Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 6 / 15 (50.000 ký tự/trang)
ད་དེ། ཨོཾ་བཛྲ་སཏྭ་སྟྭཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏ་ཞེ་སྡང་རྡོ་རྗེ་ཁྱོད་ཅེས་པའམ། གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་ལ་སོགས་པས་མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ནས་རང་གི་རིགས་ཀྱི་དབང་པོའི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་ བསྐུར་བར་བྱའོ། །དེ་ལ་རྡོ་རྗེ་སེམས་དཔའི་མིང་རྣམས་ནི་མཆོག་གི་དང་པོ་དང་། དཔེ་མེད་དང་། ཤིན་ཏུ་དགའ་བ་དང་། རོ་མཉམ་པ་དང་། རྣམ་པར་རྒྱལ་བ་དང་། ཨ་ལ་ལ་དང་། སེམས་པ་དང་། བདེ་ཆེན་དང་། ཡན་ལག་མེད་པ་དང་། ཡེ་ཤེས་དང་། ལྷན་ཅིག་སྐྱེས་ པའི་རྡོ་རྗེ་རྣམས་སོ། །རེ་རེ་ལ་ཡང་རྡོ་རྗེའི་སྒྲ་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ན་ལའོ། །མི་བསྐྱོད་པའི་བཞད་པ་དང་། རྣམ་པར་སྒེག་པ་དང་། དགའ་བ་དང་། སྒེག་པ་དང་། རོལ་པ་དང་། རང་བྱུང་དང་། ཞེ་སྡང་དང་། ཧེ་དང་། སྙིང་རྗེ་དང་། ཐུགས་དང་། ཧཱུཾ་ མཛད་དང་། མི་བསྐྱོད་རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་རྣམ་པར་སྣང་མཛད་དང་། ཨོཾ་མཛད་དང་། རྟག་པ་དང་། དེ་བཞིན་གཤེགས་པ་དང་། སྒྱུ་མ་དང་། སངས་རྒྱས་དང་། གཟུགས་དང་། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེའམ། ཡིད་བཞིན་གྱི་ནོར་བུ་དང་། ནམ་མཁའ་དང་། གཟི་བརྗིད་དང་། བདུད་ལས་རྒྱལ་བ་དང་། འོད་བྱེད་པ་དང་། ང་རྒྱལ་རྡོ་རྗེ་རྣམས་སོ། །སྣང་བ་མཐའ་ཡས་ཀྱི་འདོད་ཆགས་དང་། སྤྱན་རས་གཟིགས་དང་། ཆོས་དང་། པདྨ་དང་། རྡོ་རྗེ་མྱུ་གུ་དང་། པདྨའི་མྱུ་གུ་དང་། རབ་ཏུ་དགའ་བའི་མྱུ་གུ་དང་། སྙིང་རྗེའི་མྱུ་གུ་དང་། མཆོག་ དགའ་དང་། ཤིན་ཏུ་དགའ་བའི་དགའ་བ་དང་། དཔག་མེད་དང་། གསུང་རྡོ་རྗེ་རྣམས་སོ། །དོན་ཡོད་གྲུབ་པའི་དོན་ཡོད་དང་། རྟ་མཆོག་དང་། དམ་ཚིག་དང་། ཕ་རོལ་ཏུ་ཕྱིན་པ་དང་། ལས་དང་། རླུང་དང་། རེག་བྱ་དང་། ཕྲག་དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའི་བུད་མེད་རྣམས་ཀྱི་རྡོ་རྗེ་ ཤུགས་མ་དང་། རྡོ་རྗེ་རོལ་པ་མོ་དང་། རྡོ་རྗེ་མྱོས་པ་མོ་དང་། རྡོ་རྗེ་ཀངྐ་ན་དང་། རྡོ་རྗེ་བཞིན་མ་དང་། རྡོ་རྗེ་གདན་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་འཆང་མའོ། །མི་བསྐྱོད་པའི་རྡོ་རྗེ་བདག་མེད་པ་དང་། རྡོ་རྗེ་ཆགས་མ་དང་། རྡོ་རྗེ་བྱེད་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་མཱ་མ་ཀཱི་དང་། ཞེ་སྡང་དགའ་ མའོ། །རྣམ་པར་སྣང་མཛད་ཀྱི་རྡོ་རྗེ་མཁའ་འགྲོ་མ་དང་། རྡོ་རྗེ་དཀར་མོ་དང་། རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་སྤྱན་མ་དང་། གཏི་མུག་དགའ་མའོ། །རིན་ཆེན་འབྱུང་ལྡན་གྱི་རྡོ་རྗེ་དོ་ཤལ་མ་དང་། རྡོ་རྗེ་དབུགས་འབྱིན་མ་དང་། རྡོ་རྗེ་འབར་མ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་ནམ་མཁའ་མ་དང་། ནམ་མཁའ་ དགའ་མའོ། །སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་འདོད་ཆགས་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་ཨེ་མ་བདེ་བ་དང་། རྡོ་རྗེ་རོ་ལངས་མ་དང་། རྡོ་རྗེ་བློ་གྲོས་མ་དང་། རྡོ་རྗེ་བཞད་མ་དང་། རྡོ་རྗེ་གོས་དཀར་མོ་དང་། འདོད་ཆགས་དགའ་མའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་སྙེམས་མ་དང་། རྡོ་རྗེ་སྒྱུ་མ་ དང་། རྡོ་རྗེ་དགོད་མ་དང་། རྡོ་རྗེ་སྒྲོལ་མ་དང་། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་དམ་ཚིག་མ་དང་། རྡོ་རྗེ་དགའ་མའོ། །མིང་གི་དབང་གི་ཆོ་གའོ།། །།ཕྲེང་བ་དང་ཆུ་ལ་སོགས་པ་དབང་དྲུག་པོ་འདི་རྣམས་ཀྱིས་མ་རིག་པའི་གཉེན་པོ་ནུས་པ་ཉིད་དུ་སྒྲུབ་པར་བྱེད་པས་རིག་པའི་དབང་ ཞེས་བྱའོ། །དབང་འདི་རྣམས་བསྐུར་བའི་སློབ་མ་བྱ་བ་དང་སྤྱོད་པའི་རྒྱུད་དག་མཉན་པ་དང་། བཤད་པ་དང་། སྔགས་བསྒྲུབ་པ་རྣམས་ལ་དབང་བར་འགྱུར་རོ། །རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་རྣམས་ཀྱང་ངོ་ཞེས་སློབ་དཔོན་དུ་སློབ་མའི་འདོད་པ་ནི་ལུང་དང་མི་ལྡན་ཏེ། ལྷན་ཅིག་ སྐྱེས་པའི་དབང་དང་སྡོམ་པ་དང་བྲལ་བ་ལ་དེའི་རང་བཞིན་བརྗོད་པར་བཅོམ་ལྡན་འདས་ཀྱིས་གང་དུ་ཡང་བཀའ་མ་སྩལ་ཞིང་རིགས་པ་ཡང་མ་ཡིན་ནོ། །དབང་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་དོན་དུ་མི་གཉེར་བ་ལ་ནི་ཐུན་མོང་གི་སྡོམ་པ་སྔོན་དུ་འགྲོ་བས་སྦྱིན་ནོ། །དོན་དུ་གཉེར་བ་ལ་ནི་ སྡོམ་པ་གཉིས་ཀ་སྔོན་དུ་འགྲོ་བས་སོ། །དེ་ནས་སློབ་མས་ཡོན་དབུལ་ཞིང་ཐལ་མོ་སྦྱར་ཏེ། གང་གིས་བདག་ནི་ཁྱོད་དྲིན་ལན། །རང་དང་གཞན་དོན་ནུས་འགྱུར་བ། །རྡོ་རྗེ་སློབ་དཔོན་གྱི་ནི་དབང་། །ཐུགས་རྗེའི་གཏེར་གྱིས་བདག་ལ་སྩོལ། །ཞེས་བརྗོད་དེ་བླ་མ་ལ་གསོལ་བ་གདབ་པར་བྱས་ པ་དེ། རྡོ་རྗེ་དང་ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་བསམས་ནས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་མའི་བདག་པོ་བདག །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སྐྱེས་བུའི་ཞེས་ བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་པ་ནི་རྡོ་རྗེའི་དམ་ཚིག་གོ། །བདག་ནི་འགྲོ་བའོ། །དེ་ནས་དྲིལ་བུ་ཨཱཿལས་སྐྱེས་པར་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ ཟུང་། ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་འཛིན་དུ་གཞུག་གོ། །རང་གི་ངང་གིས་འཇུག་པ་དབྱངས་ཀྱིས་རྟོགས་བཞིན་པ་སངས་རྒྱས་ཀྱི་ཤེས་རབ་བཞིན་དུ་དྲིལ་བུ་ཡང་ངོ་། །སློབ་མས་ཀྱང་། སྲིད་པ་ངོ་བོ་ཉིད་ཀྱིས་དག །ངོ་བོ་ཉིད་དང་སྲིད་བྲལ་བྱས། །རང་བཞིན་དག་མཆོག་ སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །སྒྲོ་བཏགས་པའི་ངོ་བོ་ཉིད་དང་འགལ་བའི་སྲིད་པ་བྱས་པའོ། །འདི་ནི་དྲིལ་བུའི་དམ་ཚིག་གོ། །དེ་ནས་དེ་ལ། ཡིད་ཀྱི་ལུས་ནི་བརྟན་པ་ཉིད། །ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །རང་གི་ལུས་ནི་ ཐམས་ཅད་བརྟན། །དེས་ན་ཕྱག་རྒྱར་རབ་ཏུ་བསྒྲགས། །ཞེས་པས། ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད་བསྒྲུབ་པར་བྱ། །ཞེས་པ་གོ་བར་བྱས་ལ། །རྡོ་རྗེ་སེམས་དཔའི་སྐུ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱི་རིམ་པས་བྱིན་ གྱིས་རློབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་བྱེད་དུ་གཞུག་གོ། །དེ་ཡང་མཆོག་གི་དང་པོའི་རྒྱུད་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་ཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་ནས་ནི། །དམ་ཚིག་གི་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླས། །ཞེས་གསུངས་སོ། །ཕྱག་རྒྱའི་དམ་ཚིག་གོ། །འདི་ནི་ དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ།། །།དེའི་རྗེས་ལ་དམ་ཚིག་གསུམ་བཟུང་བ་ནི་སྔ་མ་བཞིན་ཁྲུས་ཀྱི་དཀྱིལ་འཁོར་རམ། གཞན་དུ་དེ་ལྟར་བསྒོམ་པར་བཞག་ལ་རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ཏེ། ཆུའི་དབང་དུ་བརྗོད་པའི་ཆོ་ག་སྙིང་གའི་ས་བོན་ནས་བརྩམས་ཏེ་རྡོ་རྗེའི་ རྩེ་མོས་བླུགས་ཀྱི་བར་དང་། དབང་བསྐུར་ཆེན་པོའི་རྡོ་རྗེ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་ཅིང་དབང་བསྐུར་རོ། །དེ་ནས་མི་ བསྐྱོད་པ་ཅོད་པན་དུ་བསམས་ནས་དེ་བཞིན་གཤེགས་པ་གཞན་དང་ལྷ་མོ་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་ལ། ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ་དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ། །དེ་ལྟར་ཡང་། ཤེས་རབ་བཅུ་དྲུག་ལོན་པ་ལ། ། ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བས། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་གསུངས་སོ། །དེ་ནས་མདོར་བསྡུ་ན་གཞལ་ཡས་ཁང་འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ་ཞེས་པ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། ཕུང་པོ་ལྔ་ནི་མདོར་བསྡུ་ན། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །ཞེས་པ་ལ་སོགས་པ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ནི་རིམ་པ་གཉིས་ཀ་ལ་ཡང་རང་བཞིན་མེད་པའི་བདག་ཉིད་ཅན་དེ་བཞིན་ཉིད་དེ་ཁོ་ན་ཉིད་རྣམ་པར་ དག་པ་དང་། དཀྱིལ་འཁོར་བྲི་བ་ལ་སོགས་པ་སློབ་དཔོན་གྱི་ལས་ཀྱི་རིམ་པ་འཁོར་དང་བཅས་པ་བརྗོད་པར་བྱའོ། །དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་ཤེས་པ་དང་། འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང་། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་སྡོམ་པ་དེ་ཁོ་ན་ཉིད་ བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་བ་དང་ལྡན་པ་ཉིད་བརྗོད་དོ། །དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པ་རྒྱས་པར་ནི་ཁོ་བོས་མན་ངག་གི་སྙེ་མར་བསྟན་ཏོ། །འདི་ནི་ཕྱིར་མི་ལྡོག་པའི་དབང་སྟེ། མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ།། །།དེ་ནས་རང་གི་སྙིང་པོ་ལ་སོགས་པའི་ སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་པ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་པ་ འདིས་བཟུང་ནས་ལན་གསུམ་དུ་བཟླས་སོ། །སྔགས་གཏད་པའི་ཆོ་གའོ།། །།འདི་ཉིད་སངས་རྒྱས་ཐོད་པ་ལ་སོགས་པའི་རྒྱུད་གཞན་ལས་དང་། དྲིལ་བུ་པའི་ཞབས་ཀྱིས་སྔགས་ཀྱི་དབང་དུ་གསུངས་སོ། །དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་དང་སྦྲང་རྩི་དང་། མིག་སྨན་ གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་པྲཾ་བསྒོམས་པ་ལ། ཨོཾ་བཛྲ་ནཻ་ཏྲ་ཨ་པ་ཧ་ར་ཕཊ་ལཾ་ཧྲཱིཿཞེས་བརྗོད་ཅིང་བསྐུས་ཏེ། ཐུར་ལྡན་སྨན་པའི་རྒྱལ་པོ་ཡིས། །ཇི་ལྟར་འཇིག་རྟེན་རབ་རིབ་བཞིན། །རྒྱལ་བ་རྣམས་ཀྱིས་བུ་ཁྱོད་ཀྱི། །མི་ཤེས་པ་ཡི་རབ་རིབ་བསལ། །ཞེས་བརྗོད་དོ། ། བསལ་པ་ནི་སེལ་བར་ནུས་པ་ཉིད་བསྒྲུབ་པའི་ཕྱིར་རོ། །མིག་སྨན་གྱི་ཆོ་གའོ།། །།དེ་ནས་མེ་ལོང་བླངས་ལ་ཡི་གེ་ཨཱཿཡིག་གིས་བསྔགས་ལ་དེ་སློབ་མ་ལ་བསྟན་ཅིང་། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་ དུ་མེད། རྒྱུ་དང་ལས་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་མེ་ལོང་བཞིན། །དེ་ནི་གསལ་དག་རྙོག་པ་མེད། །སངས་རྒྱས་ཀུན་བདག་རང་ཉིད་ནི། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རང་བཞིན་མེད་ཅིང་གནས་མེད་པར། །ཆོས་རྣམས་དེ་ལྟར་ཤེས་ནས་ཁྱོད། །སེམས་ཅན་དོན་ནི་མཉམ་མེད་ བྱོས། །སྐྱོབ་པ་རྣམས་ཀྱི་སྲས་སུ་སྐྱེ། །ཞེས་བརྗོད་དོ། །གསལ་བ་ནི་ཉོན་མོངས་པའི་དྲི་མ་མེད་པའི་ཕྱིར་རོ། །དག་པ་ནི་ཤེས་བྱའི་སྒྲིབ་པ་དག་པའི་ཕྱིར་རོ། །རྙོག་པ་མེད་པ་ནི་དེ་གཉིས་ཀྱི་བག་ཆགས་དང་བྲལ་བའི་ཕྱིར་རོ། །རང་བཞིན་གྱིས་རྣམ་པར་དག་པ་ཚིགས་སུ་བཅད་པ་དང་པོའོ། །གཉིས་ པ་ནི་དྲི་མ་མེད་པའི་རྣམ་པར་དག་པའོ། །དེར་ནི་སྟེ་ཆོས་རྣམས་སུའོ། །ཞུགས་པ་ནི་བྱིན་གྱིས་རློབ་པའི་ཕྱིར་དང་། ཐོབ་བྱ་ཉིད་དུ་དམིགས་པའི་ཕྱིར་དང་ནུས་པ་གཉིས་ཀྱིས་སོ། །མེ་ལོང་གི་དབང་གི་ཆོ་གའོ།། །།མེ་ལོང་སྟོན་པའི་ཆོ་ག་ལན་གཉིས་སུ་སྨྲས་པས་ནི་འཕགས་པ་ཀླུའི་བློའི་ཞབས་ ཀྱི་དཀྱིལ་འཁོར་གྱི་ཆོ་ག་མ་མཐོང་བ་ཉིད་དོ། །ཁ་ཅིག་གིས་དབང་བསྐུར་བ་ཉིད་དུ་རྣམ་པར་བཤད་པར་འདོད་པ་ལ་ནི་ལན་གཉིས་སྟོན་པའི་ཆོ་ག་གསུངས་པའོ། །དེ་ནས་ཡི་གེ་ཧོཿལས་བྱུང་བའི་གཞུ་ཧོཿཞེས་བརྗོད་ཅིང་བྱིན་ནས། སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡཱ་སྭཿཞེས་བརྗོད་དོ། །མདའ་འཕངས་པའི་ ཚེ་ན་ཡང་ངོ་། །སློབ་མས། སརྦ་ཏ་ཐཱ་ག་ཏ་ན་ཨ་ནུ་རཱ་ག་ཡཱ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམས་པས་ཕྱོགས་བཞིར་མདའ་བཞི་འཕང་བར་བྱའོ། །སྟེང་དུ་གཅིག་སྟེ་འོག་ཏུ་གཞན་ནོ། །མདའ་འཕང་བའི་ཆོ་གའོ།། །།དེ་ནས་ཡོལ་བ་ལ་སོགས་པས་དབེན་པར་བྱས་པར་སློབ་མས་ གསང་བའི་དབང་གི་དོན་དུ་གཞོན་ནུ་མ་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པའམ། དེ་མེད་ན་གཞན་ཡང་རུང་སྟེ། བླ་མ་ལ་ཕུལ་ནས་ཐལ་མོ་སྦྱར་ཏེ། བླ་མ་རྡོ་རྗེ་སེམས་དཔར་མོས་ནས། ཁྱོད་ཀྱིས་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་གཟུང་བར་མཛོད། །ཅེས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་པར་བྱའོ། །དེ་ནས་བླ་མས་འཁོར་ལོའི་དབང་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་གྱི་བུད་མེད་ཀྱི་གཟུགས་སྟོང་པ་ཉིད་ཀྱི་རྗེས་ལ། ལྷ་མོའི་གཟུགས་སུ་བསྐྱེད་པ་དེ་དང་། རྡོ་རྗེ་དང་པདྨ་འདུ་བྱ་བ་སྔོན་དུ་འགྲོ་བས། སྙོམས་པར་འཇུག་པར་བྱ་ཞིང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ཅིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་སྤྱན་མ་ལ་སོགས་པ་དང་སྙོམས་པར་འཇུག་པ་བཀུག་ལ་ རྣམ་པར་སྣང་མཛད་ཀྱི་སྒོ་ནས་བདག་ཉིད་ལ་བཅུག་ནས། ཆགས་པ་ཆེན་པོས་ཞུ་བར་གྱུར་ཏེ། ཨ་བ་དྷཱུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལན་ཅིག་སྐྱེས་པ་བརྟན་པར་བྱ་སྟེ། པདྨ་ལས་ཕྱུང་ནས་མཐེ་བོ་དང་མིང་མེད་ཀྱིས་རྡོ་རྗེ་ནོར་བུར་བཙིར་ནས་དེ་བཞིན་གཤེགས་པའི་ཁུ་བ་དེ་རང་ གི་བྱང་ཆུབ་ཀྱི་སེམས་དང་དབྱེར་མེད་པར་མོས་པ་བྱས་ཏེ་གསུང་རྡོ་རྗེའི་གཟུགས་ཀྱི་སློབ་མའི་ཁར་མཐོང་ནས། མ་དད་ཀྱིས་དོགས་པས་གདོང་གཡོགས་བཅིངས་ཏེ་དེའི་ལྟ་བ་དང་ལག་པའི་ཡུལ་མིན་པར། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། ། བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་པ་དང་། དཀྱིལ་འཁོར་གྱི་བདག་པོའི་སྔགས་ཨོཾ་བཛྲ་དྷྲྀཀ་ཧཱུཾ་ཞེས་པ་ལ་སོགས་པ་རྒྱུད་ཇི་ལྟ་བ་བཞིན་བརྗོད་ཅིང་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པ་ ཀུན་འདུས་པའི་བློས། ཨ་ཧོ་མ་ཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱའོ། །ཤེས་རབ་ཀྱང་ལངས་ལ་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་བདུད་རྩིའི་ཐིག་ལེ་རྣམས་དེ་ལྟར་དེའི་ཁར་གཞུག་པར་བྱའོ། །དེས་ཀྱང་དེ་བཞིན་དུ་བཏུང་ངོ་། །ཤེས་རབ་དང་ཐབས་དག་གིས་ཀུན་རྫོབ་ བྱང་ཆུབ་ཀྱི་སེམས་གསང་བ་དག་གིས་དབང་བསྐུར་བ་ན་གསང་བའི་དབང་གི་ཆོ་གའོ།། །།དེ་ནས་དེའམ་གཞན་ཡང་རུང་བའི་ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་གནས་པའམ། གཞན་ཡང་རུང་སྟེ་གཟུགས་དང་ལང་ཚོ་དང་ལྡན་པ། བྱང་ཆུབ་རྡོ་རྗེས་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་ བཅད་པས་གསོལ་བ་བཏབ་པ་ཅན་གྱི་སློབ་མལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བཏགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་ བས། །ཞེས་གོ་བར་བྱས་ནས་གཏད་པར་བྱའོ། །དེས་ཀྱང་གུར་གུམ་ལ་སོགས་པས་དྲི་ཞིམ་པར་བྱས་ཤིང་གོས་མེད་པའི་ཆུ་སྐྱེས་སློབ་མ་ལ་སྟོན་ཞིང་། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་དུ་བདག་གནས་སོ། ། སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫ་མོཀྵ་ཧོཿཞེས་གདོན་ནོ། །དེས་ཀྱང་རང་ཉིད་ལྷའི་གཟུགས་དང་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས། ཨཱཿདང་ཧཱུཾ་དག་ལས་སྐྱེས་པའི་པདྨ་དང་། རྡོ་རྗེ་དག་གི་ ཟེ་འབྲུ་དང་ནོར་བུ་དག་ཨཱཿདང་ཨོཾ་ལས་བསྐྱེད་པ་དང་། རྡོ་རྗེའི་ཁར་ཕཊ་སེར་པོ་བསྒོམས་ནས་གཡོན་པའི་གཡོན་གྱི་ཆར་སོན་པའི་རྩ་མཛུབ་མོ་དང་ལྕེ་རྩེ་ལ་ཧྲཱིཿདམར་པོ་ལ་གནས་པའི་ཡི་གེ་ཤཱི་སྔོན་དུ་འགྲོ་བས་ཡང་དག་པར་བསྐུལ་ནས། ཨོཾ་ཤཱི་ཤཱི་ཤཱི། ཧ་ཧ་ཧ་སྭཱ་ཧཱ། ཞེས་པ་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བཟླས་ཤིང་བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་རིག་པས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས་ལུས་བྱིན་གྱིས་བརླབས་ལ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་ དཔག་ཏུ་མེད་པ་བཅུག་པ་དང་། རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །ཤེས་རབ་སྦྱོར་བས་དཔལ་ལྡན་ནི། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ལས་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་བལྟ། །ཞེས་ངེས་པར་བྱས་ལ། ནུས་པ་ཇི་ལྟ་བར་བཟུང་སྟེ། དལ་བུས་བཏང་ ནས་ཆུ་སྐྱེས་ལས་ལྕེ་ཉིད་ཀྱིས་བླངས་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ། །འཁོར་ལོ་ཞེས་པ་ནི་རྣམ་པར་སྣང་མཛད་ལ་སོགས་པ་རིག་མ་དང་བཅས་པའི་ལྷའི་འཁོར་ལོའོ། །དེའི་རིམ་པས་སྦྱོར་བ་ནི་དགུག་པ་དང་། གཞུག་པ་དང་རྡོ་རྗེའི་ལམ་ནས་དབྱུང་ བའོ། །ཆོ་ག་ནི་ལྷ་མོའི་གཟུགས་སུ་བསྐྱེད་པ་ལ་སོགས་པའོ། །མོཀྵ་ནི་ཐར་པ་སྟེ་སྤྲོས་པ་ཐམས་ཅད་དང་བྲལ་བ་ལྷག་པའི་ལྷའི་གཟུགས་བླ་མས་བརྗོད་པར་བྱའོ། །དེ་ཉིད་ནི་ཆོས་ཐམས་ཅད་བསམ་དུ་མེད་པ་ཉིད་དོ། །དེའི་གཟུགས་བརྙན་དུ་རྗེས་སུ་མཐུན་པས་ལྷན་ཅིག་སྐྱེས་པའི་དགའ་བའི་ ངོ་བོ་ཤེས་རབ་ཡེ་ཤེས་ལ་དེ་ཉིད་དུ་བརྗོད་དོ། །སེམས་ནི་བྱང་ཆུབ་ཀྱི་སེམས་སོ། །ནོར་བུ་ནི་རྡོ་རྗེའོ། །གལ་ཏེ་བུད་མེད་དབང་བསྐུར་ན་དེའི་ཚེ་ནོར་བུ་ནི་པདྨའིའོ། །བལྟ་ཞེས་པ་ནི་བལྟ་ཞིང་རྟོག་པ་སྟེ་བྱེད་པས་བལྟ་བཞིན་པ་ཞེས་པའི་དོན་ཏོ། །ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། །།དེའི་རྗེས་ ལ་ཚིག་ཙམ་ཁོ་ནས་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་དེ་ཉིད་མྱུ་གུར་གྱུར་པའི་བྱང་ཆུབ་ཀྱི་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ་སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན་ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་ བདག་ཉིད་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ། །དབང་བཞི་པའི་ཆོ་གའོ།། །།དེའི་རྗེས་ལ་ཤེས་རབ་དེའི་ལག་པ་སློབ་མའི་ལག་པར་བཞག་ལ་དེ་གཉིས་རང་གི་ལག་པ་གཡོན་པས་བཟུང་སྟེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པ་སློབ་མའི་མགོ་བོར་བཞག་ ནས། འདིར་ནི་ཁྱེད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེགས་པ་རྣམས་དཔང་པོར་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་རྒྱས་མིན། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །རིག་པའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདའ་བྱེད་པ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ཅིང་རིག་པའི་བརྟུལ་ཞུགས་སྦྱིན་པར་བྱའོ་ཞེས་པ་རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེ་ནས་སློབ་མ་ རྡོ་རྗེ་སེམས་དཔའི་གཟུགས་སུ་བསྒོམས་ལ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུང་། །ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་གོ། །དེས་ཀྱང་། ཨོཾ་སརྦ་ཏ་ཐ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧཱིཿཧི་ཧི་ཧི་ཧི་ཧཱུཾ་ཞེས་བརྗོད་ཅིང་གཟུང་བར་བྱའོ། །རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ།། །།དེ་ནས་སངས་རྒྱས་ཐོད་པ་དང་། བདེ་མཆོག་དང་། ཀྱེ་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་སྙིང་པོའི་སྔགས་ཀྱིས་ཁ་ཊྭཱཾ་ག་དང་། ཅང་ཏེའུ་དང་། པདྨའི་སྣོད་རྣམས་ ལ་ལན་གསུམ་བཟླས་ལ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །དེས་ན་ཁ་ཊྭཱཾ་ཅང་ཏེའུ་སྣོད། །བྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་འཛིན་དུ་གཞུག་གོ། །ཁ་ཊྭཱཾ་ག་ལ་སོགས་པ་རྣམས་ལས་གཞན་སྤྱོད་པའི་ཡན་ལག་རྒྱུད་དུ་ གསུངས་པ་ཡང་དེ་དང་དེའི་འཁོར་ལོའི་དབང་ཕྱུག་གི་སྙིང་པོས་བསྔགས་ལ། རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པས་འཛིན་དུ་གཞུག་གོ། །དེ་ལྟར་ཡང་དཔལ་གསང་བ་འདུས་པ་ལས། གཟུགས་ནི་ཐོར་ཚུགས་དབུ་རྒྱན་འཆང་། །ཆེན་པོ་ཁ་དོག་དཀར་པོ་འདྲ། །ཆོ་ག་བཞིན་དུ་ཐམས་ཅད་བྱ། ། སྔགས་ཀྱི་སྡོམ་པས་ཀུན་དུ་བསྡམས། །སྡོང་བུ་རྩ་བ་འབྲས་བུ་རྣམས། །བཟའ་དང་བཅའ་བ་ཐམས་ཅད་སྤྱད། །ཅེས་པ་ལ་སོགས་པ་རིག་པའི་བརྟུལ་ཞུགས་ཡང་དག་པར་བླངས་པས་སྤྱོད་པའི་བརྟུལ་ཞུགས་བྱ་བར་གསུངས་སོ། །གང་ཡང་བཙུན་མོའམ་སྐྱེས་པ་བསྐྱོད་པའི་བརྟུལ་ཞུགས་ཞུ་ན། དེ་རྡོ་རྗེ་ཕག་མོའི་གཟུགས་སམ། བདག་མེད་མའི་གཟུགས་སམ། མེ་ཏོག་ལྷུང་བ་བསྟུན་པའི་རིགས་ཀྱི་ལྷ་མོའི་གཟུགས་སུ་དང་། སྐྱེས་པ་ནི་བདེ་མཆོག་དང་ཀྱེ་རྡོ་རྗེ་ལ་སོགས་པ་གར་ཡང་རུང་བའི་གཟུགས་སུ་བསམས་ནས། དེའམ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ ལྷ་བཅུག་ལ། འཁོར་ལོའི་གཟུགས་ཀྱིས་མི་བསྐྱོད་པ། །རྣ་ཆའི་བདག་ཉིད་འོད་དཔག་མེད། །མགུལ་གྱི་ཕྲེང་བ་རིན་ཆེན་དབང་། །ལག་པར་རྣམ་པར་སྣང་མཛད་བརྗོད། །སྐ་རགས་ན་ནི་དོན་ཡོད་གནས། །ཞེས་གསུངས་པའི་ཕྱིར་འཁོར་ལོ་དང་རྣ་ཆ་དང་མགུལ་རྒྱན་དང་། གདུ་བུ་དང་སྐ་རགས་རྣམས་ རིམ་པ་བཞིན་དུ་མི་བསྐྱོད་པ་དང་། འོད་དཔག་མེད་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་སྣང་དང་། དོན་ཡོད་གྲུབ་པའི་གཟུགས་སུ་སྐད་ཅིག་གིས་བསམས་ལ། དེར་དེ་དང་དེའི་ཡེ་ཤེས་སེམས་དཔའ་དེ་ལྟར་སྤྱན་དྲངས་པ་བཅུག་སྟེ། མི་བསྐྱོད་པ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལ་ སོགས་པའི་ཕྱག་རྒྱ་རྣམས་མི་བསྐྱོད་པ་ལ་སོགས་པའི་རང་བཞིན་ཁོ་ནའོ་ཞེས་མོས་ནས། ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མརྡ་མརྡ་བཛྲ་དྷྲྀཀ་ཕཊ་སྭཱ་ཧཱ་ཞེས་པའི་སྔགས་ལན་གསུམ་བཟླས་པའི་འཁོར་ལོ་དེའམ་དེའི་མགོ་བོར་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་ གཞག་པར་བྱའོ། །ཨོཾ་བཛྲ་དྷརྨཱ་ས་མ་ཡ་སྟྭཾ་ཧུ་ལུ་ཧུ་ལུ་ཨཱ་རོ་ལྀ་ཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་རྣ་བ་དག་ལའོ། །ཨོཾ་བཛྲ་སུརྱཱ་ཏཱ་མོ་པི་དྷ་མ་ན་ས་མ་ཡ་སྟྭཾ་ཨ་ཧཾ་རཏྣ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པའི་མགུལ་རྒྱན་མགུལ་བར་རོ། །ཨོཾ་ཤྭ་ཤྭ་ཏ་པ་ར་མ་ཤྭ་ཤྭ་ཏ་ ཨེ་ཧྱེ་ཧི་ཛི་ན་ཛིཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་ལག་རྒྱན་གདུ་བུ་བཞིན་ལག་པ་དག་ལའོ། །ཨོཾ་ཕུ་ཕུ་ཧི་ཧི་ཧི་པྲཛྙཱ་དྷྲྀཀ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པའི་སྐ་རགས་སྐེད་པ་ལའོ། །བུད་མེད་ཀྱི་ཕྱོགས་ལ་ཚིགས་སུ་བཅད་པ་ལ་དཔའ་བོ་ཞེས་པ་ཕྱུང་ལ་ལྷ་མོ་ཞེས་གཞུག་པར་བྱའོ། །ཡང་ དག་གནས་ཞེས་པའི་རྗེས་ལ་རིམ་པ་བཞིན་དུ། འཁོར་ལོ་མི་བསྐྱོད་པ་ཡི་གཟུགས། །ཞེས་པ་དང་། རྣ་རྒྱན་གཉིས་ནི་གསུང་རྡོ་རྗེ། །ཞེས་པ་དང་། མགུལ་པའི་ཕྲེང་བ་རིན་ཆེན་འབྱུང་། །ཞེས་པ་དང་། ལག་གདུབ་རྟག་པའི་བདག་ཉིད་དོ། །ཞེས་པ་དང་། སྐ་རགས་དོན་ཡོད་གྲུབ་པ་ནི། །ཞེས་ པ་བཅུག་ནས། རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ལ་སོགས་པ་གདོན་པར་བྱའོ། །གང་ཡང་བུད་མེད་དང་སྐྱེས་པ་གང་ལྟ་སྟངས་ལ་སོགས་པའི་ནུས་པ་ཐོབ་པས་གཞན་དོན་དུ་དཔའ་བོའི་བརྟུལ་ཞུགས་བླང་བར་འདོད་ན་རྡོ་རྗེ་ཕག་མོ་གཟུགས་ཅན་མ་དེའམ། བདེ་མཆོག་མིག་གི་གཟུགས་ཅན་དེ་ཡེ་ཤེས་ སེམས་དཔའ་དང་རོ་གཅིག་ཏུ་བསམས་ནས་འཁོར་ལོ་ལ་སོགས་པ་སྔར་བཞིན་དུ་མོས་ཤིང་མགོ་བོའི་ཕྲེང་བ་ལ་སོགས་པ་རང་རང་གི་སྔགས་ཀྱིས་ལྷའི་རང་བཞིན་དུ་མོས་ཏེ། ཨོཾ་བཛྲ་བཻ་རོ་ཙ་ནི་ཡེ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་དུ་བཟླས་པའི་འཁོར་ལོ་དེ་བཞིན་ཁོ་ནར་བསྐོར་བར་བྱའོ། །སངས་ རྒྱས་ལྔའི་རང་བཞིན་ཐོད་པ་ལྔ་ཡང་སྟེ། གང་གི་ཕྱིར། བཻ་རོ་ཙ་ནའི་སྔགས་གང་ཡིན། །མགོ་བོར་ཐོད་པས་བརྒྱན་པའོ། །ཞེས་གསུངས་སོ། །ཐོད་པ་ནི་འདིར་འཁོར་ལོའི་གཟུགས་ཀྱང་ངོ་། །ཨོཾ་ཧྲཱིཿཧ་ཧ་ཧུཾ་ཧཱུཾ་ཕཊ་ཅེས་ལན་གསུམ་བཟླས་པའི་རྣ་རྒྱན་གཉིས་ཏེ། ཡི་གེ་བདུན་པའི་རིག་སྔགས་ ཀྱིས། །རྣ་རྒྱན་གྱིས་ནི་རྣ་བ་མཛེས། །ཞེས་གང་གསུངས་པའོ། །རྡོ་རྗེ་ཕག་མོའི་རྩ་བའི་སྔགས་སམ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་མགུལ་རྒྱན་ཏེ། རྡོ་རྗེ་ཕག་མོའི་སྔགས་གང་ཡིན། །མགྲིན་པར་མགུལ་རྒྱན་རྣམ་ པར་བརྒྱན། །ཞེས་གང་གསུངས་པའོ། །ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧཱུ། པཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ། ཕཊ་ཧཾ། ཞེས་ལན་གསུམ་བཟླས་པའི་གདུ་བུ་གཉིས་ཏེ། དཔའ་བོའི་གོ་ཆ་དྲུག་གིས་ནི། །ཕྱག་རྒྱ་འདི་ནི་ལུས་ལ་མཛེས། །ཞེས་གང་གསུངས་པའོ། །ཨོཾ་བཾ། ཧཾ་ཡོཾ། ཧྲིཾ་མོཾ། ཧེཾ་ཏྲཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་ཅེས་ པ་ལན་གསུམ་བཟླས་པའི་སྐ་རགས་ཏེ། རྣལ་འབྱོར་མ་དྲུག་ཅེས་པ་ཡིས། །སྔགས་ཀྱི་སྐ་རགས་རྒྱན་དུ་བྱས། །ཞེས་གང་གསུངས་པའོ། །ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུཾ་ཧཱུཾ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་མི་མགོ་ལྔ་བཅུའི་ཕྲེང་བ་སྐེ་ལ་སྟེ། ལྷ་ཡི་སྙིང་པོའི་སྔགས་ཉིད་ ནི། །ཕྲེང་བ་བརྒྱ་ཕྱེད་བརྒྱན་པའོ། །ཞེས་གང་གསུངས་པའོ། །དེ་ནས་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ལན་གསུམ་བཟླས་པའི་སྟག་གི་པགས་པ་ནི་ཤམ་ཐབས་ཀྱི་ཆེད་དུ་སྟེ། སངས་རྒྱས་ཀུན་གྱི་མཁའ་འགྲོ་མས། །པགས་པའི་གོས་ནི་འཛིན་པ་གཞན། །ཞེས་གང་ གསུངས་པའོ། །ཨོཾ་པྲཱ་ཙཎྜེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་ལ་སོགས་པ་ནས། ཨོཾ་རཱུ་པི་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པའི་སྔགས་སུམ་ཅུ་རྩ་དྲུག་གིས་ལན་གསུམ་བཟླས་པའི་ཡེ་ཤེས་ཀྱི་བདུད་རྩིའི་བཏུང་བའི་སྣོད་ནི་ལག་པར་སྦྱིན་ནོ། །འཁོར་ལོ་ཀུན་གྱི་རྣལ་འབྱོར་མའི། །སྔགས་ཀྱིས་བཏུང་བའི་ཐོད་པའོ། །ཞེས་གང་ གསུངས་པའོ། །ཁ་ཊྭཱཾ་ག་དང་ཅང་ཏེའུ་ལ་བཅོམ་ལྡན་འདས་ཀྱི་རྩ་བའི་སྔགས་ལན་གསུམ་བཟླས་ཏེ་རྡོ་རྗེ་སེམས་དཔའ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པས་སོ། །དཔལ་བདེ་མཆོག་གི་རྩ་བའི་སྔགས་ལན་གསུམ་བཟླས་པའི་ཚངས་སྐུད་དང་མགྲིན་པར་འཆང་བའི་དོ་ཤལ་དང་རྡོ་རྗེའི་རྒྱན་དང་ རྐུན་པོའི་སྐྲ་ལས་བྱས་པའི་ཅོད་པན་དང་། སྐོར་གཉིས་པའི་སྐ་རགས་དང་ཐལ་བ་དང་། དཔུང་རྒྱན་དང་། རྐང་གདུབ་དང་། གཡེར་ཁ་རྣམས་ནི་རང་གི་གནས་སུའོ། །དཔའ་བོའི་རྩ་བའི་སྔགས་ཀྱིས་གང་། །ཚངས་སྐུད་ལ་སོགས་རྣམས་སུ་བཏགས། །ཞེས་གང་གསུངས་པའོ། །དེ་ལ་ཕྲེང་བ་ གཅིག་གིས་ཚངས་སྐུད་དོ། །ཕྲེང་བ་བརྒྱད་རྣམས་ཀྱིས་སྐ་རགས་སོ། །དེ་ཉིད་ཀྱི་བུད་མེད་ཀྱི་རྐེད་པར་བཅུ་དྲུག་གིས་སོ། །ཉི་ཤུ་རྩ་ལྔས་དོ་ཤལ་ལོ། །སྐུད་པ་གཅིག་གིས་ཚངས་སྐུད་འགྱུར། །སྐུད་པ་བརྒྱད་ཀྱིས་སྐ་རགས་སོ། །བུད་མེད་བཅུ་དྲུག་ཤེས་པར་བྱ། །ཉི་ཤུ་རྩ་ལྔའི་ཕྲེང་བ་ཅན། ། ཞེས་གང་གསུངས་པའོ། །ཡང་ན་མིའི་རྒྱུས་པ་ལས་བྱས་པའམ། སྐྲ་ལས་བྱས་པའི་ཚངས་སྐུད་དོ། །འདིར་འཁོར་ལོ་ལ་སོགས་པ་དང་རྡོ་རྗེའི་རྒྱན་རྣམས་ཇི་ལྟར་འོས་པར་མིའི་རུས་པ་ལས་བྱས་པའོ། །དེ་ལ་གཅིག་ནི་སྤྱི་བོར་ཏེ། དེ་སྐད་དུ། སོར་མོ་ལྔ་བྱས་དུམ་བུ་ནི། །ཅོད་པན་དག་ཏུ་འཛིན་ པའོ། །གཞན་ནི་རྣ་བ་དང་མགུལ་བ་དང་། སྙིང་ག་དང་། གསང་བ་དང་ལག་པའི་རྒྱན་ཡིན་ཏེ་ཇི་ལྟར་མཛེས་པར་བྱའོ། །སྔགས་སུམ་ཅུ་རྩ་དྲུག་རྣམས་དང་རྩ་བའི་སྔགས་གཉིས་ནི་ཁོ་བོས་དཔལ་བདེ་མཆོག་གི་མངོན་པར་རྟོགས་པའི་སྒྲུབ་ཐབས་སུ་བརྗོད་དོ། །དཔའ་བོའི་སྤྱོད་པའི་བརྟུལ་ཞུགས་ ཉིད་ལ་རྒྱལ་བུ་གཞོན་ནུའི་བརྟུལ་ཞུགས་ཀྱི་སྤྱོད་པ་དང་། རྡོ་རྗེ་ཐོད་པའི་སྤྱོད་པའི་བརྟུལ་ཞུགས་ཞེས་ཀྱང་དཔལ་སཾ་པུ་ཊའི་རྒྱུད་ལས་གསུངས་སོ། །དེ་ནས་ཕྱག་རྒྱ་ལ་སོགས་པས་མཆོད་པར་བྱའོ་ཞེས་པ་སྤྱོད་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ། །དེ་ནས་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲྭ་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང་གཡས་པས་མི་འཇིགས་པའི་ཕྱག་རྒྱས། སྲིད་པའི་ངན་འགྲོ་ལས་བཏོན་ནས། །སྲིད་པ་ཤིན་ཏུ་ཞི་བྱའི་ཕྱིར། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བདག་གིས་ཁྱོད་ནི་ལུང་བསྟན་གྱིས། །ཀྱེ་ཆེ་གེ་མོ་རྡོ་རྗེ་ ཏ་ཐཱ་ག་ཏ་སིདྡྷྱ་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭཿཞེས་པའི་སྔགས་བརྗོད་ཅིང་མེ་ཏོག་ལྷུང་བ་དང་བསྟུན་པའི་དེ་བཞིན་གཤེགས་པའི་གཟུགས་ཅན་གྱི་སློབ་མ་ལུང་བསྟན་པར་བྱའོ། །གང་ཡང་འདི་ལྟར་ལུང་བསྟན་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏོ་ ཞེས་དད་པར་བྱའོ། །ལུང་བསྟན་པའི་ཆོ་གའོ། །རིག་མ་དང་། རྡོ་རྗེ་དང་། སྤྱོད་པའི་བརྟུལ་ཞུགས་དང་། ལུང་བསྟན་པ་འདི་རྣམས་རྒྱུད་ལ་སོགས་པ་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་ཀྱི་ཐ་སྙད་དུ་བྱས་སོ། །དེ་ནས་ཁ་སྦྱོར་གྱི་རྒྱུད་དུ། བཞི་པ་དེ་ནི་དེ་བཞིན་ཡང་། །ཞེས་པའི་རྗེས་ལ། བྱང་ཆུབ་ སེམས་ཀྱི་དབང་གིས་ནི། །སློབ་མའི་སྡིག་དང་བྲལ་བ་ལ། །དེ་ནས་རྗེས་སུ་གནང་བ་བྱིན། །ཞེས་གསུངས་པས། སློབ་མའི་གདན་གྱི་མདུན་ནམ་ལ་ལར་སྟན་ལ་བྷྲཱུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་ཨོཾ་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་པ་དང་། ལག་པ་གཡས་སུ་ཨོཾ་བཛྲ་བྷཱ་ཥ་རཾ་ཞེས་ བརྗོད་ཅིང་ཡི་གེ་ཨཱཿལས་སྐྱེས་པའི་དུང་དང་། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང་པོ་བརྗོད་པ་དང་། དབྱངས་ཐ་མ་ལས་སྐྱེས་པའི་དྲིལ་བུ་དབྱངས་ཐ་མ་བརྗོད་ཅིང་བྱིན་ལ་དེ་དྲིལ་བུ་དཀྲོལ་དུ་གཞུག་ཅིང་། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་ མཚན་ཉིད་མེད། །ནམ་མཁའ་མཉམ་པ་ཉིད་སྦྱོར་ལས། །ཐམས་ཅད་མཆོག་ནི་མཉམ་ཉིད་གསལ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱིས་ཆོས་དུང་བླ་མེད་པ། །ཀུན་ནས་ཡོངས་སུ་བཀང་ནས་ནི། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཞེས་བརྗོད་པར་བྱའོ། ། ཐམས་ཅད་མཆོག་ཅེས་པ་ནི་ཆོས་ཐམས་ཅད་ཀྱི་མཆོག་སྟེ། སྒྲིབ་པ་ཐམས་ཅད་བྲལ་བ་ཉིད་ཀྱིས་ན་རང་བཞིན་མེད་པ་ཉིད་དོ། །གསལ་བ་ནི་བསྒོམས་པས་མངོན་སུམ་དུ་བྱ་བའོ། །ཆོས་ཀྱིས་ཀྱང་དེ་བཞིན་དུ་གྱིས་ཤིག་པའོ། །དེ་ལྟར་ཡང་དེ་ལ་མོས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཤིག་ཅེས་ དྲིལ་བུས་མཚོན་པར་བྱེད་དོ། །དེ་ལྟར་སྤྱིར་རྗེས་སུ་གནང་བ་བྱིན་ནས་རྗེས་སུ་གནང་བ་ལྷག་པར་སྦྱིན་པར་བྱ་བའི་ཆེད་དུ་རིམ་པ་བཞིན་སློབ་མ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམས་ནས། སེམས་ཅན་ཀུན་ལ་ཕན་དོན་ཕྱིར། །འཇིག་རྟེན་ཀུན་ཏུ་ཐམས་ཅད་ནས། །སྣ་ཚོགས་ ཇི་ལྟར་འདུལ་བ་ཡིས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཤེས་རབ་ཐབས་ཀྱི་རང་བཞིན་དག །ཡིད་བཞིན་ནོར་བུ་ལྟར་མཐོ་བས། །སྐྱེ་མེད་དོགས་དང་བྲལ་བ་ཡིས། །དེ་ལྟར་སེམས་ཅན་དོན་གྱིས་ཤིག །ཅེས་པའི་ཆོས་ཀྱི་སྒྲའི་གནས་སུ་རྡོ་རྗེ་དང་རིན་པོ་ཆེ་དང་པདྨ་དང་ལས་ཀྱི་སྒྲ་ བཅུག་པའི་ཚིགས་སུ་བཅད་པ་ལྔས་རྗེས་སུ་གནང་བ་སྦྱིན་ནོ། །དེས་ཕྱག་བྱས་ལ། གཙོ་བོས་ཇི་ལྟར་བཀའ་བསྒོ་བ། །དེ་བཞིན་དུ་ནི་བདག་གིས་བགྱི། །ཞེས་བརྗོད་དོ། །རྗེས་སུ་གནང་བའི་ཆོ་གའོ། །དེ་ནས། སྤྱི་བོ་རུ་ནི་གདུགས་བཟུང་ནས། །བསྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་ སྒོར་ནི་ཐལ་སྦྱོར་བ། །གདུགས་བཅས་དབབ་ཅིང་འདི་བརྗོད་བྱ། །རྒྱུད་རྣམས་འཛིན་པར་འགྱུར་བ་ཡི། །སློབ་མ་འདི་ནི་ཕུལ་བ་ལགས། །ཞེས་པས་དཀྱིལ་འཁོར་གྱི་དབང་ཕྱུག་ལ་གསོལ་བ་གདབ་ལ། གདུགས་གཞན་དུ་བཞག་སློབ་མའི་སྙིང་ལ་འབབ་པ་བརྗོད་པར་བྱ་སྟེ། ད་ནི་ཁྱོད་ཉིད་ དཀྱིལ་འཁོར་གྱི། །སློབ་དཔོན་སྔགས་དང་རྒྱུད་འཛིན་པར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་དག་ཀྱང་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་དོན་དུ། །ཁྱོད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །རབ་ཏུ་འབད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱར། །མཆོག་ཏུ་ གསང་བ་དམ་པ་ཡི། །དཀྱིལ་འཁོར་མཐོང་བཞིན་ཞུགས་པས་ན། །སྡིག་པ་ཀུན་ལས་རྣམ་པར་གྲོལ། །དེ་རིང་ཁྱོད་ནི་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །ཕྱིན་ཆད་ཁྱོད་ལ་འཆི་བ་མེད། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲིད་པ་མཐའ་འདས་གྲུབ་ཆེད་དུ། །སངས་རྒྱས་ རྡོ་རྗེ་ཅན་ཀུན་གྱིས། །དེ་རིང་ཚེ་ལྡན་དབང་བསྐུར་རོ། །ཁམས་གསུམ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཉིད་དུ་ཁྱོད་ངེས་སོ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག །ཁམས་གསུམ་ན་ནི་གཞན་མེད་དེ། །དེ་བས་འདོད་ལ་ཆགས་བྲལ་ཉིད། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །འདོད་པ་ཀུན་ལ་སྤྱོད་ པས་ཁྱོད། །གང་ལའང་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྩི་ལྔ་བཟའ་བྱ། །འདི་ལས་གཞན་ཡང་དམ་ཚིག་སྲུང་། །སྲོག་ཆགས་གསད་པར་མི་བྱ་ཞིང་། །བུད་མེད་རིན་ཆེན་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། །དམ་ཚིག་ཤིན་ཏུ་འདའ་བར་དཀའ། །ཤེས་རབ་ཐབས་ཀྱིས་བསམ་ པ་ཡི། །མི་བྱ་ཅུང་ཟད་ཡོད་མ་ཡིན། །མ་འཇིགས་ཁྱོད་ལ་སྡིག་པ་མེད། །དེ་བཞིན་གཤེགས་པའི་གསུང་ཇི་བཞིན། །འདི་ལྟར་ཡིད་ནི་རབ་དང་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་བདེ་སྟེར་བསྟེན་པར་གྱིས། །འགྲོ་བ་བདེ་བ་མྱོང་བར་རྡོ་རྗེ་སེམས་དཔའ་དང་། །མཚུངས་པའི་རྟག་པ་ཉིད་དུ་ ཁྱོད་རྣམས་ཕྱིན་པར་འགྱུར། །གཞན་ཡང་གང་དག་ཆོ་ག་ཇི་ལྟ་བ་བཞིན་དབང་བསྐུར་བ་ལ་དགེ་བའི་ཕྱིར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་སྡུག་པའི་བུ་དང་འདྲ་བར་ཐུགས་དང་བས་ཡང་དག་པར་དགོངས་པར་མཛད་པ་འདི་ནི་ཆོས་ཉིད་ཡིན་ནོ་ཞེས་པ། དབུགས་དབྱུང་བའི་ཆོ་ གའོ། །དེ་ལྟར་དབང་ཐོབ་ཅིང་དབུགས་ཕྱུང་སྟེ། དགའ་བའི་སློབ་མས་དེ་ལྟར་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། །བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་འགྱུར། །ཞེས་བརྗོད་ དོ། །གླང་པོ་ཆེ་དང་། རྟ་དང་། རིན་པོ་ཆེ་དང་། ས་ལེ་སྦྲམ་དང་། དངུལ་དང་། གོས་དང་། རྒྱན་དང་། བ་ལང་དང་། མ་ཧེ་དང་། བྲན་པོ་དང་། བྲན་མོ་དང་། ལས་བྱེད་པ་ལ་སོགས་པ་དང་། གཅེས་པའི་ཆུང་མ་དང་། བུ་དང་། བུ་མོ་ལ་སོགས་པ་རྣམས་སམ་ཇི་ལྟར་ནུས་པར་བླ་མ་ལ་ བཀུར་སྟི་བྱས་ཏེ་ཡོན་དབུལ་བར་བྱའོ། །གཏོར་མ་དང་སྦྱིན་སྲེག་དང་སྟོན་མོ་ལ་སོགས་པ་ཡང་བྱའོ། །རྣམ་པར་གྲོལ་ཞེས་པ་ནི་སྡིག་པ་མི་བྱེད་པར་ངེས་པའི་ཕྱིར་རོ། །བདེ་བར་གནས་པ་ནི་བདེ་བ་དང་བདེ་འགྲོ་ལ་ངེས་པའི་ཕྱིར་རོ། །འདས་པ་ནི་ཆོས་ཀྱི་སྐུ་ཐོབ་པའི་ཕྱིར་རོ། །མཐའ་འདས་ཞེས་ པ་མཐའ་མ་མེད་པའི་སྲིད་པ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། རྒྱུན་མི་འཆད་པར་རྟག་པ་འདི་ཉིད་ཀྱིས་སོ། །རྡོ་རྗེ་ནི་མི་ཕྱེད་པའི་སེམས་རབ་ཏུ་དང་བ་སྟེ། བླ་མ་དང་སངས་རྒྱས་རྣམས་ལའོ། །རང་གི་དམ་ཚིག་ནི་རང་གི་ལྷ་ལ་སོགས་པའོ། །བདེ་བ་ཉུང་ཞིང་སྡུག་བསྔལ་མང་བའི་འགྲོ་བར་ཁྱེད་ ཅག་སྐྱེས་ཀྱང་ཁ་ན་མ་ཐོ་བ་མེད་པའི་བདེ་བ་ཆེན་པོ་རྟག་པ་ཉིད་ཐོབ་པའོ། །འདིར་མེ་ཏོག་ལྷུང་བས་ཉེ་བར་མཚོན་པའི་དེ་བཞིན་གཤེགས་པའི་རང་བཞིན་གྱིས་རྣམ་པར་དག་པ་གསལ་བར་བྱ་བའི་ཕྱིར་དུ་མགོ་བོ་ལ་ཕྲེང་བས་དབང་བསྐུར་རོ། །མ་རིག་པའི་དྲི་མ་འཁྲུང་པར་རུང་བ་ཉིད་དུ་སྒྲུབ་པའི་ཕྱིར་དུ་ཆུའི་ དབང་ངོ་། །དེ་བཞིན་གཤེགས་པས་རྒྱས་འདེབས་པ་འདུ་བྱ་བ་བསྐྱེད་པའི་ཆེད་དུ་གཙུག་ཏོར་བསྐྱེད་པར་རུང་བ་ཉིད་ཀྱི་ཆེད་དུ་ཅོད་པན་གྱི་དབང་ངོ་། །ཉོན་མོངས་པ་ལ་སོགས་པའི་དགྲ་རྩ་བ་ནས་འདོན་པ་ཉིད་ཀྱི་ཕྱིར་དུ་དཔའ་བོའི་དར་དཔྱངས་བཅིང་བ་སྟེ། ཅོད་པན་གྱི་དབང་གི་འཁོར་ཡིན་ནོ། །ཁ་ཅིག་ཏུ་ནི་ དབང་ཐ་དད་པར་བརྗོད་དོ། །ཁ་ཅིག་ཏུ་ནི་དར་དཔྱངས་བཅིང་བ་མ་གསུངས་ཏེ་འདིའི་དོན་བསམ་པའི་ཁྱད་པར་ལས་ཅོད་པན་གྱི་དབང་གིས་ཀྱང་འགྲུབ་པའི་ཕྱིར་རོ། །དབྱེར་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བར་རུང་བ་ཉིད་དུ་སྒྲུབ་པའི་ཆེད་དུ་རྡོ་རྗེའི་དབང་ངོ་། །སྟོང་པ་དང་སྙིང་རྗེ་དབྱེར་མེད་པ་བླ་ན་མེད་པའི་ཡེ་ཤེས་ འབྱུང་བའི་བདག་པོ་ཆོས་འབྱུང་རྟོགས་པར་བྱ་བའི་ཆེད་དུ་ཆོས་འབྱུང་གསལ་བར་བྱེད་པའི་དྲིལ་བུ་སྒྲ་དང་བཅས་པས་དབང་བསྐུར་བའོ། །བདག་པོའི་ཆེད་དུ་དབང་ནི་བདག་པོའི་དབང་དུ་ཡང་བརྗོད་དོ། །མ་འོངས་པ་ན་ཐུབ་པའི་དབང་པོའི་གོ་འཕང་གི་མིང་དུ་འོས་པའི་ས་བོན་དགོད་པའི་དོན་དུ་མིང་གི་དབང་ ངོ་། །ཆུའི་དབང་ལ་སོགས་པ་ལྔ་པོ་འདི་རྣམས་རིམ་པ་བཞིན་ཆོས་ཀྱི་དབྱིངས་རྣམ་པར་དག་པ་དང་མཉམ་པ་ཉིད་དང་སོ་སོར་རྟོག་པ་དང་བྱ་བ་གྲུབ་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ས་བོན་ཡོངས་སུ་རྒྱས་པར་བྱེད་པའི་ཕྱིར་དེའི་བདག་ཉིད་དུ་མོས་པར་བྱའོ། །ཆུའི་དབང་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ ཉིད་དུ་ཡང་དེ་ཉིད་བསྡུས་པ་ལས་གསུངས་ཏེ། མི་བསྐྱོད་པ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བདག་ཉིད་དུ་ཡང་ངོ་། །འདི་ནས་བརྩམས་ཏེ་རྣམ་པར་དག་པ་ཟུང་འཇུག་གི་བྱང་ཆུབ་རྟོགས་པར་བྱ་བའི་ཆེད་དུ་བརྩོན་པར་གྱིས་ཤིག་ཅེས་ངེས་པར་བྱ་བར་དགོངས་ནས་དེའི་རང་བཞིན་གྱི་རྡོ་རྗེ་འཛིན་པའི་ངེས་པ་ནི་རྡོ་རྗེའི་ དམ་ཚིག་གོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་རབ་ཏུ་སྟོན་པའི་རྒྱུ་དེ་བཞིན་ཉིད་རྟོགས་པ་ལ་སྦྱར་བའི་ཆེད་དུ་སྒྲ་དང་བཅས་པའི་དྲིལ་བུའི་དམ་ཚིག་གོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་བདེ་བ་ཆེན་པོའི་བདག་ཉིད་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཤིན་ཏུ་བརྟན་པར་རུང་བ་ཉིད་དུ་བསྒྲུབ་པའི་ཕྱིར་ ཕྱག་རྒྱའི་དམ་ཚིག་གོ། །དེ་ཉིད་ཀྱི་ཕྱིར་མཁའ་འགྲོ་མ་རྡོ་རྗེ་གུར་ལས་དམ་ཚིག་གཉིས་ཀྱི་འཁོར་ཅན་ཕྱག་རྒྱའི་དམ་ཚིག་ཁོ་ནས་རྫོགས་པའི་སངས་རྒྱས་ཀྱི་དབང་དུ་གསུངས་སོ། །རྒྱུད་གཞན་དུ་ནི་དམ་ཚིག་གསུམ་སློབ་དཔོན་གྱི་དབང་གི་འཁོར་དུ་གསུངས་སོ། །དེ་ལྟར་ཡང་སྔར་ཤེས་རབ་བཅུ་དྲུག་ ཅེས་པ་ལ་སོགས་པ་གསུངས་སོ། །དྲི་མ་འཁྲུད་པར་རུང་བ་ཉིད་ནི་དམ་ཚིག་རྣམ་པར་གཞག་པ་གཉིས་ཀ་ལ་ཡོད་པར་མི་འགལ་ལོ། །ཇི་ལྟར་ས་བཅུ་པ་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བ་དེ་བཞིན་དུ་དམ་ཚིག་ གསུམ་དང་བཅས་པ་འདི་ཡང་དེ་རྣམས་དང་བླ་མས་སེམས་ཅན་གྱི་ཕུང་པོ་དཔག་ཏུ་མེད་པ་ལ་གཞལ་དུ་མེད་པའི་ཆོས་སྟོན་པ་ལ་སོགས་པས་སློབ་དཔོན་དུ་བྱ་བའི་ཆེད་དུ་ཁམས་གསུམ་པའི་ཆོས་ཀྱི་རྒྱལ་སྲིད་དུ་དབང་བསྐུར་བས་ན་སློབ་དཔོན་གྱི་དབང་དང་། ཕྱིར་མི་ལྡོག་པ་རྣམས་ཀྱི་དབང་དང་འདྲ་བས་ ན་ཕྱིར་མི་ལྡོག་པའི་དབང་ངོ་། །ཕྱིར་མི་ལྡོག་པ་ཉིད་ཀྱི་ས་བོན་ཉིད་ཀྱང་སྐྲུན་པར་བྱེད་དོ། །དེའི་ཕྱིར་དེ་ལ་ལྟོས་ནས་ཕྱིར་མི་ལྡོག་པར་བྱ་བའི་ཆེད་དུ་དབང་དང་། ཕྱིར་མི་ལྡོག་པ་དང་ལྡན་པའི་དབང་ནི། ཕྱིར་མི་ལྡོག་པའི་དབང་དུ་བརྗོད་དོ། །དེ་ཉིད་ཀྱི་ཕྱིར། རྡོ་རྗེ་གསང་བ་ཡེ་ཤེས་ ཀྱིས། །སློབ་དཔོན་ཞེས་བྱ་གསུམ་འདིར་བརྗོད། །ཅེས་པ་འདོད་པ་ནི་བློ་གྲོས་ངན་པ་རྣམས་ཁོ་ནའིའོ། །བགེགས་མེད་པ་ཉིད་ཀྱི་ཆེད་དང་ཞི་བ་ལ་སོགས་པའི་དངོས་གྲུབ་ཀྱི་ས་བོན་དགོད་པའི་ཆེད་དང་། དོན་དམ་པའི་སྔགས་ཀྱི་དངོས་གྲུབ་ཀྱི་ཞིང་དག་པར་བྱ་བའི་ཕྱིར་དུ་སྔགས་བརྗོད་དུ་གཞུག་པའོ། །མི་ ཤེས་པའི་ལིང་ཏོག་བསལ་བས་ལྷའི་མིག་གིས་མངོན་པར་ཤེས་པ་བསྐྱེད་པའི་ཆེད་དུ་མིག་སྨན་ནོ། །དེས་ཀྱང་སྣ་ཚོགས་གཟུགས་བརྙན་བཞིན་དུ་ལྟ་བ་འདུས་བྱ་བ་བསྒྲུབ་པའི་ཆེད་དུ་མེ་ལོང་གི་དབང་ངོ་། །བདུད་བཞི་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་དབྱིངས་ཤིན་ཏུ་ཕྲ་བའི་འབེམ་འབིགས་པའི་ས་བོན་ དགོད་པའི་ཆེད་དུ་མདའ་འཕངས་པའོ། །དད་པ་དང་ཤེས་རབ་ཀྱི་ཞིང་དུ་བྱ་བའི་དོན་ནམ། དམ་ཚིག་བསྲུང་བའི་དོན་དང་ངག་དག་པའི་དོན་དུ་གསང་བའི་དབང་ངོ་། །ཕུལ་དུ་ཕྱིན་པའི་ཤེས་པ་འདི་ལ་ཡོད་པས། ཤེས་རབ་ནི་ཕྱི་རོལ་གྱི་གཞོན་ནུ་མའོ། །དེ་ལས་ཡེ་ཤེས་ནི་སེམས་རྣམ་པར་རྟོག་པ་དང་ བྲལ་བ་ལས་རྣམ་པར་དག་པ་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །ཡེ་ཤེས་དེ་ཉིད་དྲི་མ་དང་བྲལ་ཞིང་ཡོངས་སུ་དག་པར་རྟོགས་པ་ནི་དབང་བཞི་པའོ། །འདི་དག་ནི་བདེ་བ་ཆེན་པོའི་རོས་ཡིད་འཁྲུད་པའི་ཕྱིར་དབང་ངོ་། །འདི་དག་དང་འབྲེལ་པ་ཁོ་ནར་ཤེས་རབ་ཉིད་ཟག་པ་མེད་ པའི་བདེ་བ་དམ་པ་ཕུན་སུམ་ཚོགས་པའི་དངོས་ཀྱི་ཐབས་ཡིན་པའི་ཕྱིར་ལས་དང་པོ་ལ་སོགས་པའི་གནས་སྐབས་སུ་ཡང་སྤང་བར་མི་བྱའོ་ཞེས་པ། རིག་མའི་བརྟུལ་ཞུགས་སོ། །གང་ཚེ་རྣམ་པར་མི་རྟོག་པས། །ལས་ཀུན་ཐབས་དང་བཅས་པར་སྤྱོད། །རྣམ་པར་མི་རྟོག་བསྒོམས་པ་ལས། །བརྟུལ་ ཞུགས་རྣམས་ཀྱི་མཆོག་གི་མཆོག །ཅེས་རྡོ་རྗེ་མཁའ་འགྲོ་ལས་གསུངས་པས་བརྟུལ་ཞུགས་གཞན་གྱིས་ཅི་ཞིག་བྱ། དེས་ན་ཡེ་ཤེས་ལྔའི་རང་བཞིན་གྱི་བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་ཁོ་ན་ལ་ཤིན་ཏུ་སྦྱར་བའི་ཕྱིར་དུ་རྡོ་རྗེའི་བརྟུལ་ཞུགས་སོ། །སྤྱོད་པ་དང་བྲལ་ན་ཡང་བྱང་ཆུབ་ཀྱི་སེམས་མི་རྟོག་གོ་ཞེས་ བསླབ་པའི་དོན་དུ་སྤྱོད་པའི་བརྟུལ་ཞུགས་ཏེ་དེ་ནི་རྣམ་པ་གསུམ་མོ། །དེ་ལ་དང་པོ་ནང་གི་ཕྱག་རྒྱ་གསུམ་ལ་སྦྱོར་བ་ལྷུར་བྱེད་པ་སྟེ་དེ་ལྟར་ཡང་། ཁ་ཊྭཱཾ་ག་ནི་ལྷ་ཡི་སྐུ།། །ཅང་ཏེའུ་ཤེས་རབ་ཏུ་ནི་བཏགས། །ཞེས་དང་། སྔགས་ནི་བཏུང་བའི་ཐོད་པའོ། །ཞེས་གསུངས་པས་སོ། །ལྷའི་སྐུ་ལུས་དང་། ཨ་ ན་ཧ་ཏིའི་ངོ་བོ་གཏུམ་མོའི་སྒྲ་དང་གཉིས་སུ་མེད་པའི་བདེ་བ་ཆེན་པོ་ཉམས་སུ་མྱོང་བའི་རྟེན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་དེ་ལྟར་གསུམ་མཚོན་པར་བྱེད་པའོ། །གཉིས་པ་ནི་རྣལ་འབྱོར་མ་དང་སྤྱོད་པའི་བརྟུལ་ཞུགས་དང་ལྡན་པ་ལས་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་ལ་སོགས་པ་ལྔ་བསྐྱེད་པ་ལ་ སྦྱོར་བ་ལྷུར་བྱེད་པའོ། །གསུམ་པ་ནི་ལྟ་སྟངས་བཞི་དང་མངོན་པར་ཤེས་པ་ལ་སོགས་པའི་ནུས་པ་ཐོབ་པར་གྱུར་པ་ན་སེམས་ཅན་གྱི་དོན་སྒྲུབ་པ་ལ་ལྷུར་བྱེད་པ་འཇིག་རྟེན་ལས་ཕྱི་རོལ་དུ་གྱུར་པའི་རྣལ་འབྱོར་པའམ་རྣལ་འབྱོར་མ་ནང་གི་བདག་ཉིད་ཀྱི་རྒྱན་མ་ལུས་པའི་དོན་ནུས་པ་ལྷུར་བྱེད་པ་སྟོང་པ་ཉིད་དང་སྙིང་རྗེ་ ཆེན་པོ་དབྱེར་མེད་པའི་རང་བཞིན་བྱང་ཆུབ་ཀྱི་སེམས་འབྱུང་བ་ལ་སྦྱོར་རོ། །དེ་ལྟར་ཡང་རྣལ་འབྱོར་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། དང་པོར་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ལ་ནི། །བརྟུལ་ཞུགས་སྤྱོད་པ་ཡིད་འོང་བ། །རིགས་ལྔ་མཉམ་ པར་ཀུན་སྤྱོད་པ། །རིགས་གཅིག་ཏུ་ནི་རྣམ་པར་བརྟག །མི་རྟོག་སེམས་གཅིག་བདག་ཉིད་ཀྱིས། །འདོད་པའི་ཡོན་ཏན་ལྔ་སྤྱད་པ། །དེ་ལྟར་དཔལ་ལྡན་ཧེ་རུ་ཀའི། །ཡེ་ཤེས་བསམ་པ་ཀུན་རྫོགས་མཛད། །ཤེས་རབ་ཆེ་ལྡན་དེ་ཡིས་ནི། །གཉིས་མེད་ཡེ་ཤེས་བརྟུལ་ཞུགས་བྱེད། །སྤྱོད་ པའི་བརྟུལ་ཞུགས་ལ་ཞུགས་པའི། །རྣལ་འབྱོར་རབ་ཏུ་ངེས་ཤེས་བྱ། །ཞེས་གསུངས་སོ། །ཁམས་གསུམ་དང་དབྱེར་མེད་པའི་ཆོས་ཉིད་རྟོགས་པའི་རིམ་པ་རུང་བ་ཁྱོད་ཡིན་ནོ་ཞེས་གཟེངས་བསྟོད་པའི་དོན་དུ་ལུང་བསྟན་པའོ། །དེ་ལྟར་ཡང་། བྷུར་ནི་རླུང་གི་དཀྱིལ་འཁོར་ལ་སོགས་པའི་འཁོར་ དང་བཅས་པའི་ས་འོག་གོ། །བྷུ་ཝཿཞེས་པ་ནི་ས་སྟེང་གི་འཇིག་རྟེན་ནོ། །སྭཿཞེས་པ་མཐོ་རིས་ཏེ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་མཐར་ཐུག་པའོ། །དེ་གསུམ་ཆར་ཡང་ཁྱོད་ཡིན་ཏེ་གང་གི་ཕྱིར། དེ་རྣམས་ཀྱི་རང་བཞིན་གྱི་དེ་ཁོ་ན་ཉིད་ཀྱི་ས་མ་ཡ་སྟེ། ས་རབ་ཏུ་དགའ་བ་ལ་སོགས་པའི་ རིམ་པས་རྟོགས་པར་རུང་བ་ཉིད་ཀྱིས་སོ་ཞེས་པ་ནི་ས་མ་ཡ་སྟྭཾ་བྷུར་བྷུ་བཿསྭཿཞེས་པ་འདིའི་དོན་ནོ། །ཆོ་ག་ཇི་ལྟར་དངོས་གྲུབ་རབ་ཏུ་བསྒྲུབས་ནས་ཆོས་སྟོན་པ་ལ་སོགས་པ་རྣམས་ཀྱིས་སེམས་ཅན་གྱི་དོན་གྱིས་ཤིག་ཅེས་པ་ནི་རྗེས་སུ་གནང་བའོ། །ཁྱོད་ཀྱིས་འདོད་པ་རྣམས་ལ་ཉེ་ བར་ལོངས་སྤྱད་ཀྱང་སྒྲིབ་པ་ཐམས་ཅད་ལས་གྲོལ་བའི་སངས་རྒྱས་དེ་རིང་ཉིད་དོ་ཞེས་དཀྱིལ་འཁོར་དུ་འཇུག་པ་ལ་སོགས་པ་ཐོབ་པར་ནུས་པ་ཉིད་དུ་རྒྱས་པར་བྱ་བ་ལ་དགོངས་པར་རྟོགས་པར་བྱ་བའི་ཕྱིར་དབུགས་དབྱུང་བའོ། །རྡོ་རྗེའི་བརྟུལ་ཞུགས་ལ་སོགས་པ་ལྔ་པོ་འདི་རྣམས་ཀྱང་སློབ་དཔོན་གྱི་དབང་གི་ རྗེས་དང་། རིག་པའི་དབང་གི་རྗེས་ལ་དེ་དང་དེ་ཙམ་གྱིས་ཚིམ་པ་རྣམས་ལ་སྦྱིན་པར་བྱའོ་ཞེས་ཁ་ཅིག་གོ། །སྔགས་དང་། མིག་སྨན་དང་། མེ་ལོང་དང་། མདའ་འཕང་བ་རྣམས་ནི་རིག་པའི་དབང་གི་རྗེས་ལ་ཡང་ངོ་། །རིག་པའི་བརྟུལ་ཞུགས་ནི་ཤེས་རབ་ཡེ་ཤེས་ཀྱི་རྗེས་ལ་ཡང་ཁ་ཅིག་ཏུའོ། ། ཁ་ཅིག་ཏུ་ནི་སྔགས་ལ་སོགས་པ་དང་། སྤྱོད་པའི་བརྟུལ་ཞུགས་དང་། སྤྱིར་རྗེས་སུ་གནང་བ་དང་། དམ་ཚིག་གསུམ་དང་། སྐལ་བ་དང་ལྡན་པ་ཉིད་རྣམས་མ་གསུངས་ཏེ། ཇི་ལྟར་རིགས་པར་དབང་གཞན་རྣམས་སུ་དེ་དང་དེའི་དོན་དུ་འདུས་པར་དགོངས་པས་སོ། །ཁ་ཅིག་ཏུ་རྗེས་སུ་གནང་བ་ དང་། དབུགས་དབྱུང་བ་དག་ཕྱིར་མི་ལྡོག་པའི་དབང་དུ་བསྡུས་སོ། །འདིར་ནི་ཐམས་ཅད་ཐ་དད་དུ་བརྗོད་དོ། །གང་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དང་པོར་ཆུ་ཡི་དབང་ཡིན་ཏེ། །གཉིས་པ་ལ་ནི་ཅོད་པན་དབང་། །གསུམ་པ་རྡོ་རྗེའི་དབང་གིས་སོ། །བཞི་པ་རང་གི་བདག་པོ་ཡིན། ། ལྔ་པ་ལ་ནི་མིང་དབང་བསྐུར། །དྲུག་པ་རྫོགས་པའི་སངས་རྒྱས་ཉིད། །བུམ་པའི་དབང་ནི་བདུན་པ་སྟེ། །བརྒྱད་པ་གསང་བའི་དབང་ཡིན་ནོ། །དགུ་པ་ཤེས་རབ་དབང་བསྐུར་ཏེ། །དེ་ཉིད་རྡོ་རྗེའི་སྦྱོར་བ་ཡིས། །ཐམས་ཅད་རྡོ་རྗེ་བརྟུལ་ཞུགས་སྦྱིན། །རང་ཉིད་སྟོན་པ་ལུང་སྟོན་ཏེ། །འདི་ནི་དབང་ མཆོག་རིམ་པའོ། །ཞེས་པ་གསུངས་སོ། །དེ་ལ་ཕྲེང་བའི་དབང་ནི་ཆུའི་དབང་ལ་སོགས་པའི་རྒྱུ་ཉིད་ཀྱིས་དང་། སྔགས་ལ་སོགས་པ་རྣམས་ནི་ཇི་ལྟར་རིགས་པར་སློབ་དཔོན་གྱི་དབང་དང་། དབང་བཞི་པ་དང་། འགའ་ཞིག་གི་ཚེ་གཞན་གྱིའང་འཁོར་ཉིད་དུ་རྒྱུད་གཞན་དུ་གསུངས་པ་ལས་རྟོགས་པར་ བྱ་བ་ཉིད་ཀྱི་ཕྱིར་མ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་དཔལ་གསང་བ་འདུས་པ་ལས། དབང་བསྐུར་རྣམ་གསུམ་ཐ་དད་པ། །རྒྱུད་འདི་རུ་ནི་རབ་ཏུ་བརྟགས། །བུམ་པའི་དབང་ནི་དང་པོ་སྟེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །ཞེས་སོ། ། དཔལ་ཁ་སྦྱོར་ལས་ཀྱང་། དབང་དེ་ཡང་ནི་རྣམ་པ་བཞི། །དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་ལ་ནི་གསང་བའི་དབང་། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ནི་དེ་བཞིན་ཡང་། །ཞེས་སོ། །བརྟག་པ་གཉིས་པའི་རྒྱུད་ལས་ཀྱང་། །སློབ་དཔོན་གསང་བ་ཤེས་རབ་དང་། །བཞི་པ་དེ་ ཡང་དེ་བཞིན་ནོ། །ཞེས་གསུངས་སོ། །དེ་ལ་ཆུ་དང་། ཅོད་པན་དང་། རྡོ་རྗེ་དང་། བདག་པོ་དང་། མིང་དང་། སློབ་དཔོན་གྱི་དབྱེ་བས་རྣམ་པ་དྲུག་ནི་བུམ་པའི་དབང་སྟེ། ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་། སྤྱན་མ་ལ་སོགས་པའི་རིག་མ་རྣམས་ཀྱིས་བུམ་པས་དབང་བསྐུར་བའི་ཕྱིར་རོ། །སློབ་ དཔོན་གྱི་དབང་ནི་མཆོག་ཏུ་ཉེ་བར་བླང་བར་བྱ་བ་ཉིད་ཀྱིས་ཕུལ་དུ་བྱུང་བ་དང་བཅས་པར་བསྐུར་བའི་ཕྱིར། བུམ་པའི་དབང་ནི་བདུན་པ་སྟེ། །ཞེས་གསུངས་སོ། །སློབ་དཔོན་གྱི་དབང་སྟེ་འབྱུང་བའི་རིམ་པའི་རྒྱུད་ཡིན་པའི་ཆུའི་དབང་ལ་སོགས་པ་ལྔ་ཡང་སློབ་དཔོན་གྱི་དབང་དུ་བརྗོད་དོ། །དེས་ན་ཐམས་ཅད་ མི་འགལ་ལོ། །དེ་ལྟ་བུ་འདི་ནི་གཞན་དབང་བསྐུར་བའི་ཆོ་གའོ།། །།རང་ཉིད་ཀྱང་དམ་ཚིག་ཉམས་ན་འདི་ལྟ་བུའི་དབང་ཉིད་ཇི་ལྟར་སློབ་དཔོན་འཇུག་པའི་ཆོ་གར་བླང་བར་བཤད་པ་དེ་ལྟར་བླང་བར་བྱའོ། །འོན་ཀྱང་གལ་ཏེ་བླ་མ་དམ་པ་ཤིན་ཏུ་རིང་བ་ན་ལམ་བགྲོད་དཀའ་བ་ལ་སོགས་པའི་ཉེ་བར་འཚེ་ བས་བགྲོད་པར་མི་ནུས་པའི་ཕྱོགས་ན་བཞུགས་ཏེ། གཞན་དུ་ནི་མ་ཡིན་ནོ། །རྟག་ཏུ་ཡི་དམ་བྱེད་པས་ནི་ཤེས་རབ་དང་ཐབས་རོ་གཅིག་པའི་རང་འདོད་པའི་ལྷའི་སྦྱོར་བས་ཡིད་ཀྱི་རང་བཞིན་གྱི་དཀྱིལ་འཁོར་བསྒོམ་པར་བྱ། དཀྱིལ་འཁོར་གྱི་དབང་ཕྱུག་ལས་ཆུའི་དབང་ལ་སོགས་པ་གསང་བ་དང་། ཤེས་རབ་ཡེ་ཤེས་དང་། བཞི་པའི་མཐར་ཐུག་པ་དང་། དབུགས་དབྱུང་བའི་མཐར་ཐུག་པར་ཡང་བླང་བར་བྱའོ་ཞེས་པ། རང་དབང་བསྐུར་བའི་ཆོ་གའོ།། །།རྡོ་རྗེ་སེམས་དཔའི་སྡོམ་པ་དང་ལྡན་པ་འདིའི་ལྟུང་བ་ནི་རིགས་རྣམ་པ་གཉིས་ཏེ། རྩ་བའི་ལྟུང་བ་དང་། སྦོམ་པོའི་ལྟུང་བས་སོ། ། དེ་དག་ཀྱང་མན་ངག་གི་སྙེ་མར་རྣམ་པར་ཕྱེ་བའོ། །བླ་མ་ལ་བརྙས་པ་ལ་སོགས་པའི་ཉེས་པ་ལ་ནུས་པ་ཇི་ལྟ་བར་སྟོན་མོ་སྔོན་དུ་འགྲོ་བའི་དབུལ་བ་བྱས་ནས། བླ་མའི་མདུན་དུ་བཤགས་པ་སྔོན་དུ་འགྲོ་བས་སྡོམ་པ་སྔར་བཞིན་གཟུང་བར་བྱའོ་ཞེས་པ། དབང་གི་ཆོ་ག་གདམས་ པ་དང་བཅས་པ་འཁོར་དང་བཅས་པའོ། །འདིར་བགེགས་ལ་སོགས་པ་ཞི་བའི་དོན་དུ་སྦྱིན་སྲེག་བྱའོ་ཞེས་སྔར་བརྗོད་དོ། །དེས་ན། སྦྱིན་སྲེག་དང་བྲལ་ལས་རྣམས་ལ། །ཡང་དག་དངོས་གྲུབ་མི་འབྱུང་སྟེ། །ཞི་རྒྱས་ལ་སོགས་གྲུབ་དོན་དུ། །སྦྱིན་སྲེག་ལས་ནི་ཡང་དག་བརྩམ། །ཞེས་གསུངས་ པའི་ཕྱིར་སྐབས་ཇི་ལྟ་བར་སྦྱིན་སྲེག་བྱའོ། །དེ་ལ། སེམས་ཅན་དབྱེ་བས་མཐའ་ཡས་ཏེ། །རིགས་ཀྱི་དབྱེ་བས་རྣམ་པ་ལྔ། །ལས་ཀྱི་དབྱེ་བས་རྣམ་པ་བཞི། །ཐབ་ཁུང་རྣམས་སུ་ངེས་པ་འདི། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །རྡོ་རྗེ་ཁྲོ་བོ་སྙོམས་པར་འཇུག་པ་གསང་བའི་རྒྱུད་ལས་ནི་ ལས་ཀྱི་དབྱེ་བས་ཐབ་ཁུང་གི་དབྱེ་བ་བརྒྱ་རྩ་བཅུ་བསྟན་ནོ། །འདི་ལྟ་སྟེ། ཞི་བ་ལ་ཡོངས་སུ་ཟླུམ་པོ། རྒྱས་པ་ལ་གྲུ་བཞི། མངོན་སྤྱོད་ལ་གྲུ་གསུམ། དགུག་པ་ལ་ལྕགས་ཀྱུའི་རྣམ་པ། དབང་དུ་བྱེད་པ་ལ་རྡོ་རྗེའི་རྣམ་པ། ནོར་དང་འབྲུ་དགུག་པ་ལ་རིན་པོ་ཆེའི་རྣམ་པ། འདོད་པའི་གཟུགས་ཅན་ ཉིད་ལ་རྟགས་ཀྱི་རྣམ་པ། མི་སྣང་བ་ལ་མདའ་གཞུའི་རྣམ་པ། བཀའ་བསྒོ་བ་ལ་རལ་གྲིའི་རྣམ་པ། སྡིག་པ་ཞི་བར་བྱེད་པ་ལ་རྟ་བབས་དང་བཅས་པའི་ཟླུམ་པོའི་རྣམ་པ་རིག་མ་ཆགས་པར་བྱ་བ་ལ་རང་གི་རིགས་ཀྱི་ཕྱག་རྒྱའི་རྣམ་པ། ནམ་མཁའ་ལ་འགྲོ་བ་ལ་ནམ་མཁའི་དཀྱིལ་འཁོར་གྱི་རྣམ་ པ། རིག་པ་གཟི་བརྗིད་བསྐྱེད་པ་ལ་འབར་བ་དང་བཅས་པའི་རྣམ་པ། དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ལ་འཁོར་ལོའི་རྣམ་པ། ལས་ཐམས་ཅད་པ་ལ་ཕྱིའི་དཀྱིལ་འཁོར་གྲུ་བཞི་པ་ལ་སྒོ་བཞི་པའི་ཐིག་བཏབ་ནས། ཤར་དུ་རྡོ་རྗེས་མཚན་པ། ལྷོར་རིན་པོ་ཆེས་མཚན་པ། ནུབ་ཏུ་པདྨས་མཚན་ པ། བྱང་དུ་ལས་ཀྱི་རྡོ་རྗེས་མཚན་པ་ཞེས་པ་ལ་སོགས་པ་དང་། སླར་ཡང་དབང་ལ་གྲུ་གསུམ་དང་། །མངོན་སྤྱོད་ལ་གྲུ་གསུམ་དང་། ཟླ་བ་ཕྱེད་པའོ་ཞེས་སོ། །ལེགས་པར་གྲུབ་པར་བྱེད་པ་དང་། རྡོ་རྗེ་དྲི་མ་མེད་པ་དང་། རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་དང་། དམ་ཚིག་ གསུམ་གྱི་རྒྱལ་པོ་དང་། ཀུན་ནས་དབང་བསྐུར་སྐྱེད་པར་བྱེད་པ་དང་། །ཕྱག་ན་རྡོ་རྗེ་སྙིང་པོ་འབྱུང་གནས་དང་། །རྡོ་རྗེ་མངོན་པར་འབྱུང་བའི་རྒྱུད་དུ་ལས་ཐམས་ཅད་པའི་ཐབ་ཁུང་གྲུ་བཞི་པ། རྒྱར་ཁྲུ་གང་ཟབས་སུ་ཁྲུ་ཕྱེད་པའི་ཚད་ཀྱི་ཐབ་ཁུང་གི་སྟེང་དུ་ཞེས་པ་ལ་སོགས་པ་གསུངས་སོ། །དཔུང་ བཟངས་ཀྱིས་ཡོངས་སུ་ཞུས་པ་དང་། པདྨ་འབྱུང་གནས་དང་། ཤིན་ཏུ་རབ་ཏུ་གནས་པའི་རྒྱུད་ལས། ལས་ཐམས་ཅད་པའི་ཐབ་ཁུང་པདྨའི་རྣམ་པ་ཟླུམ་པོ་ཀུན་ཏུ་ཁྲུའི་ཚད་ལས་ཟབས་སུ་ཁྲུ་ཕྱེད་ཀྱི་ཚད་དུ་བརྐོས་ལ། དབུས་ཀྱི་པདྨ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི། ཐབ་ཁུང་གི་སྟེང་དུ་སོར་ བཞི་པའི་བར་དོར་ནས་རྒྱ་དང་དཔངས་སུ་སོར་བཞི་པ་ཐབ་ཁུང་ནས་འཐོན་པའི་པདྨ་རབ་ཏུ་རྒྱས་པའི་འདབ་མའི་རྣམ་པ་ལྟ་བུའི་ཁ་ཁྱེར་ཅན་ཁ་ཁྱེར་གྱི་ཕྱི་ངོས་སུ་པདྨའི་ཕྲེང་བས་ཡོངས་སུ་བསྐོར་བ། ཐབ་ཁུང་གི་ནང་གི་ཕྱོགས་ཀྱི་པདྨ་རྣམས་ལ་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། སྣ་ཚོགས་རྡོ་རྗེ་རྣམས་ སོ། །མཚམས་ཀྱི་པདྨ་རྣམས་ལ་མིག་གཉིས་དང་། རྡོ་རྗེ་རྩེ་གསུམ་དང་། པདྨ་དང་། ཨུཏྤ་ལའོ། །དབུས་ཀྱི་པདྨ་ལ་འཁོར་ལོ་རྩིབས་བརྒྱད་པའོ། །ཐབ་ཁུང་གི་ནང་གི་མཐར་རྡོ་རྗེ་ཕྲེང་བས་ཡོངས་སུ་བསྐོར་བའི་ཐབ་ཁུང་ནི་ལས་ཐམས་ཅད་པའོ་ཞེས་པ་ལ་སོགས་པ་གསུངས་སོ། །དུས་ཀྱི་ འཁོར་ལོར་ནི་ཞི་བ་ལ་ཐབ་ཁུང་ཟླུམ་པོ་ཁྲུ་གཅིག་པའོ། །རྒྱས་པ་ལ་གྲུ་བཞི་པ་ཁྲུ་གཉིས་པའོ། །མངོན་སྤྱོད་ལ་གཞུའི་རྣམ་པ་ཁྲུ་ཕྱེད་པའོ། །དགུག་པ་ལ་གྲུ་གསུམ་པ་སོར་ཉི་ཤུ་པའོ། །དབྱེ་བ་ལ་ཟུར་ལྔ་པ་ཟླུམ་པའི་ཚད་དོ། །རྨོངས་པ་ལ་ཟུར་དྲུག་པ་སོར་སུམ་ཅུ་པའི་ཚད་དོ། །དབང་ལ་ཟུར་ བདུན་པ་སོར་བཞི་བཅུ་པའོ། །རེངས་པ་ལ་ཟུར་བརྒྱད་པ་སོར་དྲུག་ཅུ་པའོ། །ཐམས་ཅད་དུ་ཐབ་ཁུང་གི་ཕྱེད་ཀྱི་ཚད་ཟབས་སུའོ། །ལས་ཐམས་ཅད་པའི་ཐབ་ཁུང་ནི་ཟླུམ་པོ་ཞེས་པ་ལ་སོགས་པ་གསུངས་སོ། །དཔལ་སངས་རྒྱས་ཐོད་པའི་རྒྱུད་དུ་ནི། ཞི་བའི་ཐབ་ཁུང་ཟུར་བཞི་པ། །སྟེང་དང་འོག་ཏུ་མཐོ་ གང་ངོ་། །རྒྱས་པའི་ཐབ་ཁུང་ཟླུམ་པོ་སྟེ། །སྟེང་དང་འོག་ཏུ་མཐོ་གསུམ་མོ། །དབང་ལ་ཐབ་ཁུང་གྲུ་གསུམ་སྟེ། །སྟེང་དང་འོག་ཏུ་མཐོ་བརྒྱད་པ། །མངོན་སྤྱོད་ཐབ་ཁུང་ཟླ་ཕྱེད་དེ། །སྟེང་དང་འོག་ཏུ་ཁྲུ་ཡི་ཚད། །ཅེས་པ་ལ་སོགས་པ་གསུངས་སོ། །དེ་ལྟར་ལས་ཐམས་ཅད་པའི་ཐབ་ཁུང་དུ་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ལ་སོགས་པ་རྣམས་འགྲུབ་ཀྱང་སོ་སོ་ལ་ཐབ་ཁུང་ཐ་དད་དུ་རྒྱུད་རྣམས་སུ་གསུངས་སོ། །དེ་བཞིན་དུ་རྒྱུད་ཁ་ཅིག་ཏུ་ཞི་བ་ལ་སོགས་པའི་ཐབ་ཁུང་རྣམས་དང་། ལས་ཐམས་ཅད་པའི་དཀྱིལ་འཁོར་དང་མཆུ་དང་ཁ་ཁྱེར་དང་དེའི་ཕྱི་ངོས་རྣམས་སུ་ དབྱིབས་དང་ཁ་དོག་དང་མཚན་མ་དགོད་པ་ཐ་དད་པ་དང་། སའི་ཁྱད་པར་དང་། ཕྱོགས་ཀྱི་ཁྱད་པར་དང་། བསྲེག་བྱ་དང་། མེ་ལྷ་དང་། འདུག་སྟངས་དང་། རྒྱན་དང་། དབྱིབས་དང་། ཕྱོགས་སུ་ལྟ་བ་ལ་སོགས་པའི་ཁྱད་པར་དང་། སྦྱིན་སྲེག་བྱ་བའི་དུས་ཀྱི་ཁྱད་པར་རྣམས་སོ་སོར་བསྟན་ལ། རྒྱུད་གཞན་ རྣམས་སུ་ནི་གཞན་དུ་བསྟན་ཏོ། །རྣལ་འབྱོར་པ་རྡོ་རྗེ་སེམས་དཔའི་སྐུར་མོས་པ་བརྟན་པས་ནི་སྒྱུ་མ་བཞིན་སྣ་ཚོགས་སྟོང་པ་ཉིད་དང་རོ་གཅིག་པར་སྣང་བ་བསྟན་པ་ཉིད་ལས། བརྩེ་བའི་རང་བཞིན་ཅན་གྱི་དོན་དུ་འཇུག་པ་འདི་ཐམས་ཅད་ཀྱིས་མངོན་པར་འདོད་པ་འགྲུབ་པར་འགྱུར་རོ་ཞེས་དགོངས་པ་དང་། ། གདུལ་བྱའི་བསམ་པ་སྣ་ཚོགས་པ་ལས་ཀྱང་སྟེ། ཐུགས་རྗེའི་རང་བཞིན་གྱི་སྐུ་རྣམས་ཀྱི་རྣམ་པར་གཞག་པ་འདི་སྣ་ཚོགས་པ་ཡིན་ནོ། །དེ་ལྟར་ཐམས་ཅད་རྟོགས་ནས་ཁོ་བོ་ཅག་གིས་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་རྣལ་འབྱོར་དང་། རྣལ་འབྱོར་མའི་རྒྱུད་རྣམས་ཀྱི་རྗེས་སུ་འབྲངས་ནས་རབ་ཏུ་སྤྱོད་ པ་མང་པོ་གདམས་པ་དང་བཅས་པ་རྫོགས་ཤིང་གསལ་བར་གཏན་ལ་ཕབ་པའི་ཐབ་ཁུང་གི་མཚན་ཉིད་ལ་སོགས་པ་དང་། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མར་གསལ་བར་བྱས་སོ། །དེའི་ཕྱིར་དེ་ཉིད་ལས་དེ་ཐམས་ཅད་ངེས་པར་བཟུང་ནས་སྦྱིན་སྲེག་བྱ་སྟེ། འདིར་སླར་དེ་བརྗོད་པས་ཅི་ཞིག་བྱ་ངེས་ན་འདིར་ སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མར་ཤེས་པར་བྱའོ། །དེ་ནས་ཆོ་ག་ཇི་ལྟ་བར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་བྱ་སྟེ། རང་ཉིད་ཀྱི་དཀྱིལ་འཁོར་མཆོད་དེ་ཐམས་ཅད་ཀྱི་ནུས་པ་ཇི་ལྟ་བར་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ལ་མཆོད་པར་གྱིས་ཤིག་ཅེས་པ་སློབ་མ་ལ་སོགས་པ་རྣམས་ལ་མཆོད་པ་བྱེད་ དུ་བཅུག་ལ་ཞུགས་པ་རྣམས་ཀྱང་བཟའ་བ་དང་བཅའ་བ་དང་བལྡག་པ་དང་ཆང་ལ་སོགས་པ་འཁོར་ལོ་ལ་ཕུལ་བ་རྣམས་ལ་ཚིམ་པར་བྱས་ཏེ། དེ་དག་ལྷན་ཅིག་ཏུ་མཚན་མོ་མི་ཉལ་བར་གླུ་གར་ལ་སོགས་པ་རྣམས་དང་། བྱང་ཆུབ་སེམས་ཀྱི་སྟོབས་ཀྱིས་ཡང་དག་པར་མཆོད་ནས་ཁྱེད་ རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བརྗོད་ལ། སློབ་མ་ལ་ནི་ཡོན་བླང་བྱ། །དེས་ཀྱང་གུས་པས་དབུལ་བྱ་སྟེ། །རིན་ཆེན་ཡིད་འོང་ཆུང་མ་དང་། །རང་གི་ལུས་དང་ས་གཞི་དང་། །མདོར་ན་བྱ་བ་དེ་འདྲ་བ། །ཇི་ལྟར་བླ་མ་མཉེས་འགྱུར་བྱ། །བླ་མ་མཉེས་ན་དངོས་ གྲུབ་འགྱུར། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །སློབ་དཔོན་བླ་མེད་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་མཆོད་པ་ལས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་སྤྱད་པ་ཡང་གང་། །ཞེས་སེམས་པས་སོ། །དེ་ནས་སློབ་མ་རྣམས་བཞག་སྟེ། །ཕྱི་རོལ་དུ་བྱུང་ནས་ཕྱོགས་ཀྱི་ གཏོར་མ་དང་། མཆོད་པ་ལ་སོགས་པ་བྱས་ལ། ནང་དུ་ཞུགས་ནས་འཁོར་ལོ་ལ་ཕྱག་འཚལ་ཏེ། འཁོར་ལོའི་དབང་པོ་ལ་ཨརྒྷ་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་སུ་བསྔོས་ཏེ་དཀྱིལ་འཁོར་ལ་ལན་གསུམ་བསྐོར་བ་བྱས་ལ། བཅོམ་ལྡན་འདས་ལ་ཕྱོགས་པས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་ གསུམ་བརྗོད་ནས། མ་རྙེད་ཅེས་པ་ལ་སོགས་པས་བཟོད་པར་གསོལ་ཏེ། ཨོཾ་ཁྱེད་ཀྱིས་ཞེས་པ་ལ་སོགས་པ་དང་། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་གཤེགས་སུ་གསོལ་ནས། རང་གིས་སྤྲུལ་པའི་དཀྱིལ་འཁོར་བདག་ཉིད་ལ་བསྟིམས་ཏེ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ ཏྭཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་མུཿཞེས་འདོན་ཞིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་མོས་པས་དྲིལ་བུ་དཀྲོལ་ཞིང་ལག་པ་ན་གནས་པའི་རྡོ་རྗེས་ཤར་སྒོ་ནས་བརྩམས་ཏེ། ཚངས་པའི་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། རང་གི་མགོ་བོ་ལ་རྡུལ་ཚོན་ཅུང་ཟད་བླུགས་ནས་པདྨ་ལ་སོགས་ པ་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་དང་ཟུར་རྣམས་ལག་པ་ན་གནས་པའི་རྡོ་རྗེའི་རྩེ་མོས་གཞིག་པར་བྱའོ། །དེ་ནས་ཨོཾ་བཛྲ་ཀཱི་ལ་ཡ་ཨུད་ཀཱི་ལ་ཡ་ཨུད་ཀཱི་ལ་ཡ་སརྦ་ཀཱི་ལན་བཛྲ་དྷ་ར་ཨཱ་ཛྙཱ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོཿཞེས་པ་ཧཱུཾ་བཞི་པའི་སྔགས་ཀྱིས་ཕུར་པ་རྣམས་བཏོན་ལ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྠ་སིདྡྷ་ལོ་ཙ་ནི་ སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། ཞེས་པ་འོ་མ་ལ་བརྒྱ་རྩ་བརྒྱད་བཟླས་པས་བཀྲུའོ། །ཕུར་པའི་ལྷ་རྣམས་ཀྱང་གཤེགས་སུ་གསོལ་ལོ། །ཁུང་བུ་ཡང་དགང་ངོ་། །ཞི་བ་ལ་སོགས་པ་དོན་དུ་གཉེར་བ་ལ་རྡུལ་ཚོན་ཅུང་ཟད་བྱིན་ནས་རྡུལ་ཚོན་གཞན་ཐམས་ཅད་རྣམ་པར་རྒྱལ་བའི་བུམ་པ་གཞན་གསར་པ་གོས་ ཀྱིས་བརྒྱན་པར་བླུགས་ཏེ་གླང་པོ་ཆེའི་སྟེང་ངམ། ཁྱོགས་ལ་བཞག་ལ་ཡོན་བདག་གིས་བྱིན་པའི་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུང་བའི་འདོ་ལི་ལ་ཞོན་པའི་སློབ་དཔོན་ནམ་སློབ་མས་དྲིལ་བུའི་སྒྲ་དང་། བཀྲ་ཤིས་ཀྱི་གླུ་དང་། རོལ་མོའི་སྒྲ་དང་། གདུགས་དང་། རྒྱལ་མཚན་ དང་། མཆོད་པ་རྣམས་དང་ལྡན་པས་ཁྱེར་ཏེ་འབབ་ཆུ་ཆེན་པོ་དང་། མཚོ་ཆེན་པོའམ། མཚོ་བྲན་ཆུ་ཟབ་མོའི་འགྲམ་དུ་འདུག་ལ། བ་ལྕིས་བྱུགས་ལ་དྲི་དཀར་པོས་མཎྜལ་བྱས་ཏེ། པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་དང་། འདབ་མ་ལ་ཀླུ་རྣམས་སྔ་མ་བཞིན་མཆོད་དེ། ཀླུ་གཏོར་གྱི་སྔགས་ཀྱིས་འོ་མའི་ གཏོར་མ་ཕུལ་ནས་མཆོད་དེ། ཀླུ་རྣམས་ལ་བྱིན་གྱིས་བརླབས་པའི་རྡུལ་ཚོན་གཏད་དེ་ཆུ་ལ་བསྐུར་བར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་གི་ཕྱོགས་བཞིར་ཁྱེར་བར་བསམ་མོ། །གང་དུ་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས་དེ་ཁོ་ན་བཞིན་དུ་ཁྱེར་ཏེ། དེས་ཞི་བའི་དོན་དུ་དཀྱིལ་ འཁོར་ཁང་པ་ལ་སོགས་པར་གཏོར་བར་བྱའོ། །བ་ལྕིས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ། །དེ་ནས་སློབ་དཔོན་གྱིས་ནི་ནོར་མཁོ་བའི་ཡོ་བྱད་ཀུན་བསྡུས་ནས། རང་ཉིད་ཀྱིས་ནི་སྤྱད་པར་བྱ། །སློབ་མ་སོགས་ཀྱིས་ཅུང་ཟད་མིན། །རྨང་འཛུགས་པ་དང་ རབ་གནས་དང་། སྦྱིན་སྲེག་འཁོར་ལོའི་ནོར་གང་ཡིན། །དེ་ཀུན་སློབ་མའི་ཁོ་ནའོ་ཞེས། །རྡོ་རྗེ་སེམས་དཔའ་མཆོག་ཉིད་གསུངས། །ཡོན་བདག་གིས་ནི་རབ་གནས་བྱས་པའི་སྐུ་གཟུགས་ལ་སོགས་པ་བསྐྱོད་དུ་རུང་བ་རོལ་མོའི་སྒྲ་ལ་སོགས་པའི་མཆོད་པས་རང་གི་གནས་སུ་ཁྱེར་ལ་མཆོད་པར་ བྱའོ། །སློབ་དཔོན་དང་། སྒོའི་སློབ་དཔོན་རྣམས་དང་། ལས་ཀྱི་རྡོ་རྗེ་ཅན་དང་། རྣལ་འབྱོར་མ་རྣམས་དང་། བཟོ་བོ་རྣམས་ཇི་ལྟར་རིགས་པར་ནུས་པ་ཇི་ལྟ་བར་གོས་ལ་སོགས་པ་རྣམས་དང་། སོ་རྩི་ལ་སོགས་པས་ཚིམ་པར་བྱའོ། །དགེ་འདུན་གྱི་སྟོན་མོ་དང་། ཚོགས་ཀྱི་འཁོར་ལོ་བྱའོ། །དམན་ པ་དང་མགོན་མེད་པ་རྣམས་ཀྱང་ཚིམ་པར་བྱའོ་ཞེས་པ། །དཀྱིལ་འཁོར་ཉེ་བར་བསྡུ་བ་ལ་སོགས་པའི་ཆོ་གའོ།། །།དེ་ལྟར་འདི་ནི་བྲི་བར་བྱ་བའི་དཀྱིལ་འཁོར་གྱི་ཆོ་གའོ། །བྲི་བར་བྱ་བའི་ཆོ་ག་འདི་ཡང་ཡིད་ཀྱིས་བསྒྲུབ་པའི་ཆོ་ག་ཁོ་ནས་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ ཡིན་ནོ། །དེ་ཉིད་ཀྱི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས་ས་ཡོངས་སུ་བཟུང་བ་ལ་སོགས་པ་དང་། སྐུ་གཟུགས་ལ་སོགས་པའི་རབ་གནས་དང་། སློབ་མ་དབང་བསྐུར་བ་དང་། གཤེགས་སུ་གསོལ་བ་དང་། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཀྱི་ཡིད་ཀྱིས་བྱའོ། །དེ་ ཉིད་ཀྱི་ཕྱིར་གང་གི་ཚེ་འདི་ཐམས་ཅད་ཡོ་བྱད་འགའ་ཞིག་དང་བྲལ་བས། བྱ་བར་མི་ནུས་པའམ། མི་རིག་པའམ་མི་རྙེད་པ་དེའི་ཚེ་བསྒོམས་ལ་བྱའོ། །ཕྱི་རོལ་གྱི་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པའི་ལྟ་བ་དང་། སྦྱིན་པ་ལ་མངོན་པར་དང་བ་ ལ་སོགས་པས་བསོད་ནམས་འཕེལ་བའི་ཆེད་འབའ་ཞིག་ཏུ་ཕྱིའི་ཆོ་ག་འདོད་དོ། །ཚོགས་པ་དང་བྲལ་བ་ཡི་ནི་བསྒོམ་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ་ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བརྟན་པས་ཡིད་ཀྱིས་སྤྲུལ་པའི་ དཀྱིལ་འཁོར་དུ་སྔ་མ་བཞིན་རབ་གནས་དང་། སྐལ་པ་དང་ལྡན་པ་དབང་བསྐུར་བར་བྱའོ། །དེ་ལྟར་ཡང་དཔལ་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པདྨའི་ནང་དབུས་སུ། དཔག་ཚད་བྱེ་བའི་དཀྱིལ་འཁོར་ནི། །རིགས་གསུམ་དཀྱིལ་འཁོར་དེ་དབུས་སུ། །མཁས་པས་བློ་བཟང་ དབང་བསྐུར་བྱ། །ཞེས་གསུངས་སོ། །གཞན་དུ་ཡང་། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བས་དཀྱིལ་འཁོར་བྱ་བར་བཞེད། །ཅེས་གསུངས་སོ། །ཡིད་ཀྱི་དཀྱིལ་འཁོར་གྱི་ཆོ་གའོ།། །།འདིར་བརྗོད་པའི་ཆོ་ག་རྣམས་དང་། བྱ་བ་གཞན་རྣམས་ལ་ཡང་དང་པོ་དང་མཐར་བགེགས་ཉེ་ བར་ཞི་བའི་ཆེད་དུ་གཏོར་མ་སྦྱིན་ནོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། དང་པོར་སློབ་དཔོན་ཅོད་པན་ལ་སོགས་པ་ཇི་ལྟར་རྙེད་པས་བརྒྱན་པ། དཔལ་རྡོ་རྗེ་སེམས་དཔའི་གཟུགས་ཀྱི་མདུན་དུ་པི་ཌ་ལ་སོགས་པའི་སྣོད་ཆེན་པོ་རྣམས་སུ་ཟན་དང་། ཁུར་བ་དང་། འབྲས་ཁུར་དང་ལ་དུ་དང་། ཆན་ཐུག་ལ་ སོགས་པ་དང་ཉ་དང་ཤ་དང་། བཙོང་དང་། སྒོག་སྐྱ་དང་། ཆང་དང་། ཆུ་དང་། འོ་མ་ལ་སོགས་པའི་མེ་ཏོག་ལ་སོགས་པ་དང་ལྡན་པ་བླ་རེ་ལ་སོགས་པས་བརྒྱན་པ་རོལ་མོའི་སྒྲ་ལ་སོགས་པ་མདུན་དུ་བདར་ལ། ཟན་དང་ཆུ་ལ་སོགས་པ་ཙམ་ཡང་རུང་སྟེ། ཇི་ལྟར་རྙེད་པ་བཀོད་པ། བཟའ་བ་དང་། བཅའ་བ་དང་། བལྡག་པ་དང་། བཏུང་བ་རྣམས་སྦྱང་བར་བྱའོ། །དེ་ལ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་རཾ་ལས་སྐྱེས་པའི་མེར། ཨཱཿལས་བྱུང་བའི་པདྨའི་སྣོད་དཀར་པོ་ཨོཾ་ཨཱཿཧཱུཾ་ལས་བྱུང་བའི་མགོ་བོ་གསུམ་པ་ལ་གནས་པ་དེར་ཟན་ལ་སོགས་པ་ཧཱུཾ་བཱུཾ་ཨཾ་ ཧྲཱིཿཁཾ་བྷྲཱུཾ་ཧཱུཾ་ཧྲཱིཿཏྲཱཾ་གི་ཡི་གེ་ལས་བྱུང་ཞིང་དེས་བྱིན་གྱིས་བརླབས་པའི་བདུད་རྩི་དང་སྒྲོན་མ་ལྔའི་ངོ་བོ་ཧ་ཧོཿཧྲིཿའི་ཡི་གེས་རིམ་པ་བཞིན་ཐ་མལ་པའི་ཁ་དོག་དང་དྲི་དང་། ནུས་པ་བསལ་ནས་རླུང་གིས་བསྐྱོད་པའི་མེ་འབར་བས་གདུངས་པས་ཡི་གེ་ལ་སོགས་པ་ཞུ་བར་གྱུར་ནས། དེའི་རླངས་པ་ལས་བྱུང་བའི་ཧཱུཾ་ ལས་སྐྱེས་པའི་རྡོ་རྗེས་མཚན་པའི་ཁ་ཊྭཱཾ་ག་ཞུ་ནས་དེར་ལན་གསུམ་དུ་ཕབ་པས་བདུད་རྩིར་གྱུར་པ་དེའི་སྟེང་དུ་ཨོཾ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུཾ་གི་ཡི་གེའི་འོད་ཟེར་རྣམས་ཀྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩི་དང་། རྒྱ་མཚོ་ལ་སོགས་ པར་གནས་པའི་བདུད་རྩི་དང་ཡི་གེ་གསུམ་དང་ཟླ་བ་དག་ཀྱང་དེར་བཅུག་ནས། ཡི་གེ་གསུམ་གྱིས་ལན་གསུམ་དུ་དངུལ་ཆུ་བཞིན་ཤིན་ཏུ་དངས་པར་བྱིན་གྱིས་བརླབ་པོ། །བདུད་རྩི་བསྒྲུབ་པའོ། །དེ་ནས་བསྡུས་པའི་རིམ་པའི་ཆོ་གའམ། ཡན་ལག་བཞི་པའི་ཆོ་གས་རིམ་གྱིས་སམ། སྐད་ཅིག་གིས་ རྡོ་རྗེ་སེམས་དཔའི་གཟུགས་ཀྱི་མདུན་དུ་དྲི་བཟང་པོ་ལ་སོགས་པས་མཎྜལ་བྱས་པར་རང་རང་གི་དཀྱིལ་འཁོར་གྱི་དབང་པོ་ལ་སོགས་པའི་དེ་བཞིན་གཤེགས་པ་ལ་སོགས་པ་ཐམས་ཅད་ཡང་དག་པར་མཆོད་ནས། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དེ་རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཁྲོ་བོ་དང་ བཅས་པའི་སྲུང་བའི་འཁོར་ལོ་རྩིབས་བཅུ་པའི་ལྟེ་བ་ལ་གནས་པའི་གཞལ་ཡས་ཁང་གི་ནང་ན་བཞུགས་པའི་དཀྱིལ་འཁོར་དང་། དབང་པོ་ལ་སོགས་པ་རྣམས་འཁོར་དང་བཅས་པ་དང་། ཀླུ་རྣམས་དང་། སེམས་ཅན་ཐམས་ཅད་བཀུག་ནས་དབང་པོ་ལ་སོགས་པ་རྣམས་སྐད་ཅིག་གིས་འོད་གསལ་ དུ་བཅུག་པའི་རྗེས་ལ་འདུས་པའི་ལྷ་ཤེས་རབ་དང་བཅས་པའི་གཟུགས་སུ་བསམས་ནས། མདུན་དུ་ཞབས་བསིལ་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས། དྲིལ་བུ་དཀྲོལ་ཞིང་རྡོ་རྗེ་གསོར་ཏེ་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའི་བྱང་ཆུབ་ཀྱི་སེམས་སུ་ལྷག་པར་མོས་པ་དང་འཁོར་གསུམ་ཡོངས་སུ་ དག་པས་གཏོར་ལ། ཨོཾ་ཨཱཿཆེ་གེ་མོ་བཛྲ་ཞེས་རང་གི་འཁོར་ལོའི་དབང་པོ་ལ་སོགས་པ་གནོད་མཛེས་ཀྱི་བར་གྱི་ལྷ་རྣམས་རེ་རེ་ཞིང་བོས་ནས་དེའི་ས་བོན་ཡང་བརྗོད་དེ། སརྦ་དུཥྚཱ་ན་ས་མ་ཡ་མཱུ་ཏྲཱ་པྲ་བྷཾ་ཛ་ཀ་མ་མ་ཤཱནྟིཾ་ཀུ་རུ་ཙ་ཀུ་རུ་སྭཱ་ཧཱ་ཧཱུཾ་དང་། ཨོཾ་ཨཱཿསརྦ་ཏྲྱ་དྷྭ་ཛ་ད་ཤ་དིཀ །ལོ་ཀ་དྷཱ་ཏྭ་ནནྟ་ག་ག་ན། ས་མུ་ དྲ་མེ་གྷ་བྱཱུ་ཧ་པྲ་ས་ར། པ་ར་མཱ་ཎུ་ཛོ་མཎྜལ། པ་རཾ་པ་ར་ཨནྟ་རྒ་ག་ཏ། ས་མཱ་པཏྟི་ཨ་བསྠི་ཏཱ། དྷརྨ་དྷཱ་ཏུ་ས་མ་བ་ས་རནྟ། ཨཱ་ཀཱ་ཤཱ་དྷཱ་ཏུ་པརྱ་བ་སཱ་ནཱ། སརྦ་ཏྲྱ་དྷྭ་ཛ་ད་ཤ་དིཀ། ལོ་ཀཱ་དྷཱ་ཏྭ་ནནྟ། མེ་གྷ་བྱཱུ་ཧ་པྲ་ས་ར་ག་གན། ས་མཱཿསརྦ་ལོ་ཀ་པཱ་ལཱཿསརྦ་སཏྭཱ་ཤྩ། ཏདྱ་ཐཱ། བཛྲཱ་ཡུ་དྷ་མཱ་ཡཱ་བཛྲ་བཛྲཱ་ ན་ལ། བཛྲ་ཀཱ་ལ་བཛྲ་མུ་ཥ་ལ་ནཱ་ག་བཛྲ། བཛྲ་ཨ་ནཱ་ལི། བཛྲ་བྷཻ་ར་བ། བཛྲ་ཤཽཎྜ། བཛྲ་ཀྲོདྷ། བཛྲ་ཀུཎྜ་ལི། བཛྲ་པྲ་བྷ། མཽ་ན་བཛྲ། བེ་མ་ཙི་ཏྲི། པྲྀ་ཐི་བཱི་དེ་བ་ཏྲཿས་པ་རི་ཝཱ་རཿཨི་མཾ་པུཥྤ། དྷཱུ་པ། དཱི་པ། གནྡྷེ་ནཻ་བིཏྱ་ཨ་དཱི་སཾ་ཡུཀྟཾ། བ་ལི་ཨུ་པ་ཧ་རཾ། པྲ་ཏཱིཙྪ་ཨུ་པ་བྷུ་ཛྱ། མ་མ་ཧི་རཎྱ་སུ་ ཝརྞྞ་དྷ་ན་དྷཱ་ནྱ། ཨཱ་ཡུཿཡཽ་བ་ན་ཨ་རོགྱ། ས་ཏུ་ཁ་ཨ་པ་ཧ་ར་ཀཱ་སརྦ་བིགྷྣཱཾ་བི་ནཱ་ཡ་ཀཱན། སརྦ་དུཥྚ་པྲ་དུཥྚ་ན། མ་ནུ་ཥྱ་ཎ་ཨ་མ་ནུ་ཥྱ་ཎ་ཛཾ་བྷ་ཡཏ། སྟཾ་བྷ་ཡཏ། བནྡྷ་ཡཏ། བི་དྷྭཾ་ས་ཡཏ། མ་མ་ཧི་ར་ཎྱ་སུ་བརྞ་དྷ་ན་དྷཱ་ནྱ་ཨཱ་ཡུར་ཡཽ་བ་ན། ཨ་རོགྱ་ས་ཏཱུ་བཱ་ནི་མ་ཧཱ་སུ་ཁ་པྲ་པྲྀདྷ་ཡེ། ཡཱ་བད་ཨཱ་ བོ་དྷ་མཎྜ་པརྱནྟཾ། ཌྷོཀ་ཡ་ད་ས་ཏ་ས་ཧཱ་ཡ་ཏཾ། ཤཱནྟིཾ་རཀྵཉྩ་ཀུ་རུ་ཏ་ཧཱུཾ་ཞེས་པའི་སྔགས་དག་གིས་དང་། ཀླུ་གཏོར་གྱི་སྔགས་ཀྱིས་ཀྱང་དབུལ་ལོ། །དེ་རྣམས་ཀྱང་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ་གནོད་མཛེས་ཀྱི་བར་དང་། དེ་ནས་དབང་པོ་ལ་སོགས་པ་འཁོར་དང་བཅས་པ་དང་། དེ་ ནས་ཀླུ་རྣམས་དང་། དེ་ནས་སེམས་ཅན་ཐམས་ཅད་ལྕེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་རྣམས་དེའི་འོད་ཟེར་གྱི་སྦུ་གུ་རྣམས་ཀྱིས་སམ། ཡིད་ཀྱིས་བདུད་རྩི་དྲངས་པ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་ཇི་སྲིད་འདོད་ཀྱི་བར་བསམ་པར་བྱའོ། །ཞལ་བསིལ་ དང་། ཕྱག་བཀྲུ་བ་དང་། སོ་རྩི་ལ་སོགས་པ་བྱིན་ནས་མཆོད་དེ། བྱ་བ་སྒྲུབ་པ་ལ་ལྷུར་བྱེད་པ་རྣམས་ལ་བཟོད་པར་གསོལ་ཏེ། སྔར་བརྗོད་པའི་ཡི་གེ་བརྒྱ་པ་བཟླས་ནས། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨཱ་ཡོ་ག་ཤུདྡྷོ྅ཧཾ། ཞེས་བརྗོད་ཅིང་པད་སྐོར་དང་འཁྱུད་པའི་ཕྱག་རྒྱ་བྱེད་པས་རང་གི་ལྷའི་འཁོར་ལོ་ བདག་ཉིད་ལ་བཅུག་ནས། སྲུང་བའི་འཁོར་ལོ་ན་གནས་པའི་ཁྲོ་བོ་བཅུ་དང་། དབང་པོ་ལ་སོགས་པ་བསྲུང་བ་ལ་སོགས་པ་མངོན་པར་འདོད་པ་བསྒྲུབ་པ་ལྷུར་བྱེད་པ་རྣམས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་སུ་ཕྱོགས་བཅུར་དཀྱིལ་འཁོར་གྱི་ལས་རྩོམ་པ་ནས་བརྩམས་ཏེ། ཇི་ སྲིད་མཐར་ཐུག་པའི་བར་དུ་དགོད་པར་བྱའོ། །རྡུལ་ཚོན་གྱི་དཀྱིལ་འཁོར་གཤེགས་སུ་གསོལ་བའི་རྗེས་ལ་ནི་དེ་ལྟར་གཏོར་མ་བཏང་བ་ལ་སོགས་པ་བྱས་ནས་ཁྲོ་བོ་རྣམས་ཀྱང་བདག་ཉིད་ལ་བཅུག་ནས་སེ་གོལ་གསུམ་གཏོག་ཅིང་དབང་པོ་ལ་སོགས་པ་རྣམས་གནས་ཇི་ལྟ་བ་བཞིན་གཤེགས་སུ་ གསོལ་ལོ། །གཞན་དུ་ཡང་ཉི་མ་སོ་སོའམ་ཐུན་སོ་སོ་ལ་གཏོར་མ་སྟེར་བ་ན་དེ་ལྟར་རོ། །འདི་ནི་གཤེགས་སུ་གསོལ་བའི་སྔགས་ཏེ། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གནང་། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་ དུ་གསོལ། །མུཿཞེས་པ་དང་། ཨོཾ་ཨཱཿཧཱུཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཏ་ཧཱུཾ་མུཿཞེས་པའམ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པ་འདོན་ཞིང་གཤེགས་སུ་གསོལ་ལོ། །འདིར་ཞི་བ་ལ་སོགས་པ་བྱ་བ་གཙོ་བོའི་དབྱེ་བས་དུས་དང་ཕྱོགས་དང་། ཁ་དོག་གི་དབྱེ་བ་རྟོགས་པར་བྱའོ། །དཀྱིལ་འཁོར་ གྱི་ཁང་པ་ལ་སོགས་པའི་ཕྱི་ངོས་ཤར་ལ་སོགས་པའི་ཕྱོགས་སུ་ཁྲོ་བོ་བཅུའི་སའི་གོང་བུ་དང་ཉེ་བར་མདུན་དུ་གཏོར་མ་ཟན་ལ་སོགས་པ་བསྐོན་པ་ལ་སོགས་པ་བཀང་བའམ། ཁམ་ཕོར་རྣམས་སམ་སྙིམ་པས་དབུལ་བར་བྱའོ། །སའི་གོང་བུ་རྣམས་ལས་ཕྱི་ངོས་སུ་སའི་གོང་བུ་བཅོ་ལྔ་རྣམས་དང་། དེ་ མེད་ན་མཎྜལ་རྣམས་ཀྱི་སྟེང་དུ་དབང་པོ་ལ་སོགས་པ་བཅོ་ལྔ་རྣམས་ལ་ཕྱོགས་བརྒྱད་དུ་སྦྱིན་ནོ། །དབང་པོའི་གཡས་ཕྱོགས་སུ་སྒྱུ་མ་རྡོ་རྗེ་སྟེ་ཁྱབ་འཇུག་ལའོ། །རྡོ་རྗེ་འཇིགས་བྱེད་ནི་ལུས་ངན་ཏེ་དེའི་གཡས་ལོགས་སུ་ལོག་འདྲེན་ལའོ། །རྡོ་རྗེ་ཁྲོ་བོ་ནི་དབང་ལྡན་ཏེ་དབང་ལྡན་དང་ཉེ་དབང་གི་དབུས་སུ་ ཉི་མ་དང་ཟླ་བ་དང་ཚངས་པ་རྣམས་ལའོ། །ཆུ་ལྷ་དང་བདེན་བྲལ་གྱི་བར་དུ་ཐགས་བཟངས་རིས་དང་སའི་ལྷ་མོ་དག་ལའོ། །དབང་པོ་ལ་སོགས་པའི་འཕན་བཅོ་ལྔ་ནི་རང་རང་གི་ཁ་དོག་སྟེ་རང་རང་གི་ཕྱོགས་སུའོ། །དབང་པོ་ལ་སོགས་པའི་སའི་གོང་བུ་རྣམས་ལས་ཕྱི་རོལ་དུ་སའི་གོང་དབུ་བརྒྱད་དམ་ བ་ལྕིས་མཎྜལ་བྱས་པ་རྣམས་སུ་ཀླུ་རྣམས་ལ་ཁམ་ཕོར་དུ་འོ་ཐུག་ལ་སོགས་པ་སྦྱིན་ནོ། །ཕྱི་རོལ་དུ་ཡང་གཏོར་མ་ཟན་ལ་སོགས་པ་དང་། མར་དང་། སྦྲང་རྩི་དང་། ཆུ་དང་། འོ་མ་དང་། ཆང་གི་རྒྱུན་རྣམ་པ་ལྔ་གཡས་སུ་གཏོར་རོ། །གཞན་གྱི་དོན་དུ་གཏོར་མ་སྦྱིན་པ་ནི་སྔགས་ལ་ཇི་ལྟར་ཡོད་ པའི་བདག་ལའམ་བདག་གི་ཞེས་བྱ་བ་ནི་ཇི་ལྟར་གནས་པ་ཉིད་བཀླག་པར་བྱའོ། །དེ་ཡང་བདག་ཉིད་དུ་མོས་པར་བྱའོ། །འདི་ལ་ཕན་བཏགས་པ་ནི་བདག་ཉིད་ལ་ཕན་བཏགས་པར་འགྱུར་རོ་ཞེས་པའི་བསམ་པས་དེའི་བྱ་བ་འགྲུབ་པར་འགྱུར་རོ། །བར་དུ་ཡང་དེའི་དོ