Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 7 / 15 (50.000 ký tự/trang)
ན་དུ་གོ་བར་བྱའོ། །འདུས་པའི་ འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། །།དྷརྨ་དྷཱ་ཏུ་ས་མ་བ་ས་ར་ཎཱ་ཞེས་པ་ལ་སོགས་པ་ནི་སྟོང་པ་ཉིད་དང་རོ་གཅིག་པ་དང་། སྟོང་པ་ཉིད་ཀྱི་མཐར་ཐུག་པ་ཞེས་པའི་དོན་ཏོ། །གཏོར་མའི་ཆོ་ག་འདི་ལ་ཁྲོ་བོ་བཅུ་པོ་རྣམས་ཀྱི་གཏོར་མ་ནི་སོ་སོ་རང་གི་སྔགས་རྒྱུད་དུ་གསུངས་པ་རྣམས་ ཀྱིས་ཤིན་ཏུ་ཁྱད་པར་དུ་བསྔགས་སོ། །སྔགས་དེ་རྣམས་ཀྱང་འདིར་མངས་པས་འཇིགས་པས་མ་བརྗོད་དོ། །ཡང་ན་དཔལ་འཁོར་ལོ་སྡོམ་པའི་གཟུགས་ཀྱིས་དྲི་ཞིམ་པོ་ལ་སོགས་པས་མཎྜལ་བྱས་པས་རང་གི་འཁོར་ལོ་མཆོད་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་བསྟོད་དེ། རང་ གི་སྙིང་གར་གནས་པའི་ཧཱུཾ་གི་འོད་ཟེར་རྣམས་ཀྱིས་ཁྲོ་བོ་དང་བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བར་ཆུད་པའི་གཞལ་ཡས་ཁང་གི་ནང་ན་གནས་པའི་དཀྱིལ་འཁོར་དང་། སྲུང་བའི་འཁོར་ལོའི་ཕྱི་ངོས་སུ་ཕྱོགས་རྣམས་སུ་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང་། སེམས་ཅན་དཔག་ཏུ་མེད་པ་རྣམས་ནམ་མཁར་བཀུག་ནས་དཔྲལ་བའི་སྟེང་དུ་འབར་བའི་ཕྱག་རྒྱ་བཅས་ཏེ་འགྱིང་བ་དང་བཅས་ནས་ཕཊ་ཅེས་ལན་གསུམ་བརྗོད་ནས། དཀྱིལ་འཁོར་གྱི་མདུན་དུ་སྤྱན་དྲང་ངོ་། །ཨོཾ་ཀཀྐ་ཀཌྜྷ་ན་བབྦ་བནྡྷ་ན། ཁཁྑ་ཁཱ་ད་ན་སརྦ་དུཥྚཱ་ནཱན་ཧ་ན་ཧ་ན། གྷ་གྷ་གྷཱ་ཏ་ན་ཆེ་ གེ་མོའི་ཤནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཛཿསྭཱ་ཧཱ། ཞེས་པ་འདིས་དབང་པོ་ལ་སོགས་པ་བཀུག་ནས་སྐད་ཅིག་གིས་སྟོང་པ་ཉིད་དུ་བཅུག་པའི་རྗེས་ལ་ཤེས་རབ་དང་བཅས་པའི་བདེ་མཆོག་གི་ལྷའི་སྐུར་བསྒོམས་ནས་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་འཁོར་གསུམ་ཡོངས་ སུ་དག་པས་ལག་པ་གཡོན་པའི་མཐིལ་དུ་ཟླ་བ་ལ་གནས་པའི་ཧཱུཾ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་སྔ་མ་ལྟ་བུའི་བདུད་རྩིའི་སྣོད་བཀོད་ནས་སམ་བསྒོམས་ཏེ། ལག་པ་གཡས་པ་རྡོ་རྗེ་ཁུ་ཚུར་བྱས་པའི་སྡིགས་མཛུབ་བརྐྱང་བས་དེ་སྟོན་ཞིང་། བཅོམ་ལྡན་འདས་དང་དེའི་ ཤེས་རབ་མ་དང་། མཁའ་འགྲོ་མ་ལ་སོགས་པ་དང་། ཁྭ་གདོང་མ་ལ་སོགས་པ་རྣམས་ལ་ཇི་ལྟར་རིགས་པར་ཕྱོགས་རྣམས་སུ་གཡོན་སྐོར་དང་། མཚམས་རྣམས་སུ་གཡས་སྐོར་དུ་མེ་ནས་བརྩམས་ཏེ་བསྐོར་ཞིང་། ཨོཾ་བཛྲ་ཌཱ་ཀ་ཨི་མཾ་བ་ལི་གྲྀཧྞ་གྲྀཧྞ་ཧཱུཾ་ཕཊ། ཨོཾ་ཛཿཧཱུཾ་བཾ་ཧོཿས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཞེས་པའི་སྔགས་ལན་གཅིག་དང་། གཉིས་དང་གསུམ་དང་། བཞི་དང་། ལྔ་བརྗོད་པས་ཕུལ་ནས། འཁོར་ལོ་གསུམ་གྱི་ལྷ་རྣམས་ལ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནྡྷ་བནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ་བ་ས་རུ་དྷི་ར་ཨནྟྲ་ མཱ་ལ་བ་ལཾ་བི་ནེ་གྲྀཧྞ་གྲྀཧྞ་སཔྟ་པཱ་ཏ་ལ་ག་ཏ་བྷུ་ཛཾ་ག་སཪྤཾ་ཝཱ་ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷྱ་ཨཱ་ཀཌྜྷྱ། ཧྲིཾ་ཧྲིཾ། ཛྙཽཾ་ཛྙཽཾ། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ལན་ཅིག་བརྗོད་པས་དབུལ་ལོ། །དེ་ནས་སྲུང་བའི་འཁོར་ལོའི་ རྩིབས་ལ་གནས་པའི་ཁྲོ་བོ་བཅུ་ལ། ཨོཾ་བཛྲ་དྷྲྀཀ་བཛྲ་ཧཱུཾ་ཀཱ་ར་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་དཎྜ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨ་ན་ལཱརྐ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀུཎྜ་ལི་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧཱ་བཱ་ལ་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཱི་ཥ་ན་བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་ཨུཥྞཱི་ཥ་ཙཀྲ་བརྟི་ བཛྲ་ཧཱུཾ་ཕཊ། ཨོཾ་བཛྲ་པཱ་ཏ་ལ་བཛྲ་ཧཱུཾ་ཕཊ་ཅེས་པའི་སྔགས་བཅུའི་ཧཱུཾ་ཕཊ་ཅེས་པའི་གོང་དུ། ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཆེ་གེ་མོའི་ཤཱནྟིཾ་རཀྵ་ཙ་ཀུ་རུ་ཞེས་བཅུག་ལ་ལན་རེ་རེ་བརྗོད་པ་རྣམས་ཀྱི་བསྐོར་ཕྱོགས་གཉིས་དང་། སྟེང་དང་འོག་ཏུ་དབུལ་ལོ། །དེ་ནས་དེའི་ཕྱི་རོལ་དུ་དབང་པོ་ལ་སོགས་པ་རྣམས་ལ། ཨོཾ་ ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙ་ཨུནྨཱ་ད་ཨ་བ་སྨཱ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། སརྦ་སིདྡྷི་མྨེ་པྲ་ཡཙྪནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་འདི་ལན་བཞི་བརྗོད་པས་བསྐོར་ཕྱོགས་གཉིས་དང་། སྟེང་དང་འོག་ཏུ་དབུལ་ལོ། །འདིར་ཡང་དེ་རྣམས་དང་དཀྱིལ་ འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་བར་དུ་ཞེས་པ་ལ་སོགས་པ་སྔར་བརྗོད་པ་ཤེས་པར་བྱའོ། །ཡི་གེ་བརྒྱ་པ་ནི་འདིར་གཞན་ཏེ། ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་ སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ཝཱན་བཛྲ་ཧེ་རུ་ཀ། མཱ་མེ་མུཉྩ་ཧེ་རུ་ཀོ་བྷ་ཝ། མ་ཧཱ་ས་མ་ཡ་སཏྭ་ཨཱཿཧཱུཾ་ཕཊ་ཅེས་པའོ། །འདིར་བརྗོད་པའི་ཁྲོ་བོ་བཅུ་མངོན་པར་བརྗོད་པ་བླ་མར་གསུངས་པ་རྣམས་ཀྱི་ཕྱག་དང་། ཕྱག་མཚན་ལ་སོགས་པ་རྫོགས་ པའི་དཀྱིལ་འཁོར་གྱི་ཕྲེང་བའི་བདེ་མཆོག་གི་དཀྱིལ་འཁོར་དུ་ཤེས་པར་བྱའོ། །རྒྱ་ཆེར་བཅོམ་ལྡན་འདས་ཀྱི་བསྒོམ་པའི་རིམ་པ་གདམས་པ་དང་བཅས་པ་ནི་བདག་གིས་བདེ་མཆོག་གི་མངོན་པར་རྟོགས་པའི་སྒྲུབ་ཐབས་སུ་གསལ་བར་བྱས་སོ་ཞེས་པ་བདེ་མཆོག་གི་འབྱུང་པོ་ཐམས་ཅད་ པའི་གཏོར་མའི་ཆོ་གའོ།། །།ཡང་ན་ཀྱེ་རྡོ་རྗེའི་གཟུགས་ཀྱི་སྙིང་གའི་ཧཱུཾ་གི་འོད་ཟེར་གྱིས་ཁྲོ་བོ་དང་བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བའི་ནང་ན་གནས་པའི་གཞལ་ཡས་ཁང་གི་ནང་ན་གནས་པའི་དཀྱིལ་འཁོར་དང་། སྲུང་བའི་འཁོར་ལོའི་ཕྱི་ངོས་སུ་ཕྱོགས་རྣམས་སུ་ དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང་། སེམས་ཅན་དཔག་ཏུ་མེད་པ་རྣམས་བཀུག་ནས་དབང་པོ་ལ་སོགས་པ་རྣམས་འོད་གསལ་དུ་བཅུག་སྟེ། ཤེས་རབ་དང་བཅས་པའི་ཧེ་རུ་ཀའི་གཟུགས་སུ་གསལ་བར་གྱུར་པར་བསམས་ནས། ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་ འགྲོ་བས་སྔ་མ་བཞིན་དུ་དག་པས་གཏོར་མ། ཨོཾ་དེ་བ་པི་ཙུ་བཛྲ་ཨི་མཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཆེ་གེ་མོའི་ཤཱནྟིཾ་རཀྵ་ཙ་ཀུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བཅོམ་ལྡན་འདས་ལ་དབུལ་ལོ། །ཨོཾ་ཨཱཿནེ་རཱཏྨ་ཡ་ཞེས་པ་ལ་སོགས་པ་མཚན་ནས་བརྗོད་ཅིང་དེ་རྣམས་ཀྱི་ས་བོན་ཡང་བརྗོད་དེ། ཨི་མཾ་བ་ ལིཾ་གྲྀཧྞ་གྲྀཧྞ་ཆེ་གེ་མོའི་ཤཱནྟིཾ་རཀྵ་ཙ་ཀུ་རུ་སྭཱ་ཧཱ་ཧཱུཾ་ཞེས་པ་འདིས་བདག་མེད་མ་ལ་སོགས་པ་རྣམས་ལའོ། །ན་མཿས་མནྟ་བུདྡྷེ་བྷྱོ། ན་མོ་བཛྲ་མུངྒ་ར་ཧ་ཏཱ་ཡ་ཙཎྜ་ལ་ཨཀྵེ་པ་ཀ་རཱ་ཡ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ་མ་ཧཱ་དཎྜ་དྷ་ར་བི་བི་དྷ་སུ་ར་ཨ་སུ་ར་མརྡ་ན་བྷཱུ་ཏཱ་ན་ནིརྨ་ཐ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ་ཧུ་ལུ་ཧུ་ལུ་ མ་ཧཱ་པདྨ་ཨ་མྲྀ་ཏི་ཀུ་རུ་མ་ཧཱ་བི་ཤཾ་ཀ་ཨཱཿན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་བཛྲ་ཀྲོ་དྷཱ་ཡ་མ་ཧཱ་དཾ་ཥྚོཏྐཊ་བྷཻ་ར་བཱ་ཡ། བཛྲ་སནྡོ་ཧ་དརྤཱ་ཡ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ། ན་མཿས་མནྟ་བུདྡྷེ་བྷྱོ་ན་མོ་ཨ་ལ་ལ་ཀཱ་ཎ་ཙེཊྚ་ཙེཊྚ་མོཊྚ་མོཊྚ་ཏུཊྚ་ཏུཊྚ། གྷ་གྷ་གྷཱ་ཏ་ཡ། གྷཱ་ཏ་ཡ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱེ། ། ཊཀྐི་ཧཱུཾ་ཛཿན་མཿས་མནྟ་བུདྡྷེ་བྷྱཿཨོཾ་ཡ་མ་དཎྜཱ་ཡ། ནཱི་ལ་ཡ་ནཱི་ལ་དཎྜཱ་ཡ་ཏུ་རུ་ཏུ་རུ། མུ་རུ་མུ་རུ་སརྦ་དུཥྚཱཾ་མཱ་ར་ཡ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷེ་བྷྱོ། ན་མཿམ་ཧཱ་བ་ལཱ་ཡ། ཨུ་ཙྪུཥྨ་ཀྲོ་དྷ་ར་ཛཱ་ཡ། སརྦ་ནཱ་ག་ནཱཾ་ཧྲི་ད་ཡཾ་ཏཱ་ཌ་ཡ་ཧཱུཾ་ཕཊ། ན་མཿས་མནྟ་བུདྡྷཱ་ནཱཾ། ན་མཿས་མནྟ་དྷརྨཱ་ཎཱཾ། ན་མཿས་མནྟ་སཾ་གྷཱ་ ནཱཾ། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨོཾ་བི་མ་ལ། ཨོཾ་ཤཾ་ཀ་ར། ཨོཾ་ཕྲ་ཏྱཾ་གི་ར། བཛྲ་ཨུཥྞཱི་ཥ་ཙ་ཀྲ་ཝརྟི། སརྦ་ཡནྟྲ། མནྟྲ། མཱུ་ལ་ཀརྨཱ། བནྡྷ་ནཾ། ཏཱ་ཌ་ནཾ། ཀཱི་ལ་ནཱཾ་ཝཱ། མ་མ་ཀྲི་ཏེ། ཡེ་ན་ཀེ་ན་ཙི་ཏ་ཀྲི་ཏཾ་ཏཏ། སརྦཱནྟུ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། ཙི་རི་ཙི་རི། གི་རི་གི་རི། མ་ར་མ་ར། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲྀཧྞ་གྲྀཧྞ་ཧཱུཾ། གྲྀཧྞཱ་པ་ཡ་གྲྀཧྞཱ་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོཿབྷ་ག་ཝཱན་བིདྱཱ་རཱ་ཛ་ཧཱུཾ་ཕཊ། ཅེས་པའི་སྔགས་བཅུས་ཤར་ལ་སོགས་པ་དང་། དབང་ལྡན་ལ་སོགས་པར་གཡས་སྐོར་དུ་དང་། སྟེང་དང་འོག་ཏུ་གཤིན་རྗེ་གཤེད་ལ་སོགས་པའི་ཁྲོ་བོ་ བཅུ་པ་མཁའ་འགྲོ་མ་རྡོ་རྗེ་གུར་དུ་གསུངས་པ་རྣམས་ལའོ། །ཨོཾ་ཨིནྡ། ཛ་མ། ཛ་ལ། ཛཀྑ། བྷཱུ་ཏ། བཧྣི། བཱ་ཨུ། རཀྑ། ཙནྡ། སུཛྫ། མཱ་ད། པཔྤ། ཏ་ལ་པཱ་ཏཱ་ལེ། ཨཊྚ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ། བྷུཉྫ། ཛི་གྷ་ཕུལླ། དྷཱུ་པ། མཱཾ་ས། པིཾ་གྷ། ཨཾ་བྷ། སཔྤ། ཀཛྫ་སཱ་ད། ཁནྟི་ ཁུ་ཎི་ཕེ་ཌ་གཱ་ད་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ནཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་དབང་པོ་ལ་སོགས་པ་རྣམས་ལའོ། །ཨིནྡ་ཞེས་པ་ལ་སོགས་པ་བོད་ཚིག་རྣམས་ནི་རང་རང་གི་ཕྱོགས་ཀྱི་སེམས་ཅན་དཔག་ཏུ་མེད་པ་མཚོན་པར་བྱེད་པའོ། །གཱ་ད་ཞེས་པ་ ནི་ལུས་ལའོ། །འདིར་ཡང་དེ་རྣམས་ཀྱི་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་བར་དུ་ཞེས་པ་ལ་སོགས་པ་འདུས་པའི་གཏོར་མའི་ཆོ་གར་བརྗོད་པ་ནི་འདིར་ཡང་ཤེས་པར་བྱའོ། །འདིར་ཁྲོ་བོའི་སྔགས་རྣམས་ཀྱི་ཡི་གེ་ཧཱུཾ་རྣམས་དང་། ཡི་གེ་ཧཱུཾ་ཨཿའི་གོང་དུ་ཨི་མཾ་བ་ལིཾ་ གྲྀཧྞ་གྲྀཧྞ་ཞེས་བརྗོད་པར་བྱའོ། །ཁྲོ་བོ་རྣམས་ཀྱི་ཁ་དོག་དང་། ཕྱག་མཚན་ལ་སོགས་པ་རྣམས་ནི་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བར་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ཇི་ལྟ་བ་བཞིན་ནོ། །ཀྱེ་རྡོ་རྗེའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གའོ།། །།གཏོར་མའི་ཆོ་ག་རིམ་པ་གསུམ་ པ་འདི་ཡང་བསྐྱེད་པའི་རིམ་པ་ལའོ། །རྫོགས་པའི་རིམ་པ་ལ་ནི་ཤེས་རབ་དང་ཐབས་ལས་སེམས་མ་གཡོས་པ་བསམ་པ་ཙམ་གྱིས་སྤྱན་དྲངས་པའི་ཤེས་རབ་དང་ཐབས་ཀྱི་རང་བཞིན་རང་གི་འདོད་པའི་དཀྱིལ་འཁོར་གྱི་དབང་ཕྱུག་ལ་སོགས་པའི་ལྷ་དབང་པོ་ལ་སོགས་པ་དང་བཅས་པ་ རྣམས་ལ་ཡེ་ཤེས་ཀྱི་རོ་དང་ཐ་མི་དད་པའི་གཏོར་མ་དབུལ་བ་ནི་གཏོར་མའི་ཆོ་གའོ།། །།དཔལ་ཡང་དག་པར་སྦྱོར་བར་གསུངས་པའི་རྡོ་རྗེ་སེམས་དཔའ་དང་བདེ་མཆོག་དང་། ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱི་གཏོར་མའི་ཆོ་ག་རྒྱས་པ་དང་། ཁ་དོག་དང་། ཕྱག་རྒྱ་དང་། ཕྱག་མཚན་ལ་སོགས་ པ་ཤིན་ཏུ་རྒྱས་པར་མན་ངག་གི་སྙེ་མར་བརྗོད་དོ། །ཁྲོ་བོ་རྣམས་དང་དབང་པོ་ལ་སོགས་པ་རྣམས་ཀྱི་ཡང་ངོ་། །འདིར་གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་བྲི་བ་ལ་སོགས་པ་ནས་འོག་ནས་ཆུ་རྡོལ་བ་དང་མེ་དང་། རླུང་དང་། སྤྲིན་དང་ཐོག་དང་། མི་དང་ལྷ་དང་ལྷ་མ་ཡིན་གྱི་སྡེ་དང་ གླང་པོ་ལ་སོགས་པ་བགེགས་ཀྱི་རྣམ་པར་འཚེ་བ་ལྷས་བྱས་པའམ་མི་ལ་སོགས་པ་གཞན་གྱིས་བྱས་པ་འབྱུང་བ་སྲིད་དེ། དེའི་ཚེ་ཆོ་ག་བཞིན་དུ་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང་། ར་བ་དང་དྲ་བ་དང་མདའི་ར་བ་དང་བླ་རེའི་ནང་གི་ནམ་མཁའ་ལ་གནས་པའི་རྩིབས་ཀྱི་རྩེ་མོ་ལ་བརྟན་པར་གནས་པའི་ཁྲོ་བོ་ བཅུ་ཤིན་ཏུ་འཇིགས་པར་བྱིན་གྱིས་བརླབས་པའི་རྩིབས་བཅུ་པའི་འཁོར་ལོ་སེར་པོ་གཡས་སྐོར་དུ་འཁོར་བའི་ལྟེ་བའི་དབུས་སུ་གནས་པའི་གཞལ་ཡས་ཁང་གི་རྣམ་པར་དཀྱིལ་འཁོར་གྱི་ཁང་པ་སྐད་ཅིག་གིས་སོ་སོར་ཤིན་ཏུ་བརྟན་པར་མོས་པར་བྱའོ། །རྡོ་རྗེའི་རང་བཞིན་གྱི་ས་གཞི་ལ་སོགས་པས་ བགེགས་ཐམས་ཅད་བཟློག་པར་བསྒོམ་མོ། །ཡང་ན་ཉེ་བར་འཚེ་བ་སོ་སོ་ལ་རྟ་མཆོག་ལ་སོགས་པའི་སྦྱོར་བ་རྣམས་བྱ་སྟེ། དེ་རྣམས་ཀྱང་མན་ངག་གི་སྙེ་མར་གསལ་བར་བསྟན་པས་གཞུང་མངས་ཀྱིས་དོགས་པས་འདིར་མ་བརྗོད་དོ། །གང་ཞིག་རྒྱུན་མི་འཆད་པར་སྙིང་རྗེ་ཆེན་པོ་དང་རོ་གཅིག་ པའི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གོམས་པར་བྱེད་པ་དེ་ལ་ནི་བགེགས་དཔག་ཏུ་མེད་པ་རྣམས་ཀྱང་ཞི་བར་འགྱུར་ཏེ། དེའི་ཆེད་དུ་རིམ་པ་འདི་དག་མ་ཡིན་ནོ། །གང་ཡང་དཀྱིལ་འཁོར་གྱི་འཁོར་ལོ་སྟོང་པ་ཉིད་དང་རོ་གཅིག་པར་ཤིན་ཏུ་བརྟན་པར་སྒོམ་པར་བྱེད་པ་དེ་ལ་ནི་བགེགས་ ཐམས་ཅད་དང་། ཉེས་པ་གཞན་རྣམས་ཀྱང་འབད་པ་མེད་པར་འགྱུར་ཏེ། རྨི་ལམ་དུ་ཡང་མི་སྣང་ངོ་། །དེའི་དོན་དུ་ཡང་རིམ་པ་འདི་མ་ཡིན་ནོ། །བགེགས་བཟློག་པའི་ཆོ་གའོ།། །།འདི་གཏོར་མ་དང་དཀྱིལ་འཁོར་དང་ས་སྦྱང་བ་ལ་སོགས་པའི་བྱ་བ་ཀུན་ལ་རྡོ་རྗེ་ལ་སོགས་པ་བཟུང་བ་སྔོན་དུ་ འགྲོ་བས་དེ་དག་གི་མཚན་ཉིད་བརྗོད་པར་བྱའོ། །དེ་ལ་རྡོ་རྗེ་རྩེ་ལྔ་པ་ཆ་གསུམ་དུ་མཉམ་པའི་དབུས་ཀྱི་སུམ་ཆའི་ཚད་དུ་ལྟེ་བ་སྟེ་ཟུར་བརྒྱད་པའོ། །ར་རྣམས་ནི་བཞི་པ་རྩེ་མོ་གུག་པའོ། །རའི་དབུས་ཀྱི་འོག་ནི་ཟླུམ་པོའོ། །ར་དབུས་མ་ནི་དྲང་ཞིང་ཟུར་བཞི་པ་རྣོ་བ་རྐེད་དཀྲིས་གསུམ་དང་ལྡན་ པ་ནས་ཀྱི་དབྱིབས་སོ། །འདིའི་རྩེ་མོ་དང་ཕྱོགས་ཀྱི་རའི་རྩེ་མོ་རྣམས་ཀྱི་བར་ནི་ནས་ཙམ་སྟེ་ར་ཐམས་ཅད་ཕན་ཚུན་མཉམ་པའོ། །དབུས་མ་ནི་ཅུང་ཟད་ལྷག་པའོ། །ར་རྣམས་ཀྱི་འོག་ཆུང་ཟད་ཕྲ་བའོ། །དབུས་དེ་ལས་སྦོམ་པའོ། །སྟེང་གི་ར་འོག་གི་ཆ་བས་ཕྲ་བའོ། །དབུས་ཀྱི་ཆ་ཡང་ དབུས་སྦོམ་ཞིང་མཐའ་གཉིས་དེ་བས་ཕྲ་བའོ། །ཟླ་བ་ལ་གནས་པའི་རི་མོ་གསུམ་གྱིས་བསྐོར་བའི་རྩ་བ་ཅན་ར་དབུས་མ་མ་གཏོགས་པའི་ཤར་ལ་སོགས་པའི་རྭ་རྣམས་ནི་ཆུ་སྲིན་གྱི་སོའི་བར་རྣམས་སུ་གནས་པའོ། །འདིའི་སྣ་ནི་སྟེང་དུ་འབྲས་སོ་བའི་ལྐོགས་པའི་ཕྱེད་ཀྱི་ཚད་དོ། ། ཆུ་སྲིན་གྱི་གདོང་ནི་རྭའི་བཞི་ཆའོ། །ཆུ་སྲིན་གྱི་གདོང་ནི་ཕྱེད་དུ་འོད་ཟེར་དང་བཅས་པའི་ཟླ་བའི་སྟེང་དུ་བསྐོར་བའི་རེ་ཁཱའི་མུ་ཁྱུད་དོ། །སྐེ་རགས་དེའི་དབུས་ཀྱི་ཆ་ནི་ཅུང་ཟད་ལྷག་པར་བྱའོ། །ཆ་ལྷག་མ་དག་ནི་ཕན་ཚུན་མཉམ་ཞིང་རིམ་གྱིས་ཉིས་འགྱུར་དུ་མཐོ་བའོ། །བསྐོར་བ་ཡང་རྡོ་རྗེའི་ཕྱེད་ཀྱི་ ཆ་སྟེ་བསྐོར་བའི་ཚད་གཉིས་ཀྱང་རྡོ་རྗེའི་སྲིད་དུའོ། །ཟླ་བའི་འོག་ཏུ་པདྨའོ། །པདྨའི་འོག་ཏུ་རིན་པོ་ཆེའི་ཕྲེང་བ་ཕྲ་མོས་བསྐོར་བའོ། །དེའི་འོག་ཏུ་སྐ་རགས་ཀྱི་རི་མོ་དང་འོད་ཟེར་ཡང་ཇི་ལྟར་རིགས་པར་བལྟ་བར་བྱའོ། །རྣོ་བ་དང་རྟུལ་བ་དང་ཁ་གྱེས་པ་དང་། ཞི་བའི་དབྱེ་བས་རྣམ་པ་གཉིས་སོ། ། སོར་བཞི་ནས་བརྩམས་ཏེ་སོར་ཉི་ཤུའི་བར་དུ་རྡོ་རྗེ་རབ་ཏུ་གྲགས་སོ། །ཁ་ཅིག་ནི་ཇི་ལྟར་འདོད་པར་རོ་ཞེས་སོ། །དྲིལ་བུ་ནི་ཆ་གསུམ་མཉམ་པ་རྡོ་རྗེ་དང་རྗེས་སུ་མཐུན་པའི་ཚད་དོ། །དེའི་འོག་གི་ཆ་གསུམ་པ་ནི་ཁ་ནས་བརྩམས་ནས་ཁར་བའི་དག་པའི་རང་བཞིན་དུ་བྱའོ། །དེའི་སྟེང་གི་ཆ། ། གཉིས་ནི་གསེར་ལ་སོགས་པ་ལས་བྱས་པའོ། །དེའི་ཁར་བའི་དབུས་ཀྱི་ནམ་མཁའི་རྒྱ་དང་། མཆུར་མཉམ་པའོ། །མཆུ་ལས་སྟེང་དུ་སྐེ་རགས་ཀྱི་དབུས་སུ་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ། །བདུད་རྩིའི་བུམ་པའི་འོག་ཏུ་གདན་གྲུ་བཞི་པའོ། །དེའི་འོག་ཏུ་ཕྲེང་བ་གསུམ་མོ། །དེའི་འོག་ཏུ་པདྨའོ། ། དེའི་འོག་ཏུ་སྐ་རགས་གཉིས་ཀྱི་དབུས་སུ་ཇི་ལྟར་རིགས་པར་རྡོ་རྗེ་ལ་སོགས་པའི་ཕྲེང་བའོ། །དེའི་འོག་ཏུ་རིན་པོ་ཆེ་སྣ་ཚོགས་པའི་དྲ་བ་དང་དྲ་བ་ཕྱེད་པའོ། །དྲ་བའི་ནང་བརྒྱད་ལ་མཚན་མ་བརྒྱད་དེ། ཤར་ལ་སོགས་པའི་ཕྱོགས་སུ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲིའོ། ། མེ་ལ་སོགས་པའི་ཕྱོགས་མིན་དུ་སྤྱན་དང་། རྡོ་རྗེ་དང་། པདྨ་དང་། ཨུཏྤ་ལའོ། །བར་བར་དུ་ཀུ་མུ་ཏ་དང་། ཨུཏྤ་ལ་དང་། པདྨ་དང་། རིན་པོ་ཆེ་དང་། པ་ཏྲ་དང་། མྱུ་གུ་ལ་སོགས་པ་ཇི་ལྟར་མཛེས་པའོ། །བུམ་པའི་ཚད་དུ་ཤེས་རབ་ཀྱི་ཞལ་ལོ། །ཞལ་གྱི་སྟེང་དུ་ སྔར་གྱི་རྡོ་རྗེ་ཕྱེད་ལྟ་བུའི་རྡོ་རྗེ་ཕྱེད་དོ། །འདིར་དྲིལ་བུ་ཁ་ཅིག་ནི་ཁ་ཆུ་སྐྱེས་ཅུང་ཟད་ཁ་དབྱེ་བ་ཅན་ནོ། །ཁ་ཅིག་པདྨའོ། །ཁ་ཅིག་ནི་བའི་ཁ་ལྟ་བུའོ། །འདིར་རྡོ་རྗེ་དབུས་དང་ཤར་ལ་སོགས་པའི་ར་ལྟེ་བའི་མཐར་ཐུག་པ་རྣམས་ལ་མི་བསྐྱོད་པ་དང་། རྣམ་པར་ སྣང་མཛད་ལ་སོགས་པ་བསྒོམ་པར་བྱའོ། །ཡང་ན་དབུས་སུ་རྣམ་པར་སྣང་མཛད་དོ། །ཤར་ལ་སོགས་པའི་འདབ་མར་བྱམས་པ་དང་སའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་དང་། འཇམ་པའི་དབྱངས་དང་། སྒྲིབ་པ་རྣམ་པར་སེལ་ བ་དང་། ཀུན་དུ་བཟང་པོ་རྣམས་ཏེ། ཆ་བརྒྱད་པ་ལ་རྡོ་རྗེ་སེམས་དཔའོ། །པདྨ་གཞན་གྱི་ཤར་ལ་སོགས་པའི་འདབ་མ་ལ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་། རྡོ་རྗེ་འབེབས་མའོ། །མེ་ལ་སོགས་པར་ཙུནྡ་དང་། རིན་ཆེན་སྐར་མདའ་དང་། རྡོ་རྗེ་ལྕགས་ སྒྲོག་མ་དང་། གཞན་གྱིས་མི་ཐུབ་མ་རྣམས་སོ། །ཕྱོགས་གཞན་གྱི་ར་རྣམས་ལ་ནི་དབུས་སུ་ཡེ་ཤེས་མཁའ་འགྲོ་མ་དང་། ཤར་དུ་རྡོ་རྗེ་མཁའ་འགྲོ་མ་དང་། བྱང་དུ་མཁའ་འགྲོ་མ་དྲག་མོ་དང་། ནུབ་ཏུ་རྡོ་རྗེ་རོ་ལངས་མ་དང་། ལྷོར་གཏུམ་མོའོ། །དྲིལ་བུའི་སྟེང་དུ་ཁ་འོག་ཏུ་ ཕྱོགས་པའི་པདྨའི་འདབ་མ་རྣམས་ལ་གཡས་སྐོར་དུ་ཕྱོགས་སུ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། མཚམས་སུ་ནོར་རྒྱུན་མ་དང་། ཙུནྡ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ཕྲེང་བ་མ་རྣམས་སོ། །བུམ་པའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྐུ་དང་། སྟེང་དུ་ཞལ་ལོ། །དེའི་ སྟེང་དུ་པདྨ་དང་རྡོ་རྗེ་ནི་སྔ་མ་བཞིན་ནོ། །མི་བསྐྱོད་པ་ལ་སོགས་པ་ལྷ་འདི་རྣམས་ཀྱི་ས་བོན་དང་མཚན་མ་དང་། ཕྱག་ལ་སོགས་པ་ནི་མན་ངག་གི་སྙེ་མར་བརྗོད་དོ། །དེ་ནས་དམ་ཚིག་སེམས་དཔའི་ལྷ་བསྐྱེད་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའི་ལྷ་རྣམས་སྤྱན་དྲངས་ནས། ཞལ་བསིལ་ལ་ སོགས་པ་སྔོན་དུ་འགྲོ་བས་དེ་རྣམས་ལ་བཅུག་སྟེ། ཆོ་ག་བཞིན་དུ་རབ་གནས་བྱས་ནས་མཆོད་པ་ལ་སོགས་པ་བྱས་ཏེ། ལྷ་རྣམས་ཡོངས་སུ་གྱུར་པ་ལས་རྭ་ལ་སོགས་པའི་གཟུགས་བཞུགས་ཤིང་། རྡོ་རྗེ་ཐབས་ཀྱི་རང་བཞིན་དང་། དྲིལ་བུ་ཤེས་རབ་ཀྱི་བདག་ཉིད་དང་གཉིས་ཀ་ཡང་དོན་དམ་པའི་བྱང་ཆུབ་ཀྱི་ སེམས་ཀྱི་རང་བཞིན་ཞེས་ཤིན་ཏུ་བརྟན་པར་མོས་པར་བྱས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡེ་ཏིཥྛ་ཨེ་ཥ་ཏྭཾ་དྷ་རཱ་ཡ་མི་ཧིཿཧི་ཧི་ཧི་ཧི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེ་གཡས་པའི་རྒན་པོ་དང་མིང་མེད་དག་གིས་དང་། ཨོཾ་བཛྲ་གྷཎྜ་ཧཱུཾ་ཞེས་བརྗོད་ཅིང་དྲིལ་བུ་གཡོན་པ་དག་གིས་བཟུང་ནས་དེ་གཡོན་ པའི་དཀུར་བཞག་སྟེ། རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་མཉེས་པར་བྱའོ་ཞེས་ལྷག་པར་མོས་ཤིང་ཡི་གེ་ཧཱུཾ་བརྗོད་པ་སྔོན་དུ་འགྲོ་བས། སོ་ཧི་ཨ་བཛྫ་མུལླ་ལུ་ཏཱ་ར་ཨ་སཏྭ་བི་མོཀྵ། དྷརྨ་བི་མོཀྵཾ་ཀཛྫ་ཧཱུཾ་བཛྫ་ཧུཙྪ་ཨ་དྷ་རནྟུ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཞེས་བརྗོད་ཅིང་རྡོ་རྗེ་གསོར་བར་བྱའོ། །དེ་ནས་རྡོ་རྗེ་གཡས་ པའི་དཀུར་བཟུང་བའམ་གསོར་ཞིང་། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ་པྲ་ར་ཎི་ཏ་སཾ་པྲ་ར་ནི་ཏ་སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙཱ་ལི་ནི་པྲ་ཛྙཱ་པ་ར་མི་ཏཱ་ནཱ་ད་སཾ་བྷ་བེ་བཛྲ་སཏྭ་ཧྲྀ་ད་ཡཾ་སནྟོ་ཥ་ནི་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་སྭཱ་ཧཱ། ཞེས་བརྗོད་ཅིང་དྲིལ་བུ་དབུས་ཀྱི་ཕྱོགས་བརྒྱད་རྣམས་སུ་ལྕེ་བསྐྱོད་པས་དཀྲོལ་བར་བྱའོ། །དྲིལ་བུ་དང་རྡོ་རྗེའི་དབྱེ་བ་ རྣམས་ཀྱི་མཚན་ཉིད་ལ་སོགས་པ་རྒྱས་པར་ནི་མན་ངག་གི་སྙེ་མར་བརྗོད་དོ་ཞེས་པ། རྡོ་རྗེ་དང་དྲིལ་བུའི་མཚན་ཉིད་ལ་སོགས་པའི་ཆོ་གའོ། །དེ་ལྟར་ཐུབ་པ་མཆོག་རྣམས་ཀྱི་ནི་གསུང་གི་རྒྱ་མཚོ་ཟབ་མོ་རུ། །ཁ་ཅིག་ཐོས་པ་ཙམ་ཡང་མི་འཇུག་འགའ་ཞིག་གིས་ཀྱང་གཏིང་མ་རྙེད། །སྙིང་རྗེ་དང་བཅས་བློ་ གྲོས་རྒྱ་ཆེན་མཐུ་ཡིས་ཁོ་བོས་ནང་ཞུགས་ནས། །དགའ་བར་བྱ་ཕྱིར་བདུད་རྩི་འདི་ནི་ཉེར་བླངས་བསྟེན་པར་གྱིས། །འདིར་ནི་བསོད་ནམས་གང་ཞིག་ཤར་དང་འོད་ཆེན་གང་ཞིག་ནང་དུ་འབར། །གཉིས་པོ་དེ་ཡིས་མྱུར་དུ་ཕུན་སུམ་ཚོགས་པ་རྣམས་ཀྱི་འབྱུང་གནས་ནི། །འགྲོ་བ་གསུམ་པ་མི་ འཇིགས་མངའ་བདག་སྣ་ཚོགས་ལུས་ཅན་ཁྲོ་བོ་ནི། །དཀྱིལ་འཁོར་རྡོ་རྗེ་ལྷ་མོ་བདེ་བའི་གཞི་ལ་འདུ་ཞིང་རོལ་པར་ཤོག །དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་ཕྲེང་བ་ཞེས་བྱ་བ་པཎྜི་ཏ་ཆེན་པོ་གནས་བརྟན་ཨ་བྷ་ཡཱ་ཀ་ར་གུཔྟས་མཛད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་ལོ་ཙཱ་བ་ཁེར་གད་བནྡེ་འཁོར་ ལོ་གྲགས་ཀྱིས་འགྱུར་ལ། དུས་ཕྱིས་ལོ་ཙཱ་བ་ཤེས་རབ་དཔལ་གྱིས་བཅོས་ཤིང་སླད་ནས་པཎྜི་ཏ་རཏྣ་རཀྵི་ཏ་དང་། རཱ་ཧུ་ལ་ཤྲཱི་བྷ་དྲ་དང་། མ་ཎི་ཀ་ཤྲཱི་ཛྙཱ་ན་དང་། ཆག་ཆོས་རྗེ་དཔལ་གྱིས་བཅོས་པ་ལ་སླད་ནས་དཔང་ལོ་ཙཱ་བ་བློ་བརྟན་གྱིས་མི་བཅོས་སུ་མི་རུང་བ་རྣམས་བཅོས་ནས་དག་པར་བྱས་པའོ།། །། ༄༅༅། །རྒྱ་གར་སྐད་དུ། ནིཥྤནྣ་ཡོ་ག་ཨ་བཱ་ལི་ནཱ་མ། བོད་སྐད་དུ། རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཅན་གང་འདི་ཡི་འོད་ཀྱིས་འགྲོ་བ་ལོང་བྱེད་མུན་རྣམས་ལས་རྒྱལ་བྱེད། །གང་ཞིག་གནས་ སྐབས་མཐར་ཐུག་དབྱེར་མེད་དཔལ་ལྡན་ཡོན་ཏན་ཚོགས་ཀྱིས་མཛེས་པ་དང་། གང་གི་སྙིང་རྗེའི་ཚོགས་ཀྱི་བདུད་རྩིས་རབ་ཏུ་བརླན་པའི་ཐུགས་ཀྱིས་ཤིན་ཏུ་སྤྲོས་པ་སྟེ། །དེ་དག་རྣམས་ཀྱིས་སྤྱོད་པ་རྨད་བྱུང་འདི་བསྟེན་ཤེས་རབ་རང་བཞིན་ཁྱེད་ལས་མྱུར་གྱུར་ཅིག །རྡོ་རྗེའི་ཕྲེང་བས་བརྒྱན་པའི་ དཀྱིལ་འཁོར་འདིར། །རྡོ་རྗེ་འཆང་སྤྱོད་ཤིན་ཏུ་མཛེས་པ་ཡིས། །སྣ་ཚོགས་སྐྱེས་པ་སྤྲུལ་པའི་ཚོགས་རྣམས་ཀྱིས། །མྱུར་དུ་དོན་ཡོད་ཕུན་སུམ་ཚོགས་པར་ཤོག །འདིར་ནི་ཆུང་ངུ་དང་འབྲིང་པོ་དག་གི་རིམ་པས་ཏིང་ངེ་འཛིན་ལེགས་པར་བསྒོམས་པ་ལས་ཤེས་རབ་མཆོག་དང་ལྡན་པ་ལ། བཅོམ་ལྡན་འདས་ཀྱིས་སྤྲོ་བ་དང་བསྡུ་བའི་བྱེད་པ་པོ། །རྣམ་པ་ཀུན་གྱི་མཆོག་ལྡན་པ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་གསུངས་སོ། །དེ་ཡང་བདག་དང་སེམས་ཅན་ཐམས་ཅད་རྡོ་རྗེ་འཛིན་པ་ཉིད་ཐོབ་པར་འདོད་ པའི་སྤྲོ་བ་དང་ལྡན་པས། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་གཟུགས་བརྙན་ལྟ་བུར་སྟོང་པ་ཉིད་དང་རོ་གཅིག་པར་ངེས་པར་བྱས་ནས། འོད་རབ་ཏུ་གསལ་བ་ལ་རབ་ཏུ་ཞུགས་ཏེ། སྐད་ཅིག་གི་ཡན་ལག་དང་བཅས་པའི་གཞལ་ཡས་ཁང་གི་དབུས་སུ་དཀྱིལ་འཁོར་དང་དཀྱིལ་འཁོར་པས་ཡོངས་ སུ་བསྐོར་བའི་དཔལ་རྡོ་རྗེ་སེམས་དཔའ་དང་འཇམ་པའི་རྡོ་རྗེ་ལ་སོགས་པའི་སྐུ་སྟོང་པ་ཉིད་དང་། སྙིང་རྗེ་རོ་གཅིག་པའི་བདེ་བ་ཆེན་པོའི་རང་བཞིན་རིགས་ཀྱི་བདག་པོས་དབུ་བརྒྱན་ཅིང་ཐུགས་ཀའི་ས་བོན་དང་ལྡན་པ་ལ་དེ་བཞིན་གཤེགས་པ་དང་། ལྷ་མོ་དང་། བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་ལ་ སོགས་པ་དཔག་ཏུ་མེད་པ་སྤྲོས་ཏེ། ཇི་ལྟར་གཞན་ལ་ཕན་པར་ནུས་པའི་ཆོས་སྟོན་པ་ལ་སོགས་པས་གཞན་བསོད་ནམས་ཀྱི་ཚོགས་མཐར་ཕྱིན་པ་ལ་གཞག་ཅིང་། བསྡུ་བ་བྱས་པས་བསམ་གྱིས་མི་ཁྱབ་པའི་སྐུར་བསྐྱེད་པར་བྱའོ། །དེ་ལ་འདིའི་ཡན་ལག་ལ་སོགས་པ་ནི་ས་འོག་གི་མཐར་ཐུག་པར་ ཇི་ལྟར་མངོན་པར་འདོད་པའི་རྒྱར། གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱིས་ས་གཞི་དང་བསྐལ་པའི་མཐའི་མེ་འབར་བའི་འོད་ཟེར་གྱི་ཕྲེང་བ་དང་ལྡན་པས་མཚམས་བཅིང་བ་དང་། ས་འོག་ནས་སྟེང་གི་བར་དུ་ཤིན་ཏུ་མཐོ་ཞིང་མཁྲེགས་ལ་སྲ་ཞིང་འབར་བའི་རྡོ་རྗེ་ར་བ་དང་། རྡོ་རྗེའི་ར་ བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང་སྟེང་དུ་རྡོ་རྗེའི་མདའི་དྲ་བ་དང་། འོག་ཏུ་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའོ། །དེའི་ནང་དུ་གནས་པའི་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་གནས་པའི་འཁོར་ལོ་རྩིབས་བཅུ་པ་སེར་པོ་གཡས་སྐོར་དུ་འཁོར་བའོ། །དེའི་ཤར་གྱི་རྩིབས་ ལ་གཤིན་རྗེ་མཐར་བྱེད་ནག་པོ། ཞལ་དཀར་པོ་དང་དམར་པོ་རྡོ་རྗེའི་ཐོ་བ་ནག་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །ལྷོའི་རྩིབས་ལ་ཤེས་རབ་མཐར་བྱེད་དཀར་པོ་ཞལ་ནག་པོ་དང་དམར་པོ། རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་། རལ་གྲི་དང་། ནོར་བུ་དང་པདྨ་འཛིན་པའོ། །ནུབ་ ཀྱི་རྩིབས་ལ་པདྨ་མཐར་བྱེད་དམར་པོ་ཞལ་སྔོན་པོ་དང་དཀར་པོ། པདྨ་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །བྱང་གི་རྩིབས་ལ་བགེགས་མཐར་བྱེད་ནག་པོ་ཞལ་དཀར་པོ་དང་དམར་པོ་ཁྲོ་བོའི་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །མེར་འདོད་པའི་རྒྱལ་པོ་སྔོན་པོ་ཞལ་ དཀར་པོ་དང་དམར་པོ། ལྕགས་ཀྱུ་དང་རལ་གྲི་དང་ནོར་བུ་དང་མཚོ་སྐྱེས་འཛིན་པའོ། །བདེན་བྲལ་དུ་དབྱུག་པ་སྔོན་པོ་ནག་པོ་ཞལ་དཀར་པོ་དང་དམར་པོ་དབྱུག་པ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །རླུང་དུ་སྟོབས་པོ་ཆེ་ནག་པོ་ཞལ་དཀར་པོ་དང་དམར་པོ། རྩེ་གསུམ་པ་དང་རལ་ གྲི་དང་ནོར་བུ་དང་པདྨ་བསྣམས་པའོ། །དབང་ལྡན་དུ་མི་གཡོ་བ་སྔོན་པོ་ཞལ་དཀར་པོ་དང་དམར་པོ་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །སྟེང་དུ་གཙུག་ཏོར་འཁོར་ལོས་སྒྱུར་བ་སེར་པོ་ཞལ་སྔོན་པོ་དང་དམར་པོ། འཁོར་ལོ་སེར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །འོག་ཏུ་གནོད་ མཛེས་རྒྱལ་པོ་སྔོན་པོ་ཞལ་དཀར་པོ་དང་དམར་པོ་རྡོ་རྗེ་དང་རལ་གྲི་དང་ནོར་བུ་དང་པདྨ་བསྣམས་པའོ། །དེ་ལ་གཙུག་ཏོར་དང་འདོད་པའི་རྒྱལ་པོ་དང་མི་གཡོ་བ་དང་གནོད་མཛེས་རྣམས་ནི་རིན་པོ་ཆེའི་ཅོད་པན་ཅན། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པར་གྱུར་པ། མཆེ་བ་ཅུང་ཟད་གཙིགས་པ་སྟོན་ པ། སྨ་ར་དང་བྲལ་བའོ། །དེ་ལས་གཞན་པ་རྣམས་ནི་མི་སྡུག་པའི་གཟུགས་ཅན་སྨིན་མ་འཁྱོག་པ་དང་བཅས་པས་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དང་སྨ་ར་དམར་སེར་དང་བཅས་པ། ཞལ་གདངས་པ། མཆེ་བ་གཙིགས་པ། ལྗགས་འགྱུར་བ། གད་རྒྱངས་དང་ ལྡན་པ། དྲག་པོའི་ཀླུ་བརྒྱད་ཀྱིས་བརྒྱན་པ་སྐུ་བོང་ཐུང་ཞིང་རགས་པ་ལྟོ་བ་འཕྱང་བའོ། །བཅུ་པོ་འདི་དག་ནི་གཡོན་བརྐྱང་བ་གཡས་བསྐུམ་པས་རྩིབས་ཀྱི་རྩེ་མོ་ལ་ཅུང་ཟད་མ་རེག་པའི་སྣ་ཚོགས་པདྨ་དང་། ཉི་མའི་གདན་དང་བཅས་པ་བརྟན་པར་གནས་པ། ཉི་མའི་འོད་ཅན་ཤིན་ཏུ་ ཁྲོས་པ་དང་འབར་བས་ཤིན་ཏུ་འཇིགས་པ་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལྟ་བུའི་འོད་དང་ལྡན་པའི་རང་གི་སྐུའི་སྤྲུལ་པ་དཔག་ཏུ་མེད་པའི་ཚོགས་ཀྱིས་ཀྱང་ཁམས་གསུམ་མཐའ་ཡས་པ་ན་གནས་པའི་བགེགས་ཀྱི་ཚོགས་མ་ལུས་པ་ཡང་དང་ཡང་དུ་བརླག་པར་བྱེད་པ་ཕྱག་དྲུག་པ་རྩ་བའི་ ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། ཞལ་གསུམ་པ་ཁྱད་པར་དུ་རྩ་བའི་ཞལ་གྱི་མདོག་ནི་སྐུ་མདོག་ལྟ་བུ་སྟེ། གཡས་པ་དང་གཡོན་པ་ཡི་ནི་གོང་དུ་བརྗོད་དོ། །ཞལ་རེ་རེ་ལའང་དམར་ལ་ཟླུམ་པའི་སྤྱན་གསུམ་མོ། །འཁོར་ལོ་ཡང་རྒྱུན་མི་འཆད་པར་ དྲག་ཏུ་འཁོར་བས་བརྟན་པར་གནས་པ་ལྟ་བུར་འབར་བའི་ཚོགས་དཔག་ཏུ་མེད་པ་འཕྲོ་བའོ། །དེའི་ལྟེ་བའི་ནང་དུ་འོག་གི་རྩིབས་ཀྱི་སྟེང་དུ་ཆོས་འབྱུང་གྲུ་གསུམ་དཀར་པོ་ཤིན་ཏུ་ཡངས་པའི་ནང་དུ་འོག་གི་ཟུར་ལ་གནས་པའི་སྣ་ཚོགས་པདྨའི་སྟེང་དུ་སྣ་ཚོགས་རྡོ་རྗེ་དང་བཅས་པའོ། །རྡོ་རྗེ་དེའི་ཕྱོགས་ ཀྱི་ར་རྣམས་དང་ལྟེ་བ་ནི་ཇི་ལྟར་རིགས་པར་རྣམ་པར་སྣང་མཛད་ལ་སོགས་པའི་མདོག་དང་འདྲ་བའོ། །དེར་རིན་པོ་ཆེ་ཁ་དོག་ལྔ་ལས་ཡོངས་སུ་རྫོགས་པ་ཐུབ་པའི་དབང་པོའི་དཀྱིལ་འཁོར་འོད་གསལ་བ་ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་སྣ་ཚོགས་པའི་འོད་ཟེར་གྱིས་ཁྱབ་པའི་གཞལ་ཡས་ཁང་ངོ་། །དེའི་ དབུས་སུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་འཇམ་པའི་རྡོ་རྗེའི་སྐུ་གུར་གུམ་གྱི་མདོག་ལྟ་བུ་གཡས་དང་གཡོན་གྱི་ཞལ་ནག་པོ་དང་དཀར་པོ། རྩ་བའི་ཕྱག་དག་གིས་རང་དང་འདྲ་བའི་ཤེས་རབ་མ་ལ་འཁྱུད་པ། རལ་གྲི་དང་མདའ་དང་ཨུཏྤ་ལ་དང་གཞུ་འཛིན་པ་རིན་པོ་ཆེའི་ཅོད་པན་ཅན་ནོ། །རིན་པོ་ ཆེ་སྣ་ཚོགས་པས་བརྒྱན་པ། འོད་ཟེར་མཐའ་ཡས་པའོ། །དེའི་ཤར་གྱི་ཕྱོགས་སུ་རྣམ་པར་སྣང་མཛད་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དམར་པོ་ཕྱག་རྣམས་ན་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དང་། རལ་གྲི་དང་ནོར་བུ་དང་པདྨའོ། །ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་རིན་པོ་ཆེ་ མརྒཏ་ཟུར་དགུ་པ་དང་། རལ་གྲི་དང་འཁོར་ལོ་དང་པདྨ་འཛིན་པའོ། །ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་པདྨ་དམར་པོ་དང་རལ་གྲི་དང་ནོར་བུ་དང་། འཁོར་ལོ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་རལ་གྲི་དང་འཁོར་ལོ་དང་ནོར་བུ་དང་པདྨ་འཛིན་པའོ། །འདི་གསུམ་གྱི་གཡས་པ་དང་ ཅིག་ཤོས་ཀྱི་ཞལ་ནི་ནག་པོ་དང་དཀར་པོའོ། །དེ་བཞིན་གཤེགས་པ་འདི་དག་ཐམས་ཅད་རིན་པོ་ཆེའི་ཅོད་པན་དང་ལྡན་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །མེར་སྤྱན་མ་རྣམ་སྣང་དང་མཚུངས་པའོ། །བདེན་བྲལ་དུ་མཱ་མ་ཀཱི་མི་བསྐྱོད་པ་ལྟ་བུ་ཨུཏྤ་ལ་དམར་པོ་དང་། རལ་གྲི་དང་ནོར་བུ་དང་པདྨ་ འཛིན་པ་སྟེ། སྒྲུབ་ཐབས་ཐམས་ཅད་ལས་དེ་ལྟར་བཤད་པའི་ཕྱིར་རོ། །རླུང་དུ་གོས་དཀར་མོ་སྣང་བ་མཐའ་ཡས་དང་མཚུངས་པའོ། །དབང་ལྡན་དུ་སྒྲོལ་མ་རིན་ཆེན་འབྱུང་ལྡན་ལྟ་བུ་ཨུཏྤ་ལ་སེར་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །དབུས་ཀྱི་རིམ་པ་ལས་ཕྱི་རོལ་དུ་མེའི་མཚམས་ སུ་གཟུགས་རྡོ་རྗེ་མ་རྣམ་པར་སྣང་མཛད་ལྟ་བུ་རིན་པོ་ཆེའི་མེ་ལོང་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །སྲིན་པོར་སྒྲ་རྡོ་རྗེ་མ་མི་བསྐྱོད་པ་ལྟ་བུ་པི་ཝང་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པའོ། །རླུང་དུ་དྲི་རྡོ་རྗེ་མ་རིན་ཆེན་འབྱུང་ལྡན་ལྟ་བུ་དྲི་ཆབ་ཀྱི་དུང་སེར་པོ་དང་རལ་གྲི་དང་འཁོར་ལོ་དང་ ཆུ་སྐྱེས་འཛིན་པའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་སྣང་བ་མཐའ་ཡས་དང་མཚུངས་པ་རོའི་སྣོད་དམར་པོ་དང་རལ་གྲི་དང་ནོར་བུ་དང་འཁོར་ལོ་འཛིན་པའོ། །ཤར་སྒོའི་གཡོན་ལོགས་སུ་རེག་བྱ་རྡོ་རྗེ་མ་དོན་ཡོད་གྲུབ་པ་དང་མཚུངས་པ་གོས་སྣ་ཚོགས་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། ། ཤར་སྒོའི་གཡས་ལོགས་སུ་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྡོ་རྗེ་སེམས་དཔའ་དང་མཚུངས་པ་ཆོས་འབྱུང་དཀར་པོ་དང་རལ་གྲི་དང་ནོར་བུ་དང་ཆུ་སྐྱེས་འཛིན་པའོ། །འཇམ་པའི་རྡོ་རྗེ་ལ་སོགས་པའི་ལྷ་འདི་རྣམས་ནི་ཞལ་གསུམ་པ་ཕྱག་དྲུག་པ་ཕྱག་མཚན་དང་པོ་གཉིས་ནི་གཡས་པ་དག་གིས་སོ། ། གཞན་གཉིས་ནི་གཡོན་པ་དག་གིས་འཛིན་པའོ། །ཐམས་ཅད་ཀྱི་རྩ་བའི་ཞལ་ནི་སྐུ་མདོག་བཞིན་ནོ། །ཤར་ལ་སོགས་པའི་སྒོ་རུ་གཤིན་རྗེ་མཐར་བྱེད་དང་ཤེས་རབ་མཐར་བྱེད་དང་པདྨ་མཐར་བྱེད་དང་བགེགས་མཐར་བྱེད་རྣམས་སོ། །འཇམ་པའི་རྡོ་རྗེ་དང་རྣམ་པར་སྣང་མཛད་དང་ལྷ་མོ་བཅུ་པོ་ རྣམས་ནི་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ། །གཞན་ནི་ཉི་མ་ལའོ། །ཟླ་བ་དང་ཉི་མའི་འོག་ཏུ་སྣ་ཚོགས་པདྨའོ། །དེ་བཞིན་གཤེགས་པ་རྣམས་ཀྱི་གཙོ་བོའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་དག་ལ་འཁྱུད་པ་སྟེ་དེ་བཞིན་དུ་ཤེས་རབ་རྣམས་འོད་ཀྱི་ཐབས་ལའོ། །དབུ་ ལ་རིགས་ཀྱི་བདག་པོ་སྟེ་འཇམ་པའི་རྡོ་རྗེ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་། མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་། སྲུང་བའི་འཁོར་ལོའི་ཁྲོ་བོ་བརྒྱད་ལ་ནི་མི་བསྐྱོད་པའོ། །སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་གཤིན་རྗེ་གཤེད་རྣམས་ལ་ནི་རྣམ་པར་སྣང་མཛད་དོ། །དྲི་རྡོ་རྗེ་མ་ལ་ནི་རིན་ ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང་རོ་རྡོ་རྗེ་མ་དང་པདྨ་མཐར་བྱེད་རྣམས་ལ་འོད་དཔག་མེད་དོ། །སྒྲོལ་མ་དང་རེག་བྱ་རྡོ་རྗེ་མ་ལ་ནི་དོན་ཡོད་གྲུབ་པའོ། །ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་ལ་ནི་རྡོ་རྗེ་འཛིན་པའོ། །གཞན་ནི་མི་བསྐྱོད་པའོ། །འདིར་རྡོ་རྗེ་སེམས་དཔའ་ནི་སྐུ་མདོག་དཀར་ པོ་ལ་ཅུང་ཟད་དམར་པོའི་མདངས་དང་ལྡན་པ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནི་སྔོན་པོ་དང་དམར་པོ་གཙོ་བོའི་ཕྱག་དག་གིས་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པ་རྡོ་རྗེ་སྔོན་པོ་དང་རལ་གྲི་དང་ནོར་བུ་དང་པདྨ་འཛིན་པ། སྣ་ཚོགས་པདྨ་དང་། ཟླ་བའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ་ཟླ་བའི་མདོག་ཅན་རིན་ པོ་ཆེའི་ཅོད་པན་དང་། རིན་པོ་ཆེའི་རྒྱན་དང་ལྡན་པ་དབུ་ལ་མི་བསྐྱོད་པས་རྒྱས་བཏབ་པའོ། །འདིར་འཇམ་པའི་རྡོ་རྗེའི་ཐུགས་ཀར་དམ་ཚིག་སེམས་དཔའ་ལྟ་བུའི་ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཟླ་བར་རལ་གྲིའི་ཡུ་བ་ལ་གནས་པའི་ས་བོན་མཾ་ངོ་། །རྟག་པ་དང་རིན་འབྱུང་དང་། འོད་དཔག་ མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱི་ཐུགས་ཀར་ཕྱག་མཚན་ལ་ཇི་ལྟར་རིགས་པར་ཟླ་བའམ། ཉི་མ་ལ། བྷྲཱུཾ། ཨཱཾ། ཛྲཱིཾ། ཁཾ། ཧཱུཾ་ངོ་། སྤྱན་ལ་སོགས་པའི་ལྷ་མོ་རྣམས་ལ་ལཱཾ་མཱཾ་པཱཾ་ཏཱཾ། ཛཿཧཱུཾ་བཾ་ཧོཿཁཾ་རཾ་མཾ། ཁྲོ་བོ་རྣམས་ལ་ཧཱུཾ་ངོ་། །ལྷ་ཐམས་ཅད་ཀྱི་སྙིང་པོའི་སྔགས་ནི་རྡོ་རྗེའི་ཕྲེང་བར་བཤད་ དོ། །འདིར་རྫོགས་པའི་རྣལ་འབྱོར་དུ་མིག་ལ་སོགས་པ་བྱིན་གྱིས་བརླབ་པ་དང་ཡེ་ཤེས་སེམས་དཔའ་དགུག་གཞུག་ལ་སོགས་པ་ནི་མ་བཤད་དོ། །དེ་མེད་ཀྱང་མིག་གི་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་ཅིང་བསམ་གྱིས་མི་ཁྱབ་པས་མཛེས་པར་བྱས་པའི་ཡི་དམ་གྱི་ལྷའི་ སྐུ་ཅིག་ཅར་ཁོ་ན་ལ་ལེགས་པར་ཡོངས་སུ་དག་ཅིང་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་རྒྱུན་དུ་ཡང་དང་ཡང་ལྷག་པར་མོས་པ་བརྟན་པར་བྱའོ། །སྙིང་པོའི་སྔགས་ལ་སོགས་པ་བསྟན་པ་ནི་བུམ་པ་ལྷག་པར་གནས་པ་ལ་སོགས་པ་ལ་ཉེ་བར་མཁོ་བའི་ཆེད་དུའོ། །གང་གི་ཚེ་དབུས་སུ་དེ་བཞིན་གཤེགས་ པ་གཞན་གཙོ་བོར་གྱུར་པ་དེའི་དབུས་སུ་གནས་པ་གཞན་དེའི་གནས་སུ་དགོད་དོ། །འོད་དཔག་མེད་དཀར་པོར་ཡང་འགྱུར་ཏེ། ཆོས་རྣམས་དཀར་པོའི་རང་བཞིན་གྱིས། །འདིར་ནི་ངག་གི་དབང་ཕྱུག་དཀར། །ཞེས་གསུངས་པའི་ཕྱིར། འདི་དང་འཆད་པའི་དཀྱིལ་འཁོར་རྣམས་སུ་གང་གི་དཀྱིལ་ འཁོར་པའི་ལྷའི་གཙོ་བོའི་གནས་གང་དུ་བཤད་པ་དེ་ཉིད་དུ་གཙོ་བོ་དེ་དཀྱིལ་འཁོར་གྱི་དབང་པོ་ལ་མངོན་པར་ཕྱོགས་ཤིང་དེ་དང་འཁྱུད་པ་ནི་དེ་ལ་མངོན་དུ་ཕྱོགས་པ་ཉིད་དེ་གཞན་གྱི་གནས་སུ་ཕྱིན་པའི་ཕྱིར་རོ། །འདིར་ནི་གཞལ་ཡས་ཁང་གི་ཡན་ལག་རྣམ་པ་གསུམ་སྟེ། རྡོ་རྗེའི་ས་གཞི་ལ་སོགས་ པས་ཡོངས་སུ་བསྐོར་བའི་རྡོ་རྗེའི་གུར་དང་། སྲུང་བའི་འཁོར་ལོ་དང་། ཆོས་འབྱུང་ངོ་། །དེ་ལ་རྡོ་རྗེའི་གུར་ནི་འཆད་པར་འགྱུར་བའི་གཞལ་ཡས་ཁང་ཐམས་ཅད་ལའོ། །སྲུང་བའི་འཁོར་ལོ་དང་། ཆོས་འབྱུང་ནི་འགའ་ཞིག་ཁོ་ན་ལ་འཆད་དོ། །བྲི་བར་བྱ་བའི་གཞལ་ཡས་ཁང་རྣམས་ལ་ནི་ཆོས་ཀྱི་ དབྱིངས་ཀྱི་ངོ་བོ་ཆོས་འབྱུང་ངམ་ཆོས་ཀྱི་དབྱིངས་ཀྱི་ཁོངས་སུ་ཆུད་པར་མཚོན་པའི་ཆེད་དུ་རྡོ་རྗེ་ཕྲེང་བ་བྲི་བར་བྱའོ། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། ཞེས་པས་རྫོགས་རིམ་གྱི་དཀྱིལ་འཁོར་རྟོགས་པར་བྱ་བའི་ཆེད་དུ་འཇིག་རྟེན་ཁམས་ཀྱི་ཁོར་ཡུག་མཚོན་པའི་ཕྱིར་རྡོ་རྗེ་ཕྲེང་བ་བྲི་བ་ནི་ངེས་པར་རོ། །འདིར་སྲུང་ བའི་འཁོར་ལོ་ནི་དེ་ལྟར་མ་ཡིན་པས་བྲི་མི་དགོས་ཏེ། བགེགས་བཟློག་པ་ནི་གཞན་གྱིས་ཀྱང་བྱེད་པས་སོ། །གཞན་ཡང་སྟོང་པ་ཉིད་ཁོ་ན། བཅོམ་ལྡན་འདས་ཀྱིས་བགེགས་ཀྱི་ཚོགས་མ་ལུས་པ་རྩ་བ་དང་བཅས་པ་བརླག་པར་བྱེད་པའི་ནུས་པ་རབ་ཏུ་གྱུར་པས། དེ་ལ་ལྷག་པར་མོས་པ་བརྟན་པ་ཉིད་ བསྐྱེད་པའི་ཆེད་དུ་བྲི་བའི་དཀྱིལ་འཁོར་ལ་སྲུང་བའི་འཁོར་ལོ་བྲི་བར་མ་བསྟན་ཏོ། །བསྒོམ་བྱའི་དཀྱིལ་འཁོར་ལ་ཡང་ཁ་ཅིག་ཏུ་བསྒོམ་པར་གསུངས་པ་ལས་ཐམས་ཅད་དུ་མ་ཡིན་ནོ། །བགེགས་བསལ་བའི་རྗེས་ལ་སྟོང་པ་ཉིད་ལ་རབ་ཏུ་ཞུགས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་ལ་སྲུང་བའི་ འཁོར་ལོ་མེད་དེ་དེའི་ཕྱིར་མི་འདྲིའོ་ཞེ་ན་དེ་ལྟར་ན་ཁོར་ཡུག་མཚོན་པའི་རྡོ་རྗེའི་ར་བ་ཡང་མི་འདྲི་བར་འགྱུར་རོ། །ཡང་ན་གཞལ་ཡས་ཁང་བསྐྱེད་པའི་དུས་སུ་དེ་ཡང་བསྐྱེད་དོ་ཞེ་ན། མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ར་བ་ལན་གསུམ་བསྐྱེད་པར་ནི་གང་ནས་ཀྱང་མ་གསུངས་སོ། །ལན་གཉིས་ བསྐྱེད་པས་ཅི་ཞིག་བྱ་ཅིག་ཅར་རྫོགས་པ་ཉིད་ཀྱང་རྡོ་རྗེའི་ས་གཞི་དང་མཚམས་བཅིང་བ་དང་རྡོ་རྗེའི་ར་བ་ལ་སོགས་ཀུན་བརྟགས་མཐའ་དག་སྟོང་པ་ཉིད་ཀྱི་རང་བཞིན་སྒྱུ་མའི་ངོ་བོར་གནས་པ་ཉིད་དོ། །དེས་ནི་སྲུང་བའི་འཁོར་ལོ་ཡོད་ཀྱང་དཀྱིལ་འཁོར་དུ་མི་འདྲི་བའི་འཐད་པ་བརྗོད་པ་ཉིད་དོ། །ཁ་ ཅིག་ནི་ཁ་ཅིག་ལ་སྲུང་བའི་འཁོར་ལོ་བྲི་བར་བྱའོ་ཞེས་འདོད་དོ་ཞེས་བྱ་བ་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་རོ།། །།བསྡུས་པའི་རིམ་པར་གསུངས་པའི་དཀྱིལ་འཁོར་ལ་ནི་གཞལ་ཡས་ཁང་གི་བར་དུ་སྔ་མ་བཞིན་ནོ། །ཁྲོ་བོ་རྣམས་ཀྱི་ཁྱད་པར་ནི་བཤད་པར་བྱའོ། ། གཞལ་ཡས་ཁང་གི་དབུས་སུ་མི་བསྐྱོད་པ་ནག་པོ་དྲག་པོ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་དཀར་པོ་དང་དམར་པོ་ཕྱག་གཡས་པ་རྣམས་ནི་ཁྲོ་བོའི་རྡོ་རྗེ་དང་འཁོར་ལོ་དང་པདྨ་བསྣམས་པ། གཡོན་པ་རྣམས་ན་དྲིལ་བུ་དང་ཡིད་བཞིན་གྱི་ནོར་བུ་དང་རལ་གྲི་འཛིན་པ་རང་དང་འདྲ་བའི་རེག་བྱ་རྡོ་རྗེ་མ་ལ་ འཁྱུད་པའོ། །དེའི་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་རྣམ་པར་སྣང་མཛད་ལ་སོགས་པ་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་སྤྱན་མ་ལ་སོགས་པའོ། །དེ་ལ་རྣམ་པར་སྣང་མཛད་ནི་ཞི་བ་དཀར་པོའོ། །ཞལ་དཀར་པོ་དང་ནག་པོ་དང་དམར་པོ་འཁོར་ལོ་དང་རྡོ་རྗེ་དང་པདྨ་དཀར་པོ་དང་དྲིལ་བུ་ དང་ནོར་བུ་དང་རལ་གྲི་འཛིན་པའོ། །བཤད་ཟིན་པ་དང་འཆད་པར་འགྱུར་བའི་ཕྱག་མཚན་དང་པོ་ནས་རིམ་པ་བཞིན་དུ་ཕྱག་གཡས་པར་སྟེང་ནས་འོག་ཏུ་དང་། གཡོན་པར་འོག་ནས་སྟེང་དུ་རིག་པར་བྱའོ། །རིན་ཆེན་འབྱུང་ལྡན་ནི་སེར་པོ་སྟེ་ཞལ་སེར་པོ་དང་ནག་པོ་དང་དཀར་པོའོ། །ཞལ་གྱི་མདོག་ གསུམ་ནི་རིམ་པ་བཞིན་དུ་རྩ་བ་དང་གཡས་པ་དང་གཡོན་ཡིན་ནོ། །ནོར་བུ་དང་རྡོ་རྗེ་དང་འཁོར་ལོ་དང་། དྲིལ་བུ་དང་པདྨ་སེར་པོ་དང་རལ་གྲི་འཛིན་པའོ། །སྣང་བ་མཐའ་ཡས་དམར་པོ་ཞལ་དམར་པོ་དང་ནག་པོ་དང་དཀར་པོ་ཕྱག་གཡོན་པས་དྲིལ་བུ་དང་བཅས་པའི་པདྨ་དམར་པོའི་ཡུ་བ་ཐུགས་ཀར་བཟུང་ བ། ཕྱག་གཡས་པས་ཁ་འབྱེད་པའོ། །གཞན་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་། རལ་གྲི་འཛིན་པའོ། །དོན་ཡོད་གྲུབ་པ་ནི་ལྗང་གུ་ཞལ་ལྗང་གུ་དང་ནག་པོ་དང་དཀར་པོ་རལ་གྲི་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་དྲིལ་བུ་དང་པདྨ་ལྗང་གུ་དང་ནོར་བུ་འཛིན་པའོ། །དེ་བཞིན་གཤེགས་པ་ལྔ་ པོ་འདི་དང་འཆད་པར་འགྱུར་བའི་ཀུན་དུ་བཟང་པོའི་བར་ནི་རལ་པའི་ཐོར་ཅོག་དང་རིན་པོ་ཆེའི་ཅོད་པན་དང་རིན་པོ་ཆེ་ལ་སོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པའོ། །སྤྱན་མ་ནི་རྣམ་པར་སྣང་མཛད་དང་མཚུངས་པ་སྟེ། འོན་ཀྱང་པདྨ་དཀར་པོའི་གནས་སུ་ཨུཏྤལ་དཀར་པོའོ། །མཱ་མ་ཀཱི་ནི་མི་བསྐྱོད་པ་ལྟ་བུ་ སྟེ་འོན་ཀྱང་པདྨའི་གནས་སུ་ཨུཏྤལ་སྔོན་དམར་རོ། །གོས་དཀར་མོ་ནི་སྣང་བ་མཐའ་ཡས་དང་མཚུངས་པའོ། །སྒྲོལ་མ་ནི་དོན་ཡོད་གྲུབ་པ་ལྟ་བུ་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་ཨུཏྤ་ལ་སྔོ་སེར་དང་དྲིལ་བུ་དང་ནོར་བུ་རིན་པོ་ཆེ་དང་རལ་གྲི་འཛིན་པའོ། །རིམ་པ་གཉིས་པར་མེའི་མཚམས་སུ་གཟུགས་ རྡོ་རྗེ་མ་སྤྱན་མ་ལྟ་བུ་སྟེ་འོན་ཀྱང་དང་པོའི་ཕྱག་དག་གིས་མེ་ལོང་དམར་པོ་འཛིན་པའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སེར་མོ་ཞལ་སེར་པོ་དང་ནག་པོ་དང་དཀར་པོ་དང་ལྡན་པ་རྩ་བའི་ཕྱག་གཉིས་ཀྱིས་པི་ཝང་སྔོན་མོ་བསྒྲིང་བའོ། །ཕྱག་ལྷག་མ་དག་གིས་རྡོ་རྗེ་དང་ཨུཏྤལ་སྔོན་མོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་ པའོ། །རླུང་དུ་དྲི་རྡོ་རྗེ་མ་ནི་གོས་དཀར་མོ་ལྟ་བུ་རྩ་བའི་ཕྱག་གཉིས་ཀྱིས་དྲིའི་དུང་ཆོས་སེར་པོ་འཛིན་པའོ། །དབང་ལྡན་དུ་རོ་རྡོ་རྗེ་མ་ལྗང་གུ་ཞལ་ལྗང་གུ་དང་ནག་པོ་དང་དཀར་པོ་ཕྱག་དང་པོ་གཉིས་རོའི་སྣོད་དམར་པོ་འཛིན་པའོ། །ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་རལ་གྲི་འཛིན་ པའོ། །རིམ་པ་གསུམ་པའི་ཤར་གྱི་སྣམ་བུ་ལ་བྱམས་པ་དང་སའི་སྙིང་པོའོ། །ལྷོའི་སྣམ་བུ་ལ་ཕྱག་ན་རྡོ་རྗེ་དང་ནམ་མཁའི་སྙིང་པོའོ། །ནུབ་ཀྱི་སྣམ་བུ་ལ་སྤྱན་རས་གཟིགས་དང་འཇམ་པའི་དབྱངས་སོ། །བྱང་དུ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་ཀུན་དུ་བཟང་པོའོ། །བརྒྱད་པོ་འདི་དག་ནི་རང་ གི་རིགས་ཀྱི་བདག་པོ་དང་མཚུངས་པ་སྟེ། འོན་ཀྱང་བྱམས་པ་ནི་རྩ་བའི་ཕྱག་གིས་འཁོར་ལོས་མཚན་པའི་ཡལ་ག་དང་བཅས་པའི་ཀླུ་ཤིང་གི་མེ་ཏོག་འཛིན་པའོ། །ཤར་ལ་སོགས་པའི་སྒོ་དང་མེ་ལ་སོགས་པའི་མཚམས་དང་སྟེང་དང་འོག་ཏུ་གོ་རིམས་བཞིན་དུ་ཁྲོ་བོ་བཅུའོ། །དེ་ལ་གཤིན་རྗེ་གཤེད་ ནི་ནག་པོ་ནག་པོ་དང་དཀར་པོ་དང་དམར་པོ་རྡོ་རྗེའི་ཐོ་བ་དང་འཁོར་ལོ་དང་རྡོ་རྗེ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟྭ་འཛིན་པའོ། །ཤེས་རབ་མཐར་བྱེད་ནི་དཀར་པོ་ཞལ་དཀར་པོ་དང་ནག་པོ་དང་དམར་པོ། རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་དཀར་པོ་དང་། རལ་ གྲི་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །པདྨ་མཐར་བྱེད་ནི་དམར་པོ་ཞལ་དམར་པོ་དང་ནག་པོ་དང་དཀར་པོ། པདྨ་དམར་པོ་དང་རལ་གྲི་དང་གཏུན་ཤིང་དང་དྲིལ་བུ་དང་། དགྲ་སྟ་དང་ཞགས་པ་འཛིན་པའོ། །བགེགས་མཐར་བྱེད་ ནི་སྔོན་པོ་ཞལ་སྔོན་པོ་དང་དཀར་པོ་དང་དམར་པོ། སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་གཏུན་ཤིང་དང་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །མི་གཡོ་བ་ནི་སྔོན་པོ་ཞལ་སྔོན་པོ་དང་དཀར་པོ་དང་དམར་པོ། རལ་གྲི་དང་རྡོ་རྗེ་དང་ འཁོར་ལོ་དང་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པ་འཛིན་པའོ། །འདོད་པའི་རྒྱལ་པོ་ནི་སྔོན་པོ་ཞལ་སྔོན་པོ་དང་དཀར་པོ་དང་དམར་པོ། ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་འཛིན་པ་གཞན་རྣམས་ཀྱིས་རྡོ་རྗེ་དང་རལ་གྲི་དང་ཞགས་པ་དང་ལྕགས་ཀྱུ་འཛིན་པའོ། །དབྱུག་པ་སྔོན་པོ་ནི་ ནག་པོ་ཞལ་ནག་པོ་དང་དཀར་པོ་དང་དམར་པོ། རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་། རལ་གྲི་དང་འཁོར་ལོ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་པདྨ་དང་དགྲ་སྟ་འཛིན་པའོ། །སྟོབས་པོ་ཆེ་ནི་ནག་པོ་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་རྡོ་རྗེས་མཚན་པའི་དབྱུག་པ་ ནག་པོ་དང་རལ་གྲི་དང་འཁོར་ལོ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་པདྨ་དང་དགྲ་སྟ་འཛིན་པའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ནི་ནག་པོ་ཞལ་ནག་པོ་དང་དཀར་པོ་དང་དམར་པོ། རྩ་བའི་ཕྱག་དག་གིས་གཙུག་ཏོར་སྤྱི་བོར་འཛིན་པའོ། །ཕྱག་ལྷག་མ་རྣམས་ཀྱིས་རྡོ་རྗེ་དང་ པདྨ་དང་སྡིགས་མཛུབ་དང་རལ་གྲི་རྣམས་འཛིན་པའོ། །ལག་པ་གཉིས་ཐལ་མོ་གན་རྐྱལ་དུ་མཉམ་པར་བརྐྱང་བའི་སྲིན་ལག་གཉིས་ནི་སེན་མོའི་སྟེང་དུ་མཐེ་བོ་གཉིས་ཀྱི་སེན་མོས་མནན་ཏེ་མཐེའུ་ཆུང་གཉིས་བརྐྱང་ངོ་། །དེ་བཞིན་དུ་གུང་མོ་གཉིས་ཀྱི་སེན་མོ་མཉམ་པར་ཡང་དག་པར་རྩེ་སྤྲད་ལ། མཛུབ་མོ་གཉིས་དབུས་སུ་རྭའི་རྣམ་པ་ནི་ཀུན་དུ་སྣང་བ་ཞེས་བྱ་བ་གཙུག་ཏོར་གྱི་ཕྱག་རྒྱའོ་ཞེས་ཁ་ཅིག་གོ། །འགའ་ཞིག་ཏུ་ནི་གཞན་ནོ། །གནོད་མཛེས་རྒྱལ་པོ་ནག་པོ་ཞལ་ནག་པོ་དང་དཀར་པོ་དང་དམར་པོ། རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་ཐུགས་ཀར་ཞགས་པ་དང་བཅས་པའི་སྡིགས་མཛུབ་ དང་པདྨ་དང་རལ་གྲི་འཛིན་པའོ། །མི་བསྐྱོད་པ་ལ་སོགས་པ་འདི་དག་ནི་སྣ་ཚོགས་པདྨའི་སྟེང་དུ་གོ་རིམས་བཞིན་དུ་རྡོ་རྗེ་རྩེ་ལྔ་པ་དང་འཁོར་ལོ་དང་རིན་པོ་ཆེ་མ་ར་ཀ་ཏ་ཆ་དགུ་པ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་འཁོར་ལོ་དང་རྡོ་རྗེ་དང་པདྨ་དང་སྣ་ཚོགས་རྡོ་རྗེ་དང་ཀླུ་ཤིང་གི་མེ་ཏོག་དང་འཁོར་ལོ་དང་ རྡོ་རྗེ་དང་རིན་པོ་ཆེ་དང་། པདྨ་དང་རྡོ་རྗེ་དང་སྣ་ཚོགས་རྡོ་རྗེ་དང་རྡོ་རྗེ་དང་ཐོ་བ་དང་རྡོ་རྗེ་དང་པདྨ་དམར་པོ་དང་སྣ་ཚོགས་རྡོ་རྗེ་དང་རལ་གྲིའི་ཡུ་བ་དང་རྡོ་རྗེ་དང་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་དང་དབྱུག་པ་ནག་པོ་དང་རྡོ་རྗེ་དང་རྡོ་རྗེ་ལ་གནས་པའི་ཉི་མ་དང་ཟླ་བ་ལ་བཞུགས་པ་ཞལ་གསུམ་ཕྱག་དྲུག་ པའོ། །ཡང་གཞན་ནས་ནི་རང་རང་གི་ལྷའི་མདོག་ལྟ་བུའི་རིན་པོ་ཆེ་ལས་བྱས་པའོ། །དེ་ལ་རྣམ་པར་སྣང་མཛད་དང་ལྷ་མོ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཟླ་བ་ལ་གནས་པའོ། །གཞན་རྣམས་ནི་ཉི་མ་ལ་གནས་པའོ། །མི་བསྐྱོད་པ་ལ་སོགས་པ་རྣམས་ནི་རྡོ་རྗེའི་སྐྱིལ་ཀྲུང་ཅན་ནོ། ། ཁྲོ་བོ་རྣམས་ནི་ཞབས་གཡོན་བརྐྱང་པ་གཡས་བསྐུམ་པ་ཞལ་སོ་སོ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་མངའ་བ་སྒྲ་སྒྲོགས་ཤིང་འབར་བ་སྟེ། ཤིན་ཏུ་འཇིགས་པ་སྲུང་བའི་འཁོར་ལོར་བརྗོད་པའི་འཇིགས་པའི་གཟུགས་ལ་སོགས་པའི་ཁྱད་པར་དང་ལྡན་པའོ། །འདིར་དཀྱིལ་འཁོར་གྱི་ བདག་པོ་ཁོ་ན་ཡུམ་དང་བཅས་པ་སྟེ་གནོད་མཛེས་ཀྱི་བར་དུ་ལྷ་གཞན་རྣམས་ཡུམ་མེད་པའོ། །སྲུང་བའི་འཁོར་ལོ་ལ་གནས་པའི་གཤིན་རྗེ་གཤེད་ལ་སོགས་པ་ནི་རང་གི་འོད་ཀྱི་ཤེས་རབ་དང་བཅས་པ་སྟེ་དེ་རྣམས་ནི་གོ་རིམས་བཞིན་དུ་རྡོ་རྗེ་རོ་ལངས་མ་དང་། གཞན་གྱིས་མི་ཐུབ་མ་དང་ཁྲོ་གཉེར་ཅན་ དང་རལ་པ་གཅིག་མ་དང་། སྣ་ཚོགས་རྡོ་རྗེ་མ་དང་། སྣ་ཚོགས་རིན་ཆེན་མ་དང་། སྣ་ཚོགས་པདྨ་དང་། སྣ་ཚོགས་ལས་མ་དང་། ནམ་མཁའ་རྡོ་རྗེ་མ་དང་། ས་འཛིན་མ་རྣམས་སོ། །མི་བསྐྱོད་པའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཕྱག་གཉིས་པ་དམར་པོ་ཡུམ་དང་བཅས་པའོ། །དེའི་ཐུགས་ ཀར་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ནག་པོའོ། །རྣམ་པར་སྣང་མཛད་ཀྱི་ཨོཾ། རིན་ཆེན་འབྱུང་ལྡན་གྱི་སྭཱ། སྣང་བ་མཐའ་ཡས་ཀྱི་ཨཱཿདོན་ཡོད་གྲུབ་པའི་ཧཱ། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱི་ལཱཾ་མཱཾ་པཱཾ་ཏཱཾ། ཛཿཧཱུཾ་བཾ་ཧོཿ། རེག་བྱ་རྡོ་རྗེ་མའི་ཁཾ་ངོ་། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་ དཔའ་བརྒྱད་པོ་རྣམས་ཀྱི་མཻ་ཐླིཾ། ཨོཾ་ཨོཾ་ཨོཾ་ཧཱུཾ་ཨོཾ་སཾ་ངོ་། །ཁྲོ་བོ་བཅུ་པོ་རྣམས་ཀྱི་ཧཱུཾ་ངོ་། །ལྷ་རྣམས་ཀྱི་སྙིང་པོའི་སྔགས་ནི་རྡོ་རྗེ་ཕྲེང་བར་བརྗོད་དོ། །རིགས་ཀྱི་བདག་པོ་ནི་མི་བསྐྱོད་པ་དང་ཀུན་དུ་བཟང་པོ་གཉིས་ཀྱི་གོང་དུ་བརྗོད་པའི་རྡོ་རྗེ་སེམས་དཔའ་སྟེ། འོན་ཀྱང་རྡོ་རྗེ་དང་འཁོར་ལོ་དང་། པདྨ་དང་ དྲིལ་བུ་དང་། ནོར་བུ་དང་རལ་གྲི་འཛིན་པ། རང་འདྲ་བའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་ཡང་དག་པར་འཁྱུད་པའོ། །དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་། ཕྱག་ན་རྡོ་རྗེ་དང་འཇམ་དཔལ་དང་གཙུག་ཏོར་འཁོར་ལོས་སྒྱུར་བ་དང་། གནོད་མཛེས་རྒྱལ་པོ་རྣམས་ཀྱི་ནི་མི་བསྐྱོད་ པའོ། །སྤྱན་མ་དང་གཟུགས་རྡོ་རྗེ་མ་དང་། བྱམས་པ་དང་སའི་སྙིང་པོ་དང་གཤིན་རྗེ་གཤེད་དང་མི་གཡོ་བ་རྣམས་ཀྱི་རྣམ་པར་སྣང་མཛད་དོ། །སྒྲ་རྡོ་རྗེ་མ་དང་ནམ་མཁའི་སྙིང་པོ་དང་། ཤེས་རབ་མཐར་བྱེད་དང་འདོད་པའི་རྒྱལ་པོ་རྣམས་ཀྱི་ནི་རིན་ཆེན་འབྱུང་ལྡན་ནོ། །གོས་དཀར་མོ་དང་། དྲི་རྡོ་རྗེ་མ་དང་སྤྱན་ རས་གཟིགས་དང་པདྨ་མཐར་བྱེད་དང་དབྱུག་པ་སྔོན་པོ་རྣམས་ཀྱི་ནི་སྣང་བ་མཐའ་ཡས་སོ། །སྒྲོལ་མ་དང་རོ་རྡོ་རྗེ་མ་དང་རེག་བྱ་རྡོ་རྗེ་མ་དང་སྒྲིབ་པ་རྣམ་པར་སེལ་བ་དང་། བགེགས་མཐར་བྱེད་དང་། སྟོབས་པོ་ཆེ་རྣམས་ཀྱི་ནི་དོན་ཡོད་གྲུབ་པའོ། །རྒྱས་འདེབས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ནི་རང་ འོད་ཀྱི་ཡུམ་དང་བཅས་པའོ། །དཔལ་ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས་གསུངས་པའི་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་སྲུང་བའི་འཁོར་ལོའི་ལྟེ་བའི་དབུས་སུ་རླུང་དང་མེ་དང་ཆུ་དང་སའི་དཀྱིལ་འཁོར་དང་རི་རབ་ཀྱི་སྟེང་དུ་ཆོས་འབྱུང་གི་དཀྱིལ་དུ་གཞལ་ཡས་ཁང་ངོ་། །སྲུང་བའི་འཁོར་ ལོར་གཤིན་རྗེ་གཤེད་ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་ལྕགས་ཀྱུ་དང་འཁོར་ལོ་དང་། རྡོ་རྗེ་རྣམས་བསྣམས་པ། གཡོན་གསུམ་གྱིས་སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །ཤེས་རབ་མཐར་བྱེད་ནི་རྡོ་རྗེ་ཞགས་པ་དང་། རྡོ་རྗེ་དང་རལ་གྲི་དང་སྙིང་ གར་སྡིགས་མཛུབ་དང་དྲིལ་བུ་དང་དགྲ་སྟ་འཛིན་པའོ། །པདྨ་མཐར་བྱེད་ནི་ལྕགས་སྒྲོག་དང་པདྨ་དང་རལ་གྲི་དང་། དྲིལ་བུ་དང་དགྲ་སྟ་དང་ཞགས་པའོ། །བགེགས་དགྲ་ནི་རྡོ་རྗེ་དྲིལ་བུ་དང་རྡོ་རྗེ་རྒྱ་གྲམ་དང་འཁོར་ལོ་དང་། སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་གཏུན་ཤིང་དང་ དགྲ་སྟའོ། །མི་གཡོ་བ་ནི་རལ་གྲི་དང་འཁོར་ལོ་དང་རྡོ་རྗེ་དང་སྡིགས་མཛུབ་དང་དགྲ་སྟ་དང་ཞགས་པའོ། །འདོད་པའི་རྒྱལ་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྕགས་ཀྱུ་དང་རལ་གྲི་དང་རྡོ་རྗེ་དང་ཞགས་པའོ། །དབྱུག་པ་སྔོན་པོ་ནི་རྡོ་རྗེས་མཚན་པའི་ དབྱུག་པ་སྔོན་པོ་དང་། རལ་གྲི་དང་འཁོར་ལོ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟའོ། །སྟོབས་པོ་ཆེ་ནི་རྩེ་གསུམ་པ་དང་རལ་གྲི་དང་འཁོར་ལོ་དང་། སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་དགྲ་སྟའོ། །གཙུག་ཏོར་འཁོར་ལོས་སྒྱུར་བ་ ནི་གཡས་དང་ཅིག་ཤོས་ཀྱི་ཕྱག་དང་པོ་གཉིས་ཀྱིས་སྤྱི་བོར་གཙུག་ཏོར་གྱི་ཕྱག་རྒྱ་དང་འཁོར་ལོ་དང་པདྨ་དང་སྡིགས་མཛུབ་དང་རལ་གྲིའོ། །གནོད་མཛེས་ནི་རྡོ་རྗེ་དང་འཁོར་ལོ་དང་རིན་པོ་ཆེ་དང་། སྙིང་གར་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་པདྨ་དང་རལ་གྲིའོ། །བཅུ་པོ་ འདི་དག་ནི་དབུ་ལ་ཐོད་པ་ལྔས་བརྒྱན་པ་འཁོར་ལོ་ལ་སོགས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་མི་མགོའི་ཕྲེང་བ་སྐེ་ལ་འཆང་བ་གོ་རིམས་བཞིན་དུ་རྣམ་པར་སྣང་མཛད་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་རྟག་པ་དང་རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་ པ་དང་མི་བསྐྱོད་པ་དང་མི་བསྐྱོད་པས་རྒྱས་བཏབ་པའོ། །གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་པའི་སྐུ་མདོག་དཀར་པོ་ལ་ཅུང་ཟད་དམར་བའི་མདངས་དང་ལྡན་པ་རལ་པའི་ཐོར་ཅོག་ནག་པོ་ལ་གནས་པའི་ནོར་བུ་དང་སྣ་ཚོགས་རྡོ་རྗེ་དང་དེའི་འོག་ཏུ་གཡོན་ངོས་སུ་ གནས་པའི་ཟླ་བ་ཕྱེད་པ་དྲི་མ་མེད་པ་དང་། སངས་རྒྱས་ལྔའི་ཅོད་པན་ཅན་དཔྲལ་བའི་སྟེང་དུ་ཐོད་པ་ལྔ་དང་གཙུག་གི་འཁོར་ལོ་དང་། རྣ་ཆ་དང་མགུལ་རྒྱན་དང་ལག་གདུབ་དང་སྐེ་རགས་དང་ཐལ་བ་རྣམས་ཀྱིས་བརྒྱན་པ་ཞལ་གསུམ་པ་གཡས་པ་དང་ཅིག་ཤོས་ཀྱི་ཞལ་སྔོན་པོ་དང་དམར་པོ་ཞལ་རེ་རེ་ ལ་སྤྱན་གསུམ་གསུམ་དང་ལྡན་པ་ཕྱག་དྲུག་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུས་རྣམ་པར་མཛེས་པའི་ཕྱག་གཉིས་ཀྱིས་རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་ཅིང་ཆུ་སྐྱེས་ལ་མཉམ་པར་སྦྱར་བའི་དགའ་བ་དང་ལྡན་པ་ཕྱག་གཡས་པ་དག་གིས་རལ་གྲི་དང་ལྕགས་ཀྱུ་འཛིན་པ་གཡོན་པ་དག་གིས་ཐོད་པ་དང་ཞགས་ པ་འཛིན་པ་ཉི་མའི་འོད་ཀྱི་དཀྱིལ་འཁོར་ཅན་སྣ་ཚོགས་པདྨ་དང་ཐོད་པ་དང་ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བ་ལ་ཡེ་ཤེས་སེམས་དཔའ་སྐུ་མདོག་དཀར་དམར་སེམས་དཔའི་སྐྱིལ་ཀྲུང་ཅན་སངས་རྒྱས་ལྔའི་ཅོད་ པན་གྱིས་སྤྲས་པ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གཉིས་ཀྱིས། རང་དང་འདྲ་བའི་ཤེས་རབ་ལ་འཁྱུད་པ། དེའི་ཐུགས་ཀར་ཟླ་བ་ལ་ཏིང་ངེ་འཛིན་སེམས་དཔའི་རང་བཞིན་ཧཱུཾ་ནག་པོའི་རྣམ་པའོ། །འདིར་སེམས་དཔའ་གསུམ་གྱི་བདག་ ཉིད་ཅན་རྡོ་རྗེ་འཆང་གི་ཤར་དུ་རྣམ་པར་སྣང་མཛད་དཀར་པོ་ཞི་བ་ཕྱག་བཞི་པ་གཡས་པ་དག་གིས་འཁོར་ལོ་དང་དྲིལ་བུ་དང་གཡོན་པ་དག་གིས་ཐོད་པ་དང་ཞགས་པ་བསྣམས་པའོ། །ལྷོར་ནི་རིན་ཆེན་འབྱུང་ལྡན་སེར་པོ་ཕྱག་བཞི་པ་གཡས་པ་དག་གིས་རིན་པོ་ཆེ་དང་ལྕགས་ཀྱུ་གཡོན་པ་དག་གིས་ ཐོད་པ་དང་ཞགས་པ་བསྣམས་པའོ། །ནུབ་ཏུ་འོད་དཔག་མེད་དམར་པོ་ཕྱག་བཞི་པ་གཡས་པ་དག་གིས་མདའ་དང་པདྨ་གཡོན་པ་དག་གིས་གཞུ་དང་ཞགས་པ་འཛིན་པའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་ཕྱག་བཞི་པ་གཡས་པ་དག་གིས་རྡོ་རྗེ་དང་ལྕགས་ཀྱུ། གཡོན་པ་དག་གིས་དྲིལ་བུ་དང་ཐོད་པ་ འཛིན་པའོ། །དབང་ལྡན་དུ་སྤྱན་མ་དཀར་མོ་ཕྱག་བརྒྱད་མ་གཡས་རྣམས་ཀྱིས་འཁོར་ལོ་དང་། རྡོ་རྗེ་དང་རལ་གྲི་དང་མདའ་རྣམས་སོ། །གཡོན་པ་རྣམས་ཀྱིས་ཐོད་པ་དང་དྲིལ་བུ་དང་ཞགས་པ་དང་གཞུ་རྣམས་སོ། །མེ་ར་མཱ་མ་ཀཱི་སྔོན་མོ་ཕྱག་བཅུ་གཉིས་པ་གཡས་པ་རྣམས་ཀྱིས་མདའ་དང་ རལ་གྲི་དང་རྡོ་རྗེ་དང་འཁོར་ལོ་དང་། རིན་པོ་ཆེ་དང་པདྨའོ། །གཡོན་པ་རྣམས་ཀྱིས་གཞུ་དང་ལྕགས་ཀྱུ་དང་དྲིལ་བུ་དང་ཞགས་པ་དང་ཐོད་པ་དང་ཁ་ཊྭཱཾ་གའོ། །བདེན་བྲལ་དུ་གོས་དཀར་མོ་དམར་མོ་ཕྱག་བརྒྱད་མ་གཡས་རྣམས་ཀྱིས་མདའ་དང་པདྨ་དང་རལ་གྲི་དང་རྡོ་རྗེ་རྣམས་སོ། །གཡོན་པ་རྣམས་ ཀྱིས་གཞུ་དང་ཐོད་པ་དང་ཞགས་པ་དང་། དྲིལ་བུ་བསྣམས་པའོ། །རླུང་དུ་སྒྲོལ་མ་ལྗང་གུ་ཕྱག་བརྒྱད་མ་གཡས་པ་རྣམས་ཀྱིས་ཨུཏྤལ་དམར་པོ་དང་རལ་གྲི་དང་། ལྕགས་ཀྱུ་དང་མདའོ། །ཅིག་ཤོས་རྣམས་ཀྱིས་འཁོར་ལོ་དང་ཞགས་པ་དང་ཐོད་པ་དང་གཞུ་རྣམས་སོ། །རིམ་པ་གཉིས་ པ་ལ་ཤར་གྱི་ཕྱོགས་སུ་རྡོ་རྗེ་དྲག་མོ་དཀར་མོ་ཕྱག་ན་མདའ་དང་ལྕགས་ཀྱུ་དང་གཞུ་དང་བྱང་ཆུབ་ཀྱི་སེམས་ཀྱིས་གང་བའི་ཐོད་པ་འཛིན་པའོ། །ལྷོར་རྡོ་རྗེ་གཟུགས་མ་སེར་མོ་ཕྱག་ན་རྡོ་རྗེ་དང་། མདུང་དང་ཞགས་པ་དང་ཐོད་པ་ཁྲག་གིས་གང་བའོ། །ནུབ་ཏུ་འདོད་ཆགས་རྡོ་རྗེ་མ་དམར་མོ་ ཕྱག་ན་རལ་གྲི་དང་རྡོ་རྗེ་དང་ཆུས་གང་བའི་ཐོད་པ་དང་དྲིལ་བུའོ། །བྱང་དུ་རྡོ་རྗེ་ཞི་བ་མ་ལྗང་གུ་ནི་ཕྱག་ན་ཏལ་པ་ཐུང་ངུ་དང་བ་དན་གསུམ་པ་དང་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་དང་སྨན་གྱིས་གང་བའི་ཐོད་པ་རྣམས་སོ། །དབང་ལྡན་དུ་རྡོ་རྗེ་གནོད་སྦྱིན་མ་ནི་དཀར་སེར་གྱི་མདོག་ལ་ཕྱག་ན་དབྱུག་ཏོ་དང་ཨུཏྤལ་ དང་ཐོད་པ་དང་ཌ་མ་རུའོ། །མེར་རྡོ་རྗེ་མཁའ་འགྲོ་མ་དམར་སེར་ཕྱག་ན་པདྨ་དང་མེ་ལོང་དང་རྐང་མར་གྱིས་གང་བའི་ཐོད་པ་དང་དགྲ་སྟའོ། །བདེན་བྲལ་དུ་སྒྲ་རྡོ་རྗེ་མ་སྔོན་དམར་ཕྱག་ན་ཤཀྟི་དང་དུང་དང་འཁོར་ལོ་དང་ཁྲག་གིས་གང་བའི་ཐོད་པའོ། །རླུང་དུ་ས་རྡོ་རྗེ་མ་དཀར་ལྗང་པདྨ་དང་རྡོ་རྗེ་དང་བདུད་རྩི་ ལྔ་དང་ཤ་ལྔས་གང་བའི་ཐོད་པ་མི་ལྤགས་ཀྱིས་གཡོགས་པ་དང་དྲིལ་བུའོ། །བརྒྱད་པོ་འདི་དག་ནི་ཕྱག་བཞི་པ་དང་པོའི་ཕྱག་མཚན་གཉིས་ནི་གཡས་པ་དག་གིས་འཛིན་པ་གཞན་གཉིས་ནི་གཡོན་པ་དག་གིས་འཛིན་པའོ། །རིམ་པ་གསུམ་པའི་ཤར་དུ་བཞད་མ་དམར་མོ་ཕྱག་གཉིས་རྡོ་རྗེ་དང་རྡོ་རྗེ་ དྲིལ་བུ་དང་བཅས་པས་མངོན་པར་བཞད་པའི་ཚུལ་ཅན་ནོ། །ལྷོར་སྒེག་མོ་སྔོན་པོ་ཕྱག་གཉིས་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་འཛིན་པས་སྙེམས་པ་དང་བཅས་པས་མངོན་པར་སྒེག་པའི་ཚུལ་ཅན་ནོ། །ནུབ་ཏུ་གླུ་མ་སེར་མོ་ནི་སྐུ་ཅུང་ཟད་གཡོ་ཞིང་སྒེག་པའི་ཕྱག་གཉིས་ཀྱིས་ཏིང་ཏིང་ཤག་འཛིན་པའོ། ། བྱང་དུ་གར་མ་ལྗང་གུ་པད་སྐོར་གྱི་ཚུལ་ལ་སོགས་པའི་གར་གྱིས་གཡོ་བའི་ཕྱག་གཉིས་ཀྱིས་རྡོ་རྗེ་རྩེ་གསུམ་པ་དང་རྡོ་རྗེ་དྲིལ་བུ་འཛིན་པའོ། །དབང་ལྡན་དུ་གླིང་བུ་མ་དམར་མོའོ། །མེར་པི་ཝང་མ་སེར་མོ་ཕྱག་གཉིས་མ་སྒེག་མོའི་ཉམས་ཀྱིས་བག་ཙམ་ལུས་གཡོ་བའོ། །བདེན་བྲལ་དུ་མུ་ཀུནྡ་མ་ དཀར་མོའོ། །རླུང་དུ་རྫ་རྔ་མ་དུ་བའི་མདོག་ཅན་ནོ། །བཞི་པོ་འདི་དག་ནི་ཕྱག་གཉིས་ཀྱིས་རང་རང་གི་རོལ་ཆ་བརྡུང་བའོ། །དེ་ནས་ཕྱིའི་སྣམ་བུ་ལ་མེའི་མཚམས་སུ་མེ་ཏོག་མ་དཀར་མོ་ཕྱག་གཡོན་གྱིས་མེ་ཏོག་གི་ཕྲེང་བ་དང་ཅིག་ཤོས་ཀྱིས་འཁོར་ལོ་འཛིན་པའོ། །བདེན་བྲལ་དུ་བདུག་སྤོས་མ་ དུ་བའི་མདོག་ཅན་ཕྱག་གཡོན་གྱིས་བདུག་སྤོས་ཀྱི་སྣོད་དང་ཅིག་ཤོས་ཀྱིས་རིན་པོ་ཆེ་འཛིན་པའོ། །རླུང་དུ་མར་མེ་མ་གསེར་གྱི་མདོག་ཅན་ཕྱག་གཡོན་དུ་མར་མེའི་ཀོང་བུ་གཡས་སུ་པདྨ་འཛིན་པའོ། །དབང་ལྡན་དུ་དྲི་ཆབ་མ་དམར་མོ་ཕྱག་གཡོན་གྱིས་དྲིའི་དུང་ཆོས་དང་ཅིག་ཤོས་ཀྱིས་རལ་ གྲི་འཛིན་པའོ། །ཤར་གྱི་ཕྱོགས་སུ་མེ་ལོང་མ་དཀར་མོ་ཕྱག་གཉིས་ཀྱིས་མེ་ལོང་འཛིན་པའོ། །ལྷོར་རོ་མ་དམར་མོ་ཕྱག་གཉིས་ཀྱིས་རོའི་སྣོད་འཛིན་པའོ། །ནུབ་ཏུ་རེག་མ་ལྗང་གུ་ཕྱག་གཉིས་ཀྱིས་གོས་སྣ་ཚོགས་འཛིན་པའོ། །བྱང་དུ་ཆོས་མ་དཀར་མོ་ཕྱག་གཉིས་ཀྱིས་ ཆོས་འབྱུང་དཀར་པོ་འཛིན་པའོ། །འདི་རྣམས་དང་རྣམ་པར་སྣང་མཛད་ལ་སོགས་པའི་ལྷ་རྣམས་ནི་ཞལ་གཅིག་སྤྱན་གསུམ་པ་རལ་པའི་ཅོད་པན་ནག་པོ་ལ་ཐོད་པ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ། ལྷའི་ན་བཟའ་གོན་པ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པའོ། །ཤར་སྒོར་ རྡོ་རྗེ་ལྕགས་ཀྱུ་མ་ནམ་མཁའི་མདོག་ལྟ་བུ་སྔོ་བསངས་ཞལ་གཡས་ནག་པོ་གཡོན་དཀར་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་ལྕགས་ཀྱུ་དང་རལ་གྲི་དང་འཁོར་ལོ་འཛིན་པའོ། །གཡོན་རྣམས་ཀྱིས་ཞགས་པ་དང་སྡིགས་མཛུབ་དང་དྲིལ་བུའོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ་དཀར་སེར་ཞལ་ གཡས་ནག་པོ་གཡོན་དམར་པོ། ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་ཞགས་པ་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པའོ། །ནུབ་སྒོར་རྡོ་རྗེ་ལྕགས་སྒྲོག་མ་དམར་མོ་ཞལ་གཡས་ནག་པོ་གཡོན་དཀར་པོ་ཕྱག་དྲུག་ པ་གཡས་རྣམས་ཀྱིས་ལྕགས་སྒྲོག་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་རྣམས་ཀྱིས་འཁོར་ལོ་དང་དྲིལ་བུ་དང་ལྕགས་ཀྱུའོ། །བྱང་དུ་རྡོ་རྗེ་དྲིལ་བུ་མ་ལྗང་གུ་ཞལ་གཡས་ནག་པོ་གཡོན་དཀར་པོ་ཕྱག་དྲུག་པ་གཡས་པ་རྣམས་ཀྱིས་དྲིལ་བུ་དང་རྡོ་རྗེ་དང་རལ་གྲིའོ། །གཡོན་པ་རྣམས་ཀྱིས་འཁོར་ ལོ་དང་ལྕགས་ཀྱུ་དང་ཞགས་པའོ། །བཞི་པོ་འདི་རྣམས་ནི་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་དབུ་སྐྲ་དམར་སེར་འབར་ཞིང་གྱེན་དུ་བརྫེས་པ་ཐོད་པ་ལྔ་དང་འཁོར་ལོ་ལ་སོགས་པས་བརྒྱན་པ་སྟག་གི་པགས་པ་གོན་པ་ཞབས་གཡས་བརྐྱང་བ་གཡོན་བསྐུམ་པས་གར་བྱེད་པའི་ ཚུལ་གྱིས་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མ་ལ་བཞུགས་པའོ། །རིན་ཆེན་འབྱུང་ལྡན་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་རྣམས་སྣ་ཚོགས་པདྨ་དང་ཐོད་པ་དང་ཉི་མའི་གདན་ལའོ། །ལྷ་གཞན་ཐམས་ཅད་ནི་སྣ་ཚོགས་པདྨ་དང་ཐོད་པ་ཟླ་བའི་གདན་ལ་གནས་པའོ། །ཐམས་ ཅད་ཀྱང་ཉི་མའི་འོད་ཟེར་ཅན་ཁོ་ནའོ། །འདིར་རྡོ་རྗེ་སེམས་དཔའ་ཁོ་ན་ཤེས་རབ་དང་བཅས་པ་སྟེ། ལྷ་གཞན་ཐམས་ཅད་ཤེས་རབ་མ་དང་བྲལ་བའོ་ཞེས་པ་ནི་ཕྱོགས་གཅིག་གོ། །རང་ལྟ་བུའི་ཤེས་རབ་མ་དང་བཅས་པ་ཞེས་པ་ནི་ཕྱོགས་གཉིས་པའོ། །རིགས་ཀྱི་བདག་པོ་ནི་རྡོ་རྗེ་ སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་དང་མཱ་མ་ཀཱི་དང་སྒྲ་རྡོ་རྗེ་མ་དང་གླུ་མ་དང་རེག་བྱ་རྡོ་རྗེ་མ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་རྣམས་ཀྱི་མི་བསྐྱོད་པའོ། །སྤྱན་མ་དང་རྡོ་རྗེ་དྲག་མོ་དང་སའི་རྡོ་རྗེ་མ་དང་མེ་ཏོག་མ་དང་། བཞད་མ་དང་གླིང་བུ་མ་དང་རྡོ་རྗེ་ལྕགས་ཀྱུ་མ་རྣམས་ཀྱི་རྣམ་ པར་སྣང་མཛད་དོ། །རྡོ་རྗེ་མཁའ་འགྲོ་མ་དང་རྡོ་རྗེ་སྐུ་མ་དང་རྡོ་རྗེ་བདུག་སྤོས་མ་དང་། སྒེག་མོ་དང་པི་ཝང་མ་དང་རྡོ་རྗེ་ཞགས་པ་མ་རྣམས་ཀྱི་རིན་འབྱུང་ངོ་། །གོས་དཀར་མོ་དང་རྡོ་རྗེ་ཆགས་པ་མ་དང་། མར་མེ་མ་དང་དྲི་ཆབ་མ་དང་མུ་ཀུནྡ་མ་དང་ལྕགས་སྒྲོག་མ་རྣམས་ཀྱི་སྣང་བ་མཐའ་ཡས་སོ། །སྒྲོལ་ མ་དང་རྡོ་རྗེ་ཞི་བ་མ་དང་རྡོ་རྗེ་གནོད་སྦྱིན་མ་དང་། གར་མ་དང་རོ་མ་དང་། རྫ་རྔ་མ་དང་དྲིལ་བུ་མ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །ཐུགས་ཀའི་ས་བོན་ནི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་དཀྱིལ་འཁོར་ལོ་དགོད་པའི་རིམ་པས། ཧཱུཾ་བྲུཾ། ཨཱཾ་ཧཱིཿཁཾ་བྷྲཱུཾ། ཧཱུཾ་ཧྲཱིཿཏཾ་ཨཾ་ཨཱཾ་ཨིཾ་ཨཱིཾ་ཨུཾ་ཨཱུཾ་ཨཾ་ཨཱཿརཾ་ཧཱཾ། ཨཱིཾ་རཱྀཾ་ལྀཾ་ ཛྷཾ་ལིཾ། གཾ་བཾ་ལིཾ་ནཾ་རཾ། ཨོཾ་ཨོོཾ་ཨཾ་ཨཻཾ་ཛཿཧཱུཾ་བཾ་ཧོཿཞེས་པའོ། །རྡོ་རྗེ་སེམས་དཔའི་སྙིང་པོའི་སྔགས་ནི་ཨོཾ་བཛྲ་ཨ་མྲྀ་ཏ་མ་ཧཱ་སུ་ཁཾ་ཧཾ་སྭཱ་ཧཱ་ཞེས་པའོ། །རྡོ་རྗེ་དྲིལ་བུའི་སྔགས་ཨོཾ་ཨཱཿབཛྲ་གྷཎྜེ་ཧོཿཧཾ་སྭཱ་ཧཱ་ཞེས་པ་ནི་ལས་ཐམས་ཅད་པའོ། །རྫོགས་པའི་རིམ་པའི་རྣལ་འབྱོར་པ་ལ་ནི་འཁོར་ལོའི་གཙོ་བོའི་སྙིང་པོའི་ སྔགས་ཉིད་ཀྱིས་ལྷ་གཞན་རྣམས་ཀྱི་སྙིང་པོའི་སྔགས་ཀྱིས་བསྒྲུབ་བྱ་ཡང་འགྲུབ་པར་འགྱུར་བས་དེ་རྣམས་ནི་མ་བྲིས་ཏེ་གཞུང་མངས་པས་འཇིགས་པས་སོ། །དེ་བཞིན་དུ་ཐོག་མ་དང་ཐ་མ་ཡང་རིག་པར་བྱའོ། །ཡེ་ཤེས་མཁའ་འགྲོ་མའི་དཀྱིལ་འཁོར་ནི་རྡོ་རྗེ་གུར་གྱི་ནང་དུ་སྣ་ཚོགས་པདྨ་དང་ སྣ་ཚོགས་རྡོ་རྗེའི་ལྟེ་བར་གནས་པའི་གཞལ་ཡས་ཁང་གི་དབུས་སུ་གདུགས་དཀར་པོ་དང་བཅས་པའི་སེང་གེ་ལ་གནས་པའི་སྣ་ཚོགས་པདྨ་དང་ཉི་མར་ཡེ་ཤེས་མཁའ་འགྲོ་མ་སྔོན་མོའོ། །འདིའི་ཅོད་པན་དར་གྱིས་བཅིངས་པའི་སྟེང་དུ་རྡོ་རྗེས་མཚན་པ་སངས་རྒྱས་ལྔ་འོད་འཕྲོ་བས་བརྒྱན་ པ། རྩ་བའི་ཞལ་ཁྲོ་ཞིང་གད་རྒྱངས་དང་བཅས་པ། གཡས་དཀར་བ་བཞད་པ་དང་བཅས་པ། གཡོན་དམར་བ་སྒེག་པ་དང་བཅས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་པ། གཡས་པའི་ཕྱག་གསུམ་ན་སྟེང་དུ་བསྟན་པའི་ཁ་ཊྭཱཾ་ག་དང་དགྲ་སྟ་དང་རྡོ་རྗེའོ། །གཡོན་གྱི་གསུམ་ ལ་དྲིལ་བུ་དང་ཁྲག་གིས་གང་བའི་ཐོད་པ་དང་རལ་གྲི་རྣམས་སོ། །འདིའི་ཤར་གྱི་ཕྱོགས་སུ་རྡོ་རྗེ་མཁའ་འགྲོ་མ་དཀར་མོ་སྒེག་པའི་ཉམས་དང་ལྡན་པའོ། །བྱང་ཕྱོགས་སུ་འཇིགས་བྱེད་མཁའ་འགྲོ་མ་གསེར་གྱི་མདོག་ཅན་ནོ། །ནུབ་ཏུ་རོ་ལངས་མ་དམར་མོའོ། །ལྷོ་ཕྱོགས་སུ་གཏུམ་མོ་སྔོན་མོའོ། བཞི་པོ་འདི་དག་ཀྱང་སེང་གེ་ལ་གནས་པའི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གཉིས་ཀྱིས་སྟེང་དུ་བསྒྲེང་པའི་ཁ་ཊྭཱཾ་ག་དང་ཁྲག་གིས་བཀང་བའི་ཐོད་པ་འཛིན་པའོ། །དབང་ལྡན་དུ་སེང་གེ་མོ་ནི་སེང་གེའི་གདོང་པ་ཅན་གཡས་སེར་གཡོན་དཀར་བའི་ལུས་ཕྱེད་ཕྱེད་པ་གླང་པོ་ ཆེ་དཀར་པོའི་གདན་ལ་བཞུགས་པའོ། །མེའི་མཚམས་སུ་སྟག་མོ་སྟག་གི་གདོང་པ་ཅན་གཡོན་སྔོན་མོ་གཡས་དཀར་བ་ཕྱེད་ཕྱེད་ཀྱི་སྐུ་རིན་པོ་ཆེ་བདུན་གྱི་ཕུང་པོ་ལ་གནས་པའོ། །སྲིན་པོའི་མཚམས་སུ་ཅེ་སྤྱང་མ་ཅེ་སྤྱང་གི་གདོང་ཅན་གཡས་དམར་བ་གཡོན་ནག་པོའི་ལུས་ཕྱེད་ཕྱེད་པ་མ་ཧེ་ལ་ བཞུགས་པའོ། །རླུང་གི་མཚམས་སུ་འུག་པ་མོ་འུག་པའི་གདོང་ཅན་གཡོན་པ་དང་གཡས་པའི་ལུས་ཕྱེད་ཕྱེད་པ་སེར་པོ་དང་དམར་པོའོ། །ཀླུ་བརྒྱད་ཀྱི་གཞུག་མ་རྣམས་ལ་བཞུགས་པའོ། །བཞི་པོ་འདི་དག་ནི་གཡས་པ་དང་གཡོན་པའི་ཕྱག་གཉིས་རྡོ་རྗེ་ལྕགས་ཀྱུ་དང་སྡིགས་མཛུབ་དང་ བཅས་པའི་རྡོ་རྗེ་ཞགས་པས་བརྒྱན་ཅིང་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའོ། །དེའི་ཤར་སྒོར་རྒྱལ་བའི་དབང་ཕྱུག་མ་དཀར་མོ་ཕྱག་གཉིས་ཀྱིས་ཐལ་མོ་ཁར་བཅུག་པའོ། །བྱང་དུ་གསལ་བྱེད་མ་སེར་མོ་མར་མེ་ལྟ་བུའི་ཐལ་མོ་ཁ་སྦྱར་བ་སྤྱི་བོར་འཛིན་པའོ། །ནུབ་ཏུ་འཇིགས་བྱེད་ མ་དམར་མོ་ཁྲག་གིས་གང་བའི་སྙིམ་པ་སྟེང་དུ་བྱས་ཏེ་ཁའི་ཐད་ཀར་བཟུང་ནས་ཁྲག་གི་རྒྱུན་འཐུང་བར་བྱེད་པའོ། །ལྷོར་ཀམྤོ་ཛི་ནག་པོ་རྡོ་རྗེའི་སྙིམ་པ་ལ་མཐེ་བོའི་རྩེ་མོ་གཉིས་ཕན་ཚུན་སྦྱར་ཏེ་སྡིགས་མཛུབ་གཉིས་ཀྱི་རྩེ་མོ་བརྐྱང་བ་སྦྱར་ནས་རང་གི་གསང་བའི་གནས་སྟོན་པར་ བྱེད་པའོ། །བཞི་པོ་འདི་དག་ནི་སྣ་ཚོགས་པདྨ་ལ་གནས་པའི་ཡི་དགས་ཀྱི་སྙིང་གར་ཉི་མའི་གདན་ལ་བཞུགས་པའོ། །རྡོ་རྗེ་མཁའ་འགྲོ་མ་ལ་སོགས་པ་བཅུ་གཉིས་ནི་ཞལ་གཅིག་ལ་སྤྱན་གསུམ་པའོ། །ལྷ་མོ་བཅུ་གསུམ་པོ་ཐམས་ཅད་ཀྱང་ལྷའི་གོས་དམར་པོ་མནབས་པ་དབུ་ ལ་ཐོད་པ་ལྔའི་ཕྲེང་བ་དང་བཅས་པའི་ཕྱག་རྒྱ་ལྔ་དང་ལྡན་པ་སེམས་དཔའི་སྐྱིལ་ཀྲུང་ཅན་ཀླུའི་རྒྱལ་པོ་བརྒྱད་ཀྱིས་རྣམ་པར་བརྒྱན་པ་བསྐལ་པའི་མཐའི་མེ་འབར་བའི་འོད་ལྟ་བུའི་འོད་ཟེར་གྱི་ཚོགས་ཀྱིས་འཇིགས་པར་བྱེད་པ་གོ་རིམས་བཞིན་དུ་མི་བསྐྱོད་པ་དང་རྣམ་པར་སྣང་མཛད་དང་རིན་ ཆེན་འབྱུང་ལྡན་དང་སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་དང་། རྣམ་སྣང་དང་རིན་འབྱུང་དང་སྣང་མཐའ་དང་། རྟག་པ་དང་འོད་དཔག་མེད་དང་། དོན་ཡོད་གྲུབ་པ་རྣམས་ཀྱིས་རྒྱས་བཏབ་པའོ། །ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཨཱཾ་ཨཱིཾ་ཨཱུཾ་རཱྀཾ་ལྀཾ་ཨེེཾ་ཨཽཾ་ཨཿའདི་རྣམས་ནི་ཐུགས་ཀའི་ས་ བོན་རྣམས་སོ། །ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བ་ནི་ཡེ་ཤེས་མཁའ་འགྲོ་མའི་སྙིང་པོའི་སྔགས་སོ། །ཨོཾ་བེ་ཏཱ་ལཱི་ཧཱུཾ་སྭཱ་ཧཱ། ཞེས་བྱ་བ་ནི་རོ་ལངས་མའི་སྔགས་ཏེ་ལས་ཐམས་ཅད་པའོ།། །།བཅུ་བདུན་གྱི་བདག་ཉིད་ཀྱི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་རྡོ་རྗེ་གུར་གྱི་ནང་དུ་ཆོས་འབྱུང་གི་དཀྱིལ་ན་གནས་ པའི་གཞལ་ཡས་ཁང་གི་དབུས་སུ་སྣ་ཚོགས་པདྨའི་ཟེ་འབྲུ་ལ་གནས་པའི་རོའི་སྙིང་གར་གནས་པའི་ཁྲག་གིས་གང་བའི་ཐོད་པའི་སྟེང་དུ་ཉི་མ་ལ་ཀྱེའི་རྡོ་རྗེ་རྣམ་པ་གསུམ་མོ། །བཞི་པ་ལ་ནི་རོ་དང་བྲལ་བའོ། །དེ་ལ་འཇིག་རྟེན་གསུམ་ཀུན་དུ་བསྐྱོད་པ་ནག་པོ་སྣ་ཚོགས་རྡོ་རྗེས་མཚན་པའི་དབུ་སྐྲ་ཁམ་སེར་ གྱེན་དུ་བརྫེས་པ་ཐོད་པ་ལྔ་དང་ཕྱག་རྒྱ་དྲུག་དང་། མི་མགོ་རློན་པའི་ཕྲེང་བས་བརྒྱན་པའོ། །རྒྱབ་ཀྱི་ཆར་སྟག་གི་པགས་པའི་སྨད་དཀྲིས་ཅན་ཞབས་གཡོན་པའི་བརླ་ལ་གཡས་པའི་ཞབས་ཀྱི་རྩེ་མོ་ཡང་དག་པར་བཞག་པའི་སྐྱིལ་ཀྲུང་ཕྱེད་པས་གནས་པ་སྤྱན་གསུམ་དམར་ལ་ཟླུམ་པ་ཞལ་གཅིག་ཕྱག་ གཉིས་པ་ཕྱག་གཡོན་པས་ཐོད་པ་ཁྲག་གིས་གང་བ་རྡོ་རྗེས་མཚན་པ་འཛིན་པ། འཆད་པར་འགྱུར་བའི་རང་བཞིན་གྱིས་བདག་མེད་མ་ལ་འཁྱུད་པ། ཕྱག་གཡས་པ་རྡོ་རྗེ་རྩེ་ལྔ་པའི་དབྱུག་པ་བརྡེག་པའི་ཚུལ་གྱིས་འཛིན་པའོ། །ཡང་ན་ཕྱག་བཞི་པ་ཕྱག་གཉིས་པ་ལྟ་བུ་ཕྱག་གཞན་གཉིས་ཀྱིས་ བདག་ཉིད་ལྟ་བུའི་རྡོ་རྗེ་ཕག་མོ་ལ་ཡང་དག་པར་འཁྱུད་པའོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཡང་ན་ཕྱག་དྲུག་པ་ནག་པོ་ཞལ་གསུམ་པ་ནག་པོ་དང་དཀར་པོ་དང་དམར་པོ། ཞལ་རེ་རེ་ལ་སྤྱན་གསུམ་པ་རལ་པའི་ཅོད་པན་གྱིས་བརྒྱན་པ་ཕྱག་གཡས་པ་རྣམས་ནི་རྡོ་རྗེ་དང་མདའ་དང་རྩེ་གསུམ་ པ་འཛིན་པ། གཡོན་པ་རྣམས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་དང་ཐོད་པའོ། །རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་ལྡན་པའི་ཕྱག་གཉིས་ཀྱིས་བདག་ཉིད་ལྟ་བུའི་རྡོ་རྗེ་ལུ་གུ་རྒྱུད་མ་ལ་འཁྱུད་པ་སྟེ། གཞན་ནི་ཇི་ལྟར་རིགས་པར་སྔ་མ་བཞིན་ནོ། །ཧེ་རུ་ཀ་འདི་གསུམ་གྱི་ཤར་ལ་སོགས་པའི་འདབ་མ་བརྒྱད་ལ་རྡོ་རྗེ་ལྷ་ མོ་ལ་སོགས་པ་བརྒྱད་དོ། །དེ་དག་གི་ཕྱི་རོལ་དུ་དབང་ལྡན་ལ་སོགས་པའི་མཚམས་སུ་གླིང་བུ་མ་དང་པི་ཝང་མ་དང་མུ་ཀུཎྜ་མ་དང་རྫ་རྔ་མ་རྣམས་སོ། །ཤར་ལ་སོགས་པའི་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་མ་དང་། རྡོ་རྗེ་ཞགས་པ་མ་དང་། རྡོ་རྗེ་ལྕགས་སྒྲོག་མ་དང་རྡོ་རྗེ་དྲིལ་བུ་མ་རྣམས་སོ། །ལྷ་མོ་ བཅུ་དྲུག་པོ་འདི་རྣམས་ནི་གང་བཞིན་ཏེ། ཡབ་དང་བྲལ་བའོ། །ཧེ་རུ་ཀ་གསུམ་གྱི་རིགས་ཀྱི་བདག་པོ་མི་བསྐྱོད་པའོ། །ཐུགས་ཀའི་ས་བོན་ཧཱུཾ་ངོ་། །སྙིང་པོའི་སྔགས་ནི་ཨོཾ་ཨཱཿཧཱུཾ་ཧྲཱིཿསྭཱ་ཧཱ། སོ་སོའི་སྔགས་ནི་རིམ་པ་བཞིན་དུ་ཨོཾ་ཏྲཻ་ལོཀྱཱ་ཀྵེ་པ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཛྭ་ལ་ཛྭ་ལ་བྷྱོ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ སྭཱ་ཧཱ། ཨོཾ་ཀི་ཊི་ཀི་ཊི་བཛྲ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་སོ། །ཀྱེའི་རྡོ་རྗེ་བཞི་པ་ནི་ཕྱག་བཅུ་དྲུག་པ་མི་བསྐྱོད་པས་རྒྱས་བཏབ་པ་བདག་མེད་པ་དང་སྙོམས་པར་འཇུག་པ། འོན་ཀྱང་འདི་ལ་གོང་དུ་བཤད་པའི་རོའི་གནས་སུ་བདུད་བཞི་སྟེ། དེ་ལ་ཕུང་པོའི་བདུད་ཀྱི་རང་བཞིན་ཚངས་པ་སེར་པོ། ཉོན་ མོངས་པའི་བདུད་ཁྱབ་འཇུག་ནག་པོ། འཆི་བདག་གི་བདུད་དབང་ཕྱུག་ཆེན་པོ་དཀར་པོ། ལྷའི་བུའི་བདུད་ནི་བརྒྱ་བྱིན་ཁམ་སེར་རོ། དེར་བཅོམ་ལྡན་འདས་ཞབས་བཞི་པའི་ཞབས་གཉིས་ཀྱིས་རྡོ་རྗེའི་སྐྱིལ་ཀྲུང་ཕྱེད་པ་དང་གཞན་གཉིས་ཀྱིས་ནི་གཡོན་བསྐུམ་པ་དང་གཡས་བརྐྱང་བས་བཞུགས་ པ། སྐུ་མདོག་ནག་པོ་དང་སྣ་ཚོགས་རྡོ་རྗེ་ལ་སོགས་པ་ནས་སྟག་གི་པགས་པའི་བར་དུ་སྔར་བཤད་པའི་ཁྱད་པར་དང་ལྡན་པ་ཞལ་བརྒྱད་པ་སྤྱན་ཉི་ཤུ་རྩ་བཞི་པ་རྩ་བའི་ཞལ་ནག་པོ་གད་མོ་ཅན་གཡས་པ་དཀར་པོ་གཡོན་དམར་པོ་སྟེང་དུ་གནས་པའི་མཆེ་བ་གཙིགས་པ་ལྷག་མ་རྣམས་ནི་ ནག་པོའོ། །གཡས་པའི་ཕྱག་རྣམས་ནི་རྡོ་རྗེ་དང་རལ་གྲི་དང་མདའ་དང་འཁོར་ལོ་དང་ཐོད་པ་དང་དབྱུག་པ་དང་རྩེ་གསུམ་པ་དང་ལྕགས་ཀྱུ་རྣམས་སོ། །གཡོན་པ་རྣམས་སུ་དྲིལ་བུ་དང་པདྨ་དང་གཞུ་དང་ཁ་ཊྭཱཾ་ག་བསྒྲེང་བ་དང་ཐོད་པ་དང་རིན་པོ་ཆེ་དང་སྡིགས་མཛུབ་དང་ཞགས་པའོ། །ཤར་ གྱི་འདབ་མར་གཽ་རཱི་དཀར་སེར་ཕྱག་གཡས་པ་གཉིས་ན་མདའ་ཕྱུང་བ་དང་རྡོ་རྗེ་གྲི་གུག་གོ། །གཡོན་གཉིས་ན་གཞུ་དང་ཉ་རོ་ཧི་ཏ་དང་བཅས་པའི་ཁྲག་གིས་གང་བའི་ཐོད་པའོ། །ལྷོར་ཙཽ་རཱི་དམར་མོ་རྡོ་རྗེ་དང་ཌ་མ་རུ་དང་ལྕགས་ཀྱུ་དང་ཕག་པ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བའོ། །ནུབ་ཏུ་ རོ་ལངས་མ་ནི་སྐུ་མདོག་དཀར་སེར་རལ་གྲི་དང་རུས་སྦལ་དང་བཅས་པའི་ཐོད་པ་ཁྲག་གིས་གང་བ་དང་ཆང་གིས་གང་བའི་ཐོད་པ་དང་དྲི་ཆུས་གང་བའི་ཐོད་པའོ། །བྱང་དུ་གྷསྨ་རཱི་ལྗང་གུ་ཅུང་ཟད་སེར་བ་རྐང་མར་གྱིས་གང་བའི་ཐོད་པ་ལ་གནས་པའི་སྦྲུལ་དང་མི་འཇིགས་པའི་ཕྱག་རྒྱ་དང་རྡོ་རྗེས་ མཚན་པའི་མེ་ཐབ་དང་དགྲ་སྟའོ། །དབང་ལྡན་དུ་པུཀྐ་སཱི་སེར་མོ་ཤས་གང་བའི་ཐོད་པ་ལ་གནས་པའི་སེང་གེ་དང་མཆོག་སྦྱིན་གྱི་ཕྱག་རྒྱ་དང་དཔག་བསམ་ཤིང་གི་ཡལ་ག་དང་རིན་པོ་ཆེའོ། །མེའི་མཚམས་སུ་ཤ་བ་རཱི་དཀར་མོ་བྱང་ཆུབ་སེམས་ཀྱིས་གང་བའི་ཐོད་པར་གནས་པའི་དགེ་སློང་དང་རྡོ་རྗེ་དང་ཁ་ ཊྭཱཾ་ག་དང་ཞགས་པའོ། །སྲིན་པོའི་མཚམས་སུ་ཙཎྜཱ་ལཱི་སྔོན་མོ་གཡས་སུ་ཁྲག་གིས་གང་བའི་ཐོད་པ་ལ་སྟག་དང་གཡོན་དུ་པདྨ་དཀར་པོ་དང་ཕྱག་གཉིས་ན་རླུང་རས་སོ། །རླུང་གི་མཚམས་སུ་ཌོཾ་བི་ནཱི་ནག་མོ་ཆང་གིས་གང་བའི་ཐོད་པ་དང་རྩེ་གསུམ་པ་གྱེན་དུ་བསྟན་པ་དང་བདུད་རྩི་ལྔས་གང་བའི་ཐོད་པ་ལ་ གནས་པའི་ཅེ་སྤྱང་དང་གཤོལ་ལོ། །དེ་དག་གི་ཕྱིའི་ཟུར་རྣམས་སུ་གླིང་བུ་མ་ལ་སོགས་པ་བཞི་སྔ་མ་བཞིན་དུའོ། །ཤར་གྱི་སྒོ་རུ་རྟ་གདོང་མ་ནག་མོ་ཞལ་རྣམས་ནག་མོ་དང་དཀར་མོ་དང་སེར་མོ་དང་སྟེང་གི་རྟ་གདོང་ལྗང་གུའོ། །ལྷོ་རུ་ཕག་གདོང་མ་སེར་མོ་ཞལ་རྣམས་ནི་སེར་མོ་དང་ནག་མོ་དང་ དཀར་མོའི་སྟེང་དུ་ཕག་ཞལ་དམར་པོའོ། །ནུབ་ཏུ་ཁྱི་གདོང་མ་དམར་པོ་ཞལ་རྣམས་ནི་དམར་མོ་དང་ནག་མོ་དང་དཀར་མོའི་སྟེང་དུ་ཁྱི་གདོང་སེར་པོའོ། །བྱང་སྒོར་སེང་གདོང་མ་ལྗང་གུ་ཞལ་རྣམས་ནི་ལྗང་གུ་དང་ནག་མོ་དང་དཀར་མོའི་སྟེང་དུ་སེང་གེའི་གདོང་པ་དམར་པོའོ། །འདི་ལྟར་རྩ་བ་ དང་གཡས་པ་དང་ཅིག་ཤོས་དང་སྟེང་གི་རིམ་པས་ཞལ་བཞི་པའོ། །སྒོ་སྐྱོང་མ་རྣམས་ཕྱག་བཞི་པ་རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པ་བཞིན་དུ་ཕྱག་མཚན་འཛིན་པ་སྣ་ཚོགས་པདྨ་དང་ཁྲག་གིས་གང་བའི་ཐོད་པ་ལ་གནས་པའི་རོའི་སྟེང་དུ་གཡས་བསྐུམ་པ་དང་གཡོན་བརྐྱང་བས་ གནས་པ་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པའོ། །ལྷ་གཞན་རྣམས་ནི་སྐྱིལ་ཀྲུང་ཕྱེད་པ་དང་ལྡན་པ། ཐམས་ཅད་ཀྱང་ཞལ་རེ་རེ་ཞིང་སྤྱན་གསུམ་པ་ཕྱག་རྒྱ་ལྔ་ལ་སོགས་པས་བརྒྱན་པ་ཡབ་མེད་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །སྙིང་པོའི་སྔགས་ནི། ཨོཾ་དེ་ཝ་པི་ཙུ་བཛྲ་ ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པའོ། །གྷསྨ་རཱིའི་ཨོཾ་ཨོཾ་སྭཱ་ཧཱ། ཞེས་པ་ནི་ལས་ཐམས་ཅད་པའི་སྔགས་སོ། །བདག་མེད་མའི་དཀྱིལ་འ