Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 5 / 15 (50.000 ký tự/trang)
་མཛད་ཀྱི་སྒོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཕྱུང་བའི་ཁུ་བ་དེ་རྣམས་ཀྱིས་སྐུ་གཟུགས་ལ་སོགས་པ་ལྷ་མོའི་ཁ་ནས་པདྨར་ཞུགས་པ་ལ་དབང་བསྐུར་ ཏེ། སླར་ཞལ་ཕྱག་ལ་སོགས་པའི་གཟུགས་ཀྱིས་པདྨ་ལས་ཕྱུང་སྟེ། ཕྱི་རོལ་གྱི་ནམ་མཁའ་ཡོངས་སུ་བཀང་ནས་གནས་པ་སྤྱན་མ་ལ་སོགས་པའི་རིག་མ་དང་ལྷན་ཅིག་པ་རྣམས་ཀྱིས་གདུགས་དང་། རྒྱལ་མཚན་དང་། གར་དང་། གླུ་དང་། རོལ་མོའི་སྒྲ་དང་། མེ་ཏོག་ དང་། གུར་གུམ་ལ་སོགས་པའི་ཆར་དང་ལྡན་པའི་ཕྱག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་བདུད་རྩིས་གང་བའི་བུམ་པ་དཀར་པོ་ཅུང་ཟད་ཡོ་བར་བཟུང་བས་སྐུ་གཟུགས་ལ་སོགས་པ་པདྨ་ལས་ཕྱིར་ཕྱུང་བ་དེ་ལ་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པས། བཀྲ་ ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་པའི་བཀྲ་ཤིས་ཀྱི་གླུའམ། འཆད་པར་འགྱུར་བའི་ གླུས་ཀྱང་རུང་སྟེ། བཀྲ་ཤིས་ཀྱི་གླུ་ལེན་བཞིན་པ་དང་། བདག་ཉིད་ཀྱིས་ཀྱང་དེའམ་དེ་རྣམས་བླངས་ཏེ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་གཅིག་ཏུ་བྱས་ཏེ། དུང་ཆོས་སུ་བླུགས་པས་སམ་རིམ་པ་བཞིན་རེ་རེས་ཀྱང་རུང་སྟེ། རིམ་པ་ཇི་ལྟ་བར་ལག་པས་འདབ་མ་དང་ བཅས་པའི་རྡོ་རྗེ་བཟུང་སྟེ་འདབ་མ་དང་བཅས་པའི་རྡོ་རྗེའི་རྩེ་མོ་ལས་འབབ་པའི་བྱང་ཆུབ་ཀྱི་སེམས་བདུད་རྩིའི་ངོ་བོས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་ གིས་ཁྲུས་གསོལ་བགྱི། །ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱ་ཧཱ། ཞེས་པ་དང་། ཨོཾ་བཛྲོད་ཀ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ཅིང་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཉིད་བླ་མ་དམ་པ་དཀྱིལ་འཁོར་གྱི་གཙོ་བོའི་གཟུགས་ཀྱི་འཁྲུར་འཇུག་པ་དང་། ཁྲུས་གསོལ་བར་ བསྟན་པར་མོས་པས་དབང་བསྐུར་བར་བྱའོ་ཞེས་པ་ཆུའི་དབང་ངོ་། །དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་གོས་སམ། རིན་པོ་ཆེ་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་ཨོཾ་ཨཱཿབཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་པའམ། ཨོཾ་བཛྲ་རཏྣ་ཨཱཾ་ཞེས་པའམ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པ་འདོན་ ཅིང་། དཀྱིལ་འཁོར་གྱི་བདག་པོའི་གཟུགས་རྡོ་རྗེ་འཆང་བླ་མ་ཉིད་ཀྱིས་བཀོན་པར་མཛད་དོ་ཞེས་བརྟན་པར་ལྷག་པར་མོས་ལ་སྐུ་གཟུགས་ལ་སོགས་པ་ལྷའི་སྐུའི་དབུ་ལ་བཀོན་པར་བྱའོ་ཞེས་པ་ཅོད་པན་གྱི་དབང་ངོ་། །དང་པོ་ལ་ནི་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པའི་སྔགས་ཀྱིས་དཔྲལ་ བར་དར་དཔྱངས་བཅིང་བར་བྱའོ། །སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡིས། །དབང་འདི་དི་རིང་ཁྱོད་ལ་བསྐུར། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུངས། །ཞེས་བརྗོད་ཅིང་རྡོ་རྗེ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་ཀྱིས་གཏད་པར་ལྷག་པར་མོས་པས་ གཏད་པར་བྱའོ། །དེར་ཡང་སྐུ་གཟུགས་ལ་སོགས་པ་ལྷའི་གཟུགས་ཀྱིས་བཟུང་བར་ལྷག་པར་མོས་པར་བྱའོ། །རྡོ་རྗེའི་དབང་ངོ་། །ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་དེ་ལྟར་ལྷག་པར་མོས་པས་དྲིལ་བུ་གཏད་པར་བྱའོ། །དེ་ཡང་སྐུ་གཟུགས་ ལ་སོགས་པའི་ལྷས་བཟུང་བར་མོས་པར་བྱའོ། །དྲིལ་བུའི་དབང་ངོ་། །ཨོཾ་བཛྲ་སཏྭ་སྟྭཱཾ་ཨ་བྷི་ཥིཉྩཱ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏཿཨོཾ་ཆེ་གེ་མོ་བཛྲ་སྟྭཾ་ཞེས་བརྗོད་ཅིང་། དེ་བཞིན་དུ་རྡོ་རྗེ་སེམས་དཔའ་ཉིད་སྐུ་གཟུགས་ལ་སོགས་པའི་ལྷ་ལ་རང་ཉིད་ཇི་ལྟ་བ་བཞིན་དུ་མིང་འདོགས་པར་ལྷག་ པར་མོས་བཞིན་པས་བརྗོད་པར་བྱའོ། །མིང་གི་དབང་ངོ་། །སྐུ་གཟུགས་ལ་སོགས་པའི་ལྷ་རྡོ་རྗེ་དང་རྡོ་རྗེ་དྲིལ་བུ་དང་བཅས་པའི་ཕྱག་གིས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱས་པར་བསྒོམས་ལ། དེ་མ་ཐག་ཏུ་བརྗོད་པའི་ཆུའི་དབང་གི་ཆོ་གས་མངོན་པར་བཀྲུས་ཏེ། རང་རང་ གི་རིགས་ཀྱི་བདག་པོས་དབུ་ལ་རྒྱས་གདབ་བོ། །རིགས་མི་ཤེས་པ་ལ་ནི་མི་བསྐྱོད་པའམ། རྡོ་རྗེ་སེམས་དཔས་སོ། །དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། ལྷ་མོ་གཞན་རྣམས་ནི་དེ་ཉིད་དུ་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་དུ་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡེ་ སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །གཙུག་ལག་ཁང་དང་མཆོད་རྟེན་ལ་ཨོཾ་ཧཱུཾ་ཧྲཱིཿབྷྲཱུཾ་ཁཾ་ཞེས་པའི་སྔགས་ཀྱིས་ཀྱང་ངོ་། །པོ་ཏི་ལ་ནི་ཨོཾ་སུ་པྲ་ཏིཥྛ་བཛྲ་སྭཱ་ཧཱ། ཞེས་པ་དང་། ཨོཾ་ཧཱུཾ་ཧྲཱིཿསྟྭཾ་ཞེས་པའི་སྔགས་དག་གིས་སོ། །སློབ་དཔོན་གྱི་དབང་ངོ་། །དེ་ནས་འཁོར་ ལོའི་དབང་པོའི་སྐུ་རྡོ་རྗེ་སེམས་དཔས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པ་དེ་བཞིན་གཤེགས་པའི་ཚོགས་རིག་མ་དང་བཅས་པ་བཀུག་སྟེ། རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་པ་ཞུ་བར་གྱུར་ཏེ་བདེ་བ་ཆེན་པོ་ཉམས་སུ་མྱོང་ནས། རྡོ་རྗེ་པདྨ་ དག་གིས་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྤྲོས་པས་སྐུ་གཟུགས་ལ་སོགས་པའི་ལྷའི་ཞལ་དུ་རབ་ཏུ་འབེབས་པར་བཛྲཱི་བྷ་བ་དྲྀ་ཌྷ་ཏིཥྛ་བྷྲཱུཾ་ཁཾ་བསམ་པར་བྱའོ། །གསང་བའི་དབང་ངོ་། །དེ་ནས་རྡོ་རྗེ་སེམས་དཔའ་དེས་གཏད་པའི་ལྷ་མོ་དང་སྙོམས་པར་ཞུགས་པའི་སྐུ་གཟུགས་ལ་ སོགས་པའི་ལྷ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དུ་མོས་པར་བྱའོ། །ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེའི་རྗེས་ལ་རྡོ་རྗེ་འཆང་དེས་རབ་ཏུ་བརྟན་པའི་དབང་བཞི་པའི་རང་བཞིན་སྐུ་གཟུགས་ལ་སོགས་པའི་ལྷ་བག་ཆགས་དང་བཅས་པའི་སྒྲིབ་པ་སྤངས་པའི་བདེ་བ་ཆེན་ པོའི་རང་བཞིན་སྟོང་པ་ཉིད་དང་། སྙིང་རྗེ་རོ་གཅིག་པར་མོས་པ་བྱའོ། །དབང་བཞི་པའོ། །གང་གི་ཕྱིར་ཕྱེད་བཅས་བཞི་བརྒྱ་པ་ལས། རབ་གནས་ཀྱི་ནི་ཆོ་ག་འདི། །སྔོན་དུ་འཁོར་ལོ་ཡང་དག་བྲི། །སྐུ་གཟུགས་གླེགས་བམ་ལ་སོགས་པ། །སྐྱེས་བུ་ཅན་མཐས་དབང་ བསྐུར་རོ། །ཆུ་དང་ཅོད་པན་རྒྱུ་མཐུན་ཏེ། །རྡོ་རྗེ་བདག་པོ་མིང་རྣམས་སྨིན། །རྒྱལ་དབང་གིས་འདིར་སྐྱེས་བུ་ཅན། །གསང་བ་སྦྱོར་བས་དྲི་བྲལ་ལོ། །ཞེས་གསུངས་སོ། །དེ་ལ་སྐྱེས་བུ་ཅན་ནི་སློབ་དཔོན་གྱི་དབང་ངོ་། །ཐབས་སྐྱེས་བུ་ཅན་དེའི་ཐབས་ ལས་བྱུང་བ་འདི་ཡིན་ཞིང་སྐྱེས་བུ་ཅན་ནི་དྲི་མ་དང་བྲལ་བའི་དབང་སྟེ། གསང་བ་དང་། ཤེས་རབ་ཡེ་ཤེས་སོ། །དབང་བཞི་པའི་བདག་ཉིད་ནི་འདིའི་མཐར་ཐུག་ཡིན་པས་སྐྱེས་བུ་ཅན་གྱི་མཐའི་དབང་གི་ཆོ་ག་ཞེས་པའི་དོན་ཏོ། །དགེ་བ་ལ་སྤྲོ་བ་ཕུལ་དུ་བྱུང་བའི་ངོ་བོ་སྐྱེས་བུ་བྱེད་ པ་ཁོ་ན་ལས་ཅིག་ཤོས་ཀྱི་འབྲས་བུ་གསུམ་གསལ་བར་འགྱུར་རོ་སྙམ་དུ་དགོངས་པས། སྐྱེས་བུ་ཅན་གྱི་མཐའ་ཞེས་གསུངས་སོ། །སྦྱོར་བ་ནི་འདིར་ཀུན་རྫོབ་ཀྱི་ཤེས་རབ་དང་། དོན་དམ་པའི་ཤེས་རབ་དང་སྦྱོར་བ་དགོངས་སོ་ཞེས་པ་གསུམ་གྱི་བདག་ཉིད་ནི་དྲི་མ་དང་ བྲལ་བའོ། །གཞན་ཡང་སྐུ་གཟུགས་ལ་སོགས་པའི་གཟུགས་སུ་གསལ་བར་བསྒོམས་པའི་ལྷའི་སྐུ་རྣམ་པར་དག་པ་ནི་སློབ་དཔོན་གྱི་དབང་གིས་བསྟན་ཏོ། །གསུང་དང་ཐུགས་དག་པའི་དོན་དུ་གསང་བ་ལ་སོགས་པ་སྦྱིན་པར་བྱ་བ་ཉིད་དོ། །བྱང་ཆུབ་སེམས་དཔའ་ཆེན་པོ་ རྣམས་ལ་ཡང་འདི་རྣམས་སྟེར་ཏེ། ཇི་སྐད་དུ་གསུངས་པ། རྡོ་རྗེ་སྙིང་པོ་ལ་ནི་དབང་། །སྦྱིན་ཕྱིར་ཐིག་ལེ་མཆོག་མ་བཀུག །ཅེས་པ་དང་། བཅོམ་ལྡན་འདས་དོན་གྲུབ་བྱང་ཆུབ་ཤིང་གི་རྩ་བར་འདུག་པ་ལ་ནམ་མཁར་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ ཀྱིས་མི་གཡོ་བའི་ཏིང་ངེ་འཛིན་འདུས་བྱས་པ་བསལ་ནས་མཚན་ཕྱེད་ན་བླ་ན་མེད་པའི་ཤེས་རབ་གཏད་དེ། ཤེས་རབ་དང་དབང་བཞི་པ་དག་བྱིན་ནོ་ཞེས་སོ། །དེ་ལྟར་དགོངས་པ་ཁོ་ནས་སློབ་མའི་རབ་གནས་བཞིན་དུ་སྐུ་གཟུགས་ལ་སོགས་པའི་རབ་གནས་བྱའོ་ཞེས་ཤིང་རྟ་ཆེན་པོ་ རྣམས་ཀྱིས་ཁྱད་མེད་པར་གསུངས་སོ། །དེ་ནས་སྐུ་གཟུགས་ལ་སོགས་པའི་ལྷ་རྣམས་ལ་རང་རང་གི་སྙིང་པོའི་སྔགས་ཀྱིས་ན་བཟའ་ལ་སོགས་པ་དབུལ་བར་བྱའོ། །ཡང་ན་ཨོཾ་ཨཱཿབཛྲ་བཱ་ས་སེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་པུཥྤེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷཱུ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ དཱི་པེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནཻ་བི་ཏྱེ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གནྡྷེ་ཧཱུཾ་སྭཱ་ཧཱ། ཨོཾ་སརྦ་ཨཱ་པ་ར་ཎ་བི་བྷུ་ཥ་ཎེ་སྭཱ་ཧཱ། ཞེས་པའི་སྔགས་འདི་རྣམས་ཀྱིས་སོ། །ཨོཾ་ཨཱཿསརྦ་ཤོ་དྷ་ནི་ཧཱུཾ་ཕཊ། འབྲས་བུ་དང་མེ་ཏོག་ལ་སོགས་པ་དངོས་པོ་སྣ་ཚོགས་པ་བསང་བའི་སྔགས་སོ། །ཨོཾ་ བཛྲི་སྭཱ་ཧཱ། འབྲས་བུ་དབུལ་བའི་སྔགས་སོ། །དམ་ཚིག་གི་རྫས་དང་གི་ཝང་ཡང་ཕུལ་ཏེ། ཨོཾ་བཛྲ་སཏྭ་ཨཱཿཞེས་པའི་སྔགས་ཀྱིས་མེ་ལོང་བསྟན་ཏོ། །དེའི་རྗེས་ལའམ་སྦྱིན་སྲེག་ཡོད་ན་སྦྱིན་སྲེག་གིས་ཚིམ་པར་བྱས་པའི་རྗེས་ལ་ཡོན་བདག་ལ་སོགས་པ་ཞི་བ་ལ་སོགས་པ་ནས། སངས་རྒྱས་ཀྱི་མཐར་ཐུག་པའི་དོན་མངོན་པར་འདོད་པས་སྐུ་གཟུགས་ལ་སོགས་པ་དང་རྗེས་སུ་མཐུན་ཞིང་། ཡོན་བདག་གི་བསམ་པ་དང་བསྟུན་ནས་དྲུག་གམ་གཅིག་ལས་མི་ཉུང་བའི་གསེར་གྱི་ཐུར་མ་དངུལ་གྱི་ཀོང་བུར་བཞག་པའི་མར་དང་སྦྲང་རྩི་བསྐུས་པས། ཨོཾ་ཙཀྵུ་ཙཀྵུཿ ས་མནྟ་ཙཀྵུར་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་བརྗོད་ཅིང་མིག་སྨན་གྱི་སྐུ་གཟུགས་ཀྱིས་སྤྱན་དབྱེ་བར་བྱའོ། །པོ་ཏི་ལ་སོགས་པའི་ལྷ་ལ་ནི་མེ་ལོང་ལ་གཟུགས་བརྙན་བསྒོམས་པ་ལའོ། །ཞི་བ་ལ་སོགས་པའི་དོན་དུ་ཡོན་བདག་ལ་སོགས་པ་ལ་གཟིགས་པ་ལྷུར་བྱེད་པའི་ལྷག་པའི་ལྷར་ མོས་པར་བྱའོ། །དེའི་རྗེས་སུ་ཐབ་ཁུང་གི་མེ་ལ་མན་ཇིའི་སྟེང་དུ་གནས་པའི་སྣོད་དུ་དགང་གཟར་དང་བླུགས་གཟར་གྱིས་སམ། དེ་མེད་ན་ཤིང་པི་པྤ་ལའི་འདབ་མས་འབྲས་མ་གྲུགས་པ་དང་། མར་དང་སྦྲང་རྩི་དང་། ཤ་ཁ་ར་རྣམས་དང་བསྲེས་པའི་འོ་མ་བླུགས་ལ་རང་གི་ བདག་པོའི་སྔགས་འགྱིང་བ་དང་བཅས་པས་ཟློས་ཤིང་འོ་ཐུག་བསྒྲུབ་པར་བྱའོ། །སྦྱིན་སྲེག་གི་ཐབ་ཁུང་མེད་ན་མེ་གཞན་ལའོ། །འོ་ཐུག་དེ་ལ། ཨོཾ་དི་བྱ་ཨན་ནེ་ས་མཱ་དྷི་དྷྱཱ་ན་པྲཱ་ཎི་ནེ་སྭཱ་ཧཱ་ཞེས་བསྔགས་ནས་བརྗོད་ཅིང་། སྐུ་གཟུགས་དང་པོ་ཏི་ལ་སོགས་པ་ལ་བསྒོམས་པའི་ གཟུགས་བརྙན་ཤར་བའི་ལྷ་ལ་གསོལ་དུ་གཞུག་གོ། །ཞབས་བསིལ་དང་ཙནྡན་ལ་སོགས་པ་དང་། སོ་རྩི་རྣམས་ཀྱང་དབུལ་ལོ། །དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པས་དམ་ཚིག་བསྒྲག་པར་བྱའོ། །དེ་ནས་པོ་ཏི་ལ་སྣང་བ་མཐའ་ཡས་ཤེས་རབ་དང་བཅས་པ་ཡི་གེ་ རྣམས་ལ་བཅུག་ནས་ཡི་གེའི་གཟུགས་སུ་དང་། རྣམ་པར་སྣང་མཛད་རིག་མ་དང་བཅས་པ་ནི་གཙུག་ལག་ཁང་ངམ་མཆོད་རྟེན་ལ་བཅུག་ནས་གཙུག་ལག་ཁང་གི་གཟུགས་རྫོགས་པའི་སངས་རྒྱས་ཐམས་ཅད་དང་། དེའི་ཆོས་དང་། བྱང་ཆུབ་སེམས་དཔའ་ དང་། ཉན་ཐོས་ལ་སོགས་པའི་རྟེན་དང་། ཏིང་ངེ་འཛིན་སྣ་ཚོགས་པའི་གཞི་དང་། མཆོད་རྟེན་གྱི་གཟུགས་ནི་འཁོར་བ་ཇི་སྲིད་དུ་འགྲོ་བའི་དོན་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་ལ་སོགས་པས་བྱིན་གྱིས་བརླབས་པར་བསམ་པར་བྱའོ། །དེ་ནས་མེ་ཏོག་ལ་སོགས་པ་ཕུལ་ནས་ཐལ་མོ་ སྦྱར་ཏེ། ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་དུ་ནི་རབ་བཞུགས་རྣམས། །ལྷ་མོ་སྒྱུ་འཕྲུལ་ལྷུམས་ཞུགས་ལྟར། །དེ་བཞིན་སྐུ་གཟུགས་འདིར་བཞུགས་མཛོད། །མགོན་པོ་རྟག་ཏུ་འདིར་བཞུགས་ནས། །མེ་ཏོག་མཆོད་པ་ལ་སོགས་འདིར། །བྱང་ཆུབ་ སེམས་ནི་རྣམ་འཕེལ་ཕྱིར། །ཆེ་གེའི་དོན་དུ་བཞེས་སུ་གསོལ། །ཞེས་པ་འདིས་ཡུན་རིང་དུ་གནས་པའི་དོན་དུ་གསོལ་བ་བཏབ་ནས། འཁྱིལ་བའི་སྔགས་ཟློས་ཤིང་སྐུ་གཟུགས་ལ་སོགས་པའི་འོག་དང་བར་དང་སྟེང་གི་ཆ་རྣམས་ལ་ལག་པ་གཡས་པས་རྡོ་རྗེ་སྟེང་དུ་གསོར་ བས་ལན་གསུམ་བསྐོར་ནས་བརྟན་པར་བྱ་སྟེ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁས་པ་ཆེ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ཁྱོད་ཕྱག་འཚལ་ལོ། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་ གསལ་མཆོག་གི་མཆོག །སྟོན་པ་རྡོ་རྗེ་ཁྱོད་ཕྱག་འཚལ། །རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མེད་མཁའ། །རང་བཞིན་དག་པ་གོས་པ་མེད། །རྡོ་རྗེ་སྐུ་ཁྱོད་ཕྱག་འཚལ་ལོ། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ ཆགས་ཕ་རོལ་ཕྱིན་པ་བརྙེས། །རྡོ་རྗེ་གསུང་ཁྱོད་ཕྱག་འཚལ་ལོ། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་ཡོངས་རྫོགས་མཛད། །དག་པ་ངོ་བོ་ཉིད་ལས་བྱུང་། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་པའི་ཚིགས་སུ་བཅད་པ་དག་གིས་བསྟོད་ནས། ཆོ་ག་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཆེད་དུ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོཿབྷ་ག་ ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཿཞེས་པའི་ཡི་གེ་བརྒྱ་པ་ལན་གསུམ་བརྗོད་ནས། མ་རྙེད་ཡོངས་སུ་མ་ཤེས་དང་། །མ་ནུས་པ་དང་ཆད་པ་དང་། །གཞན་ཡང་གང་བགྱིས་དེ་ཀུན་གྱི། །ཐུགས་རྗེའི་རང་བཞིན་བཟོད་མཛད་རིགས། །ཞེས་བཟོད་པར་ གསོལ་ཏེ། རྫོགས་སངས་རྒྱས་དང་ལྷ་མོ་རྣམས། །དེའི་སྲས་རྣམས་དང་ཚངས་ལ་སོགས། །ལྷ་ཀླུ་རྣམས་ཀྱི་ཆོ་ག་གང་། །མ་ཚང་ལ་སོགས་བཟོད་མཛད་རིགས། །མེ་དང་ས་ཆུ་རླུང་རྣམས་ལས། །སྐུ་གཟུགས་ཡུན་རིངས་སྲུང་དུ་གསོལ། །ཡོན་བདག་དང་ནི་དེ་སྲས་ སོགས། །སློབ་མ་རྣམས་དང་བདག་ལ་ཡང་། །ཀུན་ནས་ཞི་དང་རྒྱས་པ་དང་། །རྟག་ཏུ་བཀྲ་ཤིས་མཛད་དུ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་སླར། །འདིར་ནི་འབྱོན་པར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་ནས། །ཕྱོགས་ཀྱི་གཏོར་མ་རྣམས་ དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ལོ། །ཡོན་བདག་གིས་ཀྱང་སྐུ་གཟུགས་ལ་སོགས་པ་ལ་བསྐོར་བ་དང་མཆོད་པ་དང་ཕྱག་བྱས་ནས། སློབ་དཔོན་ལ་ཡང་དག་པའི་ཡོན་དབུལ་བ་རྣམས་ཀྱིས་ཡོངས་སུ་མཉེས་པར་བྱའོ། །འདིར་གཙོ་བོ་སྣང་བ་མཐའ་ཡས་ ཀྱི་དཀྱིལ་འཁོར་དུ་པོ་ཏི་རབ་གནས་བྱའོ། །གཙོ་བོ་རྣམ་པར་སྣང་མཛད་ལ་གཙུག་ལག་ཁང་ལ་སོགས་པའོ། །མི་བསྐྱོད་པའི་གཙོ་བོའམ། རྡོ་རྗེ་སེམས་དཔའ་འམ་གཙོ་བོ་ལ་ནི་སྐུ་གཟུགས་ཐམས་ཅད་དང་རིགས་མི་ཤེས་པ་རྣམས་ཀྱང་རབ་ཏུ་གནས་པར་བྱའོ། །ཡང་ན་ སྐུ་གཟུགས་ཀྱི་ལྷ་ཁང་གི་རིགས་གང་ཡིན་ཤེས་པ་ན་རིགས་དེའི་དེ་བཞིན་གཤེགས་པ་གཙོ་བོའི་དཀྱིལ་འཁོར་དུའོ། །ཁ་ཅིག་ཏུ་ནི། སྐུ་གང་རབ་ཏུ་གནས་བྱ་བ། །རྒྱུད་གང་ལ་ནི་རྣམ་གནས་པ། །དེ་ལ་དེ་ཡི་དཀྱིལ་འཁོར་བྱ། །ཡང་ན་རང་གི་ལྷག་པའི་ལྷ། །སློབ་དཔོན་ རང་གི་གང་ཡིན་པ། །དེ་ནི་དབྱེ་བ་མཐོང་བས་བྱ། །ཞེས་སོ། །འདིར་དེའི་ཞེས་པ་ནི་སྐུ་གཟུགས་ཀྱི་སྟེ། དེ་ཉིད་དེའི་དཀྱིལ་འཁོར་གྱི་བདག་པོ་ཉིད་ཀྱིས་སོ། །རང་གི་ལྷག་པའི་ལྷ་ནི་སྐུ་དེའི་རིགས་ཀྱི་བདག་པོ་དེ་བཞིན་གཤེགས་པ་སྟེ། དེའི་དཀྱིལ་འཁོར་བྱའོ། ། ཡང་ན་སློབ་དཔོན་རང་གི་བདག་གི་དཀྱིལ་འཁོར་བྱ་སྟེ། འདིར་གང་བསྒོམ་པ་དེ་ཉིད་ནི་འདིའིའོ། །དེ་ལྟར་ཕྱོགས་གསུམ་དུ་བརྗོད་དོ། །འདི་ནི་རྒྱུད་གཞན་གང་ཡང་རུང་བར་བརྗོད་པའི་ཚུལ་དེ་ལྟ་བུའི་དཀྱིལ་འཁོར་དུ་ཡང་རྒྱུད་གཞན་དུ་བཤད་པའི་ལྷ་རྣམས་ཀྱི་རབ་ཏུ་གནས་པའི་ རིགས་ཏེ། ཇི་སྐད་དུ་བཤད་པའི་གཙོ་བོའི་དཀྱིལ་འཁོར་ཉིད་ཀྱིས་དེའི་རིགས་ཀྱི་དཀྱིལ་འཁོར་རྣམས་བསྡུས་པའི་ཕྱིར་རོ། །མདོར་བསྡུས་པའི་རབ་ཏུ་གནས་པ་ལ་ནི་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་ཀྱི་རྗེས་ལ། སྐད་ཅིག་གིས་དེ་དང་དེའི་དམ་ཚིག་སེམས་དཔའ་སྤྱན་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་བསྐྱེད་ནས། དེ་ལ་དེའི་ཡེ་ཤེས་སེམས་དཔའ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པ་བཅུག་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་དང་། རང་གིས་ཀྱང་བུམ་པའི་ཆུས་ དབང་བསྐུར་ཏེ། མཆོད་ནས་དེའི་སྔགས་བརྒྱ་རྩ་བརྒྱད་བཟླས་སོ་ཞེས་པ་ནི་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་དེ་བཞིན་གཤེགས་པའི་སྐུ་གདུང་ལ་བཀུར་སྟིའི་ཁྱད་པར་བྱ་བར་འདོད་ན། དེའི་ཚེ་སྒྲུབ་པའི་དུས་ཉིད་དུ་སྐུ་གཟུགས་ཀྱི་དབུའམ་རྒྱབ་ དང་མཆོད་རྟེན་གྱི་དབུས་སྟོང་པར་བྱའོ། །གྲུབ་པ་ན་གྲོ་གར་གུར་གུམ་དང་གི་ཝང་དག་གིས། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨཪྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སྭཱ་ཧཱ། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་བཾ་བཱ་དཱི་མ་ཧཱ་ ཤྲ་མ་ཎཿཞེས་པ་དང་། གཟུངས་ཀྱི་ཁྱད་པར་ཡང་བྲིས་ནས། དེ་ཁྲུས་བྱས་པའི་གདུང་ལ་དཀྲིས་ཏེ། ཨོཾ་མནྟྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་སྟོང་པར་གཞུག་གོ། །དེ་ནས་ཨོཾ་བཛྲ་དྷཱ་ཏུ་གརྦྷཱ་ཡ་སྭཱ་ཧཱ། ཞེས་བརྗོད་ཅིང་རྡོ་རྗེའི་འདག་པས་སྟོང་པའི་སྒོ་བཀག་ནས་སྔ་མ་བཞིན་ དུ་དེ་རབ་ཏུ་གནས་པར་བྱའོ། །གཞན་དག་ནི་བདེ་མཆོག་དང་དགྱེས་པ་རྡོ་རྗེ་ལ་སོགས་པའི་སྐུ་གཟུགས་ལ་ཡང་འདུས་པའི་དམ་ཚིག་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་ཀྱི་དཀྱིལ་འཁོར་གཞུག་པ་དང་། དབང་བསྐུར་བས་རབ་ཏུ་གནས་པར་འགྱུར་བ་ཉིད་དེ་འདུས་པ་ནི་བླ་ན་མེད་ པའི་ཕྱིར་རོ། །དེའི་རྗེས་ཉིད་ལ་ནི་འདུས་པའི་དམ་ཚིག་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་གྱི་དབང་ཕྱུག་ནི་བདེ་མཆོག་ལ་སོགས་པའི་གཟུགས་སུ་གསལ་བར་བསྒོམ་པར་བྱ་ཞིང་། དེའི་སྐུ་གཟུགས་ཀྱང་དེའི་གཟུགས་ཉིད་དོ་ཞེས་པས་ཇི་ལྟར་འགལ་ཞེས་གསུངས་སོ། །རིག་པ་རབ་ཏུ་གནས་ པ་ལ་ནི་སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་སུའམ་རིག་པའི་བདག་པོའི་གཟུགས་སུ་བྱ་སྟེ། རིག་པ་ལ་རིག་པའི་བདག་པོ་དང་། དེར་ཡེ་ཤེས་སེམས་དཔའ་གཞུག་པ་ཆོ་ག་བཞིན་བསྒོམ་པར་བྱའོ། །དེ་བཞིན་དུ་ཇི་ལྟར་རིགས་པར་བསྒྲུབ་པར་བྱ་བའི་ཁྱད་པར་ཡང་ངོ་། །དེ་ནས་རིག་པའི་ བདག་པོ་ནི་སྔགས་རྣམས་ལ་དང་། བསྒྲུབ་བྱ་ནི་རང་གི་མིང་ལ་བཅུག་ནས་རིག་པ་སྤྱི་བོའི་བུ་ག་ནས། ཁ་ནས་བཅུག་སྟེ་རྡོ་རྗེའི་ལམ་ནས་བྱུང་བ་ལྷ་མོའི་པདྨར་ཞུགས་པ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དེ་ལྟར་བཞུགས་པས་དབང་བསྐུར་ཏེ། ཕྱིར་བྱུང་བ་རྣམས་ལ་དབང་བསྐུར་བའི་བུམ་པའི་ཆུས་གཏོར་རོ། །ཡང་དག་པར་མཆོད་པའི་རིག་པའི་བདག་པོའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་སོ། །རིག་པའི་ཁྱད་པར་ལ་ནི་ཁ་ཅིག་ཏུ་བསྒོམ་པའི་ཁྱད་པར་ཉུང་ངུ་ནི་མན་ངག་གི་སྙེ་མར་རྟོགས་པར་བྱའོ། །རིག་པ་རབ་ཏུ་གནས་པའོ། ། སློབ་དཔོན་རྡོ་རྗེ་འཆང་གི་གཟུགས་སུ་རང་གི་ལག་པ་གཡས་པའི་སོར་མོ་རྣམས་རྡོ་རྗེ་རྩེ་ལྔ་པའི་ངོ་བོར་སྐད་ཅིག་གིས་བསྒོམས་པ་ལ་ཡི་གེ་ཨཱཿལས་སྐྱེས་པའི་ཉི་མ་ཨཱཿས་བྱིན་གྱིས་བརླབས་པ་དང་། ལག་པ་གཡོན་པའི་སོར་མོ་རྣམས་པདྨའི་འདབ་མའི་རྣམ་པར་སྐད་ཅིག་གིས་ བསམས་པ་ལ་ཨ་ལས་སྐྱེས་པའི་ཟླ་བ་དེས་བྱིན་གྱིས་བརླབས་པ་བསྒོམས་ནས། དེ་དག་གི་དབུས་སུ་བཟུང་བའི་ཕྲེང་བའི་ཐག་པའི་དབུས་ཀྱི་སྐུད་པ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་དང་། ཕྱོགས་དང་མཚམས་ཀྱི་སྐུད་པ་བརྒྱད་ཕྱག་ན་པདྨ་དང་། བྱམས་པ་དང་། ནམ་མཁའ་ མཛོད་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇམ་དཔལ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སའི་སྙིང་པོའི་བདག་ཉིད་དུ་དང་། ཕྲེང་རྡོག་རྣམས་རྣམ་པར་སྣང་མཛད་ལ་སོགས་པའི་རང་བཞིན་དང་། མདོ་འཛིན་ནི་སྟོབས་དང་མི་འཇིགས་པ་ ལ་སོགས་པའི་ཆོས་ཀྱི་ཕུང་པོའི་མཆོད་རྟེན་དུ་སྐད་ཅིག་གིས་བསམས་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་རང་ཉིད་ཇི་ལྟ་བ་ལ་བཅུག་སྟེ། ཨགྑ་རུ་ཀཱ་རུ་ཎུ་རུ་ཨ་སོ་ཧི་ས་མནྟ་བི་སྭཱ་རུ་ག་ནི་ཨ་ཨ་སཾ་ཁུ་ཨ་ལིག་ཀུ་སི་ཛ་ཛ་ཨི་ཏད་ཏ་ བི་སཱ་རུ། ཨོཾ་པ་དེ་པ་དེ་མ་ཧཱ་ཛྙཱ་ན་སརྦ་བུདྡྷ་མ་ཧཾ་བྷ་བེ་ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་བྱིན་གྱིས་བརླབ་པོ། །བུམ་པའི་ཆུས་དབང་བསྐུར་ཞིང་མཆོད་པར་བྱའོ། །ཕྲེང་བ་རབ་ཏུ་གནས་པའོ། །མདོར་བསྡུས་པ་ནི་ཕྲེང་བ་ལ་གསུང་རྡོ་རྗེ་བསྒོམས་ནས་ཡེ་ཤེས་ སེམས་དཔའ་དང་གཅིག་ཏུ་བྱས་ཏེ་དེའི་གཟུགས་ཡོངས་སུ་གྱུར་པ་ལས་ཕྲེང་བའི་རྣམ་པར་བསམས་ལ། བུམ་པའི་ཆུས་དབང་བསྐུར་ཏེ་མཆོད་ནས་གསུང་རྡོ་རྗེའི་སྙིང་པོ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ། །ཕྲེང་བ་རབ་ཏུ་གནས་པར་བྱའོ། །འདི་ནི་སྐུ་གཟུགས་ལ་སོགས་པ་རབ་ཏུ་གནས་ པའི་ཆོ་གའོ།། །།ཡོན་བདག་ལ་ནུས་པ་ཡོད་ན་ཆུ་འགྲམ་དུ་གཙོ་བོ་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་བྲིས་ཏེ་དེའི་འགྲམ་དུ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་དང་ལྡན་པས་གཏོར་མ་རྣམས་རྫིང་ལ་སོགས་པའི་ཕྱོགས་སུ་བཏང་ནས་ཆུ་སྟོང་པར་གྱུར་པར་བསམས་ཏེ། བྷྲཱུཾ་ལས་ སྐྱེས་པའི་འཁོར་ལོ་དང་བྷྲཱུཾ་ལས་གྲུབ་པའི་རྣམ་པར་སྣང་མཛད་སྤྱན་མ་དང་སྙོམས་པར་ཞུགས་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཆུ་ལྷ་དཀར་པོ་མིའི་གདོང་པ་ལ་གདེངས་ཀ་བདུན་པ། ལག་པ་གཡོན་པས་ཀླུའི་ཞགས་པ་བཟུང་བས་མཛེས་མ་ལ་འཁྱུད་པ། གཡས་པ་འགྱིང་བ་དང་བཅས་ པས་ཨུཏྤ་ལ་སྔོན་པོ་བསྣམས་པ། ལྟེ་བའི་འོག་ན་སྦྲུལ་གྱི་རྣམ་པའི་དམ་ཚིག་སེམས་དཔའ་བསྒོམས་ནས་དེ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་རྣམ་པར་སྣང་མཛད་ཞབས་བསིལ་དང་ཞལ་བསིལ་དང་། མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ས་མ་ཡ་ སྟྭཾ་ཞེས་བརྗོད་ནས་བཅུག་སྟེ་དབང་བསྐུར་ལ་མེ་ཏོག་ལ་སོགས་པས་མཆོད་ནས། དེ་ཡོངས་སུ་གྱུར་ཅིང་གཟུགས་བརྙན་དང་ལྡན་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དྲི་ཞིམ་པ་དང་། རོ་ཞིམ་པ་དང་། ཡང་བ་དང་། དང་བ་དང་། འཇམ་པ་དང་། བསིལ་བ་དང་། གྲེ་བ་དང་ལྟོ་བ་ལ་མི་ གནོད་པ་སྟེ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་དབང་ཆེན་གྱི་གཏིང་ལ་ཐུག་པར་ཀླུ་རིགས་བརྒྱད་ཀྱི་གནས་རླབས་ཀྱི་ཕྲེང་བ་དང་ལྡན་པ་ཀུན་ནས་བསྒོམ་པར་བྱའོ། །དེ་ལ་ཡང་ཆུའི་མཐིལ་དུ་བཟོ་བྱས་པའི་ཀླུ་བརྒྱད་སྐད་ཅིག་གིས་དམ་ཚིག་སེམས་དཔའི་ངོ་བོ་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་རྣམས་གཞག་པར་བྱའོ། །རྫིང་དེར་དབུས་སུ་མཆོད་སྡོང་གི་ཤིང་ཟབས་ལས་ཚད་ཉིས་འགྱུར་རམ། དཔངས་དང་མཉམ་པ་ཡང་རུང་སྟེ། དེ་ལྟར་སེམས་དཔའ་གཉིས་ཀྱི་བདག་ཉིད་ཅན་ཆུ་ལྷའི་གཟུགས་བརྙན་དང་ལྡན་པའི་རྩེ་ མོ་ཅན་བཙུགས་པའི་དྲུང་དུའོ། །མཆོད་སྡོང་གི་ཤིང་དང་བྲལ་བའི་ཆུའི་རྟེན་གྱི་དབུས་སུ་ཡང་ངོ་། །དེ་ལ་ཤར་དུ་མཐའ་ཡས་གསེར་ལས་བྱས་པ་དང་། ལྷོར་ར་གན་ལས་བྱས་པའི་པདྨ་དང་། ནུབ་ཏུ་ཟངས་ཀྱི་རང་བཞིན་འཇོག་པོ་དང་། བྱང་དུ་དངུལ་དག་པའི་རང་བཞིན་ལས་ནོར་རྒྱས་ དང་། དབང་ལྡན་དུ་ཞ་ཉེ་དཀར་པོ་ལས་བསྒྲུབས་པའི་པདྨ་ཆེན་པོ་དང་། མེར་ཞ་ཉེའི་རང་བཞིན་གྱི་དུང་སྐྱོང་དང་། བདེན་བྲལ་དུ་ཁར་བ་ལས་བྱས་པའི་ཀརྐོ་ཊ་དང་། རླུང་དུ་ལྕགས་ལས་བྱས་པའི་རིགས་ལྡན་ནོ། །མཆོད་སྡོང་མེད་ན་ནི་དབུས་སུ་རྡོ་རྗེ་ཆུ་ལྷ་ཤེལ་ལས་བྱས་པའོ། ། དེ་ནས་བདུད་རྩི་ལྔ་དང་འོ་མ་དང་ག་པུར་ལ་སོགས་པ་ཆུ་ལྷ་ལ་སོགས་པ་ལ་གཏོར་ཏེ་དེ་རྣམས་ལ་མེ་ཏོག་ལ་སོགས་པས་མཆོད་ལ་འབྱོར་ན་རྒྱས་པའི་དོན་དུ་སྦྱིན་སྲེག་བྱས་ནས་བ་ལང་གི་ལྕི་བ་བྱུགས་པར་འདུག་སྟེ་དྲི་དཀར་པོས་མཎྜལ་བྱས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་བཀུག་པའི་མཎྜལ་ལ་གནས་པའི་པདྨའི་ལྟེ་བ་ལ་རྡོ་རྗེ་ཆུ་ལྷ་དང་། ཤར་གྱི་འདབ་མ་ལ་མཐའ་ཡས་དང་། ལྷོར་པདྨ་དང་ནུབ་ཏུ་འཇོག་པོ་དང་། བྱང་དུ་ནོར་རྒྱས་དང་། དབང་ལྡན་དུ་པདྨ་ཆེན་པོ་དང་། མེར་དུང་སྐྱོང་དང་། བདེན་བྲལ་དུ་ཀརྐོ་ཊ་དང་། །རླུང་དུ་རིགས་ལྡན་དང་། ཕྱི་རོལ་ཀུན་དུ་ཀླུ་ཐམས་ཅད་བསམས་ནས། ཨོཾ་ཨཱཿབཛྲ་བ་རུ་ཎཱ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཨཱཿཨ་ནནྡཱ་ཡ་ཧཱུཾ་སྭཱ་ཧཱ། དེ་ལྟར་རང་གི་མིང་བཅུག་པའི་སྔགས་རྣམས་ཀྱིས་མེ་ཏོག་དཀར་པོས་མཆོད་དེ་ལག་པ་གཡོན་པ་གདེངས་ཀའི་ཚུལ་དུ་ལག་པ་གཡས་པ་བརྐྱང་སྟེ། ཨོཾ་ ཨ་ནནྡ་པཱ་སུ་ཀི་ཏཀྵ་ཀ་ཀརྐོ་ཊ་ཀ་པདྨ་མ་ཧཱ་པདྨ་ཤཾ་ཁཱ་བཱ་ལ་ཀུ་ལི་ཀ་དེ་བ་ཏི་མ་ཧཱ་དེ་བ་ཏི། སོ་མ་ཤི་ཁི་མ་ཧཱ་ཤི་ཁི། དཎྜ་དྷ་ར་མ་ཧཱ་དཎྜ་དྷ་ར་ཨ་པ་ལཱ་ལ་ཧུ་ལུཎྜ་ནནྡ་ཨུ་པ་ནནྡ་སཱ་ག་ར་མ་ཧཱ་སཱ་ག་ར་ཏ་པ་ཏ་མ་ཧཱ་ཏཱ་པ་ཏ། ཤྲཱི་ཀཱནྟི། མ་ཧཱ་ཀཱནྟི། རཏྣ་ཀནྟི། སུ་རཱུ་པ་མ་ཧཱ་སུ་རཱུ་པ། བྷ་ཊ་ཧི་ཀ་མ་ཧོ་ད་ ར་ཤི་ལི་མ་ཧཱ་ཤི་ལི་ལི་ཨོཾ་བྷཀྵ་བྷ་ཀྵ། ཨཱ་གཙྪ་ཨཱ་གཙྪ་མ་ཧཱ་ནཱ་ག་ཨ་དྷི་པ་ཏི་སརྦ་བྷུརྦྷུ་བ་ཕྲུཾ་ཕྲུཾ་སྭཱ་ཧཱ། ཞེས་པ་ཀླུའི་གཏོར་མའི་སྔགས་འདོན་ཞིང་འོ་མའི་གཏོར་མ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཡུན་རིང་དུ་གནས་པར་བྱ་བའི་དོན་དུ་གསོལ་བ་བཏབ་སྟེ། ཡི་གེ་བརྒྱ་པ་བཏོན་ ནས་བཟོད་པར་གསོལ་ཏེ། བྱིན་གྱིས་བརླབས་པའི་འོ་མའི་གཏོར་མ་རེ་ཁམ་ཕོར་རྣམས་སུ་ཕྱོགས་བརྒྱད་རྣམས་སུ་དབུལ་ལོ། །དེའི་ཕྱི་ངོས་སུའང་གཏོར་རོ། །གཞོན་ནུ་མ་རྣམས་ཀྱང་ཚིམ་པར་བྱའོ། །རྫིང་དང་རྫིང་བུ་དང་། ཁྲོན་པ་རབ་ཏུ་གནས་པའི་ཆོ་གའོ། །ཨ་མྲའི་ ཚལ་དང་སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་ག་ལ། ཕྱོགས་སུ་གཏོར་མ་བྱིན་ནས་བདག་ཉིད་རྣམ་པར་སྣང་མཛད་ཀྱིས་ཤིང་གི་གཙོ་བོ་སྟོང་པ་ཉིད་ཀྱི་རྗེས་ལ་རྣམ་པར་སྣང་མཛད་ཀྱི་ངོ་བོར་བསམས་ནས་དེར་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་སེམས་དཔའ་མཆོད་ ཡོན་ལ་སོགས་པ་སྔོན་དུ་འགྲོ་བས་བཅུག་ནས། བུམ་པའི་ཆུས་དབང་བསྐུར་ཏེ་དེ་ཡོངས་སུ་གྱུར་པའི་ཤིང་དེ་དང་དེ་ཉིད་ཀྱི་ཚེ་ཤིང་གཞན་རྣམས་ཀྱང་དེ་ཡོངས་སུ་གྱུར་པར་མོས་ཏེ། ཤིང་གི་གཙོ་བོ་དང་དེ་ལ་བྱིན་གྱིས་བརླབ་པའི་ལྷའི་མེ་ཏོག་ལ་སོགས་པས་མཆོད་དེ། འབྲས་ བུ་ལ་སོགས་པས་མཆོག་ཏུ་ཕན་འདོགས་པའི་སྐྱེད་མོས་ཚལ་ལ་སོགས་པ་ཡུན་རིང་དུ་གནས་པའི་ཕྱིར་གསོལ་བ་བཏབ་ནས་ཕྱོགས་ཀྱི་གཏོར་མ་རྣམས་དབུལ་ལོ། །སྐྱེད་མོས་ཚལ་ལ་སོགས་པ་རབ་ཏུ་གནས་པའི་ཆོ་གའོ།། །།བརྗོད་པའི་ཆོ་ག་འདི་དག་ཉིད་ལ་ཐམས་ཅད་དུ་ལས་ གང་ལ་སྔགས་མ་བརྗོད་པ་དེར་ནི་ལས་ཐམས་ཅད་པའི་སྔགས་བཟླས་སོ་ཞེས་པ་ནི་ཁ་བསྐང་བར་བྱ་བའོ། །དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་རམ་དཀྱིལ་འཁོར་གཞན་ཡང་རུང་སྟེ། སྔར་བརྗོད་པའི་ཆོ་གས་དང་པོ་བུམ་པ་ལྷག་པར་གནས་པ་དང་། དགོད་པ་དང་། ཉེ་བར་སྤྱོད་པ་ལྔ་ ལ་སོགས་པའི་མཆོད་པ་བྱས་ནས། ལྷག་གནས་བྱས་པའི་སློབ་མ་རྣམས་ལས་ལེགས་པར་བཏགས་པ་ང་རྒྱལ་ལ་སོགས་པའི་སྐྱོན་དང་བྲལ་བ། དགེ་བསྙེན་ལ་སོགས་པའི་བསླབ་པ་ལ་གནས་པ་ལེགས་པར་ཐོས་པ་ལ་སོགས་པས་ཡོངས་སུ་སྦྱངས་པ། གུས་པ་དང་ལྡན་པ། རྡོ་རྗེ་ སེམས་དཔའི་སྡོམ་པ་བཟུང་བའི་ནུས་པ་དང་ལྡན་ན་རིགས་དང་ཡོན་ཏན་དང་། གཟུགས་དང་བྲལ་བ་རྣམས་ཀྱང་ལྷག་པར་གནས་པར་བྱ་སྟེ། གལ་ཏེ་དེ་དག་ཀྱང་དད་པས་རྡོ་རྗེ་སེམས་དཔའི་སྡོམ་པ་ཤིན་ཏུ་དོན་དུ་གཉེར་ཞིང་རྡོ་རྗེ་ཐེག་པ་ལ་སྟོན་པ་གཞན་མི་ཚོལ་བར་གྱུར་ནའོ། དེ་སྐད་དུ་ བཅོམ་ལྡན་འདས་ཀྱིས་གསུངས་ཤིང་ཕྱེད་དང་བཞི་བརྒྱ་པར་ཡང་། གཟུགས་ངན་ཡོངས་སུ་མེད་པ་དང་། །དམན་པའང་ལྷག་པར་གནས་བྱ་སྟེ། །འཁོར་ནི་བཞི་པོ་རྣམས་ལ་ཡང་། །དཀྱིལ་འཁོར་དག་ཏུ་ཆོ་ག་གནང་། །རང་རང་བསླབ་པ་ལེགས་པར་ལྡན། །ཐེག་ཆེན་ལ་དགའི་བདག་ ཉིད་ཅན། ཞེས་གསུངས་སོ། །འཁོར་བཞི་ནི་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སོ། །ཆོ་ག་ནི་འཇུག་པ་ལ་སོགས་པའོ། །ལྡན་པ་ནི་དེ་ལྷུར་བྱེད་པའོ། །ཐེག་ཆེན་ལ་དགའི་བདག་ཉིད་ཅན། །ཞེས་པ་འདིས་ནི་འགལ་བ་སྤངས་པའི་ཐེག་པ་ འདི་ལ་ཡིད་ཀྱི་ལས་གཙོ་བོ་ཉིད་དུ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ལས་ཉིད་ལ་ཡང་། ཀུན་སློང་གི་ཁྱད་པར་ལས་ལྟུང་བར་མི་འགྱུར་བར་མང་དུ་གསུངས་སོ། །ཁོ་བོས་ཀྱང་མན་ངག་གི་སྙེམ་ལ་སོགས་པར་རྣམ་པར་བཀྲོལ་ལོ། །གཞན་དུ། སྙིང་བརྩེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ལྟུང་བ་མེད། །ཅེས་པ་དང་། སྙིང་རྗེ་ལྡན་ཞིང་དོན་མཐོང་བས། །བཀག་པ་ཡང་ནི་གནང་བ་ཡིན། །ཞེས་སོ། །གང་ཞིག་ཡང་བསོད་ནམས་བསགས་པ་མང་དུ་ཐོས་པ་ལ་སོགས་པས། ཆོས་ཐམས་ཅད་སྒྱུ་མ་དང་། རྨི་ལམ་ ལྟ་བུ་དང་སྟོང་པ་ཉིད་དུ་རོ་གཅིག་པར་ཤིན་ཏུ་བརྟན་པར་ལྷག་པར་མོས་པར་བྱེད་པ་དེ་ལ་ནི་དགེ་སློང་དང་། རྡོ་རྗེ་འཛིན་པའི་སྡོམ་པ་དག་དང་འགལ་བའི་དྲི་མ་ཡང་ག་ལ་ཡོད། དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པ་ཞེས་གསུངས་ཏེ། འདི་ནི་ངེས་ པར་ཁས་བླངས་དགོས་སོ། །གཞན་དུ་ན་དུས་མཚུངས་པར་གཉིས་ཀ་ཇི་ལྟར་འགྱུར། དགེ་སློང་གི་ཉམས་སུ་མྱོང་བ་དེའི་སྦྱོར་བའི་བདེ་བའི་བག་ཆགས་སད་པས་རྨི་ལམ་དུ་མཐོང་ན་རྨི་ལམ་དུ་མཐོང་བའི་ཕྱི་རོལ་གྱི་ཕྱག་རྒྱ་ལ་དབང་པོ་གཉིས་ཀྱི་བདེ་བའི་མཐར་ཐུག་པར་ཉམས་སུ་མྱོང་ ན་ཡང་ལྟུང་བ་མེད་དོ་ཞེས་འདུལ་བར་བསྟན་པ་དེ་རྟོགས་པར་བྱའོ། །གལ་ཏེ་ཕྱོགས་ཀྱི་བྱེ་བྲག་སྐྱེ་བོ་ངན་པའི་སྤྱོད་ཡུལ་དུ་གྱུར་ན། དེའི་ཚེ་དེ་ལ་ཡང་ཡེ་ཤེས་ཀྱི་ཕྱག་རྒྱས་གསང་བ་དང་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་པར་བྱའོ། །སྐྱེ་བོ་ངན་པ་མེད་ན་ནི་ལས་ཀྱི་ཕྱག་རྒྱ་ཁོ་ནས་སོ། ། དེ་ཁོ་ན་ཉིད་ལ་མོས་པ་མི་བརྟན་པའི་དགེ་སློང་ལ་ནི་དད་པ་དང་ལྡན་ཡང་ཕྱིའི་ཤེས་རབ་མའི་དབང་བཟུང་བ་བཀག་སྟེ། གཞན་དུ་སྡོམ་པ་ལྔ་མ་ཉམས་པས་དེ་དོན་མེད་པ་ཆེན་པོར་འགྱུར་རོ། །གལ་ཏེ་ཡང་བླ་མ་བསྒོམ་པ་ལ་བརྟན་པར་གྱུར་ན་དེའི་ཚེ་དེ་ལ་ཡང་དེས་གཏད་པའི་ཡེ་ཤེས་ ཀྱི་ཕྱག་རྒྱ་མས་ཤེས་རབ་ཡེ་ཤེས་ཀྱི་དབང་སྦྱིན་ནོ། །བླངས་པ་ལ་ཡང་ཚངས་པར་སྤྱོད་པ་དང་བྲལ་བའི་དོགས་པ་ཡང་མེད་དེ། ལུས་ཀྱི་ལས་མེད་པའི་ཕྱིར་རོ། །དེ་ཡང་སྔར་ཁྱིམ་པ་ཡིན་ན་ཉམས་སུ་མྱོང་བའི་བདེ་བ་དྲན་དུ་བཅུག་པས་དགའ་བ་ལ་སོགས་པའི་དབྱེ་བ་བསྟན་པར་བྱའོ། ། བླ་མ་ཡང་དགེ་སློང་དུ་གྱུར་པ་ན་གསང་བའི་དབང་ལ་སོགས་པ་སྟེར་བའི་ཚེ། བརྗོད་པ་ཐམས་ཅད་མཚམས་སྦྱར་བར་བྱའོ། །ཧ་ཅང་སྤྲོས་པས་ཆོག་གོ། །སྐབས་སུ་བབས་པ་བརྗོད་པར་བྱ་སྟེ། དེ་ལ་སློབ་མ་གཅིག་གམ་གཉིས་སམ་མང་པོ་མཎྜལ་བྱས་ནས་པུས་མོ་ས་ལ་བཙུགས་ཏེ་ མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་བ་རྣམས་ལ་འཇིག་རྟེན་འདི་ཉིད་ཀྱི་མངོན་པར་མཐོ་བ་དོན་དུ་གཉེར་བས་མ་ཡིན། འཇིག་རྟེན་ཕ་རོལ་དུ་མངོན་པར་མཐོ་བའི་ཆེད་དུ་ཡང་མ་ཡིན་གྱི། འོན་ཀྱང་དེ་བཞིན་གཤེགས་པའི་སྐུ་གསུམ་གྱི་ཕུན་སུམ་ཚོགས་པ་ཐོབ་པར་བྱ་བའི་ཕྱིར་དཀྱིལ་འཁོར་ དུ་འཇུག་པར་བྱའོ། །དེ་ལྟ་ན་ནི་མངོན་པར་མཐོ་བ་གཉིས་ཀྱང་ཐོབ་པར་འགྱུར་རོ་ཞེས་བསྒྲགས་ནས། ཁ་ནས་རང་གི་ལུས་ལ་བཅུག་སྟེ། རྡོ་རྗེའི་ལམ་ནས་འཐོན་ནས་ཤེས་རབ་ཀྱི་པདྨའི་ལམ་ལ་གནས་པ་རྣམས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཤེས་རབ་དང་བཅས་ པའི་དེ་བཞིན་གཤེགས་པ་ཁ་ནས་ཞུགས་ཤིང་ཞུ་བར་གྱུར་པ་རྣམས་ཀྱིས་དབང་བསྐུར་བར་བསྒོམས་ནས། དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། འཇུག་པར་གསོལ་བ་འདེབས་སུ་གཞུག་པར་བྱ་སྟེ། སྐྱེ་རྒ་འཆི་བ་ན་ཀྲ་ཡི། །ཆུ་སྲིན་ལ་སོགས་འཇིགས་རུང་བ། །སྲིད་པའི་མཚོ་ ལས་བདག་སྒྲོལ་མཛོད། །དགའ་ཆེན་སྟོན་པ་ཁྱོད་གཅིག་པུ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་ བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་གཞུག་ཏུ་གསོལ། །ཞེས་བརྗོད་དུ་གཞུག་ཅིང་ངོ་། །དགའ་ཆེན་ཞེས་པ་ནི་རྡོ་རྗེ་འཆང་དང་མཚུངས་པའོ། །ཚུལ་ནི་ལམ་མོ། །དམ་ཚིག་ནི་སྔགས་དང་། རྒྱུད་དང་། ཕྱག་རྒྱ་ལ་སོགས་པའོ། །ཁ་ཅིག་ནི་དང་ པོར་གསོ་སྦྱོང་བཟུང་བ་རྣམས་ལ་ཞེས་སོ། །དེ་ནས་སློབ་མ་གཅིག་གཙོ་བོར་བྱ་སྟེ། བུ་ཚུར་ཤོག་ཅིག་ཐེག་ཆེན་པོ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །དུས་གསུམ་འབྱུང་ བའི་སངས་རྒྱས་རྣམས། །རྡོ་རྗེ་སྔགས་ཀྱི་མཐུ་རྣམས་ཀྱིས། །ཡེ་ཤེས་མཉམ་མེད་ཡང་དག་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པ། །གང་གི་ཤཱཀྱ་སེང་གེ་སོགས། །མཆོག་རྣམས་ཀྱིས་ནི་བདུད་ཀྱི་སྡེ། །མི་བཟད་ཆེན་པོ་སྟོབས་ཆེན་བཅོམ། །འཇིག་རྟེན་རྗེས་འཇུག་ རྟོགས་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བློ་གྲོས་འདི་ནི་གྱིས་ཤིག་བུ། །ཞེས་བྱ་བ་བརྗོད་ཅིང་ཡང་དག་པར་འཛིན་དུ་གཞུག་གོ། །འདི་ནི་ཞེས་པ་ནི་སྔགས་ཀྱི་ཚུལ་ལ་གཞོལ་བའོ། །དེ་ནས། དཀོན་མཆོག་གསུམ་ལ་བདག་ སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ། །དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་གཟུང་བའི་ཕྱིར། འཁོར་ལོ་ ཕྱིར་མི་ལྡོག་པའི་དབང་། །དམ་པ་བདག་ལ་སྩལ་ནས་ནི། །མགོན་པོ་འཁོར་ལོ་ལྷ་དག་གི། །དེ་ཉིད་སློབ་དཔོན་ཕྲིན་ལས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་པ་གསང་མཆོག་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་དོན་བྱའི་ཕྱིར། །རྟག་ཏུ་བདག་ནི་སློབ་དཔོན་བགྱིད། ། ཅེས་ཁྱད་པར་དུ་གསོལ་བ་འདེབས་སུ་བཅུག་ནས། བྱང་ཆུབ་ཏུ་སེམས་བསྐྱེད་དུ་གཞུག་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་ལྟར། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་བསླབ་པ་རྣམ་པ་གསུམ། །དགེ་བ་དང་ནི་ཆོས་སྡུད་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་ནི། །བདག་གིས་སོ་སོར་ བརྟན་པོར་གཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་མཆོག་བླ་ན་མེད། །སྡོམ་པ་སངས་རྒྱས་རྣལ་འབྱོར་བྱུང་། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་ཆེན་པོའི་རིགས་བསྡུས་པ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །དེ་ཉིད་ཀྱིས་ནི་རབ་ཏུ་གཟུང་། །སློབ་ དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་ཆེན་པོའི་རིགས་མཆོག་གི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་ལན་དྲུག་ཏུ། །སྦྱིན་པ་རྣམ་བཞི་རབ་ཏུ་སྦྱིན། །པདྨ་ཆེན་པོའི་རིགས་དག་པ། །བྱང་ཆུབ་ཆེན་པོར་འབྱུང་བ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་ གཟུང་བར་བགྱི། །ལས་ཆེན་རིགས་ནི་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །མཆོད་པའི་ལས་ནི་ཅི་ནུས་བཞིན། །ཀུན་ནས་སོ་སོར་གཟུང་བར་བགྱི། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བྱང་ཆུབ་སེམས་ནི་བླ་མེད་པ། །དམ་པ་ཡང་དག་བསྐྱོད་བགྱི་ཞིང་། །སྡོམ་པ་མ་ ལུས་བཟུང་བགྱིས་ནས། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་འབྱུང་ཞིང་། །སེམས་ཅན་མྱ་ངན་འདས་ལ་དགོད། །ཅེས་ལན་གསུམ་བརྗོད་དུ་གཞུག་ཅིང་། །འདི་ནི་མན་ངག་གི་སྙེ་མར་རྣམ་པར་ཕྱེའོ། ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས། དེ་རྣམས་ཀྱི་སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་ཡི་གེ་ཧཱུཾ་ཨཱཿཨོཾ་ནག་པོ་དང་དམར་པོ་དང་དཀར་པོ་བསམས་ནས། དེ་རྣམས་བརྗོད་སྙིང་ག་དང་། མགྲིན་ པ་དང་། མགོ་བོ་རྣམས་ལ་དྲི་ཆུ་རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཡས་པས་བྱུགས་ཏེ་མགོ་བོ་ལ་མེ་ཏོག་དང་། མདུན་དུ་བདུག་སྤོས་དང་། མར་མེ་དང་། སྙིང་གར་སླར་ཡང་དྲི་སྦྱིན་ནོ། །དེའི་རྗེས་ལ་ཨ་ཤྭཏྠ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ་ རྨ་མེད་པ་དྲི་བཟངས་ཀྱི་ཆུས་བཀྲུས་པ་རྩེ་མོར་མེ་ཏོག་བཅིངས་པ་བྱང་དུ་ཕྱོགས་པའི་སློབ་མ་རྣམས་ལ་སྦྱིན་ནོ། །དེ་རྣམས་ཀྱིས་ཀྱང་ཁྲུ་བཞི་པ་གྲུ་བཞི་པའི་དཀྱིལ་འཁོར་བའི་ལྕི་བ་ལ་སོགས་པས་བྱུགས་པར་ཤར་རམ་བྱང་དུ་ཕྱོགས་པས་སོ་ཤིང་། ཨོཾ་བཛྲ་ཧཱ་ས་ཧ་ཞེས་བརྗོད་ནས་རྩེ་མོ་ ནས་འཆོས་ཏེ་མ་གས་པ་སྟེང་དུ་བལྟ་ཞིང་། ལྟོས་པ་མེད་པར་མདུན་དུ་འདོར་རོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྱུང་བར་འགྱུར་བའི་དངོས་གྲུབ་བཤད་པར་བྱའོ། །ཤར་དང་། བྱང་དང་། ནུབ་དང་། ལྷོ་དང་། སྟེང་དང་། འོག་ཏུ་ཕྱོགས་པར་ལྷུང་ན་རིམ་པ་བཞིན་དུ་ཞི་ བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་། རིག་པ་འཛིན་པ་དང་། ས་འོག་གི་དངོས་གྲུབ་རྣམས་སོ། །དཀྱིལ་འཁོར་གྱི་ཕྱི་རོལ་དུ་ལྟུང་ན་ནི་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་སྐྱེས་པའི་ཆུ་དེས་བཟླས་པ་ཁ་བཀྲུ་བའི་ཕྱིར་བྱིན་ནས། འཁྱིལ་པ་ལན་བདུན་བཟླས་པའི་དྲི་ཞིམ་པོའི་ཆུ་ཁྱོར་བ་ གསུམ། ཨོཾ་ཧྲཱིཿབི་ཤུདྡྷ་དྷརྨ་སརྦ་པཱ་པ་ནི་ཙ་ཨ་སྱ་ཤོ་དྷ་ཡ་སརྦ་པི་ཀལྤཱན་ཨ་པ་ན་ཧཱུཾ་ཞེས་བརྗོད་ཅིང་བླུད་དོ། །དེ་ནས་དེ་རྣམས་ཕྱི་རོལ་དུ་བཞག་ལ་ཧཱུྃ་ལས་བྱུང་ཞིང་དེ་བཟླས་པའམ། འཁྱིལ་པ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མཉམ་པ་སྟན་དུ་འདིང་བའི་དོན་དུ་དང་། དེ་བཞིན་དུ་སྔས་ཀྱི་དོན་དུ་ཡི་ གེ་དྷཱིཿལས་སྐྱེས་ཤིང་དེ་དང་འཁྱིལ་པ་བཟླས་པའི་ཀུ་ཤ །ཨོཾ་བཛྲ་ཏཱིཀྵྞ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །དེ་ནས་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚད་སུམ་བལྟབ་བྱས་ཏེ་དེ་དང་འཁྱིལ་པ་ལན་བདུན་བཟླས་ལ་མདུད་པ་གསུམ་མམ་དྲུག་བྱས་པ་དེ་ རྣམས་ཀྱི་དཔུང་པ་གཡས་པའམ་གཡོན་པར་རྒྱུད་གཞན་དུ་གསུངས་ཏེ། ཨོཾ་བུདྡྷ་མཻ་ཏྲཱིཾ་རཀྵ་རཀྵ་སརྦ་ན་སྭཱ་ཧཱ། ཞེས་བརྗོད་ཅིང་། རང་ཉིད་ཀྱིས་བཅིངས་ལ་ཡང་དག་པར་བསྲུངས་ནས་སྤྲོ་བ་བསྐྱེད་པར་བྱ་སྟེ། འཇིག་རྟེན་དུ་ནི་ཀུན་མཁྱེན་རྣམས། །རེས་འགའ་འབྱུང་ངམ་མི་འབྱུང་སྲིད། ། ཨུ་དུམྺཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་འབྱུང་། །གང་གིས་སེམས་ཅན་མཉམ་མེད་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་ཤིན་ཏུ་དཀོན། །བསྐལ་པ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། ། དཀྱིལ་འཁོར་འདི་འདྲ་མཐོང་བ་ཡིས། །དེ་དག་ཐམས་ཅད་ཟད་གྱུར་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ ཤིན་ཏུ་དྲི་མ་མེད། །དེ་རྣམས་ཀྱི་ནི་སྡུག་བསྔལ་ཀུན། །འབྱུང་བའི་ངན་འགྲོ་ཡང་དག་ཞི། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །དེ་རིང་རྙེད་པ་མཉམ་མེད་རྙེད། །གང་གིས་ཁྱེད་རྣམས་རྒྱལ་བ་ཀུན། །བདག་ཉིད་ཆེན་པོ་སྲས་བཅས་ཀྱིས། །བསྟན་འདི་ཀུན་ལ་ཡོངས་སུ་ བཟུང་། །གནས་པ་སྐྱེ་བར་འགྱུར་བ་ནི། །དེ་ཡིས་ཁྱེད་རྣམས་ཐེག་ཆེན་ལ། །ལེགས་པར་སྐྱེས་པ་ཉིད་དུ་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །གང་གིས་ཁྱེད་རྣམས་འགྲོ་འགྱུར་བས། །དེ་བཞིན་གཤེགས་པར་འགྱུར་བ་ཡིན། །ཞེས་ པ་ཉན་དུ་བཅུག་ནས་སོ། །སྐྱེ་བ་ཉིད་དུ་འགྱུར་བ་ནི་དཀྱིལ་འཁོར་དུ་ཞུགས་པས་སོ། །ཐེག་པ་ཆེན་པོ་ཉིད་རྒྱུད་ནས་མཆོག་ཏུ་ཆེར་འབྱུང་བ་མངའ་བ་གང་ཡིན་པའོ། །དེ་ནས་དེ་རྣམས་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་ཏེ། ནང་པར་བདག་ལ་ རྨི་ལམ་སྨྲོས་ཤིག་ཅེས་བརྗོད་ལ་དཀྱིལ་འཁོར་གྱི་ཁང་པའི་ནང་ངམ། དཀྱིལ་འཁོར་གྱི་སའི་མཐར་རམ། ཡོལ་བ་ལ་སོགས་པས་བཅད་པར་རམ། གཞན་དུ་ཡང་རུང་སྟེ་སེང་གེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ། །རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་ འཁྱིལ་པའི་སྔགས་བཟླས་པར་བྱའོ། །འདིར་སྡོམ་པ་གང་སློབ་དཔོན་དུ་མི་བྱེད་པ་ལ་ཡང་སྟེར་བ་དེ་ནི་ཐུན་མོང་སྟེ། སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དོ། །གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྦྱིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ། རིགས་ལྔས་བསྡུས་པའོ། ། དེ་བས་ནི་འདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཙམ་གྱི་སློབ་མ་ལྷག་པར་གནས་པའི་ཆོ་གའོ།། །།དེའི་རྗེས་སུ་བླ་མས་ནང་པར་གཏོར་མ་བཏང་སྟེ། དཀྱིལ་འཁོར་གྱི་ཁང་པ་ནས་འཐོན་ལ། སློབ་མ་རྣམས་ལ་རྨི་ལམ་དྲི་སྟེ། རི་ལ་ལྷུང་བ་ལ་སོགས་པས་མཚན་པའི་རྨི་ལམ་ངན་པ་རྣམས་ནི་ འཁྱིལ་པའི་སྔགས་ཀྱིས་བསྲུངས་ལ། དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ། སློབ་མ་རྣམས་ཀྱིས། ཨོཾ་པྲ་བི་ཤ་བྷ་ག་ཝན་མ་ཧཱ་སུ་ཁ་མོ་ཀྵ་པུ་རཾ་སརྦ་སིདྡྷི་སུ་ཁ་པྲ་དཾ་པ་ར་མ་སུ་ཁོ་ཏ་མ་སིདྡྷྱ་ཛཿཧཱུཾ་བཾ་ཧོཿཔྲ་སིདྡྷྱ་སྭ་ཞེས་སྤྲོ་བ་བསྐྱེད་པ་ཞུགས་ནས། གཡས་སྐོར་དུ་འཁོར་ལོའི་དབང་ཕྱུག་གི་གཟུགས་ ཀྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ། དཀྱིལ་འཁོར་གྱི་ཤར་སྒོ་ལ་སོགས་པར་ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་འདོན་ཞིང་སྒོ་ཕྱེ་ནས་མེ་ཏོག་གི་ཕྲེང་བ། ཨོཾ་པར་མ་སུ་ཁ་ཤ་ཡ་སུ་ལ་ལི་ཏ་བི་ལ་ས་ནི་མ་ཏཻར་ན་མཱ་མི་བྷ་ག་ཝཱན་ཏཾ་ཛཿཧཱུཾ་བཾ་ཧོཿཧི་ཧི་ཧི་ཧཱི་ཧཱིཿཔྲ་ཏིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོ། ཞེས་པའི་ སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས་སླར་བཟུང་སྟེ། ཕྲེང་བའི་དབང་གི་བསམ་པས་རང་གི་མགོ་བོར་བཅིངས་ལ། འཁོར་ལོའི་དབང་ཕྱུག་ནི་བླ་མ་མངོན་སུམ་དུ་གྱུར་པར་མོས་པར་བྱ་སྟེ། དེས་སྟེར་བཞིན་པའི་ཕྲེང་བའི་དབང་གཟུང་བ་ལ་སོགས་པ་འཆད་པར་འགྱུར་བའི་དབང་མ་ལུས་པ་དང་། ཆོ་ག་ བཞིན་སློབ་དཔོན་གྱི་ལས་ཐམས་ཅད་ལ་རྗེས་སུ་གནང་བ་ཐོབ་པར་བྱས་ལ། སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས། དཀྱིལ་འཁོར་གྱི་དངོས་གྲུབ་མངོན་པར་ཞུ་ཞིང་བདེན་པའི་བྱིན་རླབས་བྱ་སྟེ། ནམ་མཁའ་ སྐྱེ་བ་མཚན་མའི་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབས། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབ་ མཛོད། །ཉེས་པ་མེད་པ་རྟག་པ་ཁྱོད། །འདོད་ཆགས་ཀུན་གྱིས་རྗེས་ཆགས་པ། །བཅོམ་ལྡན་ཆགས་ཆེན་དགའ་བ་ཆེ། །དེ་ཁོ་ན་ཉིད་བདག་གྲུབ་མཛོད། །ཤིན་ཏུ་རྣམ་དག་ཆོས་ཀྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་ དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །དབང་ཆེན་མཆོག་གི་ཕྱག་རྒྱ་ཡིས། །རྡོ་རྗེ་ཆེན་པོ་གསོར་བ་ལས། །རྡོ་རྗེ་སྙེམས་བདག་བདག་གྲུབ་མཛོད། །སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཀྱང་ ཡིན། །དམ་ཚིག་མཆོག་གིས་འདོད་པ་མཆོག །བདེན་པ་གང་གིས་ཡེ་ཤེས་མཆོག །ཤེས་རབ་ཐབས་བདག་དཀྱིལ་འཁོར་གྱི། །བདེན་པ་དེ་ཡིས་མགོན་པོ་ཁྱོད། །འདོད་པ་བདག་ལ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་ རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང་། །དེ་ཉིད་དེ་བཞིན་ཉིད་ངེས་བྱུང་། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་སྒྲིབ་མེད་མཐོང་བར་ཤོག །ཅེས་བརྗོད་པར་བྱའོ། །གང་གིས་ སྐྱེ་བ་ལ་ནམ་མཁའི་མཚན་མ་སྟེ། དཔེ་ཡོད་པ་དེ་ནི་དེ་བཞིན་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དང་སྙིང་རྗེའི་རང་བཞིན་རྡོ་རྗེ་སེམས་དཔའ་ཞེས་པའི་དོན་ཏོ། །རྡོ་རྗེ་འཛིན་པ་ཀུན་ནི་སྐུ་རྡོ་རྗེ་ལ་སོགས་པའོ། །འདོད་ཆགས་ཀུན་ནི་འདོད་པ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ལ་རྗེས་སུ་ཆགས་པའོ། ། ཆགས་ཆེན་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་གདོད་མ་ནས་གྲོལ་བའོ། །ཀུན་བདག་ཉིད་ནི་ཆོས་ཉིད་ཀྱིས་སོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས་དཔའོ། །དམ་ཚིག་མཆོག་གི་སྟེ་ཡང་དག་པའི་ཡེ་ ཤེས་དང་ལྡན་པ་རྣམས་ཀྱིའོ། །འདོད་པར་བྱ་བས་ན་འདོད་པ་སྟེ་འདི་ནི་མཆོག་ཀྱང་ཡིན་ནོ། །ཉོན་མོངས་པ་དང་། ཤེས་བྱ་དང་། སྙོམས་པར་འཇུག་པའི་སྒྲིབ་པ་དང་བྲལ་བ་དང་། རང་བཞིན་མེད་པ་དང་། སྒྲའི་ཡུལ་མ་ཡིན་པ་ཉིད་ཀྱིས་གསལ་བ་ལ་སོགས་པའི་ཚིག་ལྔའོ། ། སྒྲིབ་པ་མེད་ན་བདེན་པའི་བྱིན་གྱི་རླབས་དང་། བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ལས་སོ། །འདི་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་སྒོའི་སློབ་དཔོན་རྣམས་མི་འདོད་ན་གཞན་དང་། འདོད་ན་ནི་དེ་རྣམས་དང་། སློབ་མ་གཞན་ལྷག་པར་གནས་པར་བྱས་པ་སྡོམ་པ་ གཉིས་དང་ལྡན་པ་རྣམས་ཁྲུས་བྱེད་དུ་བཅུག་སྟེ། དྲི་ཞིམ་པོ་ལ་སོགས་པས་དག་པར་བྱས་ལ་ཡོལ་བའི་ཕྱི་རོལ་དུ་རྣམ་པར་སྣང་མཛད་ཀྱི་གཟུགས་སམ། འཁོར་ལོའི་དབང་ཕྱུག་གི་གཟུགས་སུ་དམིགས་ལ་འཁྱིལ་པ་བཟླས་པའི་གོས་དམར་པོའམ། གཞན་གང་ཡང་རུང་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་ ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་ར་ཝསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཧཱུཾ་ཞེས་པས་སྨད་གཡོགས་བྱས་ཤིང་། ཨོཾ་བཛྲ་རཀྵ་ཧོ་ཞེས་པས་སྟོད་གཡོགས་ཅན། ཨོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་གཙུག་ཏོར་བྱས་ལ། བདུད་རྩི་འཁྱིལ་པ་བཟླས་པའི་གོས་དམར་པོའམ་སེར་པོ། ཨོཾ་ཙཀྵུར་བནྡྷ་བར་མཱ་ན་ཡ་ཧཱུཾ་ཞེས་ པའི་སྔགས་ཀྱིས་མིག་རས་བཅིངས་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ནས་མེ་ཏོག་གི་ཕྲེང་བ་བཟུང་ཞིང་། ཡོན་ཕུལ་བ་ལས་ཐམས་ཅད་པའི་ཆུས་བསངས་ཏེ། སྙིང་ག་དང་། མགྲིན་པ་དང་། སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་། འཁོར་ལོ་ལ་བཀོད་པའི་ཉི་མ་དང་། ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་དང་། ཨཱཿདམར་པོ་དང་། ཨོཾ་དཀར་པོའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ཤིང་། ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་བཞག་སྟེ། ལས་ཀྱི་རྡོ་རྗེ་ཅན་གྱིས་བཟུང་བ་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དྲི་བར་བྱའོ། །ཀྱེ་དགའ་བ་ལ་དགའ་ཁྱོད་སུ་ཡིན། དེས། བདེ་ཆེན་བདག་ནི་སྐལ་བཟང་ ལགས། །ཞེས་བརྗོད་པར་བྱའོ། །དེ་ནས་ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡཱ་མི་ཞེས་བརྗོད་དུ་གཞུག་ཅིང་། བྱང་ཆུབ་སེམས་བསྐྱེད་དུ་བཅུག་ལ་སྙིང་གར་རྡོ་རྗེ་མེ་ཏོག་དང་བཅས་པ། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོཿསིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ་ཞེས་བརྗོད་ཅིང་བཟུང་སྟེ། དེང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ ཅད་ཀྱིས་བྱིན་གྱིས་རློབས་པར་འགྱུར་གྱིས། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དཀྱིལ་འཁོར་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་། མ་དད་པར་ཡང་མི་བྱའོ་ཞེས་བརྗོད་དོ། །ཨོཾ་ཡ་མཱནྟ་ཀྲྀཏ་ཧཱུཾ་ཞེས་བརྗོད་ ཅིང་ཁྲིད་ལ། ཨ་ཁཾ་བཱི་ར་ཧཱུཾ་ཞེས་པ་འདིས་ཡོལ་བའི་ནང་དུ་བཅུག་ནས། མ་ཧཱ་ར་ཏ་སུ་དྲྀཌྷ་སུ་ཏོ་ཥྱ་སུ་སུ་ཁོ་བཛྲ་སཏྭ་ཨདྡྷྱ་མ་སིདྡྷྱ་མ་ཞེས་པ་འདོན་པད་ཀོར་བྱས་ནས་ཐལ་མོ་སྦྱར་བས་དཀྱིལ་འཁོར་གྱི་ཤར་གྱི་སྒོར་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ ཏིཥྛ་མཱཾ། ཨོཾ་སརྦ་བུདྡྷཱ་པཱུ་ཛོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ་རོ་ཙ་ན་ཨ་དྷི་ཏིཥྛ་སྭ་མཱཾ་ཞེས་པ་དང་། ལྷོར་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཤེ་ཀཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ། ནུབ་ཏུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ ཏ་བཛྲ་དྷརྨ་པྲ་བརྟ་ཡ་མཱཾ། བྱང་དུ་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎེ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཾ། ཞེས་པའི་སྔགས་ལྔས་རིམ་པ་བཞིན་དཀྱིལ་འཁོར་ན་བཞུགས་པའི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ནས། ཡང་ ཤར་སྒོར། ཨོཾ་གུ་རུ་ཙ་ར་ཎོ་པསྠཱ་ནཱ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་སཏྭ་པ་རི་ཏྲཱ་ཎ། ཨརྠཾ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི། ཞེས་པའི་དོན་གོ་བ་སྔོན་དུ་འགྲོ་བས་འདོན་དུ་གཞུག་གོ། །ཁ་ཅིག་གིས་འདིའི་སྙིང་གར་སྙོམས་འཇུག་གི་བདེ་བ་ཆེན་པོ་དང་སྙིང་ག་ལ་སོགས་པར་དགོད་པར་གཞན་ ཡང་བཤད་པ་ནི་སྐབས་འདིར་བསྒོམ་པར་མི་བྱ་སྟེ། དེ་ནི་ཆོ་ག་གཞན་ཡིན་ནོ། །དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེས་ན་ངས་ཁྱོད་ལ་རྡོ་རྗེའི་ཡེ་ཤེས་བསྐྱེད་པར་བྱ་སྟེ། ཡེ་ཤེས་གང་གིས་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན་དངོས་གྲུབ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། ཁྱོད་ཀྱིས་ཀྱང་འདིའི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མི་བྱ་སྟེ། ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་ནས་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང་། ཁྱོད་ ཀྱིས་དམ་ཚིག་རྡོ་རྗེ་འདི། །གལ་ཏེ་ཁྱོད་ཀྱིས་འགའ་ཞིག་ལ། །འདི་སྨྲས་ན་ནི་སྤྱི་བོ་འགེམས། །ཞེས་བསྒྲགས་ལ་སྙིང་གར་རྡོ་རྗེ་བཟུང་སྟེ། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང་། །ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། ། ཞེས་བཀའ་བསྒོས་ནས། རྣམ་པར་རྒྱལ་བའི་བུམ་པའི་སྟེང་ན་གནས་པའི་ཆུ་མིང་མེད་དང་། མཐེ་བོང་གིས་བཟུང་བའི་སྣོད་ཀྱི་ཁས་དེའི་ཁར་བླུགས་ཤིང་། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེ། རྡོ་རྗེ་བདུད་རྩིའི་ཆུ་ འཐུངས་ཤིག། །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋཿཞེས་བརྗོད་ཅིང་མནའི་བཏུང་བ་བྱེད་དུ་བཅུག་ནས། དེང་ནས་བརྩམས་ནས་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱིས། ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པ་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་ ཤི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས་བརྗོད་དོ། །ཁྱོད་ཀྱིས་ཞེས་པ་ནི་ཁྱོད་ལའོ། །དམྱལ་བ་ཞེས་པ་ནི་བརྒལ་དཀའ་བའི་ཆུ་ལྟ་བུའོ། །རྡོ་རྗེ་བདུད་རྩིའི་ཆུ་ཞེས་པ་ལ་རྡོ་རྗེ་ནི་ཚར་གཅོད་པར་བྱེད་པས་སོ། །བདུད་རྩི་སྟེ་རྗེས་སུ་འཛིན་པའི་ཕྱིར་རོ། །དམ་ཚིག་གི་ཆུ་སྦྱིན་པའི་ ཆོ་གའོ།། །།དེའི་རྗེས་སུ་སྒྲུབ་པའི་དུས་ལས་སྔོན་དུ་དངོས་གྲུབ་ལ་སོགས་པ་ངེས་པའི་དོན་དུ་སློབ་མ་དང་སྣོད་ལ་ལྷ་དབབ་པར་བྱའོ། །དེ་ལ་དང་པོར་རི་ལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་བསྙེན་པ་བྱས་ཤིང་སེམས་བརྟན་པ་རྡོ་རྗེ་སེམས་དཔའི་རྣལ་འབྱོར་ཤིན་ཏུ་ བརྟན་པར་དམིགས་ནས་དབབ་པའི་ནུས་པ་ཐོབ་པ། མཚན་ཉིད་ཐམས་ཅད་དང་ལྡན་པའི་སློབ་མ་ལྷག་གནས་བྱས་པ་མདུན་དུ་བྱས་ཏེ། སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨཱཿལས་བྱུང་བའི་སྣང་བ་མཐའ་ཡས་ཀྱི་གཟུགས་སུ་བསྐྱེད་དེ། དེ་བཞིན་གཤེགས་པ་ཐམས་ཅད་ ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་བདག་ལ་འབབ་པར་གྱུར་ཅིག་ཅེས་བརྗོད་དུ་བཅུག་ལ། དེའི་སྙིང་གར་ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པ་ཉི་མ་ལ་ཧཱུཾ་སྔོན་པོ་དང་། མགོ་བོར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་ ཟླུམ་པ་བུམ་པས་མཚན་པ་ཟླ་བ་ལ་ཡི་གེ་ཧ་དཀར་པོ་དང་། མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿདམར་པོ་བསྒོམས་ནས། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཐུགས་དང་སྐུ་དང་ གསུང་རྡོ་རྗེ་རྣམས་སྤྱན་དྲངས་ལ། གོ་རིམས་བཞིན་དུ་དེ་རྣམས་ཀྱི་རང་བཞིན་ཧཱུཾ་ཧཿཨཱའི་ཡི་གེ་རྣམས་ལ་བསྟིམས་ལ། རྐང་པ་དག་གི་འོག་ནས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་རཾ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཡི་ གེ་ཛྷཻཿདམར་པོས་སློབ་མ་འདེབས་ཤིང་། ཡི་གེ་ཛྷཻཿའི་འོད་ཟེར་གྱི་ཚོགས་རྐང་པའི་བུ་གནས་ཞུགས་པ་རྣམས་དང་། ཡི་གེ་ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མཐའ་དག་ཀུན་ནས་བཀང་བར་བསྒོམ་ཞིང་སྤོས་ཕོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་སྟཾ་བྷ་ཡ་ར་ར་ར་ ཙ་ལ་ཙ་ལ་ཡ་ཧཱུཾ་ཧཿཨཱཿཛྷཻཿཞེས་པའི་སྔགས་རྣམ་པ་བརྒྱར་འདོན་ཞིང་། བསམ་གཏན་ལ་གཞོལ་བས་དབབ་པར་བྱའོ། །གལ་ཏེ་ཕེབས་པ་རིང་དུ་འཕར་ན་དེའི་ཚེ་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར། དེའི་སྟེང་དུ་རྡོ་རྗེ་སེར་པོ་རྩེ་ལྔ་པ། དེའི་སྟེང་དུ་ཡི་གེ་ཡ། དེའི་ སྟེང་དུ་རྣམ་པར་སྣང་མཛད་བསྒོམས་ཏེ་དེ་བཟློག་པར་བྱའོ། །དེ་ལྟར་ཕེབས་པར་གྱུར་པ་ལ་སློབ་མའི་ཐུགས་རྡོ་རྗེའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་གསུང་རྡོ་རྗེའི་ས་བོན་གྱི་བདག་ཉིད་ཅན་བསྐུལ་ཞིང་ལྕེ་ལ་ཟླ་བ་ལ་གནས་པའི་ཨཱཿདམར་པོ་འོད་ཟེར་གྱི་ཕྲེང་བ་འཁྲུག་པར་བསྒོམས་ནས། རྡོ་རྗེ་སྨྲོས་ ཤིག་ཅེས་བརྗོད་པར་བྱའོ། །དེ་ལྟར་ན་འདིར་རང་ངམ་གཞན་གྱི་དགེ་བའམ། མི་དགེ་བའི་བྱ་བ་བདེན་པར་སྨྲའོ། །དེ་ནས་ཞུགས་པའི་ལྷ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་། སློབ་མའི་མགོ་བོར་རྡོ་རྗེ་བཟུང་ལ། ཨོཾ་ཁྱེད་ཀྱིས་སེམས་ཅན་ ཞེས་པ་ལ་སོགས་སྔོན་དུ་འགྲོ་བའི་ཧཱུཾ་ཧཿཨཱཿཛྷཻཿམུཿཞེས་པས་གཤེགས་སུ་གསོལ་ལོ། །ཡང་། དྲིལ་བུའི་ཞབས་ཀྱིས་བྲས་པ་ཡི། །བཤང་གཅི་ལ་སོགས་ཡང་དག་བྱུགས། །བུད་མེད་རས་ནི་རྡུལ་དང་ལྡན། །གཏུབས་ལ་བྱི་ལའི་བྲུན་གྱིས་བྱུག །གུ་གུལ་དང་ནི་རྣམ་པར་བསྲེས། །རོ་ཡི་ མེ་ནི་ཡང་དག་བླངས། །དེ་ནི་པདྨའི་སྣོད་བཞག་ནས། །དེར་ནི་དེ་ཀུན་བཅུག་ནས་ནི། །གཡས་བརྐྱང་ཞབས་གནས་ཁྲོ་བོ་ནི། །རྡོ་རྗེ་བདག་ཉིད་རྡོ་རྗེ་ཅན། །འཁོར་ལོ་གསུམ་བདག་དེ་ལ་དབབ། །དེ་ནས་སྤོས་ཀྱིས་བདུག་པར་བྱ། །ཕེབས་པར་འགྱུར་ཏེ་ཐེ་ཚོམ་མེད། །ཏིཥྛ་མ་ཧཱ་ཀྲོ་དྷ་ ཨཱ་བེ་ཤ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀཱ་ཡ་བིད་མ་ཧེ་བིདྱ་རཱ་ཛཱ་ཡ་དྷཱི་མ་ཧེ་སྭཱ་ཧཱ། ཞེས་པ་འདིས་དཔའ་བོ་རབ་ཏུ་བསྐུལ་བར་བྱའོ་ཞེས་འབུམ་པ་མངོན་པར་བརྗོད་པའི་རྒྱུད་དུ་གསུངས་པའི་ཆོ་གས་དབབ་པར་བྱའོ། །བཤང་གཅི་ལ་སོགས་ཞེས་པ་ནི་བདུད་རྩི་དང་སྒྲོན་མ་བཅུས་བྱུགས་པའོ། །བླ་མ་བདེ་མཆོག་གི་ གཟུགས་ཅན་གཡས་བརྐྱང་དུ་གནས་པའི་བདེ་མཆོག་གི་བདག་ཉིད་ཀྱི་སློབ་མ་གཡས་བརྐྱང་དུ་གནས་ཤིང་སྙིང་གར་ཐལ་མོ་སྦྱར་བ་ལ་ལག་པ་གཡོན་གྱིས་དྲིལ་བུ་དཀྲོལ་ཞིང་ཏིཥྛ་ཞེས་པ་ལ་སོགས་པའི་སྔགས་བརྗིད་བག་དང་བཅས་པར་ཟློས་ཤིང་ལག་པ་གཡས་ཀྱིས་བདུག་པར་བྱའོ། །དེ་ནས་ གལ་ཏེ་ཕེབས་པ་ཞེས་བྱ་བ་ལ་སོགས་པ་རིག་པར་བྱའོ། །གལ་ཏེ་རྒྱུད་ཁ་ཅིག་ཏུ་བུ་མོ་ལོ་བཅུ་གཉིས་ལོན་པ་སྐྱེས་ནས་མ་ཉམས་པ། ཡན་ལག་དང་ཉིང་ལག་མ་ཉམས་པ་དང་། གཞོན་ནུ་ལོ་དེ་སྙེད་ལོན་པ་བུད་མེད་ཀྱི་ཡུལ་མི་ཤེས་པ། ཡན་ལག་དང་ཉིང་ལག་མ་ཚང་བ་མེད་པའི་སྣོད་ མདུན་དུ་བཞག་ནས་ལྷ་དབབ་པར་བྱའོ་ཞེས་གསུངས་སོ། །དེ་ལྟར་ཡང་བླ་མ་དུས་རྒྱུན་དུ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་། བསོད་ནམས་བསགས་པ་སྐད་ཅིག་གིས་བརྟན་པར་བསྒོམ་ནུས་པས་ཡན་ལག་མ་ཚང་ཡང་རུང་། ན་ཚོད་མང་དུ་ལོན་ཞིང་འཁྲིག་པ་ཉམས་སུ་མྱོང་བའི་སྣོད་ལ་ ཡང་ལྷ་དབབ་པར་བྱའོ་ཞེས་རྒྱུད་གཞན་རྣམས་སུ་ཡང་མང་དུ་བསྟན་པའི་ཕྱིར་སློབ་མ་ལ་དབབ་པའི་དོན་དུ་དབབ་པར་བྱའོ། །འདི་ནི་དབབ་པའི་ཆོ་གའོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཁྱོད་ཀྱིས་མིག་ལ་ཇི་ལྟར་སྣང་ཞེས་དྲིས་ནས། དེ་ན་རེ་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་སྣང་ངོ་ཞེས་ཟེར་ན་རིམ་པ་བཞིན་དུ་འདི་ནི་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་པ་དང་ལྡན་པར་གོ་བར་བྱས་ནས་འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ་རྡོ་རྗེའི་རྐང་སྟབས་ཀྱི་གར་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་བསྐོར་བ་ གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱི་རླབས་འདི་བྱའོ། །ཡང་དག་པ་ཡི་དཀྱིལ་འཁོར་འདིར། །བདག་གིས་སློབ་མ་གཞུག་པ་འདིའི། །ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟ་དེ་ལྟར་ཤོག །འདི་ཡིས་དངོས་གྲུབ་ཅི་འདྲར་འགྱུར། །རིགས་ནི་གང་ གི་སྣོད་དུ་འགྱུར། །བསོད་ནམས་མཐུ་ཡང་ཅི་འདྲ་བ། །དེ་འདྲར་དཀྱིལ་འཁོར་དུ་གྱུར་ཅིག །ཅེས་པའོ། །དཀྱིལ་འཁོར་དུ་སློབ་མ་གདོང་གཡོགས་དང་བཅས་པ་གཞུག་པའི་ཆོ་གའོ། །དེ་ནས་སྔར་བཟུང་བའི་མེ་ཏོག་གི་ཕྲེང་བ་ཡི་གེ་ཏྲཾ་གིས་བསྔགས་པ་ལས་ཡང་ཞིང་མ་རྙིངས་པའི་མེ་ཏོག་ཅིག་ བཏོན་ལ་དེའི་ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱའོ། །དེས་དེའི་ཚེ་མེ་ཏོག་གི་ཕྲེང་བར་མོས་པར་བྱ་སྟེ། རང་ཉིད་ཀྱང་ཡི་གེ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུས་པར་མོས་ཤིང་བླ་མས་དེ་ལྟར་བྱིན་གྱིས་བརླབས་པས་གུས་པ་སྔོན་དུ་འགྲོ་བའི་དཀྱིལ་འཁོར་པ་དང་བཅས་པའི་དཀྱིལ་འཁོར་གྱི་ དབང་ཕྱུག་མདུན་ན་གནས་པ་བཞིན་དུ་དམིགས་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་དེའི་དབུ་ལ་ཨོཾ་ཏིཥྛ་བཛྲ་དྲྀ་ཌྷོ་མེ་བྷ་བ་ཤ་ཤྭ་ཏོ་མེ་བྷ་བ་ཧྲྀ་ད་ཡཾ་མེ་ཨ་དྷི་ཏིཥྛ་སརྦ་སིདྷི་མྨེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོཿཨ་ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོཿཞེས་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །རེ་ཁཱ་ལྔའི་ནང་ དུ་མེ་ཏོག་ལྷུང་བ་དང་བསྟུན་ཏེ། འདི་ལ་རིགས་བསྟན་པར་བྱའོ། །དེའི་རྣལ་འབྱོར་ཡང་སྦྱིན་ནོ། །དངོས་གྲུབ་ཀྱང་མཚོན་པར་བྱའོ། གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་སྤུའམ་དབུའི་གཙུག་ཏོར་ལ་མེ་ཏོག་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སྤྱན་ནམ་ཞལ་ལ་ནི་སྔགས་ཀྱི་དངོས་གྲུབ་པོ། །ལུས་ ཀྱི་སྟོད་ལ་ནི་མཆོག་གོ། །དབུས་ལ་ནི་འབྲིང་ངོ་། །འོག་གི་ཆ་ལ་དམན་པའོ། །སྐུ་ལ་ཧ་ཅང་རིང་བ་ལ་ཡུན་རིང་པོས་སོ། །ཉེ་བ་ལ་དངོས་གྲུབ་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེ་མིག་ལ་སོགས་པ་རྣམ་པར་བཅད་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྷུང་ན་དེའི་ ཚེ་མེ་ཏོག་གང་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ལ་ནི་གཉིས་ཀའི་དངོས་གྲུབ་ཀྱི་མཆོག་གྲུབ་པོ། །དེའི་ཚེ་གང་ལ་དད་པ་དེའི་རིགས་ཡིན་ནོ། །རེ་ཁཱ་ལྔའི་ཕྱི་ངོས་སུ་ལྷུང་ན་ལན་གསུམ་གྱི་བར་དུ་སླར་ཡང་དོར་བར་བྱའོ། །དེ་ལ་ཡང་ཕྱི་རོལ་དུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །ཕྱིའི་ རེ་ཁཱ་ཟླུམ་པོ་རྣམས་དང་། ཕྱིའི་རྡོ་རྗེ་ར་བའི་ཕྱི་རོལ་ལ་ནི་དངོས་གྲུབ་མེད་དོ། །དཀྱིལ་འཁོར་ཡང་འདི་ལ་མི་བསྟན་ནོ། །སྔགས་བཟླས་པ་ལ་སོགས་པའི་སྐལ་བ་དང་ལྡན་པ་ཉིད་དུ་བསྒྲུབས་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས་སོ། ། དེ་ནས་མེ་ཏོག་དེ་བཟུང་ནས་ཕྲེང་བ་ལ་བཅིངས་ཏེ་ཕྲེང་བ་དེ། ཨོཾ་པྲ་ཏི་གྲིཧྣ་ཏྭཾ་ཨི་མཾ་སཏྭ་མ་ཧཱ་བ་ལ། དེ་བརྗོད་ཅིང་སློབ་མའི་མགོ་བོར་བཅིང་ངོ་། །ཕྲེང་བའི་དབང་གི་ཆོ་གའོ།། །།འདིར་རྡུལ་ཚོན་གྱི་རང་བཞིན་གྱི་ལྷ་རྣམས་ལ་གང་གིས་མེ་ཏོག་གཏོར་བར་གྱུར་ཀྱང་སྐྱོན་ཅུང་ཟད་མེད་དེ། སེམས་ དགེ་བ་ལ་ཉེས་པ་མེད། །ཅེས་པའོ། །དེ་ལྟར་མི་ཤེས་པ་ལ་ནི་དྲི་མ་མེད་པའི་འོད་ལས་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་མེ་ཏོག་དོར་ན་རྡུལ་ཚོན་ཉམས་པའི་ཕྱིར་བསོད་ནམས་མ་ཡིན་པར་འགྱུར་རོ། །དེ་བས་ན་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པའི་མཚན་མ་ལ་མེ་ཏོག་གཏོར་བར་བྱའོ་ཞེས་གསུངས་ སོ། །འདིར་ཕེབས་པར་གྱུར་པ་ན་དགེ་བ་ལ་སོགས་པ་སྨྲས་པའི་རྗེས་ལ། ཨོཾ་ཏིཥྛ་བཛྲ་ཞེས་པ་འདིས་ཕེབས་པ་བརྟན་པར་བྱས་ནས་མིག་གི་སྣང་བ་དྲི་བ་ནས་བརྩམས་ཏེ་མགོ་བོར་བཅིང་བའི་མཐར་ཐུག་པར་བྱས་ནས་བབས་པའི་ལྷ་གཤེགས་སུ་གསོལ་བར་བྱའོ། །མི་ནུས་པས་ནི་འབབ་པའི་ ཆོ་ག་མ་བྱས་པར་དམ་ཚིག་གི་ཆུ་སྦྱིན་པའི་མཇུག་ཐོགས་སུ་མིག་གི་སྣང་བ་དྲི་བ་ལ་སོགས་པ་ཐམས་ཅད་བྱའོ་ཞེས་འཆད་དོ། །དེའི་རྗེས་སུ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་། དཔྲལ་བར་རཾ་དང་། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། ཨོཾ་དེ་རིང་རྡོ་རྗེ་སེམས་ དཔའ་རང་། །ཁྱེད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་མེད་པ། །ཐམས་ཅད་མིག་ནི་དབྱེ་བར་མཛོད། །ཨོཾ་ཛྙཱ་ན་ཙཀྵུཿཧཱུཾ་ཨ་སྭཱ་ཧཱ། ཞེས་བརྗོད་ཅིང་གདོང་གཡོགས་བསལ་བར་བྱའོ། །རྡོ་རྗེའི་མིག་ནི་གཟུགས་ཅན་ཐམས་ཅད་ལ་ཐོགས་པ་མེད་པའི་མིག་གོ། །བླ་ན་མེད་པ་ནི་སངས་ རྒྱས་རྣམས་ཅི་བཞིན་དུ་སྒྲིབ་པ་སྤང་བའི་ཕྱིར་རོ། །ཐམས་ཅད་མིག་ནི་ཐམས་ཅད་གཟིགས་པའི་ཕྱིར་རོ། །དེ་ནས་ཀྱི་རྡོ་རྗེ་ལྟོས་ཤིག་ཅེས་སྨྲའོ། །ལྷ་རྣམས་ཀྱི་མིང་བརྗོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་བདག་པོ་ནས་བརྩམས་ཏེ། བྱང་གི་སྒོ་སྐྱོང་ངམ་ཇི་ལྟར་ཡོད་པར་གནོད་མཛེས་ཀྱི་ བར་དུ་བསྟན་ནས། ད་ནི་དད་པའི་ཤུགས་ཀྱིས་སུ། །དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །དངོས་གྲུབ་ཀུན་ནི་ཕུན་སུམ་ཚོགས། །དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱིས། །རྡོ་རྗེ་པདྨ་རྩེ་རོལ་ པ། །གསང་སྔགས་རྣམས་ལ་སྒྲུབ་པ་གྱིས། །ཞེས་བརྗོད་དེ། རྡོ་རྗེ་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་ཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་། །གསང་བའི་དཀྱིལ་འཁོར་དཀྱིལ་འཁོར་ཆེན་པོར་བདག་དབང་བསྐུར། །ཞེས་བརྗོད་དུ་བཅུག་ ལ་དམ་ཚིག་ཏུ་གཞུག་གོ། །ཧོཿཧོཿཧོཿཞེས་བྱའོ། །དཀྱིལ་འཁོར་དུ་སློབ་མ་མཐོང་བའི་བདག་ཉིད་ཅན་དུ་གཞུག་པའི་ཆོ་གའོ།། །།དེའི་རྗེས་སུ་ཆུའི་དབང་གི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་རབ་ཏུ་བསྒྲལ་བའི་ཕྱིར། །ནམ་མཁའི་རྡོ་རྗེ་དིང་བདག་སྩོལ། །ཞེས་བརྗོད་ཅིང་གསོལ་བ་གདབ་པོ། །དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཇི་ལྟར་ཁྲུས་ཀྱི་ཆུས་དེ་ལ་མི་རེག་པར་ཤར་གྱི་ཕྱོགས་སུ་འཇུག་པའི་སྒོ་ལ་ཕྱོགས་པར་སྒོ་ནུབ་ ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་གཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་ཞེས་པ་ནས་བརྩམས་ཏེ། ཤིང་སྟན་ལ་སོགས་པར་དཀྱིལ་འཁོར་དེ་བསྒོམ་པར་བྱ་ཞེས་པའི་མཐར་ཐུག་པ་སྐུ་གཟུགས་ཀྱི་ཁྲུས་ཀྱི་དོན་དུ་སྔར་བསྟན་པར་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམས་ཤིང་དཀྱིལ་འཁོར་ལ་ མངོན་པར་ཕྱོགས་པ་ལ། ཨོཾ་ཨཱཿབིགྷྣཱན་ཞེས་པ་ལ་སོགས་པ་སྦྱང་བའི་རིམ་པ་སྔར་བརྗོད་པས་སྦྱང་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་མཐའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། རིག་པའི་ལྷ་མོ་རྣམས་ལ་མཆོད་དེ། སློབ་མ་དབང་བསྐུར་བའི་དོན་ དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱབས་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཤེས་རབ་དང་སྙོམས་པར་ཞུགས་པ་དེ་རྣམས་འདོད་ ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ཏེ་རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བ་དེ་ཁ་ནས་ལྷ་མོའི་པདྨར་ཞུགས་པའི་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པའི་གཟུགས་ཤེས་རབ་དང་བཅས་པའི་ཡེ་ཤེས་ སེམས་དཔའ་དང་དབྱེར་མེད་པ་ལ་དབང་བསྐུར་ནས་སླར་ཕྱག་དང་ཞབས་ལ་སོགས་པའི་སྐུ་རྣམས་ཀྱི་པདྨ་ནས་ཕྱུང་སྟེ། ནམ་མཁའ་གང་བར་གནས་པའི་སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པ་རྣམས་ཀྱིས་གདུགས་དང་། རྒྱལ་མཚན་དང་། བ་དན་དང་། ན་བཟའ་དང་། རོལ་མོའི་སྒྲ་དང་། གླུ་དང་། གར་དང་། མེ་ཏོག་དང་། གུར་གུམ་ལ་སོགས་པའི་ཆར་རྣམས་དང་། ཕྱག་གིས་ཅུང་ཟད་ཡོ་བར་བཟུང་བའི་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་བཀང་བ་རྣམས་ཀྱིས་པདྨ་ལས་ཕྱུང་བའི་སློབ་མ་དབང་བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་ ཀྱིས། བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། དེ་ནི་དེང་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་ གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨ་རྣམ་རྒྱས་འདབ་འདྲའི་སྤྱན་མངའ་བ། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དེ་ཡིས་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མི་ཡིས་མཆོད། །ཆོས་མཆོག་སྐྱེ་དགུ་རྣམས་ལ་རྟག་ཏུ་ཞི་བྱེད་ པ། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །དམ་ཆོས་ལྡན་པ་ཐོས་དང་བཀྲ་ཤིས་ཀྱིས་ཕྱུག་ཅིང་། །དགེ་འདུན་མི་དང་ལྷ་དང་ལྷ་མིན་ཡོན་གྱི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་ཤིང་དཔལ་གྱི་གཞི། །དེ་ནི་དེ་རིང་ཁྱོད་ལ་ཞི་བྱེད་བཀྲ་ཤིས་ཤོག །ཅེས་པའི་བཀྲ་ཤིས་ཀྱི་གླུ་རྣམས་ཀྱིས་ བཀྲ་ཤིས་ཉེ་བར་སྦྱོར་བཞིན་པ་ལ། རང་གིས་ཀྱང་དེ་རྣམས་གླུར་བླངས་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་ཅུང་ཟད་བཅུས་ཏེ། པདྨའི་སྣོད་དམ་དུང་ཆོས་སུ་བླུགས་པས་སམ། །ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་ཆུ། ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཨ་བྷི་ཥེ་ཀེ་ན་ཏྭཾ་ཨ་བྷི་ཥིཉྩཱ་མི་སརྦ་ཏ་ཐཱ་ ག་ཏ་ཨ་བྷི་པྲི་ཏྲེ་ན་དྲྀ་ཌྷོ་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལ་དགའ་བས་མ་བརྗོད་ཀྱང་རུང་སྟེ། ཡལ་འདབ་དང་བཅས་པའི་རྡོ་རྗེ་ལག་པ་གཡས་པས་བཟུང་བ་ཡིན་ཏེ། དེ་ནས་དེ་བཞིན་གཤེགས་པ་བཞིའི་བུམ་པ་རྣམས་ཀྱིའོ། །དེ་ནས་ལྷ་མོ་བཞིའི་བུམ་པ་རྣམས་ཀྱིའོ། ། དེ་ནས་ཇི་ལྟར་རིགས་པར་དཀྱིལ་འཁོར་བའི་བུམ་པ་རྣམས་ཀྱིའོ། །མེད་ན་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་ཡལ་འདབ་དང་བཅས་པའི་རྡོ་རྗེའི་རྩེ་མོས་བླུགས་པས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་དབང་བསྐུར་བར་བྱའོ། །དེའི་ཚེ་དེ་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་འགྱུར་རོ་ཞེས་བསམ་དུ་གཞུག་པར་བྱའོ། །ཆུའི་དབང་གི་ཆོ་གའོ། ། དེ་ནས་བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་བླ་མ་ལ་གསོལ་བ་བཏབ་པར་གྱུར་པ་སྟེ། ཨཱྃ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལ་ནམ་མཁའ་ལ་གནས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་བུམ་པས་དབང་ བསྐུར་བཞིན་པ་དང་། གཟུགས་རྡོ་རྗེ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་ལེན་པར་བསྒོམ་པར་བྱ་སྟེ། རྡོ་རྗེ་དང་། བདག་པོ་དང་། མིང་གི་དབང་རྣམས་ལ་ཡང་དེ་བཞིན་ནོ། །དེ་ནས་གསེར་དང་རས་ལ་སོགས་པ་ལས་བྱས་པའི་རིན་ཆེན་འབྱུང་ལྡན་ལས་སྐྱེས་ཤིང་དེའི་རང་བཞིན་ཡེ་ཤེས་སེམས་དཔའི་ ངོ་བོ་སློབ་མའི་རིགས་ཀྱི་བདག་པོ་དབུས་ན་གནས་པའི་དེ་བཞིན་གཤེགས་པ་ལྔས་བྱིན་གྱིས་བརླབས་པའི་དབུ་རྒྱན་དེའི་མགོ་བོའི་དབུས་སུ་དཔྲལ་བ་དང་ལོགས་གཉིས་སུ་དང་སྤྱི་བོ་དང་རྒྱབ་རྣམས་སུ་རིམ་པ་བཞིན་དུ་ཨོཾ་བཛྲ་དྷཱ་ཏྭི་ཤྭ་རི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲཱུཾ། ཨོཾ་རཏྣ་བཛྲི་ཨ་ བྷི་ཥིཉྩ་ཨཱཿཨོཾ་དྷརྨ་བཛྲི་ཨ་བྷི་ཥིཉྩ་ཧྲཱིཿཨོཾ་ཀརྨ་བཛྲི་ཨ་བྷི་ཥིཉྩ་ཏྲཱཾ་ཞེས་པའི་སྔགས་ལྔས་བཞག་ནས། མགོ་ལ་བསྐོན་ཞིང་། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་དང་། ཨོཾ་ཨཱཿབཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་པ་བཛྲ་ཏུ་ཥྱ་ཧོཿ ཞེས་བརྗོད་པས་དགྱེས་པར་བྱའོ། །ཅོད་པན་གྱི་དབང་གི་ཆོ་གའོ།། །།དེ་ནས་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ། །དེ་ནས་དེ་ལྟར་གསོལ་བ་བཏབ་པར་གྱུར་པའི་སློབ་མ་ཧྲཱིཿདང་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཐའ་ཡས་ ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་དང་། རྡོ་རྗེ་ཡང་སྣང་བ་མཐའ་ཡས་ཀྱི་བདག་ཉིད་དུ་བསམས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ལ་སོགས་པའི་ཚིགས་བཅད་བཏོན་ཏེ། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ཡི། །དབང་གིས་དེར་ནི་ཁྱོད་དབང་བསྐུར། །འདི་དེ་སངས་རྒྱས་ ཐམས་ཅད་ཉིད། །རྡོ་རྗེ་རབ་ཏུ་གྲུབ་ཕྱིར་ཟུང་། །ཞེས་བརྗོད་ཅིང་སློབ་མའི་སྙིང་ག་དང་། མགྲིན་པ་དང་། མགོ་བོ་རྣམས་ལ་རྡོ་རྗེས་རེག་ནས་རྡོ་རྗེ་ལག་པ་གཡས་སུ་སྦྱིན་པར་བྱའོ། །རྡོ་རྗེའི་དབང་གི་ཆོ་གའོ།། །།དེ་ནས་དེ་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་དེ། །ཁཾ་དང་རལ་ གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ་དང་། དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པར་བྱས་ནས་དེའི་ལག་པ་གཡོན་དུ་བྱིན་ལ་ལག་པ་རྡོ་རྗེ་དྲིལ་བུ་དང་ལྡན་པ་དག་གིས་ཕྱག་རྒྱ་ལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། དབང་བསྐུར་ཞེས་ པའི་ཚིགས་སུ་བཅད་པ་བརྗོད་པ་སྔོན་དུ་འགྲོ་བས། ཨོཾ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩཱ་མི་ཏིཥྛ་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད་ལ། ཨོཾ་བཛྲ་གྷཎྜེ་ཨཿཨཿ། བཅོམ་ལྡན་གཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར་པར་མཛོད། །ཅེས་འདོན་དུ་གཞུག་གོ། །བདག་པོའི་དབང་སྟེ་མིང་གཞན་དྲིལ་བུའི་ དབང་གི་ཆོ་གའོ།། །།དེའི་རྗེས་སུ་དེ་བཞིན་དུ་གསོལ་བ་བཏབ་པར་གྱུར་པ་སྟེ། ཨོཾ་དང་འཁོར་ལོ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྒོམས་ནས། མགོ་བོར་རྡོ་རྗེ་དང་དྲིལ་བུ་མཉམ་པར་བཟུང་ཞིང་། དབང་བསྐུར་ཞེས་པ་ལ་ སོགས་པའི་ཚིགས་སུ་བཅད་པ་བརྗོ