ། །དེ་ཡང་ཟླུམ་པོའོ་ཞེས་བྱ་བ་ནི་ཁ་ཅིག་གོ།། །།བཅོམ་ལྡན་འདས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་དབུས་སུ་ཆོས་འབྱུང་གི་ལྟེ་
བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་མཚོ་སྐྱེས་དང་ཉི་མའི་སྟེང་དུ་གནས་པའི་མ་ཧེ་ནག་པོ་ཁྲོས་པ་རུས་པའི་རྒྱན་གྱིས་བརྒྱན་པའི་རྒྱབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་གཤིན་རྗེའི་གདན་ལ་གཡས་བསྐུམ་པ་གཡོན་བརྐྱང་པས་མནན་ནས་བཞུགས་པའི་གཤིན་རྗེ་གཤེད་
ནག་པོ་སྨིན་མ་དང་ཨག་ཚོམ་གྱེན་དུ་ལངས་ཤིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྐུ་བོང་ཐུང་ཞིང་གསུས་པ་འཕྱང་བ་དྲེགས་པ་མི་མགོའི་ཕྲེང་བ་མགུལ་པར་འཕྱང་བ། ལྗགས་འགྱུ་བ་མཆེ་བ་འབར་བ་གཙིགས་པ། རྩ་བ་དང་གཡས་དང་གཡོན་གྱི་ཞལ་ནག་པོ་དང་
དཀར་པོ་དང་དམར་པོ། ཕྱག་དྲུག་པ་གྲི་གུག་ཐོད་པར་ལྡན་པའི་གཡས་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་པ། གཡས་པ་གཉིས་ཀྱིས་རྡོ་རྗེ་དང་རལ་གྲི། གཡོན་པ་གཉིས་ན་འཁོར་ལོ་དང་པདྨ་འཛིན་པའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་བཞིན་དུ་
མཐའ་ཡས་ལ་སོགས་པའི་ཀླུས་བརྒྱན་པའོ། །འདིའི་ཤར་དུ་རྣམ་པར་སྣང་མཛད་དཀར་པོ་སྟེ། རྩ་བ་དང་གཡས་དང་ཅིག་ཤོས་ཀྱི་ཞལ་དཀར་པོ་དང་ནག་པོ་དང་དམར་པོ་ཕྱག་གཡས་གཉིས་ན་འཁོར་ལོ་དང་རལ་གྲིའོ། །གཡོན་གྱི་ཕྱག་གཉིས་ན་རིན་པོ་ཆེ་དང་པདྨ་འཛིན་པའོ། །ལྷོ་ཕྱོགས་

སུ་རིན་ཆེན་འབྱུང་ལྡན་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གསུམ་སེར་པོ་དང་སྔོན་པོ་དང་། དཀར་པོ་གཡས་ཀྱི་ཕྱག་དག་ན་རིན་པོ་ཆེ་དང་རལ་གྲིའོ། །གཡོན་པ་དག་ན་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་ཞལ་གསུམ་དམར་པོ་དང་ནག་པོ་དང་དཀར་པོའོ། །
གཡས་པ་དག་ན་པདྨ་དང་རལ་གྲིའོ། །གཡོན་པ་དག་ན་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་ཕྱོགས་སུ་ཕྲག་དོག་གཤིན་རྗེ་གཤེད་ལྗང་གུ་ཞལ་གསུམ་ལྗང་གུ་དང་ནག་པོ་དང་། དཀར་པོ་གཡས་པ་དག་ན་འཁོར་ལོ་དང་རལ་གྲི། གཡོན་པ་དག་ན་ནོར་བུ་དང་པདྨ་འཛིན་པའོ། །བཞི་ཆར་ཡང་
ཁྲོ་བོ་འཁོར་ལོའི་བདག་པོའི་མཚན་ཉིད་ཅན་གཡས་པ་དང་ཅིག་ཤོས་ཀྱི་རྩ་བའི་ཕྱག་དག་གིས་གྲི་གུག་དང་ཐོད་པ་འཛིན་ཅིང་རང་དང་འདྲ་བའི་ཡུམ་ལ་འཁྱུད་པའོ། །མེའི་མཚམས་སུ་རྡོ་རྗེ་ཙརྩི་ཀ་མ་ནི་སྐེམ་ཞིང་། གཟུགས་དང་ཕྱག་མཚན་རྣམས་ནི་གཏི་མུག་གཤིན་རྗེ་གཤེད་ལྟ་བུའོ། །བདེན་
བྲལ་དུ་རྡོ་རྗེ་ཕག་མོ་ཕག་ཞལ་ཅན་མ་ཞེ་སྡང་གཤིན་རྗེ་གཤེད་ལྟ་བུའོ། །རླུང་དུ་རྡོ་རྗེ་དབྱངས་ཅན་མ་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །དབང་ལྡན་དུ་དཀར་པོ་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུའོ། །འདིར་རྣམ་པར་སྣང་མཛད་ལ་སོགས་པ་ནི་སྣ་ཚོགས་རྡོ་རྗེའི་རའི་རྩ་བ་རྣམས་སུའོ། །
རྡོ་རྗེའི་ར་མཚམས་རྣམས་སུ་རྡོ་རྗེ་ཙ་རྩི་ཀ་ལ་སོགས་པ་བཞི་ནི་རང་འོད་དང་འདྲ་བའི་ཐབས་དང་བཅས་པའོ། །ཤར་སྒོར་ཐོ་བ་གཤིན་རྗེ་གཤེད་ནག་པོ་ཞལ་གསུམ་ནི་ནག་པོ་དང་དཀར་པོ་དང་དམར་པོའོ། །གཡས་དག་གིས་རྡོ་རྗེ་ཐོ་བ་དང་རལ་གྲི། གཡོན་དག་གིས་ནོར་བུ་དང་པདྨ་
འཛིན་པའོ། །ལྷོ་སྒོར་དབྱུག་པ་གཤིན་རྗེ་གཤེད་དཀར་པོ་ཞལ་གསུམ་དཀར་པོ་དང་སྔོན་པོ་དང་དམར་པོའོ། །གཡས་པ་དག་གིས་དབྱུག་པ་དང་རལ་གྲི། གཡོན་པ་དག་གིས་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་སྒོར་པདྨ་གཤིན་རྗེ་གཤེད་འདོད་ཆགས་གཤིན་རྗེ་གཤེད་ལྟ་བུའོ། །བྱང་
སྒོར་རལ་གྲི་གཤིན་རྗེ་གཤེད་ཕྲག་དོག་གཤིན་རྗེ་གཤེད་ལྟ་བུ་ལ་ཅུང་ཟད་སྔོ་བའོ། །ཐམས་ཅད་ཀྱང་མ་རུངས་པ་འཇིགས་པ་གད་རྒྱངས་ཅན་དབུ་སྐྲ་དམར་སེར་འབར་བ་གྱེན་ལ་བརྫེས་ཤིང་མཆེ་བ་གཙིགས་པའི་ཞལ་ཅན་རྩ་བའི་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་ཅིང་རང་འོད་ཀྱི་

ཤེས་རབ་མ་ལ་འཁྱུད་པའོ། །འདིར་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའོ། །ལྷ་གཞན་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མར་གནས་པའོ། །དཀྱིལ་འཁོར་གྱི་མེ་ལ་སོགས་པའི་མཚམས་བཞིར་སྣ་ཚོགས་པདྨ་ལ་གནས་པའི་
ཐོད་པ་བཞི་ནི་བྱང་སེམས་དཀར་བ་དང་དམར་བ་དང་བདུད་རྩི་ལྔ་དང་སྒྲོན་མ་ལྔས་བཀང་བའོ། །གཤིན་རྗེ་གཤེད་ནག་པོའི་རིགས་ཀྱི་བདག་པོ་ནི་སྤྱི་བོར་མི་བསྐྱོད་པའི་བདག་ཉིད་དོ། །རྣམ་པར་སྣང་མཛད་ལ་སོགས་པ་བཞི་ཡང་དེ་བཞིན་ནོ། །དེ་རྣམས་ནི་གོ་རིམས་ཇི་ལྟ་བར་སྤྱན་མ་ལ་
སོགས་པ་བཞི་དང་ཐོ་བ་གཤིན་རྗེ་གཤེད་ལ་སོགས་པ་རྣམས་ཀྱིའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཡཾ་ངོ་། །ཨོཾ་ཧྲཱིཿཥྚཱྀཿབི་ཀྲྀ་ཏཱ་ན་ན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་སྙིང་པོ་སྔགས་དང་ལས་ཐམས་ཅད་པའི་སྔགས་ཀྱང་འདིའོ།། །།རྡོ་རྗེ་སྒྲོལ་མའི་དཀྱིལ་འཁོར་ལ། །རྡོ་རྗེ་
གུར་གྱི་ནང་དུ་ཆོས་འབྱུང་གི་དཀྱིལ་དུ་གཞལ་ཡས་ཁང་གི་ལྟེ་བ་ལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་བཅོམ་ལྡན་འདས་མ་རྡོ་རྗེ་སྒྲོལ་མ་གསེར་བཙོ་མ་ལྟ་བུ་སངས་རྒྱས་ལྔའི་ཅོད་པན་རྩ་བ་དང་གཡས་པ་དང་རྒྱབ་དང་གཡོན་གྱི་ཞལ་བཞི་གསེར་མདོག་དང་དཀར་པོ་དང་སྔོན་
པོ་དང་། དམར་པོ་ཕྱག་བརྒྱད་མ་གཡས་ཀྱི་ཕྱག་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་མདའ་དང་དུང་རྣམས་འཛིན་པའོ། །གཡོན་པ་རྣམས་ཀྱིས་ཨུཏྤལ་སེར་པོ་དང་གཞུ་དང་ལྕགས་ཀྱུ་དང་སྡིགས་མཛུབ་པོ། །ཤར་གྱི་འདབ་མར་མེ་ཏོག་སྒྲོལ་མ་དཀར་མོ་ནི་ཕྱག་གཉིས་ཀྱི་མེ་ཏོག་གི་ཕྲེང་བ་
འཛིན་པ། ལྷོར་བདུག་སྤོས་སྒྲོལ་མ་ནག་མོ་ནི་ཕྱག་གཉིས་ཀྱིས་བདུག་སྤོས་འཛིན་པའོ། །ནུབ་ཏུ་མར་མེའི་སྒྲོལ་མ་སེར་མོ་ནི་ཕྱག་གཉིས་ཀྱིས་མར་མེའི་གོང་བུ་འཛིན་པའོ། །བྱང་དུ་དྲིའི་སྒྲོལ་མ་དམར་མོ་ནི་ཕྱག་གཉིས་ཀྱིས་དྲི་ཆབ་ཀྱི་དུང་འཕྱར་བའོ། །ལྷ་མོ་བཞི་པོ་འདི་རྣམས་ནི་ཟླ་བ་ལ་
གནས་པའོ། །མེ་ལ་སོགས་པའི་འདབ་མ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པའི་མདོག་ལྟ་བུ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་རལ་གྲིའོ། །རིམ་པ་གཉིས་པའི་ཤར་སྒོར་རྡོ་རྗེ་ལྕགས་ཀྱུ་མ་དཀར་མོ་ནི་གཡས་པ་ན་ལྕགས་ཀྱུ་འཛིན་པའོ། །ལྷོ་རུ་རྡོ་རྗེ་ཞགས་པ་མ་སེར་མོ་ནི་ཕྱག་

གཡས་པ་ཞགས་པ་འཛིན་པའོ། །ནུབ་ཏུ་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ནི་ལྕགས་སྒྲོག་ལ་རྡོ་རྗེས་མཚན་པ་ཕྱག་གཡས་སུའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་མ་ནི་ཕྱག་གཡས་པ་རྡོ་རྗེས་མཚན་པའི་དྲིལ་བུ་འཛིན་པའོ། །མེ་ལ་སོགས་པའི་མཚམས་སུ་གནས་པའི་སྣ་ཚོགས་པདྨ་རྣམས་
ལ་སྤྱན་མ་ལ་སོགས་པ་རྣམ་པར་དག་པའི་བྱང་སེམས་ཀྱི་བུམ་པ་དང་། རི་རབ་དང་མེ་ཐབ་དང་རྒྱལ་མཚན་ཆེན་པོའོ། །སྟེང་དུ་གཙུག་ཏོར་རྣམ་པར་རྒྱལ་མ་དཀར་མོ་ནི་འཁོར་ལོ་འཛིན་པའི་ཕྱག་གཡས་པའོ། །འོག་ཏུ་གནོད་མཛེས་མ་སྔོན་མོ་ནི་གཡས་པ་ཀླུའི་ཞགས་པ་འཛིན་པའོ། །
ལྷ་མོ་དྲུག་པོ་འདི་རྣམས་ནི་ཕྱག་གཡོན་པ་སྡིགས་མཛུབ་དང་བཅས་པ་སྣ་ཚོགས་པདྨ་དང་ཉི་མར་གནས་པའོ། །བཅུ་པོ་འདི་རྣམས་ཀྱང་ཞལ་གཅིག་ཕྱག་གཉིས་པའོ། །བཅུ་གཅིག་པོ་རྣམས་ཀྱང་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་གསེར་གྱི་རྣ་ཆ་གཡོ་བས་བརྒྱན་པ་གོས་སྣ་
ཚོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་པདྨ་རཱ་གའི་འོད་ཟེར་འཕྲོ་བའོ། །རྡོ་རྗེ་སྒྲོལ་མའི་རིགས་བདག་ནི་རིན་ཆེན་འབྱུང་ལྡན་ནོ། །མེ་ཏོག་སྒྲོལ་མ་ལ་སོགས་པ་ནི་རྣམ་པར་སྣང་མཛད་དང་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་ཏེ་རྡོ་རྗེ་ལྕགས་ཀྱུ་
མ་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །གཙུག་ཏོར་རྣམ་པར་རྒྱལ་མའི་རིན་འབྱུང་ངོ་། །གནོད་མཛེས་མའི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་སྙིང་གའི་ས་བོན་ནི་ཏཱཾ་ངོ་། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་པ་ནི་སྙིང་པོའི་སྔགས་དང་ལས་ཐམས་ཅད་པའི་ཡང་སྔགས་སོ།། །།འོད་
ཟེར་ཅན་མའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་གནས་པའི་ཆོས་འབྱུང་གི་ནང་དུ་གཞལ་ཡས་ཁང་ངོ་། །ཁ་ཅིག་གི་ལུགས་ལ་ཆོས་འབྱུང་མེད་དོ། །རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་ངོ་ཞེས་སོ། །གཞལ་ཡས་ཁང་གི་ལྟེ་བར་མཆོད་རྟེན་གྱི་ཕུག་གི་དཀྱིལ་དུ་སྣ་ཚོགས་པདྨ་ལ་གནས་
པའི་ཟླ་བའམ་ཉི་མ་ལ་གཡས་བསྐུམ་པ་གཡོན་བརྐྱང་བས་གནས་པའི་བཅོམ་ལྡན་འདས་མ་འོད་ཟེར་ཅན་མ་སེར་མོ་རིན་པོ་ཆེ་སྣ་ཚོགས་ཀྱི་ཅོད་པན་ཅན་དབུ་སྐྲ་ལ་མཆོད་རྟེན་གྱིས་བརྒྱན་པ། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པ། ཞལ་གསུམ་པ་རྩ་བའི་ཞལ་སེར་པོ་

གཡས་དཀར་པོ་གཡོན་ཞལ་ནག་པོ་ཕག་པའི་ཞལ་ཁྲོས་པས་ཁྲོ་གཉེར་དང་ཟུར་མིག་དང་ལྡན་པ། ལྗགས་འདྲིལ་བ་འཇིགས་པར་བྱེད་མ་ཕྱག་དྲུག་མ་གཡས་པ་རྣམས་ཀྱིས་མདའ་དང་རྡོ་རྗེ་དང་ཁབ་འཛིན་པའོ། །གཡོན་པ་རྣམས་ཀྱིས་གཞུ་དང་སྐུད་པ་དང་། མྱ་
ངན་མེད་པའི་ཤིང་མེ་ཏོག་དང་བཅས་པའི་ཡལ་ག་འཛིན་པའོ། །སྨད་གོས་སྔོན་པོ་གྱོན་པ་སྟོད་གཡོགས་རྣམ་པར་བཀྲ་བའི་གོས་སྔོན་པོ་ཅན། གསེར་མདོག་ལྟ་བུའི་ཕག་པའི་གདན་ལ་བཞུགས་པ་རང་གི་མདོག་ལྟ་བུའི་ཕག་པས་ཡོངས་སུ་བསྐོར་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་
བ་དབུ་ལ་བརྒྱན་པ། ཤར་ཕྱོགས་སུ་ཨརྐ་མ་སཱི་ཞེས་བྱ་བ་མེ་ཏོག་བནྡུ་ཀའི་མདོག་ལྟ་བུ་ཁབ་དང་སྐུད་པ་འཛིན་པ། གཡས་གཡོན་གྱི་ཕྱག་གོ། །ལྷོ་རུ་མརྐ་མ་སཱི་ཞེས་བྱ་བའི་ལྷ་མོ་གསེར་གྱི་མདོག་ལྟ་བུའི་གཡས་པས་སྐུད་པ་དང་བཅས་པའི་ཁབ་དང་། གཡོན་པས་མྱ་ངན་མེད་པའི་
ཤིང་གི་ཡལ་ག་འཛིན་པའོ། །ནུབ་ཏུ་ཨནྟ་ར་དྷྭཾ་ན་མ་སཱི་སེར་མོ་ནི་གཡས་པ་མྱ་ངན་མེད་པའི་ཡལ་ག་གཡོན་པ་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པའོ། །བྱང་དུ་ནཻར་མ་སཱི་ཞེས་བྱ་བ་སྐུ་མདོག་དམར་མོ་ཕྱག་གཉིས་ཀྱིས་གཞུ་དང་མདའ་འཛིན་པའོ། །མེའི་མཚམས་
ལ་སོགས་པར་ཨུ་ད་ཡ་མ་སཱི་དང་། གུལྨ་མ་སཱི་དང་། བ་ན་མ་སཱི་དང་། ཙཱི་བ་ར་མ་སཱི་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཨརྐ་མ་སཱི་ལ་སོགས་པའི་མདོག་དང་ཕྱག་མཚན་བཞིན་ནོ། །རིམ་པ་གཉིས་པའི་ཤར་གྱི་སྣམ་བུ་ལ་མ་ཧཱ་ཙཱི་བ་ར་མ་སཱི་དང་། བ་རཱ་ཧ་མུ་ཁི་ནི་ནག་མོ་མཆེ་བ་
གཙིགས་པ་འཇིགས་སུ་རུང་བ། གཡས་པ་རྡོ་རྗེ་ལྕགས་ཀྱུ་དང་གཡོན་པས་རྡོ་རྗེ་ཞགས་པ་འཛིན་པའོ། །ལྷོ་རུ་པ་དཱ་ཀྲ་མ་སཱི་དང་བ་རཱ་ལི་སེར་མོ་ནི་གཡས་པས་མྱ་ངན་མེད་པའི་ཡལ་ག་དང་གཡོན་པས་རྡོ་རྗེ་འཛིན་པའོ། །ནུབ་ཏུ་པ་ར་ཀྲ་མ་སཱི་དང་བི་ད་ལི་དམར་མོ་ནི་གཡས་
པ་དང་གཡོན་མདའ་དང་གཞུ་འཛིན་པའོ། །བྱང་དུ་ཨཱུར་མ་སཱི་དང་། བ་རཱ་ལི་ལྗང་གུ་ཁབ་དང་སྐུད་པ་འཛིན་པ། གཡས་པ་དང་གཡོན་གྱི་ཕྱག་གོ། །མེའི་མཚམས་སུ་བ་ཏཱ་ལི་དམར་མོ་གཡས་གཡོན་གྱི་ཕྱག་གཉིས་ཀྱིས་ཁབ་དང་སྐུད་པ་འཛིན་པའོ། །བདེན་བྲལ་དུ་བ་དཱ་ལི་སེར་མོ་ནི་

གཡས་པ་སྐུད་པ་དང་བཅས་པའི་ཁབ་དང་གཡོན་པས་ཡལ་འདབ་དང་བཅས་པའི་མྱ་ངན་མེད་པའི་མེ་ཏོག་གི་ཆུན་པོ་འཛིན་པའོ། །རླུང་དུ་བ་རཱ་ལི་སྐུ་མདོག་དཀར་མོ་གཡས་པ་དང་གཡོན་པ་གཉིས་ཀྱིས་མྱ་ངན་མེད་པའི་ཡལ་ག་དང་ཞགས་པ་འཛིན་པའོ། །དབང་ལྡན་དུ་བཱ་རཱ་ཧ་མུ་ཁི་དམར་
མོ་ནི་ཕྱག་གཉིས་ཀྱིས་མདའ་དང་གཞུ་འཛིན་པའོ། །ཤར་ལ་སོགས་པའི་སྒོར་ཨཱ་ལོ་དང་ཏཱ་ལོ་དང་ཀཱ་ལོ་དང་སཙྪ་ལོ་སམྤ་ཏ་མུརྡྷི་ཊཱི་རྣམས་ནི་རིམ་པ་ཇི་ལྟ་བ་བཞིན་དུ་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་ཕྱག་གཉིས་མ་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་ལྕགས་སྒྲོག་དང་། དྲིལ་བུ་འཛིན་
པའོ། །ཨརྐ་མ་སཱི་ལ་སོགས་པའི་ལྷ་མོ་ཉི་ཤུ་རྩ་བཞི་པོ་འདི་རྣམས་ནི་མངོན་པར་གསར་དུ་བྱུང་བའི་ལང་ཚོ་ཅན་མཆོད་རྟེན་གྱིས་དབུ་ལ་བརྒྱན་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། སྣ་ཚོགས་པའི་གོས་སྔོན་པོས་སྟོད་གཡོགས་བྱས་པ་ཕག་ཞལ་གཅིག་མ་ཕྱག་གཉིས་པ་སྤྱན་གསུམ་པ་གསེར་
མདོག་ལྟ་བུའི་ཕག་པའི་ཚོགས་ཀྱིས་བསྐོར་བ་དང་ལྡན་པ་གསེར་མདོག་ལྟ་བུའི་ཕག་པ་ལ་ཆིབས་པའོ། །སྒོ་སྐྱོང་མ་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གཡོན་བསྐུམ་པ་གཡས་བརྐྱང་བས་གནས་པའོ། །གཞན་ཉི་ཤུ་པོ་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་གཡས་བསྐུམ་གཡོན་བརྐྱང་བས་
གནས་པའོ། །འོད་ཟེར་ཅན་མའི་རིགས་བདག་བརྟག་པའོ། །ཤར་ལ་སོགས་པའི་ཕྱོགས་ལ་གནས་པ་རྣམས་ཀྱི་མི་བསྐྱོད་པ་དང་རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་དོན་ཡོད་གྲུབ་པ་རྣམས་སོ། །མེ་ལ་སོགས་པའི་ཕྱོགས་བྲལ་རྣམས་སུ་ཡང་དེ་བཞིན་ནོ་ཁ་ཅིག་གོ། །
ཡང་ན་དཀར་པོ་རྣམས་ལ་རྣམ་སྣང་ནག་པོ་རྣམས་ལ་མི་བསྐྱོད་པ། སེར་པོ་རྣམས་ལ་རིན་ཆེན་འབྱུང་ལྡན། དམར་པོ་རྣམས་ལ་སྣང་མཐའ་ལྗང་གུ་རྣམས་ལ་དོན་ཡོད་གྲུབ་པའོ་ཞེས་པ་ནི་གཞན་ནོ། །འོད་ཟེར་ཅན་གྱི་སྙིང་གའི་ས་བོན་ནི་མཱཾ་ངོ་། །ཨོཾ་མཱ་རཱི་ནྱ་སྭཱ་ཧཱ། ཞེས་པ་ནི་སྙིང་པོའི་
སྔགས་སོ། །ཨོཾ་མཱ་རཱི་ཙྱཻ་ཧཱུཾ་སརྦ་བིགྷྣཱཾ་ཨུཏྶ་དྷ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་ལས་ཐམས་ཅད་པའི་སྔགས་སོ།། །།བསྲུང་བ་ལྔའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་རི་རབ་ཀྱི་སྟེང་དུ་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་

ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ནི་འོད་ཟེར་དམར་པོའི་དཀྱིལ་འཁོར་ཅན་ཞལ་བཞི་པ་ཕྱག་བཅུ་གཉིས་པ་རྩ་བའི་ཞལ་སེར་པོ་གཡས་དཀར་པོ་ནུབ་སྔོན་པོ་གཡོན་དམར་པོའོ། །གཡས་པ་རྣམས་ཀྱིས་རིན་པོ་ཆེའི་པ་ཏྲ་དང་འཁོར་ལོ་དང་རྡོ་རྗེ་དང་མདའ་དང་
རལ་གྲི་དང་། མཆོག་སྦྱིན་གྱི་ཕྱག་རྒྱའོ། །གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་ཞགས་པ་དང་རྩེ་གསུམ་པ་དང་། གཞུ་དང་དགྲ་སྟ་དང་དུང་རྣམས་འཛིན་པའོ། །དབུ་ལ་མཆོད་རྟེན་གྱིས་བརྒྱན་པ་རྡོ་རྗེའི་སྐྱིལ་ཀྲུང་ཅན་མའོ། །དེའི་ཤར་ཕྱོགས་སུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ནི་སྣ་ཚོགས་
པདྨ་དང་ཟླ་བ་ལ་རོལ་པའི་ཀུན་ནས་བསྐྱོད་པས་བཞུགས་པ་སྐུ་མདོག་དཀར་པོ་ཟླ་བའི་འོད་ཀྱི་དཀྱིལ་འཁོར་ཅན་ཞལ་བཞི་མ་རྩ་བའི་ཞལ་དཀར་པོ་གཡས་སྔོན་པོ་རྒྱབ་སེར་པོ་གཡོན་པ་ལྗང་གུའོ། །དེའི་གཡས་པ་རྣམས་ཀྱིས་པདྨ་ལ་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་མཆོག་
སྦྱིན་པ་དང་ལྕགས་ཀྱུ་དང་མདའ་དང་རལ་གྲི་རྣམས་སོ། །གཡོན་པ་རྣམས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ་དང་། ཞགས་པ་དང་གཞུ་དང་དགྲ་སྟ་རྣམས་སོ་ཞེས་བྱ་བའི་ཕྱག་བཅུའོ། །ལྷོ་རུ་སྣ་ཚོགས་པདྨ་དང་ཉི་མར་གནས་པའི་ཉི་མའི་འོད་ཅན་གྱི་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་
ནི་རྡོ་རྗེ་སྐྱིལ་ཀྲུང་ཅན་མ་ནག་མོ་ནག་མོ་དང་དཀར་པོ་དང་དམར་པོ་ནི་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་ལོ། །ཕྱག་བཅུ་གཉིས་པ་གཡས་པ་དང་གཡོན་པའི་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་འཛིན་པ། གཞན་རྣམ་པ་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱའོ། །གཡས་
པའི་གཞན་རྣམས་ཀྱིས་རྡོ་རྗེ་དང་མདའ་དང་། མཆོག་སྦྱིན་དང་མི་འཇིགས་པའི་ཕྱག་རྒྱའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་། གཞུ་དང་རིན་པོ་ཆེའི་པ་ཏྲ་དང་པདྨས་མཚན་པའི་བུམ་པ་འཛིན་པའོ། །ནུབ་ཏུ་སྣ་ཚོགས་པདྨ་དང་ཉི་མ་
ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཉི་མའི་འོད་ཅན་གྱི་བསིལ་བའི་ཚལ་ཆེན་པོ་ནི་དམར་མོ་དམར་པོ་དང་དཀར་པོ་དང་ནག་པོ་དང་རྩ་བ་དང་གཡས་པ་དང་གཡོན་པའི་ཞལ་ལོ། །ཕྱག་བརྒྱད་པའི་གཡས་རྣམས་ཀྱིས་པདྨ་དང་བཅས་པའི་མི་འཇིགས་པའི་ཕྱག་རྒྱ་དང་

མདའ་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཞུ་དང་། རིན་པོ་ཆེའི་རྒྱལ་མཚན་དང་སྙིང་གར་གནས་པའི་པོ་ཏི་འཛིན་པའོ། །བྱང་དུ་སྣ་ཚོགས་པདྨ་དང་ཟླ་བ་ལ་ཟླ་བའི་འོད་ཅན་སེམས་དཔའི་སྐྱིལ་ཀྲུང་ཅན། རྨ་བྱ་ཆེན་མོ་
ལྗང་གུ་ནི་ལྗང་གུ་དང་ནག་པོ་དང་དཀར་པོ་ནི་རྩ་བ་དང་གཡས་དང་གཡོན་གྱི་ཞལ་ལོ། །ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་རྨ་བྱའི་གཞུག་སྒྲོ་དང་མདའ་དང་མཆོག་སྦྱིན་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་ལྷུང་བཟེད་ལ་གནས་པའི་དགེ་སློང་དང་གཞུ་དང་པང་དུ་གནས་པའི་བུམ་
པ་རིན་པོ་ཆེ་འབར་བ་འབབ་པ་ཅན་དང་། སྣ་ཚོགས་རྡོ་རྗེ་ལ་རིན་པོ་ཆེས་མཚན་པའི་རྒྱལ་མཚན་འཛིན་པའོ། །རིམ་པ་གཉིས་པ་ལ་མེའི་མཚམས་སུ་ནག་པོ་ནི་ཕྱག་གཉིས་ཀྱིས་དུང་འཛིན་པའོ། །བདེན་བྲལ་དུ་དུས་མཚན་མ་སེར་མོ་ཕྱག་གཉིས་ཀྱིས་རྡོ་རྗེས་མཚན་པའི་རྒྱལ་མཚན་འཛིན་
པའོ། །རླུང་གི་མཚམས་སུ་རྣ་བ་ནག་མོ་དམར་མོ་ཕྱག་གཉིས་ཀྱིས་དགྲ་སྟ་འཛིན་པའོ། །དབང་ལྡན་གྱི་མཚམས་སུ་དཀར་མོ་སྐུ་མདོག་དཀར་མོ་ཕྱག་གཉིས་ཀྱིས་རྩེ་གསུམ་པ་འཛིན་པའོ། །བཞི་པོ་འདི་རྣམས་ནི་ཞལ་གཅིག་ཕྱག་གཉིས་པའོ། །དགུ་པོ་འདི་དག་ནི་རཏྣ་སྣ་ཚོགས་ཀྱི་རྒྱན་དང་
གོས་དང་རིན་པོ་ཆེའི་ཅོད་པན་ཅན། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ་རིམ་པ་ཇི་ལྟ་བ་བཞིན་དུ་རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་
དང་། རྣམ་པར་སྣང་མཛད་ཀྱིས་རྒྱས་བཏབ་པའོ། །ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་དྲིལ་བུ་མ་རྣམས་ཀྱི་ཡང་སྔར་བཞིན་ནོ། །སོ་སོར་འབྲང་མ་ལ་སོགས་པ་རྣམས་ཀྱི་ས་བོན་ནི་པྲཾ་ངོ་། །
ཨོཾ་མ་ཎི་དྷ་རི་བཛྲ་ཎི་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བྱ་བ་ནི་སྙིང་པོའོ། །ས་བོན་ནི་བྲུཾ་མོ། །ཨོཾ་ཨཱཿམ་ཧཱ་ས་ཧཱ་སྲ་པྲ་མརྡ་ནི་བྲཱུཾ་ཧཱུཾ་སྙིང་པོའོ། །ས་བོན་ཧཱུཾ་ངོ་། །ཨོཾ་ཨཱཿམ་ཧཱ་མནྟྲ་ཨ་ནུ་སཱ་རི་ནི་ཧཱུཾ་ཧཱུཾ་སྙིང་པོའོ། །ས་བོན་ནི་ཛྲཱིཾ་ངོ་། ཨོཾ་ཨཱཿམ་ཧཱ་ཤི་ཏ་པ་ཏི་བཛྲི་ཧཱུཾ་སྙིང་པོའོ། །ས་བོན་ནི་མཾ་ངོ་། །ཨོཾ་མ་ཧཱ་

མཱ་ཡཱུ་ར་བིདྱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་སྙིང་པོའོ། །དགོས་པའི་དབང་གིས་འདི་རྣམས་གང་ཡང་རུང་བས་འཁོར་ལོའི་དབང་ཕྱུག་མ་བྱའོ། །དཀྱིལ་འཁོར་གྱི་དབང་ཕྱུག་མའི་སྙིང་པོའི་སྔགས་ཀྱིས་ནི་ལས་ཐམས་ཅད་པའི་སྔགས་ཀྱང་བྱའོ། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་
འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་གླིང་དང་ཉེ་བའི་གླིང་ཕྲན་དང་རྒྱ་མཚོ་དང་རི་བདུན་ལ་སོགས་པས་ཡོངས་སུ་བསྐོར་བའི་རི་རབ་ཀྱི་སྟེང་གཞལ་ཡས་ཁང་སྟེ་དེའི་དབུས་སུ་སེང་གེའི་སྟེང་དུ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དཀར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ་ཉི་
མའི་འོད་ཅན། སངས་རྒྱས་ལྔས་སྤྲས་པའི་རཏྣའི་ཅོད་པན་གྱིས་བརྒྱན་པའི་རལ་པའི་ཐོར་ཅོག་ཅན་རཏྣ་སྣ་ཚོགས་པའི་རྒྱན་དང་གོས་དང་ལྡན་པ་ཞི་བའི་ཞལ་བཞི་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུ་དང་། ཕྱག་བརྒྱད་པ་གཡས་པ་དང་གཡོན་པ་གཉིས་ཀྱིས་རྡོ་རྗེ་དང་བཅས་པའི་
བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པའོ། །གཞན་གཉིས་ཀྱིས་བསམ་གཏན་གྱི་ཕྱག་རྒྱ་འཛིན་པའོ། །གཡས་པ་གཉིས་ཀྱིས་བགྲང་ཕྲེང་དང་མདའ་འཛིན་པའོ། །གཡོན་པ་གཉིས་ཀྱིས་འཁོར་ལོ་དང་གཞུ་འཛིན་པའོ། །ཡང་ན་འདི་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་
རྡོ་རྗེ་དང་བཅས་པའི་བྱང་ཆུབ་མཆོག་གི་ཕྱག་རྒྱ་འཛིན་པའོ། །གཡོན་པའི་རྡོ་རྗེའི་ཁུ་ཚུར་གྱི་མཛུབ་མོ་ལངས་པ་ལ་གཡས་པ་རྡོ་རྗེ་ཁུ་ཚུར་གྱིས་བཟུང་བ་བྱང་ཆུབ་མཆོག་གི་ཕྱག་རྒྱའོ། །ཤར་གྱི་འདབ་མ་ལ་སེམས་མ་རྡོ་རྗེ་མ་སྔོན་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པ་དམར་པོ་འཛིན་པ་གཡོན་པས་
སྡིགས་མཛུབ་དང་བཅས་པ་ཞགས་པ་འཛིན་པའོ། །ལྷོར་རིན་ཆེན་རྡོ་རྗེ་མ་སེར་མོ་གཡས་པས་རྡོ་རྗེ་རྩེ་ལྔ་པས་མཚན་པའི་རིན་པོ་ཆེ་འཛིན་པ། གཡོན་པས་སྡིགས་པར་བྱེད་པའི་སྡིགས་མཛུབ་པོ། །ནུབ་ཏུ་ཆོས་ཀྱི་རྡོ་རྗེ་མ་དམར་མོ་ནི་རྡོ་རྗེ་རྩེ་ལྔ་པས་མཚན་པའི་པདྨ་འདབ་མ་
བརྒྱད་པ་དཀར་དམར་གཡས་པས་འཛིན་པ། གཡོན་པས་པདྨ་འཛིན་པའོ། །བྱང་དུ་ལས་ཀྱི་རྡོ་རྗེ་མ་ལྗང་གུ་གཡས་པ་སྣ་ཚོགས་རྡོ་རྗེ་རྩེ་མོ་བཅུ་གཉིས་པ་དེ་བཞིན་གཤེགས་པ་ལྔའི་ཁ་དོག་ཅན་འཛིན་པ། གཡོན་པས་སྡིགས་མཛུབ་སྡིགས་པར་བྱེད་པའོ། །དེ་ནས་ཤར་ཕྱོགས་

སུ་གླང་པོ་ཆེའི་དབང་པོའི་སྟེང་དུ་སྣ་ཚོགས་པདྨའི་ལྟེ་བར་མི་བསྐྱོད་པ་སྔོན་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་གནས་པ། ཕྱག་གཡས་པ་གུང་མོས་རྡོ་རྗེ་རྩེ་ལྔ་པ་སྔོན་པོ་བཟུང་ནས་ས་གནོན་གྱི་ཚུལ་བྱེད་ཅིང་ཕྱག་གཡོན་པ་གན་རྐྱལ་དུ་པང་དུ་བཞག་པའོ། །ཤར་གྱི་འདབ་མར་རྡོ་རྗེ་སེམས་
དཔའ་དཀར་པོ་ཕྱག་གཡས་པའི་གུང་མོས་སྙིང་གར་འགྱིང་བའི་ཚུལ་གྱིས་རྡོ་རྗེ་གསོར་བའི་སྦྱོར་བའོ། །གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་ང་རྒྱལ་དང་བཅས་པའི་དྲིལ་བུ་དཀུར་བརྟེན་པའོ། །ལྷོར་རྡོ་རྗེ་རྒྱལ་པོ་སེར་པོ་གཡས་པར་གནས་པའི་རྡོ་རྗེ་ལྕགས་ཀྱུས་འགུགས་པའི་ཚུལ་བྱེད་
ཅིང་ཕྱག་གཡོན་པས་ཞགས་པ་འཛིན་པའོ། །ཁ་ཅིག་ནི་ཕྱག་གཉིས་ཀྱིས་རྡོ་རྗེ་ལྕགས་ཀྱུ་འཛིན་པས་འགུགས་པའི་ཚུལ་བྱེད་པའོ་ཞེས་སོ། །བྱང་དུ་རྡོ་རྗེ་ཆགས་པ་དམར་པོ་ཕྱག་གཡོན་དང་ཅིག་ཤོས་རྣམ་པ་གཉིས་ཀྱིས་གཞུ་དང་མདའ་འཛིན་པའོ། །ནུབ་ཏུ་རྡོ་རྗེ་ལེགས་པ་མརྒད་ཀྱི་
མདོག་ལྟ་བུ་རྡོ་རྗེ་དང་བཅས་པའི་ཕྱག་གཉིས་ཀྱིས་སྙིང་གར་ལེགས་སོ་སྦྱིན་པའི་ཚུལ་བྱེད་པའོ། །ལྷོར་རྟའི་རྒྱབ་ཏུ་སྣ་ཚོགས་པདྨའི་ལྟེ་བར་རིན་ཆེན་འབྱུང་ལྡན་སེར་པོ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། གཡས་པས་རྡོ་རྗེས་མཚན་པའི་རིན་པོ་ཆེ་གུང་མོས་བཟུང་སྟེ་མཆོད་སྦྱིན་གྱི་ཚུལ་
བྱེད་པ། གཡོན་པ་མཉམ་བཞག་གོ། །ཤར་གྱི་འདབ་མར་རྡོ་རྗེ་རིན་ཆེན་སེར་པོ་ནི་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་མཐའ་གཉིས་ལ་རྡོ་རྗེ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་རང་གི་དབང་བསྐུར་བའི་གནས་སུ་འཆིང་བར་བྱེད་ཅིང་གཡོན་པས་རྡོ་རྗེ་དྲིལ་བུ་སྙེམས་པ་དང་བཅས་པས་
དཀུར་བརྟེན་པའོ། །ལྷོ་རུ་རྡོ་རྗེ་གཟི་བརྗིད་དམར་པོ་སྙིང་གར་ཕྱག་གཉིས་ཀྱིས་འཛིན་པའི་ཉི་མས་གསལ་བར་བྱེད་པའོ། །བྱང་དུ་རྡོ་རྗེ་ཏོག་ལྗང་གུ་གཡོན་གྱི་བར་དུ་ལྷུར་གནས་པའི་ཕྱག་གཉིས་ཀྱིས་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་འཛིན་ཅིང་འཕྱར་བའོ། །ནུབ་ཏུ་རྡོ་རྗེ་བཞད་པ་དཀར་
པོ་གཡས་པས་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་འཛིན་པ། གཡོན་པས་ཀྱང་དེ་བཞིན་ཏེ་སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེ་གཉིས་ཁར་བཞག་པའོ། །ནུབ་ཏུ་རྨ་བྱའི་སྟེང་དུ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་སྣང་བ་མཐའ་ཡས་རྡོ་རྗེ་སྐྱིལ་ཀྲུང་ཅན་དམར་པོ་ཕྱག་གཡོན་པ་དང་ཅིག་ཤོས་གན་རྒྱལ་དུ་བྱས་

པ་ཕང་པའི་སྟེང་དུ་བཞག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་གཡས་པའི་གུང་མོས་རྡོ་རྗེས་མཚན་པའི་པདྨ་འཛིན་པའོ། །ཤར་གྱི་འདབ་མར་རྡོ་རྗེ་ཆོས་དམར་སྐྱ་གཡོན་པ་འགྱིང་བའི་ཚུལ་དང་བཅས་པས་པདྨའི་ཡུ་བ་འཛིན་ཅིང་གཡས་པས་ཁ་འབྱེད་པའོ། །ལྷོ་རུ་རྡོ་རྗེ་རྣོན་
པོ་ནམ་མཁའ་ལྟ་བུ་སྔོན་པོ་གཡོན་པས་ཐུགས་ཀར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ་གཡས་པས་རལ་གྲི་འཕྱར་བའི་ཚུལ་དུ་འཛིན་པའོ། །བྱང་དུ་རྡོ་རྗེ་རྒྱུ་གསེར་བཙོ་མའི་མདོག་ཅན་གཡོན་པར་གནས་པའི་འཁོར་ལོ་རྩིབས་བརྒྱད་པ་གཡས་པའི་གུང་མོ་མགལ་མེ་ལྟ་བུ་བསྐོར་ཞིང་
ཆོས་ཀྱི་འཁོར་ལོའི་ཕྱག་ར