Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 4 / 15 (50.000 ký tự/trang)
་། རྡོ་རྗེའོ། །རིན་ཆེན་འབྱུང་ལྡན་གྱི་པདྨ་ལ་རྡོ་རྗེ་རིན་ཆེན་དང་། རྡོ་རྗེ་གཟི་བརྗིད་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་ཀྱི་རིམ་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་ རྡོ་རྗེའོ། །སྣང་བ་མཐའ་ཡས་ཀྱི་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་། རྡོ་རྗེ་རྒྱུ་དང་། རྡོ་རྗེ་སྲུང་བ་རྣམས་ཀྱི་པདྨ་དམར་པོ་དང་། རལ་གྲི་དང་། འཁོར་ལོ་རྩིབས་བརྒྱད་པ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །དོན་ཡོད་གྲུབ་པའི་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་ཁུ་ཚུར་ རྣམས་ཀྱི་སྣ་ཚོགས་རྡོ་རྗེ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་དང་། རྡོ་རྗེ་རྩེ་ལྔ་པའོ། །མི་བསྐྱོད་པ་ལ་སོགས་པ་སོ་སོའི་བྱང་ཆུབ་སེམས་དཔའ་གསུམ་པའི་མཚན་མ་ནི་བྱང་གི་འདབ་མར་དང་། བཞི་པའི་མཚན་མ་ནི་ནུབ་ཀྱི་འདབ་མ་ལ་བྲི་བར་བྱའོ། །མེ་ལ་སོགས་པའི་པདྨའི་ལྟེ་ བའི་ཟླ་བ་རྣམས་ལ་རྡོ་རྗེ་སྒེག་མོ་དང་། རྡོ་རྗེ་ཕྲེང་བ་མ་དང་། རྡོ་རྗེ་གླུ་མ་དང་། རྡོ་རྗེ་གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། རྡོ་རྗེའོ། །དབུས་ཀྱི་གཞལ་ཡས་ཁང་ལས་ཕྱི་རོལ་གྱི་སྣམ་བུའི་ཤར་དུ་བྱམས་པ་དང་། མཐོང་བ་དོན་ཡོད་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་ དང་མུན་པ་ཐམས་ཅད་འཇོམས་པའི་བློ་གྲོས་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་རྩེ་ལྔ་པ་རྣམས་སོ། །ལྷོ་ཕྱོགས་སུ་སྤོས་ཀྱི་གླང་པོ་དང་། དཔའ་བར་འགྲོ་བ་དང་། ནམ་མཁའ་མཛོད་དང་། ཡེ་ཤེས་ཏོག་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་རིན་པོ་ཆེ་རྣམས་སོ། །ནུབ་ཏུ་འོད་དཔག་མེད་ དང་། ཟླ་འོད་དང་། བཟང་སྐྱོང་དང་། དྲ་བ་ཅན་གྱི་འོད་རྣམས་ཀྱི་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་རྡོ་རྗེ་པདྨ་རྣམས་སོ། །བྱང་དུ་རྡོ་རྗེ་སྙིང་པོ་དང་། བློ་གྲོས་མི་ཟད་པ་དང་། སྤོབས་པ་བརྩེགས་པ་དང་། ཀུན་དུ་བཟང་པོ་རྣམས་ཀྱི་པདྨ་དང་ཟླ་བ་རྣམས་ལ་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཕྱིའི་དཀྱིལ་འཁོར་གྱི་མེ་ ལ་སོགས་པའི་གྲྭ་རྣམས་སུ་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་བདུག་སྤོས་མ་དང་། རྡོ་རྗེ་མེ་ཏོག་མ་དང་། རྡོ་རྗེ་མར་མེ་མ་དང་། རྡོ་རྗེ་དྲི་ཆབ་མ་རྣམས་ཀྱི་མཚན་མ་ནི་སྔ་མ་བཞིན་ནོ། །ཤར་ལ་སོགས་པའི་སྒོར་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་ དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་མཚན་མ་རྣམས་སོ། །སྣམ་བུ་རྣམས་ལ་བུམ་པ་རྣམས་སོ། །བཞི་བཅུ་རྩ་གསུམ་གྱི་བདག་ཉིད་ཅན་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་ལ་ཕྱིའི་དཀྱིལ་འཁོར་གྱི་རྩིག་པ་ལྔ་ནི་སྔོན་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། སེར་པོ་སྟེ། ཤར་ལ་སོགས་པའི་ ཕྱོགས་དང་། དབུས་ཀྱིས་ཐམས་ཅད་ཀྱང་ངོ་། །དཀྱིལ་འཁོར་གཉིས་པ་ལ་རྩིག་པ་གསུམ་སྟེ། སྔོན་པོ་དང་། དཀར་པོ་དང་། སེར་པོའོ། །འཁོར་ལོ་གསུམ་པ་ལ་རྩིག་པ་དཀར་པོ་གཅིག་གོ། །དེ་ལ་དབུས་ཀྱི་ས་གཞི་སེར་པོ་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་འཇམ་དཔལ་གྱི་རལ་གྲི་ཡུ་བ་སེར་པོ་ཅན་ ནོ། །ཤར་ལ་སོགས་པའི་རེ་མིག་གི་ཉི་མ་ལ་མི་བསྐྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་རྣམས་རྡོ་རྗེ་སྔོན་པོ་དང་། རིན་པོ་ཆེ་དང་། པདྨ་དཀར་པོ་དང་། རལ་གྲིའོ། །དབང་ལྡན་ལ་སོགས་པའི་རེའུ་མིག་གི་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་ དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་རྡོ་རྗེ་སེར་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྗང་གུའོ། །རིམ་པ་གཉིས་པའི་དཀྱིལ་འཁོར་ལ་ཤར་ལ་སོགས་པའི་ཕྱོགས་སུ་ཟླ་བ་རྣམས་ལ་སེམས་མ་རྡོ་རྗེ་མ་དང་། རིན་ཆེན་རྡོ་རྗེ་མ་དང་། ཆོས་ཀྱི་རྡོ་རྗེ་མ་དང་། ལས་ཀྱི་རྡོ་རྗེ་མ་རྣམས་ཀྱི་ མཚན་མ་ནི་མི་བསྐྱོད་པ་ལ་སོགས་པ་བཞིན་ནོ། །དབང་ལྡན་ལ་སོགས་པའི་མཚམས་སུ་ཟླ་བ་རྣམས་ལ་ཙུནྡ་དང་། རིན་ཆེན་དཀར་མདའ་དང་། ཁྲོ་གཉེར་ཅན་དང་། རྡོ་རྗེ་ལྕགས་སྒྲོག་མ་རྣམས་ཀྱི་རལ་གྲི་དང་། རིན་པོ་ཆེ་སེར་པོ་དང་། རྡོ་རྗེ་དཀར་པོ་དང་། རྡོ་རྗེ་ལྕགས་སྒྲོག་ལྗང་གུ་རྣམས་སོ། ། རིམ་པ་གསུམ་པའི་དཀྱིལ་འཁོར་ལ་ཤར་གྱི་ཟླ་བ་རྣམས་ལ་བྱམས་པ་དང་། འཇམ་དཔལ་དང་། སྤོས་ཀྱི་གླང་པོ་དང་། ཡེ་ཤེས་ཏོག་རྣམས་ཀྱི་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་དང་། རལ་གྲི་དང་། ལག་ལྡན་གྱི་སྣམ་བུ་ལ་གནས་པ་དང་། ཡིད་བཞིན་གྱི་ནོར་བུ་སེར་པོའོ། །ལྷོའི་ཟླ་བ་ རྣམས་ལ་བཟང་སྐྱོང་དང་། བློ་གྲོས་རྒྱ་མཚོ་དང་། བློ་གྲོས་མི་ཟད་དང་། སྤོབས་པ་བརྩེགས་པ་རྣམས་ཀྱི་མདའ་དམར་པོ་དང་། དཀར་པོ་དང་སེར་པོ་དང་། ལྗང་གུའོ། །ནུབ་ཀྱི་ཟླ་བ་རྣམས་ལ་མཐུ་ཆེན་ཐོབ་པ་དང་། ངན་སོང་ཀུན་འདྲེན་དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་ པའི་བློ་གྲོས་དང་། དྲ་བ་ཅན་གྱི་འོད་རྣམས་ཀྱི་པདྨ་དཀར་པོ་དང་། མདའ་དཀར་པོ་དང་། མདའ་སེར་པོ་དང་། ཨུཏྤ་ལ་དམར་པོ་ལ་གནས་པའི་ཉི་མའོ། །བྱང་ཕྱོགས་ཀྱི་ཟླ་བ་རྣམས་ལ་ཟླ་འོད་དང་། འོད་དཔག་མེད་དང་། ནམ་མཁའ་མཛོད་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ རྣམས་ཀྱི་ཨུཏྤལ་ལ་གནས་པའི་ཟླ་བ་དང་། བུམ་པ་དམར་པོ་དང་། མདའ་སེར་པོ་དང་། མདའ་སྔོན་པོའོ། །འདིར་གོ་རིམས་བཞིན་དུ་ཤར་ལ་སོགས་པའི་སྒོ་རྣམས་སུ་ལོགས་གཉིས་ཀྱི་སྣམ་བུ་ལ་མཚན་མ་གཉིས་གཉིས་སོ། །ཤར་ལ་སོགས་པའི་སྒོར་ཉི་མ་རྣམས་ལ་གཤིན་རྗེ་ མཐར་བྱེད་དང་། གཞན་གྱིས་མི་ཐུབ་པ་དང་། རྟ་མགྲིན་དང་། བདུད་རྩི་འཁྱིལ་པ་རྣམས་ཀྱི་རལ་གྲི་ཡུ་བ་ནག་པོ་ཅན་དང་། རྡོ་རྗེ་སེར་པོ་དང་། རྡོ་རྗེ་དབྱུག་པ་དམར་པོ་དང་། རལ་གྲི་ཡུ་བ་སྔོན་པོ་ཅན་དང་། དབང་ལྡན་ལ་སོགས་པའི་མཚམས་ཀྱི་ཉི་མ་རྣམས་ལ་མི་གཡོ་བ་དང་། འདོད་པའི་ རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་རྣམས་ཀྱི་རལ་གྲི་སྔོན་པོ་དང་། རྡོ་རྗེ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་སྔོན་པོ་དང་། རྡོ་རྗེ་དབྱུག་པ་སྔོན་པོའོ། །གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་རོལ་དུ་ཉི་མ་ལ་གནོད་མཛེས་ཀྱི་རལ་གྲིའོ། །རྟ་མགྲིན་གྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་རྡོ་རྗེ་ས་འོག་ གི་རྡོ་རྗེ་ལྕགས་ཀྱུའོ། །ཟླ་བ་དང་ཉི་མ་ཐམས་ཅད་ཀྱི་འོག་ཏུ་སྣ་ཚོགས་ཆུ་སྐྱེས་སོ། །སྣམ་བུ་རྣམས་ལ་བུམ་པ་རྣམས་སོ། །ཁ་ཅིག་ཏུ་ནི་གཤིན་རྗེ་གཤེད་ཀྱི་མཚན་མའི་ཕྱི་ངོས་སུ་ཉི་མ་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་དང་དེའི་ཕྱི་ངོས་སུ་གནོད་མཛེས་ཀྱི་རལ་གྲིའོ་ཞེས་གསུངས་སོ། ། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་ལ་ནང་གི་འཁོར་ལོ་ཚོན་དཀར་པོས་དགང་བར་བྱའོ། །གཞན་ནི་སྔ་མ་བཞིན་ནོ། །དབུས་ཀྱི་དཀྱིལ་འཁོར་གྱི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་ཟླ་བ་ལ་འཇམ་པའི་དབྱངས་ཀྱི་རལ་གྲི་ཡུ་བ་སེར་པོ་ཅན་ནོ། །ཤར་ལ་སོགས་པ་དང་དབང་ལྡན་ ལ་སོགས་པའི་འདབ་མའི་ཟླ་བ་རྣམས་ལ་གོ་རིམས་བཞིན་གཡས་སྐོར་དུ་གཙུག་ཏོར་ཆེན་པོ་དང་། གདུགས་དཀར་པོ་དང་། གཟི་བརྗིད་ཕུང་པོ་དང་། རྣམ་པར་རྒྱལ་བའི་གཙུག་ཏོར་དང་། འོད་ཟེར་རྣམ་པར་འཕྲོ་བ་དང་། འཕགས་པ་དང་། ཆེར་འཕགས་པ་དང་། རྒྱལ་ བ་སྟེ་གཙུག་ཏོར་བརྒྱད་པོ་རྣམས་ཀྱི་འཁོར་ལོ་སེར་པོ་རྣམས་སོ། །ཤར་གྱི་རེ་མིག་གི་དབུས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་ལ་མི་བསྐྱོད་པའི་རྡོ་རྗེ་སྔོན་པོའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་སེམས་དཔའ་དང་། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་ཆགས་པ་དང་། རྡོ་རྗེ་ལེགས་པ་རྣམས་ཀྱི་རྡོ་རྗེ་དང་། རྡོ་རྗེ་ལྕགས་ཀྱུ་དང་། མདའ་དང་རྡོ་རྗེའོ། །ལྷོའི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨ་དང་། ཉི་མ་ལ་རིན་ཆེན་འབྱུང་ལྡན་གྱི་ཡིད་བཞིན་གྱི་ནོར་བུ་སེར་པོའི་རྒྱལ་མཚན་ནོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་རྡོ་རྗེ་ རིན་ཆེན་དང་། རྡོ་རྗེ་ཉི་མ་དང་། རྡོ་རྗེ་ཏོག་དང་། རྡོ་རྗེ་བཞད་པ་རྣམས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཉིས་ཀྱིས་མཚན་པའི་རིན་པོ་ཆེའི་ཕྲེང་བ་དང་། ཉི་མའི་དཀྱིལ་འཁོར་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སོའི་ཕྲེང་བ་དང་ལྡན་པའི་རྡོ་རྗེའོ། །ནུབ་ཀྱི་རེ་མིག་གི་དབུས་སུ་སྣ་ཚོགས་པདྨར་ཉི་མ་ལ་ སྣང་བ་མཐའ་ཡས་ཀྱི་པདྨ་དམར་པོའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཟླ་བ་རྣམས་ལ་རྡོ་རྗེ་ཆོས་དང་། རྡོ་རྗེ་རྣོན་པོ་དང་རྡོ་རྗེ་རྒྱུ་དང་རྡོ་རྗེ་སྲུང་བ་རྣམས་ཀྱི་པདྨ་དང་། རལ་གྲི་དང་། ཆོས་ཀྱི་འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག་པའི་ལྕེའོ། །བྱང་ཕྱོགས་ཀྱི་རེ་མིག་གི་ དབུས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་དོན་ཡོད་གྲུབ་པའི་རལ་གྲིའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་ལས་དང་། རྡོ་རྗེ་སྲུང་བ་དང་། རྡོ་རྗེ་གནོད་སྦྱིན་དང་རྡོ་རྗེ་ཁུ་ཚུར་རྣམས་ཀྱི་རྡོ་རྗེ་རྩེ་གསུམ་པ་དང་། རྡོ་རྗེ་གོ་ཆ་དང་། རྡོ་རྗེས་མཚན་པའི་མཆེ་བ་ དང་། རྡོ་རྗེ་རྩེ་ལྔ་པའོ། །དབང་ལྡན་ལ་སོགས་པའི་མཚམས་ཀྱི་རེ་མིག་གི་པདྨ་དང་ཟླ་བ་རྣམས་ལ་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་མཚན་མ་རྣམས་ནི་འཇམ་པའི་དབྱངས་དང་། མི་བསྐྱོད་པ་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པའི་མཚན་མ་ བཞིན་ནོ། །ཤར་ལ་སོགས་པའི་སྒོར་སྣ་ཚོགས་པདྨ་དང་ཉི་མ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེ་ཞགས་པ་དང་། རྡོ་རྗེ་ལྕགས་སྒྲོག་དང་། རྡོ་རྗེ་འབེབས་པ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །ནང་གི་དཀྱིལ་འཁོར་འདི་ལས་དཀྱིལ་འཁོར་གཉིས་པར་ཤར་ཕྱོགས་སུ་སྣ་ཚོགས་པདྨ་ དང་ཟླ་བ་རྣམས་ལ་ས་བཅུ་གཉིས་སོ། །མོས་པས་སྤྱོད་པ་དང་། རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། སྦྱང་དཀའ་བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་། ཀུན་དུ་འོད་ཀྱི་ ས་རྣམས་ཀྱི་གོ་རིམས་བཞིན་དུ་གཡས་སྐོར་དུ་པདྨ་དམར་པོ་དང་། ཡིད་བཞིན་གྱི་ནོར་བུ་དང་། པདྨ་དཀར་པོ་དང་། སྣ་ཚོགས་པདྨ་ལ་གནས་པའི་ཉི་མ་དང་། ཨུཏྤ་ལ་དང་། ནོར་བུ་མརྒད་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། སྣ་ཚོགས་ཆུ་སྐྱེས་ཀྱི་སྟེང་དུ་སྣ་ཚོགས་ རྡོ་རྗེ་ཡུ་བ་དང་བཅས་པའི་པདྨ་དང་། ཟླ་བ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་དམར་པོ་དང་། ཨུཏྤ་ལའི་སྟེང་དུ་རལ་གྲི་དང་། ཆོས་ཀྱི་སྤྲིན་གྱིས་ཡོངས་སུ་བསྐོར་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། པདྨ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུའོ། །ལྷོར་སྣ་ཚོགས་པདྨ་ དང་ཟླ་བ་རྣམས་ལ་རིན་ཆེན་པདྨའི་ཕ་རོལ་ཏུ་ཕྱིན་པ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྡོ་རྗེ་ལས་ཀྱི་ཕ་རོལ་ཏུ་ཕྱིན་པ་བཅུ་གཉིས་ རྣམས་ཀྱི་པདྨའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དང་འབྲུ་སྣ་ཚོགས་པའི་རིན་པོ་ཆེའི་སྙེ་མ་དང་། ལོ་མ་དང་བཅས་པའི་ཨ་ཤོ་ཀའི་མེ་ཏོག་གི་ཆུན་པོ་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་སྔོན་པོ་དང་། པདྨ་དཀར་པོ་དང་། པདྨ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། ཆུ་སྐྱེས་སེར་པོ་ལ་ གནས་པའི་རྡོ་རྗེ་དང་། ཨུཏྤལ་ལ་གནས་པའི་རལ་གྲི་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། རིན་པོ་ཆེ་སྣ་ཚོགས་པའི་འབྲས་བུས་བརྒྱན་པའི་བྱང་ཆུབ་ཀྱི་ཤིང་གི་ཡལ་ག་དང་། ཨུཏྤལ་ལ་གནས་པའི་སྣ་ཚོགས་རྡོ་རྗེའོ། །ནུབ་ཏུ་སྣ་ཚོགས་ཆུ་སྐྱེས་དང་། ཟླ་བ་རྣམས་ལ་ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་རྣམས་དང་། དེ་བཞིན་ཉིད་དང་། སངས་རྒྱས་ཀྱི་བྱང་ཆུབ་སྟེ། དབང་བཅུ་གཉིས་རྣམས་ཀྱི་ནོར་བུ་པདྨ་རཱ་ག་ལ་གནས་པའི་ཏིང་ངེ་ འཛིན་གྱི་ཕྱག་རྒྱ་དང་ལྡན་པའི་ཚེ་དཔག་མེད་པའི་སངས་རྒྱས་ཀྱི་གཟུགས་དང་། རྡོ་རྗེ་དམར་པོ་རྩེ་ལྔ་པ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། སྣ་ཚོགས་རྡོ་རྗེ་དང་། མེ་ཏོག་ཛཱ་ཏི་ཁ་དོག་སྣ་ཚོགས་པའི་ཡལ་འདབ་དང་། པདྨ་ལ་གནས་པའི་ཉི་ཟླའི་དཀྱིལ་འཁོར་དང་། པྲི་ཡང་ཀུའི་མེ་ ཏོག་གི་སྙེ་མ་དང་། ཨུཏྤ་ལ་སྔོན་པོ་དང་། ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། པདྨ་ལ་གནས་པའི་བུམ་པ་བཟང་པོ་དང་། འདམ་སྐྱེས་དཀར་པོ་དང་། ཆུ་སྐྱེས་སེར་པོ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པའོ། །བྱང་ཕྱོགས་སུ་སྣ་ཚོགས་པདྨ་དང་ཟླ་བ་རྣམས་ལ་དབྱིག་གི་བློ་གྲོས་མ་དང་། རིན་པོ་ ཆེའི་སྐར་མདའ་དང་། གཙུག་ཏོར་རྣམ་པར་རྒྱལ་མ་དང་། འོད་ཟེར་ཅན་དང་། རི་ཁྲོད་ལོ་མ་ཅན་དང་། ཛཾ་གུ་ལཱི་དང་། སྒོ་མཐའ་ཡས་མ་དང་། སྐུལ་བྱེད་མ་དང་། ཤེས་རབ་འཕེལ་མ་དང་། ལས་དང་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་མ་དང་། ཡེ་ཤེས་མི་ཟད་པའི་ཟ་མ་ཏོག་དང་། སངས་ རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་མཛོད་ལྡན་མ་རྣམས་ཏེ། གཟུངས་བཅུ་གཉིས་རྣམས་ཀྱི་འབྲས་ཀྱི་སྙེ་མ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། ནོར་བུ་ཟླ་བ་ཆུ་ཤེལ་གྱི་བུམ་པ་དང་། སྐུད་པ་དང་བཅས་པའི་ཁབ་དང་། རྨ་བྱའི་མཇུག་སྒྲོ་དང་། དུག་གི་མེ་ཏོག་གི་ཆུན་པོ་དང་། པདྨ་དམར་པོ་ ལ་གནས་པའི་མི་ཟད་པའི་གཏེར་ཆེན་པོའི་བུམ་པ་དང་། རིལ་པ་སྤྱི་བླུགས་ལ་ཕྲེང་བ་དཔྱངས་པ་དང་། ཨུཏྤ་ལ་སྔོན་པོ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་གསུམ་པས་མཚན་པའི་པདྨ་དཀར་དམར་དང་། རིན་པོ་ཆེའི་ཟ་མ་ཏོག་དང་། པདྨ་ལ་གནས་པའི་རིན་པོ་ཆེ་སྣ་ཚོགས་པའི་དཔེ་སྒྲོམ་མོ། །ཤར་ལ་ སོགས་པའི་སྒོར་ཆུ་སྐྱེས་དང་། ཉི་མ་རྣམས་ལ་ཆོས་སོ་སོ་ཡང་དག་པར་རིག་པ་དང་དོན་སོ་སོ་ཡང་དག་པར་རིག་པ་དང་། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྤོབས་པ་སོ་སོ་ཡང་དག་པར་རིག་པ་རྣམས་ཀྱི་རྡོ་རྗེ་དང་ལྕགས་ཀྱུ་དང་། རིན་པོ་ཆེའི་ཞགས་པ་དང་། མཐའ་གཉིས་སུ་པདྨས་ མཚན་པའི་ལྕགས་སྒྲོག་དང་། རྡོ་རྗེ་རྩེ་གསུམ་པས་མཚན་པའི་དྲིལ་བུའོ། །མེ་ལ་སོགས་པའི་མཚམས་སུ་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། པི་ཝང་དང་། རྡོ་རྗེའོ། །དཀྱིལ་འཁོར་གསུམ་པར་པདྨ་དང་ཟླ་བ་རྣམས་ལ་ཤར་ཕྱོགས་ སུ་ཀུན་དུ་བཟང་པོའི་ཨུཏྤ་ལ་ལ་གནས་པའི་རལ་གྲི་དང་། བློ་གྲོས་མི་ཟད་པའི་རལ་གྲི་དང་། སའི་སྙིང་པོའི་པདྨ་ལ་གནས་པའི་དཔག་བསམ་གྱི་ཤིང་དང་། ནམ་མཁའི་སྙིང་པོའི་རིན་པོ་ཆེའོ། །ལྷོ་ཕྱོགས་སུ་ནམ་མཁའ་མཛོད་ཀྱི་ཡིད་བཞིན་གྱི་ནོར་བུ་དང་། ཕྱག་ན་རིན་ཆེན་གྱི་རིན་པོ་ཆེ་དང་། བློ་གྲོས་རྒྱ་མཚོའི་དུང་དང་། རྡོ་རྗེ་སྙིང་པོའི་རྡོ་རྗེའོ། །ནུབ་ཏུ་སྤྱན་རས་གཟིགས་དབང་ཕྱུག་གི་པདྨ་དང་། མཐུ་ཆེན་ཐོབ་ཀྱི་རལ་གྲི་དང་། ཟླ་འོད་ཀྱི་རྡོ་རྗེ་དང་བཅས་པའི་འཁོར་ལོ་དང་། དྲ་བ་ཅན་གྱི་འོད་ཀྱི་རལ་གྲིའོ། །བྱང་དུ་པདྨ་དང་ཟླ་བ་རྣམས་ལ་འོད་དཔག་མེད་དང་། སྤོབས་པ་བརྩེགས་པ་ དང་། མྱ་ངན་དང་མུན་པ་ཐམས་ཅད་ངེས་པར་འཇོམས་པའི་བློ་གྲོས་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་རྣམས་ཀྱི་སྣ་ཚོགས་པདྨ་དང་། པདྨ་ལ་གནས་པའི་རལ་གྲི་དང་། རྡོ་རྗེ་རྩེ་ལྔ་པ་དང་། རལ་གྲིའོ། །ཤར་ལ་སོགས་པའི་སྒོར་པདྨ་དང་། ཉི་མ་རྣམས་ལ་གཤིན་རྗེ་མཐར་བྱེད་ དང་། ཤེས་རབ་མཐར་བྱེད་དང་། པདྨ་མཐར་བྱེད་དང་། བགེགས་མཐར་བྱེད་རྣམས་ཀྱི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་སུ་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་རྣམས་ལ་འཇིག་རྟེན་གསུམ་ལས་རྣམ་པར་ རྒྱལ་བ་དང་། རྡོ་རྗེ་ཉི་མ་མེ་ལྟར་འབར་བ་དང་། ཧེ་རུ་ཀ་རྡོ་རྗེ་དང་། རྟ་མཆོག་རྣམས་ཀྱི་རལ་གྲི་དང་། རྡོ་རྗེ་དང་། རྡོ་རྗེ་རྩེ་ལྔ་པ་དང་། སྣ་ཚོགས་རྡོ་རྗེ་རྣམས་སོ། །གཤིན་རྗེ་མཐར་བྱེད་ཀྱི་མཚན་མའི་ཕྱིར་གཙུག་ཏོར་འཁོར་ལོས་སྒྱུར་བའི་འཁོར་ལོ་སེར་པོའོ། །པདྨ་མཐར་བྱེད་ཀྱི་ མཚན་མའི་ཕྱིར་གནོད་མཛེས་ཀྱི་རྡོ་རྗེའོ། །འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་ལ་སོགས་པའི་མཚན་མ་བཞིའི་ཕྱི་ངོས་སུ་དཀྱིལ་འཁོར་གསུམ་པ་ཁོ་ནའི་ཟུར་གྱི་ནང་དུ་རེ་ཁཱ་བྱའོ། །དེའི་ཕྱི་ངོས་ཀྱི་གནས་ཀྱི་མེ་ལ་སོགས་པའི་ཟུར་ཐིག་རྣམས་ཀྱི་གཡས་ལོགས་སུ་གནས་པའི་ པདྨ་དང་ཟླ་བ་རྣམས་ལ་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། རིན་པོ་ཆེའི་སྒྲོན་མའི་མཆོད་སྡོང་དང་དུང་ངོ་། །གཡོན་ལོགས་སུ་གནས་པའི་པདྨ་དང་ཟླ་བ་རྣམས་ལ་རྡོ་རྗེ་གཟུགས་མ་དང་། རྡོ་རྗེ་སྒྲ་མ་ མ་དང་། རྡོ་རྗེ་རོ་མ་དང་། རྡོ་རྗེ་རེག་བྱ་མ་རྣམས་ཀྱི་མེ་ལོང་དང་། པི་ཝང་དང་། རོའི་སྣོད་དང་། གོས་སྣ་ཚོགས་སོ། །ཕྱི་རོལ་རྡོ་རྗེའི་རིགས་ཀྱི་དཀྱིལ་འཁོར་ལ་པདྨ་རྣམས་ལ་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་པོ་རྣམས་ཀྱི་རྡོ་རྗེ་དང་། དབྱུག་པ་དང་། ཀླུའི་ཞགས་པ་དང་། ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པའི་མཚམས་སུ་དབང་ལྡན་དང་། མེ་ལྷ་དང་། སྲིན་པོའི་བདག་པོ་དང་། རླུང་ལྷ་རྣམས་ཀྱི་རྩེ་གསུམ་པ་དང་། བླུགས་གཟར་དང་། རལ་གྲི་དང་། རླུང་རས་སོ། །དེ་ནས་དབང་ལྡན་གྱི་ཕྱི་ངོས་དང་ཉེ་བར་ དབང་ལྡན་གྱི་མཚམས་ནས་བརྩམས་ཏེ། མཚན་མ་རྣམས་རིམ་གྱིས་བྲི་བར་བྱའོ། །དེ་ལ་ཚངས་པའི་བགྲང་ཕྲེང་ངོ་། །ཁྱབ་འཇུག་གི་འཁོར་ལོའོ། །དབང་ཕྱུག་ཆེན་པོའི་རྩེ་གསུམ་པ་དང་། གདོང་དྲུག་གི་ཤག་ཏི་དང་། ཚངས་མོའི་ཕྲེང་བ་དང་། དྲག་མོའི་རྩེ་གསུམ་དང་། ཁྱབ་འཇུག་མའི་འཁོར་ ལོ་དང་། གཞོན་ནུ་མའི་ཤཀྟི་དང་། དབང་མོའི་རྡོ་རྗེ་དང་། ཕག་མོའི་ཉ་རོ་ཧི་ཏ་དང་། ཙ་མུཎྜིའི་གྲི་གུག་དང་། བྷྲྀངྒི་རི་ཏིའི་ཕྲེང་བ་དང་། ཚོགས་བདག་གི་དགྲ་སྟ་དང་། ནག་པོ་ཆེན་པོའི་རྩེ་གསུམ་དང་། དགའ་བྱེད་དབང་ཕྱུག་གི་རྫ་རྔ་དང་། ཉི་མའི་པདྨ་ལ་གནས་པའི་དཀྱིལ་འཁོར་དང་། ཟླ་བའི་ ཀུནྡ་ལ་གནས་པའི་དཀྱིལ་འཁོར་དང་། མིག་དམར་གྱི་གྲི་གུག་དང་། ལྷག་པའི་མདའ་དང་། ཕུར་བུའི་ཕྲེང་བ་དང་། པ་ཝ་སངས་ཀྱི་ཕྲེང་བ་དང་། སྤེན་པའི་དབྱུག་པ་ནག་པོ་དང་། སྒྲ་གཅན་གྱི་ཟླ་བ་དང་། མཇུག་རིངས་ཀྱི་ཀླུའི་ཞགས་པ་དང་། སྟོབས་བཟངས་ཀྱི་གཤོལ་དང་། རྒྱལ་བར་བྱེད་པའི་ མེ་ཏོག་གི་ཕྲེང་བ་དང་། སྦྲང་རྩིར་བྱེད་པའི་ཆུ་སྲིན་གྱི་རྒྱལ་མཚན་དང་། དཔྱིད་ཀྱི་ཟླ་དང་། མཐའ་ཡས་དང་། ནོར་རྒྱས་དང་། འཇོག་པོ་དང་། སྟོབས་ཀྱི་རྒྱུ་དང་། པདྨ་དང་། པདྨ་ཆེན་པོ་དང་། དུང་སྐྱོང་དང་། རིགས་ལྡན་རྣམས་ཀྱིས་ཐལ་མོ་སྦྱར་བ་འམ། ཡང་ན་རང་རང་གི་ཕའི་མཚན་མ་དང་འདྲ་ བའི་མཚན་མའོ། །དེ་ལ་མཐའ་ཡས་དང་རིགས་ལྡན་ནི་བྲམ་ཟེ་སྟེ་མེ་ལྷའི་བུའོ། །ནོར་རྒྱས་དང་དུང་སྐྱོང་ནི་རྒྱལ་རིགས་ཏེ་དབང་པོའིའོ། །འཇོག་པོ་དང་པདྨ་ཆེན་པོ་ནི་རྗེའུའི་རིགས་ཏེ་རླུང་ལྷའོ། །སྟོབས་ཀྱི་རྒྱུ་དང་པདྨ་ནི་དམངས་རིགས་ཏེ་ཆུ་ལྷའིའོ། །ཐགས་བཟངས་རིས་དང་། སྟོབས་ལྡན་ དང་། རབ་ཏུ་ཚིམ་བྱེད་དང་། རྣམ་པར་སྣང་བྱེད་ལ་སོགས་པ་ལྷ་མ་ཡིན་གྱི་དབང་ཕྱུག་ཆེན་པོ་རྣམས་ཀྱི་རལ་གྲི་ལ་སོགས་པའི་མཚོན་ཆ་སྣ་ཚོགས་པའོ། །ནམ་མཁའ་ལྡིང་གི་དབང་པོའི་ཐལ་མོ་སྦྱར་བའོ། །མིའམ་ཅིའི་རྒྱལ་པོ་ལྗོན་པའི་པི་ཝང་ངོ་། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པའི་པི་ ཝང་ངོ་། །རིག་པ་འཛིན་པའི་རྒྱལ་པོ་དོན་ཀུན་གྲུབ་པའི་མེ་ཏོག་གི་ཕྲེང་བའོ། །གང་བ་བཟང་པོ་དང་། ནོར་བུ་བཟང་པོ་དང་། ནོར་སྦྱིན་དང་། རྣམ་ཐོས་ཀྱི་བུ་དང་། ཙི་པི་ཀུཎྜ་ལི་དང་། ཀི་ལི་མི་ལི་དང་། སྒོའི་དབང་པོ་དང་། སྤྱོད་པའི་དབང་པོ་སྟེ། གནོད་སྦྱིན་གྱི་དབང་པོ་རྣམས་ཀྱི་ཤིང་ཐོག་ བི་ཛ་པཱུ་ར་རྣམས་སོ། །འཕྲོག་མའི་ཆང་བུ་གཉིས་སོ། །ཐ་སྐར་དང་། བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་དང་། ལག་དང་། ནམ་སོ་དང་། རྒྱལ་དང་སྐག་དང་། མཆུ་དང་། གྲེ་དང་། དབོ་དང་། མེ་བཞི་དང་། ནག་པ་དང་། ས་རི་དང་། ས་ག་དང་། ལྷ་མཚམས་དང་། སྣྲོན་དང་། སྣྲུབས་དང་། ཆུ་སྟོད་དང་། ཆུ་སྨད་དང་། གྲོ་བཞིན་དང་། མོན་གྲེ་དང་། མོན་གྲུ་དང་། ཁྲུམས་སྟོད་དང་། ཁྲུམས་སྨད་དང་། ནམ་གྲུ་དང་། བྱི་བཞིན་རྣམས་ཀྱི་ནི་ལག་པ་ཐལ་མོ་སྦྱར་བའི་ཕྱག་རྒྱ་རྣམས་སོ། །འདིར་ཡང་སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའོ། །དཀྱིལ་འཁོར་ བཞི་པ་ལ་བུམ་པ་རྣམས་སོ། །ངན་སོང་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་ལ་རྡོ་རྗེ་ཕྲེང་བ་སྔོན་པོའི་ནང་དུ་འཁོར་ལོ་རྩིབས་བརྒྱད་སེར་པོའི་དབུས་སུ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་སེར་པོའོ། །ཤར་ལ་སོགས་པའི་རྩིབས་རྣམས་ལ་ས་གནོན་གྱི་ཕྱག་རྒྱ་དཀར་པོ་དང་། མཆོག་སྦྱིན་གྱི་ཕྱག་རྒྱ་སྔོན་པོ་ དང་། བསམ་གཏན་གྱི་ཕྱག་རྒྱ་དམར་པོ་དང་། མི་འཇིགས་པའི་ཕྱག་རྒྱ་ལྗང་གུ་རྣམས་སོ། །མེ་ལ་སོགས་པའི་རྩིབས་རྣམས་ལ་ཉི་མ་དང་ཡིད་བཞིན་ནོར་བུའི་རྒྱལ་མཚན་དང་། རལ་གྲི་དང་། གདུགས་སོ། །རྡོ་རྗེ་ཕྲེང་བའི་ཕྱིའི་མེ་ལ་སོགས་པའི་མཚམས་རྣམས་སུ་སྒེག་མོ་ལ་སོགས་པའི་ མཚན་མའོ། །ཤར་ལ་སོགས་པའི་སྣམ་བུ་རྣམས་ལ་སྒོའི་གཡོན་དུ་མཚན་མ་གཉིས་ཏེ། གཡས་སུ་ཡང་ངོ་། །དེར་ཀླུ་ཤིང་གི་མེ་ཏོག་དང་། སྤྱན་དང་བཅས་པའི་ཆུ་སྐྱེས་དང་། ལྕགས་ཀྱུ་དང་། དབྱུག་པ་དང་། དུང་དང་། རལ་གྲི་དང་། པདྨ་ལ་གནས་པའི་ཆོས་ཀྱི་ སྒྲོམ་དང་། ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་དང་། བདུད་རྩིའི་བུམ་པ་དང་། པདྨ་ལ་གནས་པའི་ཟླ་བའི་གཟུགས་དང་། རིན་པོ་ཆེ་དང་། རྡོ་རྗེ་གུར་དང་། རྡོ་རྗེ་དང་བཅས་པའི་ཨུཏྤ་ལ་དང་བདུད་རྩིའི་བུམ་པ་དང་། ཆུ་སྐྱེས་ལ་གནས་པའི་རིན་པོ་ཆེ་དང་། རིན་པོ་ཆེའི་སྙེ་མའོ། །མེ་ལ་སོགས་ པའི་མཚམས་རྣམས་ལ་མེ་ཏོག་ལ་སོགས་པའི་མཚན་མ་རྣམས་སོ། །སྒོ་རྣམས་ལ་རྡོ་རྗེ་ལྕགས་ཀྱུ་ལ་སོགས་པ་རྣམས་སོ། །མཚན་མ་སུམ་ཅུ་རྩ་བདུན་པོ་རྣམས་སྣ་ཚོགས་པདྨ་དང་ཟླ་བ་ལ་གནས་པའོ། །མགྲིན་པ་སྔོན་པོ་ལ་སོགས་པ་རྣམས་ཀྱི་མཚན་མ་ནི་མི་བྲི་བ་ཡང་ངོ་། །འབྱུང་པོ་འདུལ་བྱེད་ཀྱི་ དཀྱིལ་འཁོར་ལ་རྩིག་པ་ལྔ་དང་། ཤར་ལ་སོགས་པའི་ས་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོའོ། །ཐིག་གི་རེ་ཁཱ་གསུམ་ནི་དཀར་པོ་དང་། དམར་པོ་དང་། ནག་པོའོ། །ཐིག་གི་རེ་ཁཱ་གཅིག་དང་། རྡོ་རྗེ་ཕྲེང་བའི་རེ་ཁཱ་གཉིས་ནི་ནག་པོའོ། །ནང་གི་ཕོ་བྲང་གི་དབུས་ཀྱི་ རེ་མིག་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ་བཅོམ་ལྡན་འདས་འབྱུང་པོ་འདུལ་བྱེད་ཀྱི་རྡོ་རྗེ་རྩེ་ལྔ་པ་སྔོན་པོའོ། །ཤར་དུ་ཉི་མ་ལ་དབང་ཕྱུག་ཆེན་པོའི་རྩེ་གསུམ་པའོ། །ལྷོར་ཉི་མ་ལ་ཁྱབ་འཇུག་གི་འཁོར་ལོའོ། །ནུབ་ཏུ་ཟླ་བ་ལ་ཚངས་པའི་ཕྲེང་བའོ། །བྱང་དུ་ཉི་མ་ལ་སྨིན་དྲུག་གི་བུའི་ཤཀྟིའོ། །དབང་ལྡན་ དུ་ཟླ་བ་ལ་ཚོགས་བདག་གི་དགྲ་སྟའོ། །མེར་ཉི་མ་ལ་ཉི་མའི་པདྨ་ལ་གནས་པའི་ཉི་མའི་དཀྱིལ་འཁོར་རོ། །བདེན་བྲལ་དུ་ཉི་མ་ལ་སྒྲ་གཅན་གྱི་ཟླ་བའི་དཀྱིལ་འཁོར་རོ། །རླུང་དུ་ཟླ་བ་ལ་དགའ་བྱེད་དབང་ཕྱུག་གི་ཅང་ཏེའུའོ། །རིམ་པ་གཉིས་པར་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་དབང་མོ་དང་། ཐིག་ལེ་མཆོག་མ་དང་། ཟླ་བ་མོ་དང་། དཀའ་བཟློག་མ་རྣམས་ཀྱི་ཟླ་བ་ལ་པདྨ་དཀར་པོ་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། གདེངས་ཀའི་རྣམ་པའི་ལག་པའོ། །མེ་ལ་སོགས་པར་རིན་ཆེན་དཔལ་མོ་དང་། དབྱངས་ཅན་མ་དང་། ལྷ་མཛེས་མ་དང་། ཀུན་དུ་འབྱོར་པ་རྣམས་ཀྱི་ཟླ་བ་ རྣམས་ལ་རིམ་པ་བཞིན་དུ་དྲིའི་དུང་ཆོས་དང་། པི་ཝང་དང་། རིན་པོ་ཆེའི་ཕྲེང་བ་དང་། རྡོ་རྗེ་རྩེ་གསུམ་པའོ། །རིམ་པ་གསུམ་པར་ཤར་ལ་སོགས་པའི་ཕྱོགས་སུ་དབང་པོ་དང་། གཤིན་རྗེ་དང་། ཆུ་བདག་དང་། ལུས་ངན་རྣམས་ཀྱི་ཟླ་བ་ལ་གནས་པའི་རྡོ་རྗེ་དང་། ཉི་མ་ལ་གནས་པའི་ཐོད་པས་ མཚན་པའི་དབྱུག་པ་དང་། ཟླ་བ་ལ་གནས་པའི་ཀླུའི་ཞགས་པ་དང་། ཟླ་བ་ལ་གནས་པའི་དབྱུག་ཏོའོ། །མེ་ལ་སོགས་པའི་མཚམས་སུ་མེ་ལྷ་དང་། བདེན་བྲལ་དང་། རླུང་ལྷ་དང་། ཟླ་བ་རྣམས་ཀྱི་ཉི་མ་ལ་གནས་པའི་ཕྲེང་བ་དང་། ཉི་མ་ལ་གནས་པའི་རལ་གྲི་དང་། ཟླ་བ་ལ་གནས་པའི་ རླུང་རས་དང་། ཟླ་བ་དང་ཀུ་མུ་ད་ལ་གནས་པའི་ཟླ་བའི་དཀྱིལ་འཁོར་རོ། །ཟླ་བའི་མཚན་མ་དང་ཉེ་བར་དབང་ལྡན་གྱི་ཉི་མ་ལ་རྩེ་གསུམ་མོ། །རིམ་པ་བཞི་པར་ཤར་ལ་སོགས་པའི་ཕྱོགས་སུ་སེང་གེའི་རྒྱལ་མཚན་འཛིན་མ་དང་། རྣམ་རྒྱལ་མ་དང་། པད་ཆེན་མ་དང་། ཆང་འཕྲོག་མ་རྣམས་ཀྱི་ ཟླ་བ་ལ་སེང་གེའི་རྒྱལ་མཚན་དང་། ལྕགས་ཀྱུ་དང་། མདའ་དང་། ཡིད་བཞིན་གྱི་ནོར་བུའོ། །དབང་ལྡན་ལ་སོགས་པར་མཆོག་འཕྲོག་མ་དང་། རིན་ཆེན་དབང་ཕྱུག་མ་དང་། རྒྱལ་མ་དང་། འགྲོ་སྐྱོང་མ་རྣམས་ཀྱི་ཟླ་བ་ལ་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། དྲིའི་དུང་ཆོས་དང་། མར་ མེའི་མཆོད་སྡོང་ངོ་། །འདིར་ཉི་མ་དང་། ཟླ་བ་ཐམས་ཅད་ནི་སྣ་ཚོགས་པདྨ་ལ་གནས་པའོ། །རིམ་པ་བཞི་པར་བུམ་པ་རྣམས་སོ། །མཁའ་འགྲོ་མའི་དཀྱིལ་འཁོར་ལ་དབུས་ཀྱི་གཞལ་ཡས་ཁང་གི་དབུས་སུ་ཤེས་རབ་དང་བཅས་པའི་ཀྱེའི་རྡོ་རྗེའི་གྲི་གུག་དང་ཐོད་པའོ། །ཤར་ལ་སོགས་ པའི་སྒོར་དཀར་མོ་དང་། ཆོམ་རྐུན་མ་དང་། རོ་ལངས་མ་དང་། ཟ་ཕོད་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུ་རྣམས་སོ། །དབང་ལྡན་ལ་སོགས་པའི་མཚམས་རྣམས་སུ་སྤོས་མོ་དང་། རི་ཁྲོད་མ་དང་། གཏུམ་མོ་དང་། གཡུང་མོ་རྣམས་ཀྱི་བྱང་ཆུབ་ སེམས་ཀྱི་བུམ་པ་དང་། རི་རབ་དང་། མེ་ཁབ་དང་། རྒྱལ་མཚན་ཆེན་པོའི་བ་དན་ནོ། །དེ་ལས་ཤར་གྱི་གཞལ་ཡས་ཁང་གི་དབུས་སུ་རྟག་པའི་ཐོད་པ་ལ་གནས་པའི་རྨ་བྱའོ། །ཤར་ལ་སོགས་པའི་སྒོར་སྐམ་པ་མོ་དང་། ཞགས་པ་མ་དང་། ངོ་ཟླུམ་མ་དང་། ལྕགས་ཀྱུ་འཛིན་མ་རྣམས་ཀྱི་སྐམ་ པ་དང་། ཞགས་པ་དང་། ཉ་རྒྱ་ཟླུམ་པོ་དང་། ལྕགས་ཀྱུའོ། །དབང་ལྡན་ལ་སོགས་པར་མེ་ཏོག་མ་དང་། བདུག་སྤོས་མ་དང་། མར་མེ་མ་དང་། དྲི་ཆབ་མ་རྣམས་ཀྱི་མེ་ཏོག་གི་སྣོད་དང་། སྤོས་ཕོར་དང་། མར་མེའི་མཆོད་སྡོང་དང་། དྲི་སེར་པོས་གང་བའི་དུང་ངོ་། །ལྷོའི་གཞལ་ ཡས་ཁང་གི་དབུས་སུ་རྡོ་རྗེ་ཉི་མའི་ཐོད་པ་ལ་གནས་པའི་བྱ་ཀ་རཎྜ་དང་། ཤར་ལ་སོགས་པའི་སྒོར་ཉི་ལག་མ་དང་། མར་མེ་མ་དང་། རིན་ཆེན་སྐར་མདའ་མ་དང་། ཕྱག་ན་གློག་ཐོགས་མ་རྣམས་ཀྱི་ཉི་མའི་དཀྱིལ་འཁོར་དང་། མར་མེའི་མཆོད་སྡོང་དང་། རིན་པོ་ཆེ་དང་། གློག་གི་ཕྲེང་བའོ། །དབང་ ལྡན་ལ་སོགས་པར་སྒེག་མོ་དང་། ཕྲེང་བ་མ་དང་། གླུ་མ་དང་། གར་མ་རྣམས་ཀྱི་རྡོ་རྗེ་དང་། རིན་པོ་ཆེའི་ཕྲེང་བ་དང་། ཁར་རྔ་དང་། རྡོ་རྗེའོ། །ནུབ་ཀྱི་གཞལ་ཡས་ཁང་གི་དབུས་སུ་པདྨ་གར་གྱི་དབང་ཕྱུག་གི་ཐོད་པ་ལ་གནས་པའི་དོམ་དང་ཤར་ལ་སོགས་པའི་སྒོར་པདྨ་དང་། ཆོས་འབྱུང་མ་དང་། སྒྲོག་མ་དང་། རང་འཁྱུད་མ་རྣམས་ཀྱི་པདྨ་དང་། ཆོས་འབྱུང་དང་། སྒྲོག་དང་། རྡོ་རྗེའོ། །དབང་ལྡན་ལ་སོགས་པར་གླིང་བུ་མ་དང་། པི་ཝང་མ་དང་། རྔ་མུ་ཀུཎྜ་མ་དང་། རྫ་རྔ་མ་རྣམས་ཀྱི་རང་རང་གི་རོལ་ཆ་རྣམས་སོ། །བྱང་གི་གཞལ་ཡས་ཁང་གི་དབུས་སུ་རྟ་མཆོག་གི་ཐོད་པ་ལ་གནས་པའི་གཟའ་ ལྷག་དང་། ཤར་ལ་སོགས་པའི་སྒོར་སྒོ་ལྕགས་མ་དང་། ལྡེ་ཀྱོག་མ་དང་། སྒོ་གླེགས་མ་དང་། ཡོལ་བ་འཛིན་མ་རྣམས་ཀྱི་སྒོ་ལྕགས་དང་། ལྡེ་ཀྱོག་དང་། སྒོ་གླེགས་དང་། ཡོལ་བའོ། །དབང་ལྡན་ལ་སོགས་པར་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་རྣམས་ཀྱི་འཁོར་ལོ་ དང་། རྡོ་རྗེ་དང་། པདྨ་དང་། ཨུཏྤལའོ། །ཕྱིའི་དཀྱིལ་འཁོར་ཆེན་པོའི་སྒོ་རྣམས་སུ་དཀར་མོ་ལ་སོགས་པའི་མཚན་མ་རྣམས་དང་། དབང་ལྡན་ལ་སོགས་པར་སྤོས་མོ་ལ་སོགས་པའི་མཚན་མ་རྣམས་སོ། །མཚན་མ་འདི་རྣམས་ནི་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་རྟག་པ་ཁོ་ནའི་ཟླ་བ་ལ་གནས་ པའོ། །དཀྱིལ་འཁོར་སོ་སོ་ལ་བདུད་རྩིའི་བུམ་པ་རྣམས་སོ། །ཁ་ཅིག་ནི་དཀྱིལ་འཁོར་ཆེན་པོ་ཁོ་ན་ལའོ་ཞེས་སོ། །འཁོར་ལོས་སྒྱུར་བ་དྲུག་གི་དཀྱིལ་འཁོར་ལ་མཚན་མ་རྣམས་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པ་སྟེ། སངས་རྒྱས་མཁའ་འགྲོ་ཁོ་ནའི་ཟླ་བ་ལ་གནས་པའོ། །གཞལ་ཡས་ ཁང་དྲུག་པོ་རྣམས་ཀྱི་གྲྭ་རྣམས་སུ་སྣ་ཚོགས་པདྨ་ལ་གནས་པའི་ཐོད་པ་རྣམས་སོ། །དེ་ལ་དབུས་ཀྱི་དཀྱིལ་འཁོར་གྱི་དབུས་ཀྱི་པདྨ་ལ་རྡོ་རྗེ་སེམས་དཔའི་རྡོ་རྗེའོ། །མཚམས་ཀྱི་པདྨ་རྣམས་ལ་མཁའ་འགྲོ་མ་དང་། ལཱ་མཱ་དང་། དུམ་སྐྱེས་མ་དང་། གཟུགས་ཅན་མ་རྣམས་ཀྱི་ཅང་ཏེའུ་ རྣམས་སོ། །འདིར་དགོད་པའི་རིམ་པ་ནི་ཤར་ལ་སོགས་པའི་སྒོ་རྣམས་སུ་གཡོན་སྐོར་དང་། མེ་ལ་སོགས་པའི་མཚམས་རྣམས་སུ་གཡས་སྐོར་རོ། །སྒོའི་པདྨ་རྣམས་ལ་ཐོད་པའི་དུམ་བུ་དང་། རབ་ཏུ་གཏུམ་མོ་དག་དང་། ཀེང་རུས་ཆེན་པོ་དང་། གཏུམ་པའི་མིག་ཅན་མ་དག་དང་། ཀེང་རུས་ དང་། འོད་ལྡན་མ་དག་དང་། མཆེ་བ་རྣམ་པར་གཙིགས་མ་དང་། སྣ་ཆེན་མ་དག་གི་རྡོ་རྗེ་བཞིའོ། །ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སངས་རྒྱས་མཁའ་འགྲོའི་དཀྱིལ་འཁོར་དུ་དབུས་ཀྱི་པདྨ་ལ་འཁོར་ལོ་དང་། སྒོའི་པདྨ་རྣམས་ལ་ལྷ་དགྲ་དང་། དཔའ་བོའི་བློ་ཅན་མ་དག་དང་། འོད་དཔག་མེད་དང་། མིའུ་ཐུང་མ་དག་དང་། རྡོ་རྗེ་འོད་དང་། ལང་ཀའི་དབང་ཕྱུག་མ་དག་དང་། རྡོ་རྗེ་ལུས་དང་། ཤིང་གྲིབ་མ་དག་གི་འཁོར་ལོ་རྣམས་སོ། །ཁོར་ཡུག་གི་དབུས་སུ་འཁོར་ལོའི་ཕྲེང་བའོ། །རིན་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་རིན་པོ་ཆེའོ། །སྒོའི་ ཆུ་སྐྱེས་རྣམས་ལ་མྱུ་གུ་ཅན་དང་། ཨེ་ར་པ་ཏི་དག་དང་། རྡོ་རྗེ་རལ་པ་ཅན་དང་། འཇིགས་བྱེད་ཆེན་མོ་དག་དང་། དཔའ་བོ་ཆེན་པོ་དང་། རླུང་ཤུགས་མ་དག་དང་། རྡོ་རྗེ་ཧཱུཾ་མཛད་དང་། ཆང་འཐུང་མ་དག་གི་རིན་པོ་ཆེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་པདྨ་རིན་པོ་ཆེའི་ཕྲེང་བའོ། །པདྨ་ མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་པདྨའོ། །སྒོའི་པདྨ་རྣམས་ལ་ཤིན་ཏུ་བཟང་པོ་དང་། ལྷ་མོ་སྔོ་བསངས་མ་དག་དང་། རྡོ་རྗེ་བཟང་པོ་དང་། ཤིན་ཏུ་བཟང་མོ་དག་དང་། འཇིགས་བྱེད་ཆེན་པོ་དང་། རྟ་རྣ་མ་དག་དང་། མིག་མི་བཟང་དང་། བྱ་གདོང་མ་རྣམས་ཀྱི་པདྨ་རྣམས་སོ། ། ཁོར་ཡུག་གི་དབུས་སུ་པདྨའི་ཕྲེང་བའོ། །རྡོ་རྗེ་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེའོ། །སྒོའི་པདྨ་རྣམས་ལ་སྟོབས་པོ་ཆེ་དང་། འཁོར་ལོའི་ཤུགས་ཅན་མ་དག་དང་། རིན་ཆེན་རྡོ་རྗེ་དང་། དུམ་སྐྱེས་མ་དག་དང་། རྟ་མགྲིན་དང་། ཆང་འཚོང་མ་དག་དང་། ནམ་ མཁའི་སྙིང་པོ་དང་། འཁོར་ལོའི་གོ་ཆ་མ་དག་གི་རྡོ་རྗེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་རྡོ་རྗེའི་ཕྲེང་བའོ། །སྣ་ཚོགས་མཁའ་འགྲོའི་དཀྱིལ་འཁོར་ལ་དབུས་སུ་སྣ་ཚོགས་རྡོ་རྗེའོ། །སྒོའི་པདྨ་རྣམས་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོ་དག་དང་། པདྨ་གར་གྱི་དབང་ ཕྱུག་དང་། སྟོབས་ཆེན་མོ་དག་དང་། རྣམ་པར་སྣང་མཛད་དང་། འཁོར་ལོས་སྒྱུར་མ་དག་དང་། རྡོ་རྗེ་སེམས་དཔའ་དང་། བརྩོན་འགྲུས་ཆེན་མོ་དག་གི་སྣ་ཚོགས་རྡོ་རྗེ་རྣམས་སོ། །ཁོར་ཡུག་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ཕྲེང་བའོ། །གཞལ་ཡས་ཁང་ཆེན་པོའི་སྒོ་རྣམས་ལ་ཁྭ་གདོང་ མ་དང་། འུག་གདོང་མ་དང་། ཁྱི་གདོང་མ་དང་། ཕག་གདོང་མ་རྣམས་ཀྱི་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོག་དང་། དྲིལ་བུའོ། །མཚམས་རྣམས་སུ་གཤིན་རྗེ་བརྟན་མ་དང་། གཤིན་རྗེ་ཕོ་ཉ་མ་དང་། གཤིན་རྗེ་མཆེ་བ་མ་དང་། གཤིན་རྗེ་འཇོམས་མ་རྣམས་ཀྱི་མེ་ལོང་ དང་། པི་ཝང་དང་། དྲིའི་དུང་དང་། རོའི་སྣོད་རྣམས་སོ། །བུམ་པ་རྣམས་ནི་ཇི་ལྟར་རིགས་པར་རོ། །དེ་ལྟར་བརྗོད་པའི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་རྡུལ་ཚོན་དགྱེ་བ་ཡང་ཤེས་པར་བྱ་སྟེ། གཞུང་མངས་པས་འཇིགས་པས་མ་བསྟན་ཏོ། །དུས་ཀྱི་འཁོར་ལོའི་དཀྱིལ་ འཁོར་ལ་ནི་ཚོན་གྱི་ཁ་དོག་གི་རིམ་པ་བཤད་པ་དག་དང་ཕལ་ཆེར་མི་མཐུན་པས། རྡུལ་ཚོན་གྱི་ཁ་དོག་གི་རིམ་པ་བརྗོད་པར་བྱའོ། །ཐུགས་ཀྱི་དཀྱིལ་འཁོར་གྱི་རྡོ་རྗེའི་ཕྲེང་བ་གཉིས་པའི་བར་གྱི་ནང་གིས་ཐམས་ཅད་ནི་ནག་པོའོ། །ཐུགས་དང་། གསུང་དང་སྐུའི་དཀྱིལ་འཁོར་རྣམས་ཀྱི་ ཤར་གྱི་ས་ཐམས་ཅད་ནི་ནག་པོའོ། །ལྷོ་ནི་དམར་པོའོ། །ནུབ་ནི་སེར་པོའོ། །བྱང་དུ་ནི་དཀར་པོའོ། །སྟེགས་བུ་ནི་དཀར་པོའོ། །རིན་ཆེན་སྣམ་བུ་ནི་དམར་པོ་སྟེ། དེ་ལ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའོ། །དྲ་བ་དང་དྲ་བ་ཕྱེད་པའི་ས་ནི་ནག་པོ་སྟེ། དེ་ལ་དྲ་བ་དང་དྲ་བ་ཕྱེད་པ་ནི་དཀར་པོའོ། ། ས་ནག་པོ་ལ་རིན་ཆེན་ཤར་བུ་དཀར་པོའོ། །ས་ནག་པོ་ལ་མདའ་ཡབ་རྣམས་དཀར་པོའོ། །རྟ་བབས་ཀྱི་ཀ་བ་རྣམས་སེར་པོའོ། །ཐུགས་ཀྱི་དཀྱིལ་འཁོར་ལ་ནི་གཙོ་བོའི་པདྨ་ལྗང་གུའོ། །ཞི་བ་ལ་སོགས་པ་ལ་ནི་ཁ་དོག་དཀར་པོ་ལ་སོགས་པར་འགྱུར་རོ། །རྡོ་རྗེ་ཕྲེང་བ་དང་། ཀ་བ་བཅུ་དྲུག་ ནི་ནག་པོ་སྟེ། ཤར་དུ་རལ་གྲི་ནག་པོ་དང་། ལྷོར་རིན་པོ་ཆེ་དམར་པོ་དང་། ནུབ་དུ་འཁོར་ལོ་སེར་པོ་དང་། བྱང་དུ་པདྨ་དཀར་པོ་རྣམས་དང་ལྡན་པའོ། །བུམ་པ་བརྒྱད་ནི་པདྨ་ལ་གནས་ཤིང་དཀར་པོ་སྟེ། པདྨས་ཁ་བརྒྱན་པའོ། །ཐམས་ཅད་དུ་པདྨའི་གདན་གྱི་སུམ་ཆ་ནི་ལྟེ་བའོ། །རྡོ་རྗེ་ ཕྲེང་བ་གཉིས་པ་ནི་ལྗང་གུའོ། །ལྷ་སྣམ་ནི་དཀར་པོའོ། །རྩིག་པའི་རེ་ཁཱ་གསུམ་ནི་ནང་ནས་བརྩམས་ནས་དཀར་པོ་དང་། དམར་པོ་དང་ནག་པོའོ། །དེ་རྣམས་ཀྱིས་ནི་ཆ་དགུར་བྱས་ཏེ། དེ་ལ་ཆ་རེ་དོར་ནས་ཆ་གཉིས་ལ་རེ་ཁཱ་སོ་སོ་བྱའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་རྡོ་རྗེ་དང་རིན་པོ་ ཆེས་སྤྲས་པའོ། །རྟ་བབས་བཅུ་གཉིས་ནི་ཁ་དོག་སྣ་ཚོགས་པའོ། །གསུང་གི་དཀྱིལ་འཁོར་གྱི་ལྷ་སྣམ་དཀར་པོའོ། །དེའི་པདྨ་བརྒྱད་ནི་ཟླ་བ་དང་ཉི་མ་དང་བྲལ་བ་སྟེ། ཕྱོགས་རྣམས་སུ་དམར་པོ་དང་། མཚམས་རྣམས་སུ་དཀར་པོའོ། །རེ་ཁཱ་ལྔའི་ཁ་དོག་ནི་ནང་ནས་བརྩམས་ ཏེ་ལྗང་གུ་དང་། ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོ་རྣམས་སོ། །དེ་རྣམས་ཀྱིས་ཆ་བཅོ་ལྔར་བྱས་ཏེ་དེར་སྔ་མ་བཞིན་རེ་ཁཱ་བྱའོ། །སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ནི་དཀར་པོའོ། །དེའི་པདྨ་རྣམས་ནི་ཟླ་བ་དང་ཉི་མ་དང་བྲལ་བའོ། །རེ་ཁཱ་ལྔ་ནི་སྐུའི་དཀྱིལ་འཁོར་བཞིན་ ནོ། །རྟ་བབས་ཀྱི་ཀ་བ་རྣམས་ཀྱི་འོག་གི་སྟེགས་བུའི་གནས་རྣམས་སུ་སྦྲུལ་གྱི་གདན་རྣམས་ཏེ། སོ་སོར་ཆ་ཆུང་བཅུ་གཉིས་སོ། །དེ་ལ་ཤར་གྱི་ཕྱོགས་སུ་ནག་པོ་ཟླུམ་པོ་གཉིས་ཀྱི་སྟེང་དུ་རྒྱལ་མཚན་གཉིས་སོ། །ལྷོར་གྲུ་གསུམ་དམར་པོ་གཉིས་ལ་བཀྲ་ཤིས་ཀྱིས་མཚན་པའོ། །ནུབ་ ཏུ་གྲུ་བཞི་སེར་པོ་གཉིས་ལ་རྡོ་རྗེས་མཚན་པའོ། །བྱང་དུ་ཟླ་བ་ཕྱེད་པའི་རྣམ་པ་དཀར་པོ་གཉིས་ལ་པདྨས་མཚན་པའོ། །ཤར་གྱི་གཡས་ཀྱི་ཟླུམ་པོའི་གཡས་སུ་ཀླུའི་རྒྱལ་པོ་རྒྱལ་བ་ཞེས་པའི་བདུད་རྩིའི་བུམ་པའོ། །ནུབ་ཀྱི་གཡོན་གྱི་གྲུ་བཞི་པའི་གཡོན་དུ་རྣམ་པར་རྒྱལ་བ་ཞེས་པའི་བདུད་རྩིའི་ བུམ་པའོ། །ཤར་གྱི་རྟ་བབས་ཀྱི་རིམ་པ་དང་པོའི་མྱོས་པ་བསྲུང་བའི་སྟེང་གི་དབུས་ཀྱི་གྲུ་བཞི་པ་ལ་ཆོས་ཀྱི་འཁོར་ལོ་ནག་པོ། དེའི་གཡས་དང་གཡོན་དུ་རི་དགས་དང་རི་དགས་མོ་ནག་པོའོ། །ལྷོར་བུམ་པ་བཟང་པོ་དམར་པོའོ། །དེའི་གཡས་དང་གཡོན་དུ་དུང་དང་། པདྨ་དམར་པོའོ། །ནུབ་ཏུ་ བྱང་ཆུབ་ཀྱི་ཤིང་སེར་པོའོ། །དེའི་གཡས་དང་གཡོན་དག་ཏུ་མིའམ་ཅི་དང་མིའམ་ཅི་མོ་སེར་པོའོ། །བྱང་དུ་རྔ་བོ་ཆེ་དཀར་པོ་སྟེ་དེའི་གཡས་དང་གཡོན་དུ་དབྱུག་པ་དང་ཐོ་བ་དཀར་པོའོ། །མདའ་ཡབ་དང་སའི་ཁོར་ཡུག་གི་དབུས་ཀྱི་ས་ནི་ནག་པོའོ། །དེར་ཇི་ལྟར་མཛེས་ པར་མཆོད་པའི་ཡོ་བྱད་རྣམས་བྲི་བར་བྱའོ། །སའི་ཁོར་ཡུག་ནི་སེར་པོའོ། །དེར་དབང་ལྡན་གྱི་མཚམས་སུ་ཟླ་བ་ཉ་བའི་དཀྱིལ་འཁོར་འཆར་བ་ཆ་ཆུང་བཅུ་གཉིས་པ་དང་། བདེན་བྲལ་དུ་ནུབ་བཞིན་པའི་ཉི་མ་ཆ་ཆུང་བཅུ་གཉིས་པའོ། །ཆུའི་ཁོར་ཡུག་དཀར་པོའོ། །མེའི་ཁོར་ཡུག་དམར་ པོའོ། །རླུང་གི་ཁོར་ཡུག་ནག་པོའོ། །མེ་དང་རླུང་གི་ཁོར་ཡུག་དེ་དག་གི་དབུས་སུ་སོ་སོར་ཆ་ཆུང་བཅུ་གཉིས་པའི་རྩིབས་བརྒྱད་པའི་དུར་ཁྲོད་ཀྱི་འཁོར་ལོ་བརྒྱད་དེ། ཕྱོགས་སུ་དམར་པོ་རྣམས་དང་། མཚམས་སུ་དཀར་པོ་རྣམས་སོ། །ཤར་གྱི་འཁོར་ལོའི་ཕྱི་ངོས་སུ་སྟོང་པའི་དཀྱིལ་ འཁོར་ནུབ་ཀྱི་འཁོར་ལོའི་ཕྱི་ངོས་སུ་ཡང་སྟོང་པའི་དཀྱིལ་འཁོར་རོ། །སྟོང་པའི་དཀྱིལ་འཁོར་གཉིས་འདྲི་བ་ནི་སྒྲུབ་ཐབས་ཀྱི་ལེའུར་གསུངས་པའི་ཚུལ་གྱིས་སོ། །བཅུ་ཆར་ལ་ཡང་མཚན་མ་ནི་གྲི་གུག་གོ། །རླུང་གི་ཁོར་ཡུག་ལ་མཚན་མ་སྣ་ཚོགས་པ་བྲི་བར་བྱ་སྟེ། འདིར་འདོད་པ་སྤྱོད་ པ་ནི་མ་ཡིན་ནོ། །ནམ་མཁའི་ཁོར་ཡུག་ནི་ནག་པོའོ། །དེའི་ལོགས་གཉིས་སུ་ཆ་ཆུང་གསུམ་གསུམ་དོར་ལ་དེར་རེ་ཁཱ་ཟླུམ་སྐོར་གཉིས་སོ། །དབུས་ཀྱི་ཆ་ཆུང་དྲུག་ལ་ནི་རྡོ་རྗེ་ཕྲེང་བ་ལྗང་གུར་བྱའོ། །འོད་ཟེར་འབར་བ་རྣམས་ནི་ཁ་དོག་རྣམ་པ་ལྔའོ། །ཡང་ནང་གི་དཀྱིལ་འཁོར་ དུ་ཤར་ཕྱོགས་སུ་ཚོན་ནག་པོའི་དཔངས་སུ་ནས་ཀྱི་བཞི་ཆ་གཅིག་གོ། །ལྷོའི་དམར་པོ་ནི་གཉིས་སོ། །ནུབ་ཀྱི་སེར་པོ་ནི་བཞིའོ། །བྱང་གི་དཀར་པོ་ནི་གསུམ་མོ། །རྩིག་པའི་རེ་ཁཱ་རྣམས་ཀྱི་དཔངས་སུ་རྡུལ་ཚོན་སེར་པོ་སུམ་འགྱུར་རོ། །རྡོ་རྗེ་ཕྲེང་བ་རྣམས་ཀྱང་ངོ་། །རེ་ཁཱ་གཞན་ནི་ཚོན་ སེར་པོ་ལས་ཉིས་འགྱུར་རོ། །པདྨ་རྣམས་ནི་སྣམ་བུ་ལས་ཉིས་འགྱུར་གྱིས་སོ། །ཉི་ཟླ་དག་ནི་ཆུ་སྐྱེས་ཀྱི་རེ་ཁཱ་ལས་སོ། །དེ་ལྟར་བརྗོད་པའི་དཔངས་ལས་གསུང་གི་དཀྱིལ་འཁོར་ལ་དཔངས་རྣམས་ནི་ཉིས་འགྱུར་རོ། །དེ་རྣམས་ལས་ཉིས་འགྱུར་ནི་སྐུའི་དཀྱིལ་འཁོར་ལའོ། ། མདའ་ཡབ་ལས་ཕྱིའི་མཆོད་པའི་ས་ལ་ནས་གཅིག་གོ། །ས་ལ་སོགས་པའི་ཁོར་ཡུག་དང་རེ་ཁཱ་ཟླུམ་སྐོར་གཉིས་ཀྱི་དཔངས་ནི་སྐུའི་དཀྱིལ་འཁོར་གྱི་རྩིག་པའི་རེ་ཁའི་ཚད་དུའོ། །ས་ཐམས་ཅད་དུ་རྡུལ་ཚོན་གཞན་དགྱེ་བ་ཐམས་ཅད་ཀྱི་ཉིས་འགྱུར་གྱི་དབྱེ་བས་མཉམ་པའོ། །དེ་ལ་ གཙོ་བོའི་ལྟེ་བར་ལྟེ་བ་དང་མཉམ་པའི་དཀར་པོ་དང་དམར་པོ་དང་ནག་པོ་དང་དམར་པོའི་ཟླ་བ་དང་ཉི་མ་དང་། སྒྲ་གཅན་དང་དུས་ཀྱི་མེའི་དཀྱིལ་འཁོར་གྱི་སྟེང་དུ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་རྡོ་རྗེ་སྔོན་པོ་རྩེ་གསུམ་པའོ། །ཤར་གྱི་འདབ་མ་ལ་སྤོས་ཕོར་ནག་པོའོ། །ལྷོར་མར་ མེ་དམར་པོའོ། །ནུབ་ཏུ་དུང་སེར་པོའོ། །བྱང་དུ་ལྷ་བཤོས་དཀར་པོའོ། །མེ་ལ་སོགས་པར་རྔ་ཡབ་ནག་པོ་དང་། དམར་པོ་དང་། དཀར་པོ་དང་། སེར་པོའོ། །དེའི་ཕྱི་ངོས་སུ་དབང་ལྡན་དུ་ཆོས་ཀྱི་དུང་དཀར་པོའོ། །མེར་ཡིད་བཞིན་གྱི་ནོར་བུ་ནག་པོའོ། །བདེན་བྲལ་དུ་ཆོས་ཀྱི་ གཎྜཱི་དམར་པོའོ། །རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །རིམ་པ་གཉིས་པར་ཤར་དུ་པདྨ་དཀར་པོར་ཉི་མ་ལ་རལ་གྲི་ནག་པོའོ། །མེར་པདྨ་དམར་པོར་ཟླ་བ་ལ་ཨུཏྤ་ལ་སྔོན་པོའོ། །ལྷོར་པདྨ་དཀར་པོར་ཉི་མ་ལ་རིན་པོ་ཆེ་ཆ་དགུ་པ་དམར་པོའོ། །བདེན་བྲལ་དུ་པདྨ་དམར་པོར་ཟླ་བ་ལ་ པདྨ་དམར་པོའོ། །ནུབ་ཏུ་པདྨ་དཀར་པོར་ཉི་མ་ལ་འཁོར་ལོ་སེར་པོའོ། །རླུང་དུ་པདྨ་དམར་པོར་ཟླ་བ་ལ་འཁོར་ལོ་སེར་པོའོ། །བྱང་དུ་པདྨ་དཀར་པོར་ཉི་མ་ལ་པདྨ་དཀར་པོའོ། །དབང་ལྡན་དུ་པདྨ་དམར་པོར་ཟླ་བ་ལ་ཨུཏྤ་ལ་དཀར་པོའོ། །རིམ་པ་གསུམ་པའི་སྣམ་བུ་ལ་སྒོ་སོ་སོའི་ལོགས་གཉིས་ སུ་གཉིས་ཏེ་དེ་ལྟར་པདྨ་བརྒྱད་དོ། །དེ་ལ་དྲུག་རྣམས་ཉི་མ་ལའོ། །ནུབ་དང་བྱང་གི་སྒོའི་གཡོན་དག་ཏུ་ཟླ་བ་གཉིས་སོ། །མཚམས་རྣམས་སུ་པདྨ་དང་ཟླ་བ་བཞི་སྟེ་དེ་རྣམས་སུ་དབང་ལྡན་ནས་བརྩམས་ཏེ་མེ་ལོང་དང་། རྡོ་རྗེ་དང་། རལ་གྲི་དང་། གོས་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་རྡོ་རྗེ་ དང་རོའི་སྣོད་དང་། ཆོས་འབྱུང་དང་། འཁོར་ལོ་དང་དྲིའི་དུང་དང་། པི་ཝང་དང་། པདྨ་རྣམས་ཏེ། དཀར་པོ་དང་། སྔོན་པོ་དང་། ནག་པོ་དང་། ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། དམར་པོ་དང་། ལྗང་གུ་དང་སེར་པོ་དང་། སེར་པོ་དང་། སྔོན་པོ་དང་། དཀར་པོའོ། །ཤར་སྒོའི་པདྨ་ དང་། ཉི་མར་རལ་གྲི་ནག་པོ་དང་། ལྷོར་དབྱུག་པ་དམར་པོ་དང་། ནུབ་ཏུ་པདྨ་སེར་པོ་དང་། བྱང་དུ་ཐོ་བ་དཀར་པོའོ། །འདིར་ཉི་མའི་དཀྱིལ་འཁོར་རྣམས་ནི་པདྨ་དཀར་པོ་ལ་གནས་ཤིང་ཟླ་བའི་དཀྱིལ་འཁོར་རྣམས་ནི་པདྨ་དམར་པོ་ལའོ། །ཤར་གྱི་སྟེགས་བུ་ལ་རྟ་བབས་ ཀྱི་ཀ་བའི་རྩ་བའི་གཡོན་དུ་དུང་ནག་པོ་དང་། གཡས་སུ་མེ་ཏོག་སྔོན་པོའི་ཕྲེང་བའོ། །ལྷོར་སྤོས་ཕོར་དམར་པོ་དང་། མར་མེའོ། །ནུབ་ཏུ་ཅོད་པན་སེར་པོ་དང་། དོ་ཤལ་སེར་པོའོ། །བྱང་དུ་འབྲས་བུ་དཀར་པོ་དང་བདུད་རྩི་དཀར་པོས་གང་བའི་ཐོད་པའི་སྣོད་དོ། །སྟེགས་བུ་ཐམས་ཅད་ལ་ནི་རྣམ་ པ་སྣ་ཚོགས་པ་འཛིན་པའི་མཆོད་པའི་ལྷ་མོ་རྣམས་སོ། །ཤར་གྱི་རྟ་བབས་ཀྱི་མཆོད་པའི་ལྷ་མོའི་གནས་ལ་དབུས་སུ་གོས་སོ། །ལྷོར་པདྨའོ། །ནུབ་ཏུ་རྔ་པ་ཊ་ཧའོ། །བྱང་དུ་རྡོ་རྗེའོ། །གསུང་གི་དཀྱིལ་འཁོར་ལ་ནི་ཤར་གྱི་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་གྲི་གུག་ནག་པོ་རྣམས་སོ། །མེར་འཁོར་ལོ་ ནག་པོ་རྣམས་སོ། །གཤིན་རྗེར་དབྱུག་པ་དམར་པོ་རྣམས་སོ། །བདེན་བྲལ་དུ་ཤཀྟི་དམར་པོ་རྣམས་སོ། །ནུབ་ཏུ་རྡོ་རྗེ་སེར་པོ་རྣམས་སོ། །རླུང་དུ་ཚངས་པའི་དབྱུ་གུ་རྩེ་མོ་སེར་པོ་ཅན་རྣམས་སོ། །བྱང་དུ་རྩེ་གསུམ་དཀར་པོ་རྣམས་སོ། །དབང་ལྡན་དུ་པདྨ་དཀར་པོ་རྣམས་སོ། །སྐུའི་དཀྱིལ་འཁོར་ གྱི་སྣམ་བུ་ལ་པདྨའི་ལྟེ་བ་དང་འདབ་མ་རྣམས་ལ་མཚན་མ་རྣམས་སོ། །དེ་ལ་ཤར་གྱི་སྒོའི་གཡས་སུ་རལ་གྲི་རྣམས་སོ། །མེར་དཔག་བསམ་གྱི་ཤིང་རྣམས་སོ། །ལྷོའི་སྒོའི་གཡོན་དུ་རྡོ་རྗེས་མཚན་པའི་དབྱུག་པ་རྣམས་སོ། །གཡས་སུ་ཤཀྟི་རྣམས་སོ། །བདེན་བྲལ་དུ་ཤཀྟི་འམ་ཡང་ན་མདུང་ རྣམས་སོ། །ནུབ་ཀྱི་སྒོའི་གཡོན་དུ་རིན་པོ་ཆེའམ། དབྱུག་ཏོ་རྣམས་སོ། །གཡས་སུ་རྡོ་རྗེ་རྣམས་སོ། །རླུང་དུ་ཁབ་རྣམས་སོ། །བྱང་སྒོའི་གཡོན་དུ་རྩེ་གསུམ་རྣམས་སོ། །གཡས་སུ་ཞགས་པ་རྣམས་སོ། །དབང་ལྡན་དུ་དགྲ་སྟ་རྣམས་སོ། །ཤར་སྒོའི་གཡོན་དུ་འཁོར་ལོ་རྣམས་སོ། ། ཤར་སྒོར་དབྱུག་པའོ། །དེའི་ཕྱི་རོལ་དུ་རྡོ་རྗེ་ལྗང་གུའོ། །ལྷོ་སྒོར་མདའ་དམར་པོའོ། །ནུབ་སྒོར་དབྱུག་ཏོ་སེར་པོའོ། །དེའི་ཕྱི་ངོས་སུ་རྩེ་གསུམ་སྔོན་པོའོ། །བྱང་སྒོར་གཏུན་ཤིང་དཀར་པོའོ། །དབྱུག་པ་ལ་སོགས་པའི་མཚན་མ་འདི་རྣམས་པདྨ་དང་ཉི་མ་ལ་གནས་པའོ། །གསུང་དང་ སྐུའི་དཀྱིལ་འཁོར་དག་གི་ཕྱོགས་ཀྱི་པདྨ་རྣམས་ནི་དམར་པོའོ། །མཚམས་ཀྱི་པདྨ་རྣམས་ནི་དཀར་པོའོ། །འདིར་གསུང་གི་དཀྱིལ་འཁོར་གྱི་སྟེགས་བུ་ལ་ཤར་དུ་སྒོའི་གཡས་སུ་ཨུཏྤ་ལ་དང་། གོས་དང་། གྲི་གུག་དང་། འཁོར་ལོ་དང་། ཁ་ཊྭཱཾ་ག་རྣམས་ནག་པོའོ། །གཡོན་དུ་གྲི་གུག་ དང་། རལ་གྲི་དང་། གྲི་གུག་རྣམས་ནག་པོའོ། །ལྷོའི་སྟེགས་བུ་ལ་སྒོའི་གཡས་སུ་པདྨ་དང་། རོའི་སྣོད་དང་དབྱུག་པ་དང་ཤཀྟི་དང་པདྨ་རྣམས་དམར་པོའོ། །གཡོན་དུ་མདའ་དང་དགྲ་སྟ་དང་། གྲི་གུག་དང་། གྲི་གུག་རྣམས་དམར་པོའོ། །ནུབ་སྒོའི་གཡས་སུ་འཁོར་ལོ་དང་དྲིའི་དུང་ཆོས་དང་། རྡོ་རྗེ་དང་། ཁབ་དང་། འཁོར་ལོ་རྣམས་སེར་པོའོ། །གཡོན་དུ་ཆོས་འབྱུང་ལྗང་གུ་དང་། འཁོར་ལོ་དང་། གྲི་གུག་དང་། གྲི་གུག་རྣམས་སེར་པོའོ། །བྱང་དུ་སྒོའི་གཡས་སུ་ཨུཏྤ་ལ་དང་། མེ་ལོང་དང་། རྩེ་གསུམ་དང་། པདྨ་དང་། ཨུཏྤ་ལ་རྣམས་དཀར་པོའོ། །གཡོན་དུ་པི་ཝང་སྔོན་པོ་དང་། ཐོ་བ་དང་གྲི་གུག་དང་། གྲི་གུག་རྣམས་དཀར་པོའོ། །དེ་ལྟར་མཚན་མ་སུམ་ཅུ་སོ་དྲུག་པོ་རྣམས་ནི་སྐུའི་དཀྱིལ་འཁོར་གྱི་སྟེགས་བུ་རྣམས་ལ་ཡང་ངོ་། །དེ་ནས་འཇམ་པའི་རྡོ་རྗེ་ལ་སོགས་པ་གང་ཡང་རུང་བའི་དཀྱིལ་འཁོར་བྲིས་ལ། །རྣམ་པ་ཐམས་ཅད་དུ་གསལ་བར་གྱུར་པར་ཤེས་ནས། ཡི་གེ་ ཧཱུཾ་དང་། འཁྱིལ་པ་བཟླས་པའི་བདུད་རྩི་ལྔ་དང་བཅས་པའི་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་ངོས་སུ་བྱུགས་ལ། །དེ་བཟླས་པའི་ཆུས་འཁོར་ལོ་བསངས་ཏེ། རྡུལ་ཚོན་ལྷག་མ་རྣམས་ལ། ཨོཾ་ཨཱཿཧཱུཾ་བཛྲ་མུཿཞེས་པས་ཡེ་ཤེས་ཀྱི་ཚོན་གཤེགས་སུ་གསོལ་ཏེ། སྣོད་ན་ གནས་པའི་ཚོན་རྣམས་དབེན་པར་གཞག་པར་བྱའོ། །ཚོན་དགྱེ་བའི་ཆོ་གའོ། །དེ་ནས་སྔར་ལྷག་པར་གནས་པར་བྱས་པའི་བུམ་པ་རྣམས་གཡས་སྐོར་དུ་དགོད་པར་བྱའོ། །དེ་ལ་འཁོར་ལོའི་དབང་པོའི་རྣམ་པར་རྒྱལ་བའི་བུམ་པ་ནི་དཀྱིལ་འཁོར་གྱི་འཁོར་ལོ་ལ་གཡས་སྐོར་བྱས་ནས་ རྡོ་རྗེ་ར་བའི་བདག་ཉིད་ཀྱི་ཁོར་ཡུག་དང་། འབར་བའི་ཕྲེང་བའི་སའི་ཕྱི་ངོས་སུ་དཀྱིལ་འཁོར་གྱི་ཤར་སྒོའི་ཐད་ཀའི་གནས་ལས་ཅུང་ཟད་གཡས་སུ་གཞག་པར་བྱའོ། །གཡོན་ལོགས་སུ་གོ་རིམས་བཞིན་གཡས་སྐོར་དུ་རྣམ་པར་སྣང་མཛད་དང་། སྤྱན་མ་དང་། ལས་ཐམས་ཅད་པའི་བུམ་པ་ རྣམས་སོ། །གཡས་སུ་གཟུགས་རྡོ་རྗེ་མ་དང་། ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་། གཤིན་རྗེ་གཤེད་མ་རྣམས་ཀྱིའོ། །ལྷོའི་གཡོན་དུ་རིན་ཆེན་འབྱུང་ལྡན་དང་། མཱ་མ་ཀཱི་དག་གི་དང་། གཡས་སུ་སྒྲ་རྡོ་རྗེ་མ་དང་། ཤེས་རབ་མཐར་བྱེད་དག་གིའོ། །ནུབ་ ཀྱི་གཡོན་དུ་སྣང་བ་མཐའ་ཡས་དང་། གོས་དཀར་མོ་དག་གི་དང་། གཡས་སུ་དྲི་རྡོ་རྗེ་མ་དང་། པདྨ་མཐར་བྱེད་དག་གིའོ། །བྱང་གི་གཡོན་དུ་དོན་ཡོད་གྲུབ་པ་དང་། སྒྲོལ་མ་དག་གི་དང་། གཡས་སུ་རོ་རྡོ་རྗེ་མ་དང་། རེག་བྱ་རྡོ་རྗེ་མ་དང་། བགེགས་མཐར་བྱེད་རྣམས་ཀྱིའོ། ། ཁ་ཅིག་ནི་གཤིན་རྗེ་གཤེད་ལ་སོགས་པ་ཁྲོ་བོ་རྣམས་ཀྱི་ནི་མེ་ལ་སོགས་པའི་མཚམས་རྣམས་སུའོ་ཞེས་སོ། །གཞན་ནི་དེ་བཞིན་གཤེགས་པའི་དེ་མ་ཐག་ཏུ་ཁྲོ་བོ་རྣམས་ཀྱི་རིགས་ཀྱི་ཡུམ་རྣམས་ཀྱི་ནི་སྒོའི་གཡས་ཕྱོགས་རྣམས་སུའོ་ཞེས་སོ། །འདིའི་རྗེས་སུ་འབྲངས་ཏེ་ཕྱོགས་ གཞན་རྣམས་སུ་ཡང་དགོད་པར་ཤེས་པར་བྱའོ། །བཞེད་པ་གཞན་ཡང་ཡོད་དེ་དེས་ཅི་ཞིག་བྱ། དེ་ལྟ་བུ་དེ་ནི་འཇམ་པའི་རྡོ་རྗེའི་དཀྱིལ་འཁོར་དུ་བུམ་པ་དགོད་པའི་ཚུལ་ལོ། །བསྡུས་པའི་རིམ་པའི་དཀྱིལ་འཁོར་ལ་གཡོན་དུ་རིགས་ཀྱི་ཡུམ་གྱི་དེ་མ་ཐག་ཏུ་དང་། གཡས་སུ་ཡང་དང་ པོར་བྱང་ཆུབ་སེམས་དཔའ་བརྒྱད་པ་རྣམས་ཀྱིའོ། །ཟུར་གྱི་ཁྲོ་བོ་རྣམས་ཀྱི་ཟུར་རྣམས་སུའོ། །གཤིན་རྗེ་གཤེད་ཀྱི་རྗེས་ལ་གཙུག་ཏོར་འཁོར་ལོས་སྒྱུར་བའིའོ། །པདྨ་མཐར་བྱེད་ཀྱི་རྗེས་ལ་གནོད་མཛེས་ཀྱི་ཞེས་པ་ཁྱད་པར་རོ། །འདིའི་རྗེས་སུ་འབྲངས་ཏེ་དཀྱིལ་འཁོར་གཞན་རྣམས་ལ་བུམ་ པ་དགོད་པ་རྟོགས་སླ་བས་མ་སྤྲོས་སོ། །གྲྭའི་བུམ་པ་རྣམས་ལ་སྒྲོ་དང་བཅས་པའི་མདའ་བཞི་སྟེ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཞེས་པའི་སྔགས་ཀྱིས་དགོད་དོ། །དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་ནི་ཕྱི་ངོས་སུ་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་བུམ་པ་བཞིའོ། །རྒྱལ་བའི་བུམ་ པ་ཡང་ཤར་དུ་སྟེ་ལྔ་པའོ། །དེའི་སྟེང་གི་རྣམ་པར་རྒྱལ་བའི་བུམ་པའི་དུང་ཆོས་ནི་དྲུག་པའོ། །དེ་ལྟ་བུ་ནི་བུམ་པ་ལྔ་པའི་ཕྱོགས་ལའོ། །བུམ་པ་བཅུ་པའི་ཕྱོགས་ལ་ནི་ཕྱོགས་བརྒྱད་དུ་བུམ་པ་བརྒྱད་དོ། །ནུབ་ཀྱི་བུམ་པ་ལས་ཕྱི་ངོས་སུ་སོར་གཉིས་སྤངས་པར་རྣམ་པར་རྒྱལ་བའི་བུམ་ པའོ། །ཤར་གྱི་བུམ་པ་ལས་ཕྱི་ངོས་སུ་སོར་གཉིས་སྤངས་པར་རྒྱལ་བའི་བུམ་པའོ། །དེའི་སྟེང་དུ་རྣམ་པར་རྒྱལ་བ་ཆེན་པོའི་བུམ་པ་དུང་ཆོས་ཏེ་བཅུ་གཅིག་པའོ། །དེ་ལྟར་བུམ་པ་སྟོང་དང་བརྒྱ་རྣམས་སུ་ཡང་ཞི་བ་དང་རྒྱས་པ་དང་ལས་ཐམས་ཅད་པ་ལ་རྣམ་པར་རྒྱལ་བ་ཆེན་པོ་དུང་ཆོས་ཡིན་ ནོ། །བུམ་པ་དགོད་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་ལ་ཕྱི་ངོས་སུ་ཕྱོགས་བཞིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་དམ་པའི་ཆོས་བཞི་ཀློག་ཏུ་གཞུག་པར་བྱའོ། །ག་པུར་དང་། ཨ་ཀ་རུ་དང་། ཏུ་རུསྐ་ལ་སོགས་པའི་སྤོས་ཕོར་བརྒྱད་གཞག་པར་བྱའོ། །ན་བཟའ་སྣ་ཚོགས་ པ་སྟོང་ལ་སོགས་པའམ། ལྷ་སོ་སོ་ལ་རེ་རེ་འམ། ཇི་ལྟར་ནུས་པ་ཡང་རུང་སྟེ། སློབ་མ་ལ་སོགས་པར་གཞག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་རྣམས་དང་། རྟ་བབས་དང་། གོས་བཟང་པོ་དང་། དྲིལ་བུ་དང་བཅས་པའི་རྔ་ཡབ་དང་། བུམ་པ་གང་བ་དང་། ལོ་མ་ དང་བཅས་པའི་ཆུ་ཤིང་གི་སྡོང་བུའི་ཀ་བ་རྣམས་ལ་ཡི་གེ་ཧཱུཾ་དང་། བདག་པོའི་སྔགས་ཀྱི་བཟླས་པ། ཨོཾ་བཛྲ་སྥ་ར་ཎ་ཁཾ་ཞེས་པས་དབུལ་ཏེ། གནས་ཇི་ལྟ་བ་བཞིན་གཞག་པར་བྱའོ། །དེ་ནས་ཁྲུས་བྱས་ཏེ་དྲི་ཞིམ་པོའི་ལུས་སྟོད་གཡོགས་དང་གཙུག་ཏོར་དང་། རྒྱན་དང་བཅས་པས་ འཁྱིལ་པ་བཟླས་པའི་ཆུས་དཀྱིལ་འཁོར་བསངས་ཏེ། ཡི་གེ་གསུམ་དང་འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ཤར་གྱི་སྒོ་དང་། ཉེ་བར་ནུབ་ཏུ་ཁ་བལྟས་ཏེ་འདུག་ལ་འཁོར་ལོའི་དབང་པོའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་སྐད་ཅིག་གིས་ སྟོང་པ་ཉིད་ཀྱི་རྗེས་ལ་སྲུང་བའི་འཁོར་ལོ་དང་། བགེགས་ལ་ཕུར་བུས་གདབ་པ་ལ་སོགས་པའི་ཆོ་ག་འཁོར་དང་བཅས་པས་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་ངེས་པར་བརྟགས་ནས། བཙུན་མོ་མཛེས་ཤིང་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་རྙེད་ནས། ། དྲི་དང་མེ་ཏོག་བརྒྱན་བྱས་ཏེ། །དེ་ཡི་དབུས་སུ་འདོད་པ་བྱ། །ཡོན་ཏན་སྐེ་རགས་མཱ་མ་ཀཱི། །ཤེས་རབ་ཅན་གྱིས་དེ་བྱིན་རླབས། །ཞི་བ་སྤྲོས་བྱས་སངས་རྒྱས་གནས། །ནམ་མཁའི་དབྱིངས་ནི་རབ་ཏུ་བརྒྱན། །ཞེས་གསུངས་པས་བསྒྲུབ་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་ ཞུགས་སམ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པས་ཀྱང་རུང་སྟེ། ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཞབས་བསིལ་དང་། མཆོད་ཡོན་ཕུལ་ལ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ནས་འདོད་ ཆགས་ཆེན་པོས་ཞུ་བར་གྱུར་ཏེ། རྡོ་རྗེའི་ལམ་ནས་པདྨར་ཕྱུང་བའི་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ་དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་ཞུགས་པར་བསམས་ནས་མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པར་རྒྱས་གདབ་བོ། །རིགས་མི་ཤེས་པ་རྣམས་ལ་ནི་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔས་སོ། །དེ་ནས་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་ཀྱི་རང་བཞིན་གྱི་མཆོད་པས་མཆོད་དེ། བསིལ་ བའི་གོས་དང་། གོས་ཟུང་དང་། བླ་རེ་ལ་དར་དཔྱངས་པ་དང་། ཡི་གེ་གསུམ་གྱིས་བསྔགས་པའི་བཟའ་བ་དང་བཅའ་བ་དང་། བལྡགས་པ་དང་འཇིབ་པ་དང་བཏུང་བའི་ཉེ་བར་སྤྱོད་པ་ལ་སོགས་པ་དང་། གསེར་དང་། བུ་མོ་དང་། གླང་པོ་ཆེ་དང་། རྟ་དང་། བ་ལང་ལ་སོགས་པ་ཕུལ་ ནས་ཕྱི་རོལ་གྱི་རྣལ་འབྱོར་མ་བཅུ་དྲུག་གམ་བརྒྱད་དམ་བཞི་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་བོ་རྣམས་ཀྱིས་རང་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང་། མི་བསྐྱོད་རྡོ་རྗེ་ཞེས་པ་ལ་སོགས་པས་བསྟོད་དེ། རང་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི་སེམས་པདྨའི་ སྣོད་དུ་བཅུག་ནས་བདུད་རྩིར་བྱས་པ་ཕུལ་ཏེ། དེ་རྣམས་བདུད་རྩི་མྱང་བས་ཚིམ་པར་བྱས་ནས་བདེ་བ་ཆེན་པོའི་རང་བཞིན་དུ་མོས་པར་བྱས་ལ་འཁོར་ལོའི་དབང་པོའི་སྔགས་བརྒྱ་རྩ་བརྒྱད་དང་དེ་ལས་གཞན་དཀྱིལ་འཁོར་པའི་སྔགས་ཉི་ཤུ་རྩ་གཅིག་དང་ཡི་གེ་བརྒྱ་པ་བཟླས་པར་བྱའོ། ། འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་ཡང་སྦྱིན་པར་བྱའོ། །ཡང་ན་སྒྲུབ་པའི་གྲོགས་པོ་དཀྱིལ་འཁོར་དུ་བཞག་ལ། ཕྱིར་བྱུང་ནས་ཤར་ལ་སོགས་པའི་ཕྱོགས་རྣམས་སུ་འཆད་པར་འགྱུར་བའི་འབྱུང་པོ་ཐམས་ཅད་པའི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་ དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལ་ལོ། །དེ་ནས་ལག་པ་གཡས་པ་གན་རྐྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བཀུག་ལ་ཁ་ལ་མངོན་དུ་ཕྱོགས་པར་གཟུང་བར་བྱའོ། །དེའི་རྩེ་མོས་ལག་པ་གཉིས་པུས་མོའི་ནང་དུ་བྱས་ནས་ཙོག་ཙོག་པུར་འདུག་ཅིང་མི་སྨྲ་བར་ལག་པའི་ཟེ་འབྲུའི་ ཆས་ཁ་ལ་ལན་མང་དུ་བྱབ་ཅིང་ལན་གཉིས་དང་ལན་གསུམ་དུ་རྣ་བའི་བུ་ག་གཉིས་དང་། མིག་དག་དང་ཁ་དང་ལག་པ་དག་དང་། ལྟེ་བ་དང་མགོ་རྣམས་ལ་རེག་པར་བྱའོ་ཞེས་ཉེ་རེག་གི་ཆོ་ག་བྱའོ། །དེ་ནས་གྲུབ་ན་ལྷག་པ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཞི་བ་དང་དཀྱིལ་ འཁོར་ཚིམ་པར་བྱ་བའི་ཕྱིར་རྒྱས་པའི་སྦྱིན་སྲེག་བྱས་ནས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞ་གྲྀཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲྀཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་ཝཱན་བིདྱ་རཱ་ཛ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་ དཔལ་ཁ་སྦྱོར་དུ་གསུངས་པའི་ཁམས་གསུམ་རྣམ་པར་རྒྱལ་བའི་སྔགས་ཟློས་ཤིང་རྡོ་རྗེའི་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ཏེ་རྡོ་རྗེའི་རྐང་པས་དེ་ཁོ་ན་བཞིན་དུ་ཨོཾ་ཧཱུཾ་ཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱཿཕཊ་ཅེས་པ་དང་། ཨོཾ་ཧཱུཾ་ཨཱཿཨཱཿཨཱཿཕཊ་ཅེས་པ་དང་། ཨོཾ་ ཧཱུཾ་ཧ་ན་མཱ་ར་ཡ་དུཥྚཱན་གྷཱ་ཏ་ཡ་གྷཱ་ཏ་ཡ་ཨཱཿཨཿཧཱུཾ་ཧྲཱིཿཕཊ་ཅེས་བྱ་བའི་སྔགས་བཞི་གོ་རིམས་བཞིན་ཟློས་པའི་ཤར་དང་ལྷོ་ལ་སོགས་པའི་སྒོའི་སློབ་དཔོན་རྣམས་དང་ལྷན་ཅིག་ཏུ་བསྐོར་བ་གསུམ་བྱས་ནས་ལྷག་པ་དང་མ་ཚང་བའི་ཉེས་པ་ཞི་བར་བྱས་པའི་ཕྱིར་འཁོར་ལོ་ལ་བལྟས་ཏེ། ཕྲེང་བ་ བཅོམ་ལྡན་འདས་ལ་ཕུལ་ནས་བསྐོར་བའི་གྲངས་བཞིན་དུ་ནུབ་སྒོ་ལ་སོགས་པ་བཞིར་གནས་པས་ཤར་སྒོ་ལ་སོགས་པ་བཞི་ཨོཾ་བཛྲོད་གྷ་ཊ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་ཕྱེ་བར་བསམས་ཏེ། ཨོཾ་ས་མ་ཡ་པྲ་བེ་ཤ་མི་ཞེས་བརྗོད་ནས་སླར་ཕྲེང་བ་གར་བྱེད་ཅིང་བླངས་ལ་རང་གི་ངོ་ བོ་ལ་བཅིངས་ཏེ། འཁོར་ལོ་ལ་ཕྱག་འཚལ་ནས། སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་བཀའ་དྲིན་སྩོལ་ཅིག་ཅེས་གསོལ་བ་བཏབ་ནས། བསྒོམ་པ་དང་བཟླས་པ་བྱའོ། །འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་རོལ་དབང་པོ་ལ་སོགས་པ་རྣམས་སུ་གོ་རིམས་ བཞིན་དུ་དཀར་པོ་དང་སེར་སྐྱ་དང་ནག་པོ་དང་དུད་ཁ་དང་། དམར་པོ་དང་ཁྲ་བོ་དང་སེར་པོ་དང་ལྗང་གུའི་བ་དན་བརྒྱད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་ནས་ཤར་ལ་སོགས་པར་གཟུག་པར་བྱའོ་ཞེས་པ་ནི་ཤེས་རབ་བསྐྱངས་ཀྱིས་སོ། །བཅོམ་ལྡན་འདས་ ཀྱིས་ཀྱང་སངས་རྒྱས་ཐོད་པའི་རྒྱུད་དུ། གྲུ་བཞི་པ་ལ་སྒོ་བཞི་པ། །བ་དན་བརྒྱད་ཀྱིས་རྣམ་པར་བརྒྱན། །ཞེས་གསུངས་སོ། །རྣམ་པར་སྣང་མཛད་དང་། དེའི་རིགས་ཀྱི་ལྷ་རྣམས་ཀྱི་བ་དན་ནི་མེར་དགོད་པར་བྱའོ། །རིན་ཆེན་དབང་པོ་དང་། དེའི་རིགས་ཅན་རྣམས་ཀྱི་བདེན་བྲལ་ དུའོ། །སྣང་བ་མཐའ་ཡས་དང་དེའི་རིགས་ལས་བྱུང་བ་རྣམས་ཀྱི་རླུང་དུའོ། །དོན་ཡོད་གྲུབ་པ་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་དབང་ལྡན་དུའོ། །འཁོར་ལོའི་དབང་པོའི་ཤར་དུའོ། །དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རང་རང་གི་ཕྱོགས་སུའོ་ཞེས་པ་ནི་ཁ་ཅིག་གོ། །དབང་པོའི་སེར་པོ་དང་། ཁྱབ་འཇུག་ གི་ནག་པོ་དང་། ཟླ་བའི་དཀར་པོ་དང་། ཉི་མའི་དམར་པོ་དང་། མེས་པོའི་སེར་པོ་སྟེ་དབང་པོར་རོ། །མེ་ལྷའི་དམར་པོ་དང་། གཤིན་རྗེའི་ནག་པོ་དང་། བདེན་བྲལ་གྱི་དུད་ཁ་རྣམས་ནི་རང་རང་གི་ཕྱོགས་སུའོ། །ནུབ་དུ་ཆུ་ལྷའི་དཀར་པོ་དང་། སའི་ལྷ་མོའི་སེར་པོ་དང་། ཐགས་བཟངས་རིས་ཀྱི་ ནག་པོའོ། །རླུང་དུ་རླུང་ལྷའི་ལྗང་གུའོ། །བྱང་དུ་ལུས་ངན་པོའི་སེར་པོ་དང་། ཚོགས་བདག་གི་དཀར་པོའོ། །དབང་ལྡན་དུ་དབང་ལྡན་གྱི་དཀར་པོའོ། །དེ་ལྟར་བ་དན་བཅོ་ལྔ་ནི་ཕྱོགས་ཀྱི་བདག་པོ་རྣམས་ལ་མཉེས་པར་བྱ་བའི་ཆེད་དུའོ། །མི་འབྱོར་ན་ནུས་པ་ཇི་ལྟ་བར་བ་དན་རྣམས་དབུལ་བར་ བྱའོ། །དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ། །དེ་ནས་དེར་རྡུལ་ཚོན་གྱི་དཀྱིལ་འཁོར་རམ། རས་བྲིས་ལ་སོགས་པའི་དཀྱིལ་འཁོར་རམ། ཡིད་ཀྱི་དཀྱིལ་འཁོར་མངོན་དུ་བྱས་པ་དེར་ཇི་ལྟར་བརྗོད་པའི་མཆོད་པ་ལ་སོགས་པ་སྔོན་དུ་འགྲོ་བས་སྐུ་གཟུགས་ལ་སོགས་པའི་ རབ་གནས་ཀྱང་སློབ་མ་རབ་ཏུ་གནས་པ་བཞིན་བྱའོ། །དེ་ལ་དཀྱིལ་འཁོར་གཞན་དུ་ཡང་སྔར་བརྗོད་པའི་ཆོ་གས་དང་པོ་བུམ་པ་ལྷག་པར་གནས་པ་དང་། དགོད་པ་དག་བྱས་ནས་སྐུ་གཟུགས་ལ་སོགས་པ་སྟོང་པ་ཉིད་དུ་བསམས་པའི་རྗེས་ལ་ས་བོན་ལ་སོགས་པ་ལས་རྫོགས་པའམ། སྐད་ཅིག་གིས་ཀྱང་རུང་སྟེ་དམ་ཚིག་སེམས་དཔའི་ངོ་བོ་སྙིང་གའི་ས་བོན་དང་བཅས་པ་བསམས་ནས་གོས་གསར་པ་དམར་པོ་ལ་སོགས་པས་གཡོགས་ཤིང་མེ་ཏོག་དང་ལྡན་པར་བྱས་ནས་དེའི་མེ་ཏོག་གི་ཕྲེང་བ་བླངས་ཏེ་སྐུ་གཟུགས་ལ་སོགས་པ་དང་ལྷན་ཅིག་ཡོན་བདག་སློབ་མ་བཞིན་དུ་རྡུལ་ཚོན་ གྱི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱང་གང་ཡང་རུང་བའི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་ཀྱང་སྐུ་གཟུགས་ལ་སོགས་པའི་ལྷའི་མཚན་མའམ་དེའི་རིགས་ཀྱི་བདག་པོའི་མཚན་མ་ལ་མེ་ཏོག་དབུལ་དུ་གཞུག་གོ། །ཡང་ན་མེ་ཏོག་དོར་བ་མེད་པ་ཉིད་དུ་སྐུ་གཟུགས་ལ་ སོགས་པ་དཀྱིལ་འཁོར་མཐོང་བ་ཉིད་ཀྱིས་གཞུག་པའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པའི་ཕྱི་ངོས་ཤར་གྱི་ཕྱོགས་སུའམ་དེར་སྐབས་མེད་ན་དབང་ལྡན་དུ་ཧ་ཅང་མི་རིང་བའི་ཡིད་དུ་འོང་བའི་གནས་སུ་ཁྲུས་ཀྱི་སྟེགས་བུ་གྲུ་བཞི་པ་དཔངས་སུ་ཁྲུ་གཉིས་པའོ། །ཡང་ན་སྲིད་དུ་ཁྲུ་བརྒྱད་པ་དེའི་ ཕྱེད་དུ་མཐོ་བ་དང་ཡང་ན་སྲིད་དུ་ཁྲུ་གཉིས་པ་དེའི་ཕྱེད་དུ་མཐོ་བ་སྟེ། ས་སེལ་ལ་སོགས་པའི་ཉེས་པ་དང་བྲལ་བའི་ས་ལས་བྱས་པའམ་སོ་ཕག་ལ་སོགས་པས་བྱས་པའམ། དེ་མེད་ན་ནི་ཇི་ལྟར་རྙེད་པའམ། ཇི་ལྟར་གནས་པའི་ས་གཞི་ཡང་རུང་སྟེ། འབྲས་བཏགས་པའི་ཁུ་བ་ལ་སོགས་པས་ བྲིས་པའི་སྟེགས་བུ་ཕྱོགས་དང་མཚམས་སུ་བུམ་པ་བརྒྱད་བཞག་ལ། ཤིན་ཏུ་འཇམ་པ་བདུད་རྩི་དང་བཅས་པའི་རྣམ་ལྔ་ལ་སོགས་པས་བྱུགས་པ་བླ་རེ་དང་། གདུགས་དཀར་པོ་དང་། རྒྱལ་མཚན་དང་། བ་དན་དང་། བུམ་པ་གང་བ་དང་། མེ་ཏོག་དང་། གར་དང་གླུ་དང་། རོལ་མོའི་སྒྲ་ལ་ སོགས་པས་སམ་ཇི་ལྟར་རྙེད་པས་ཀྱང་རུང་སྟེ་ཡིད་དུ་འོང་བར་བྱས་ནས། ཚེས་དང་གཟའ་དང་རྒྱུ་སྐར་དང་ཡུད་ཙམ་ལ་སོགས་པ་བཟང་བ་ལ་ཁྲུས་བྱས་ཤིང་། དོ་ཤལ་དང་། རྐང་གདུབ་དང་། དཔུང་རྒྱན་དང་། རྣ་རྒྱན་དང་། གདུ་བུ་དང་། སོར་གདུབ་ལ་སོགས་པས་བརྒྱན་པའམ། ཇི་ལྟར་ རྙེད་པས་བརྒྱན་པའི་སློབ་དཔོན་རྡོ་རྗེ་སེམས་དཔའི་སྐུ་རིག་མ་དང་ལྡན་པས་སྟེགས་བུ་དེའི་དབུས་སུ་སྒོ་ནུབ་ཏུ་བསྟན་པའི་རེ་ཁཱ་གྲུ་བཞི་པ་ཅིག་གིས་བསྐོར་བའི་སྣ་ཚོགས་པདྨ་རྡུལ་ཚོན་ནས་འབྲས་བཏགས་པའི་ཁུ་བ་ལ་སོགས་པས་བྲི་བར་བྱའོ། །ཡང་ན་རྟ་བབས་མེད་པའི་སྒོ་ནུབ་ཏུ་བསྟན་པའི་ གྲུ་བཞི་པའི་དབུས་སུ་ཆུད་པའམ། ཡང་ན་ནང་གི་དཀྱིལ་འཁོར་གྱི་ཕྱེད་ཀྱི་ཚད་གྲུ་བཞི་པ། སྒོ་བཞི་པ། རིམ་པ་གཉིས་པ། རྟ་བབས་མེད་པ་སྟེ། ཤར་ལ་སོགས་པའི་སྣམ་བུ་ལ་འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་རྣམས་དང་། མཚམས་རྣམས་སུ་ཡུམ་ བཞིའི་མཚན་མ་དང་། དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་བྲི་བར་བྱའོ་ཞེས་པ་ནི། །བསྡུས་པ་དང་། འབྲིང་དང་རྒྱས་པའི་དབྱེ་བས་ཁྲུས་ཀྱི་དཀྱིལ་འཁོར་གསུམ་ཡིན་ནོ། །དེའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་བྲིས་པའི་ཤིང་སྟན་ནམ་ཟླ་བའི་དཀྱིལ་འཁོར་བྲིས་པའི་རས་ལ་སོགས་ པས་གཡོགས་པའི་སེང་གེའི་གདན་ཁྲུས་ཀྱི་དཀྱིལ་འཁོར་གྱི་པདྨའི་སྟེང་དུ་འཇོག་པར་མོས་པས་བཞག་ནས་སམ། ཁྲུས་ཀྱི་དཀྱིལ་འཁོར་མེད་པར་ཡང་དེ་ལྟར་དང་། གཞན་དུ་ཤིང་སྟན་ལ་སོགས་པར་དཀྱིལ་འཁོར་དེ་བསྒོམས་པར་སྐུ་གཟུགས་དང་ཐང་ཀ་དང་། པོ་ཏི་དང་མཆོད་རྟེན་ལ་ སོགས་པ་ཤར་དུ་ཕྱོགས་པའམ། གཞན་དུ་ཡང་རུང་སྟེ་གཞག་པར་བྱའོ། །གང་ཞིག་གནས་གཞན་དུ་བསྐྱོད་པར་མི་རུང་བ་གཙུག་ལག་ཁང་དང་། མཆོད་རྟེན་དང་། གཙང་ཁང་ཕྱུར་བུ་དང་། སྐུ་གཟུགས་ལ་སོགས་པ་དེ་དེ་ལ་ནི་སྔ་མ་བཞིན་དུ་དམ་ཚིག་སེམས་དཔའི་གཟུགས་སུ་ བསྒོམས་ལ་དཀྱིལ་འཁོར་བསྟན་པར་མོས་པར་བྱའོ། །དེར་ནི་ཁྲུས་ཀྱི་སྟེགས་བུ་དགོས་པ་མེད་དོ། །གཉིས་ཀར་ཡང་ཐོ་རངས་ཀྱི་དུས་སུ་སྐུ་གཟུགས་ལ་སོགས་པ་མདུན་དུ་བྱས་ཏེ། དེ་ལ་མངོན་དུ་ཕྱོགས་པ་ཞབས་བསིལ་དང་མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་ བས་སམ། མཆོད་ཡོན་ལ་སོགས་པ་མ་ཕུལ་ཡང་རུང་སྟེ་སྦྱང་བར་བྱའོ། །དེ་ལ་ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་ཧཱུཾ་ཞེས་པ་འཁྱིལ་པའི་སྔགས་དང་། ཡི་གེ་ཧཱུཾ་ལན་བདུན་བཟླས་པའི་དོན་གྲུབ་གཡས་པ་དང་། ཅིག་ཤོས་ཀྱི་ཁུ་ཚུར་གྱིས་བཟུང་ནས། རེ་རེ་ཞིང་གཡོན་ སྐོར་དུ་ལན་གཉིས་སུ་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཞེས་བརྗོད་ཅིང་བྱ་བས་ལ་དོན་གྲུབ་མེར་དོར་རོ། །དེ་བཞིན་དུ་གཡས་སྐོར་དུའོ། །དེ་བཞིན་དུ་གཡོན་དང་གཡས་སུ་ཆུས་བྱའོ། །དེ་བཞིན་དུ་ཁམ་ཕོར་དཀར་པོ་རྣམས་ཀྱིས་དང་། དེ་བཞིན་དུ་རྩ་དཱུར་བའི་མྱུ་གུ་ དང་བཅས་པའི་བ་ལྕིའི་ཆང་བུ་རྣམས་ཀྱིས་དང་། དེ་བཞིན་དུ་ཟན་ཆངས་རྣམས་ཀྱིས་དང་། དེ་བཞིན་དུ་སེང་རས་ཀྱིས་ཀྱང་ངོ་། །འོན་ཀྱང་ཁམ་ཕོར་ལ་སོགས་པ་ནི་མེར་མི་དོར་རོ། །དེ་ནས་ལག་པ་དག་གིས་སྐུ་གཟུགས་ལ་ཉེ་རེག་བྱའོ། །འཁོར་ལོའི་གཙོ་བོའི་སྔགས་ཀྱིས་ཇི་ལྟར་ རིགས་པར་སྐུ་གཟུགས་ལ་སོགས་པ་ལ་དངོས་སུའམ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལ་ཐུགས་ཀར་དྲིས་བྱུག་པ་དང་། མེ་ཏོག་གི་ཕྲེང་བ་དབུ་ལ་བཅིང་བ་དང་། མདུན་དུ་མཆོད་ཡོན་དབུལ་བ་བྱས་ནས་མར་མེས་ཡོངས་སུ་བསྐོར་ཏེ། འཁྱིལ་པ་དང་ཡི་གེ་ཧཱུཾ་གིས་ལན་བདུན་ བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱི་བདུག་པས་བདུག་པར་བྱའོ་ཞེས་པ་སྦྱང་བའི་རིམ་པའོ། །དེའི་རྗེས་ལ་འཁྱིལ་པ་བཟླས་པའི་དཱུར་བའི་ཆུན་པོས་ཟངས་སྣོད་ན་གནས་པའི་ཞོ་དང་། འོ་མ་དང་། མར་དང་། སྦྲང་རྩི་དང་། བྱེ་མ་ཀ་ར་བསྲེས་པའི་ངོ་བོའི་ཕྱིའི་བདུད་ རྩི་ལྔ་རྣམས་དང་། དེ་ནས་འོ་མ་དང་། ཞོ་དང་། མར་དང་། བའི་ལྕི་བ་དང་། ཆུ་སྟེ། བའི་རྣམ་པ་ལྔས་སྐུ་གཟུགས་བཀྲུར་རུང་བ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿཞེས་པའི་སྔགས་ཀྱིས་བྱུག་པར་བྱའོ། །རས་བྲིས་དང་། པོ་ཏི་དང་། ས་ལས་བྱས་པ་ལ་སོགས་པ་དང་བྲིས་པའི་སྐུ་གཟུགས་ ལ་སོགས་པ་ནི་མེ་ལོང་ལ་གཟུགས་བརྙན་ཤར་བ་ལའོ། །དེ་ནས་འཁྱིལ་པ་བཟླས་པའི་དྲི་ཞིམ་པོའི་ཆུ་གཙང་མས་བཀྲུས་ནས་ཁར་བའི་སྣོད་དུ་བླུགས་པའི་ནྱ་གྲོ་དྷ་དང་། ཨུ་དུམྦཱ་ར་དང་། པླཀྵ་དང་། པིཔྤ་ལ་དང་། གནྡྷ་མུནྡྷ་སྟེ་འོ་མ་ཅན་གྱི་ཤིང་ལྔའི་ཤུན་པའི་ཕྱེ་མས་རྣམ་པར་ མཉེས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བི་ཤོ་དྷ་ནེ་སྭཱ་ཧཱ། ཞེས་པའི་སྔགས་སམ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཁ་ཁཿཞེས་པ་ཟློས་ཞིང་། ཁར་བའི་སྣོད་ན་གནས་པའི་དྲི་ཞིམ་པོའི་འབྲུ་མར་གྱིས་བྱུགས་ཏེ་མཉེས་ལ། ཁར་བའི་སྣོད་ན་གནས་པའི་སྐྱུ་རུ་རས་བྱུགས་ཏེ། དེ་ལྟར་བཀྲུས་ཏེ། ཁར་བའི་སྣོད་ ན་གནས་པའི་ཡུང་བས་བྱུགས་ཏེ་བཀྲུས་ལ། ཤྲཱི་ཁཎྜ་དང་། ཙནྡན་དམར་པོ་དང་། གུར་གུམ་དང་། གྲནྠི་ཀེ་དང་། ཨ་ག་རུ་རྣམས་སམ། གུར་གུམ་དང་། ཨ་ག་རུ་དང་། གླ་རྩི་དང་། ག་བུར་ལ་སོགས་པ་ཇི་ལྟར་རྙེད་པས་ཀྱང་རུང་སྟེ་བྱུགས་ལ། སྙིང་གའི་ས་བོན་གྱི་འོད་ ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་། ལྷ་མོ་རྣམས་ཀྱི་བུམ་པ་རྣམས་ཀྱིས་འཁྲུད་བཞིན་པ་དང་། བཀྲ་ཤིས་ཀྱི་གླུ་དང་། རོལ་མོའི་སྒྲ་སྣ་ཚོགས་པ་སྔོན་དུ་འགྲོ་བས་རྣམ་པར་རྒྱལ་བའི་བུམ་པ་ལ་སོགས་པའི་ཆུ་དུང་ཆོས་སམ། གཞན་དུ་ཡང་བླུགས་ པ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ཞེས་པ་ལ་སོགས་པ་འཆད་པར་འགྱུར་བ་བརྗོད་ཅིང་ཁྲུས་གསོལ་ལོ། །དེ་ལ་གོས་པའི་ཆུ་ན་བཟའ་འཇམ་པོས་ཕྱིས་ནས་ཇི་ལྟར་ནུས་པས་ན་བཟའ་ལ་སོགས་པས་བརྒྱན་པར་བྱའོ། །དེ་ནས་སྙིང་གའི་སྔགས་ཀྱི་འོད་ཟེར་གྱིས་རབ་ཏུ་ གནས་པར་བྱ་བའི་ཡེ་ཤེས་སེམས་དཔའ་དང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པའི་ལྷ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ལ་ཞབས་བསིལ་དང་ཞལ་བསིལ་དང་། མཆོད་ཡོན་དང་། མཆོད་པ་སྔོན་དུ་འགྲོ་བས་པུས་མོ་གཡས་པ་ས་ལ་བཙུགས་ཏེ་གཡོན་པས་ དྲིལ་བུ་དཀྲོལ་བ་དང་། གཡས་པས་སྤོས་དབུལ་ཞིང་། ལྕེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེར་བྱས་ལ། བཅོམ་ལྡན་འདས་ཆེ་གེ་རྡོ་རྗེ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང་། །ཁྱེད་རྣམས་ལ་ཡང་མཆོད་ཕྱིར་དང་། །སེམས་ཅན་བསོད་ནམས་སྤེལ་དོན་དང་། ། བྱང་ཆུབ་སེམས་ནི་བསྐྱེད་པའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །ཁྱེད་ཀྱིས་རབ་གནས་བགྱིད་བར་འཚལ། །དེར་ནི་བཅོམ་ལྡན་བདག་གུས་པས། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་ གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་དག །གང་གཞན་རྡོ་རྗེའི་སྤྱན་ལྡན་རྣམས། །བདག་ཅག་ལ་ཡང་དགོངས་སུ་གསོལ། །ཆེ་གེ་བདག་ནི་རྡོ་རྗེ་ཅན། ། ཆེ་གེའི་རབ་ཏུ་གནས་པ་ནི། །བགྱིའོ་དེ་ནས་ཁྱེད་རྣམས་ཀྱིས། །ཉེ་བར་གནས་པར་མཛད་པར་འོས། །ཞེས་ལན་གསུམ་བརྗོད་པར་བྱའོ། །དེ་ལྟར་འདིར་རིགས་ཞེས་པའི་བར་གྱིས་རབ་ཏུ་གནས་པའི་དོན་དུ་ལྷག་པར་གནས་པ་དང་། ལྷག་མས་ནི་ཉེ་བར་གནས་པར་གསོལ་བ་བཏབ་ནས་ ནམ་མཁར་གནས་པའི་ལྷའི་འཁོར་ལོ་མཆོད་དེ་ཕྱག་འཚལ་ནས་བསྟོད་ལ། ཨོཾ་བཛྲ་སུ་ན་རཱ་ག་མ་ནཱ་ཡ་མུཿཞེས་པས་གཤེགས་སུ་གསོལ་བར་བྱའོ། །ཁྲུས་བྱས་པའི་སྐུ་གཟུགས་ལ་སོགས་པའི་ཐུགས་ཀ་དང་། དབུ་དང་མགུར་དང་ཕྱག་དང་སྤྱི་གཙུག་རྣམས་ཡང་དག་པར་བྱུགས་ལ་ མཆོད་དེ་འཁྱིལ་བའི་སྔགས་ཀྱིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པས་ལན་གསུམ་རེག་ལ་རང་ཉིད་ཇི་ལྟ་བའི་སྔགས་སམ། འཁྱིལ་བའི་སྔགས་བཟླ་བར་བྱའོ། །ཕྱོགས་ཀྱི་གཏོར་མ་ཡང་དབུལ་ལོ། །གང་དུ་ལྷ་ལྷག་པར་གནས་པར་མ་བྱས་པར་རབ་ཏུ་གནས་པ་བྱེད་པ་ལ་མོས་པ་ བརྟན་པ་དེས་ནི་ལྷག་པར་གནས་པར་མ་བྱས་པ་ཉིད་ལྷག་པར་གནས་པའི་དོན་དུ་བརྗོད་པ་དང་། རབ་ཏུ་གནས་པའི་དོན་དུ་འཆད་པར་འགྱུར་བའི་ཆོ་ག་ཐམས་ཅད་ཉི་མ་གཅིག་ལ་བྱའོ། །འོན་ཀྱང་སྦྱང་བ་ལ་སོགས་པའི་ཆོ་ག་མཐུན་པ་ནི་ལན་ཅིག་གི་ཚེ་ཉིད་བྱའི་སླར་མ་ཡིན་ནོ། །དེ་ཡང་ཡོན་ བདག་ལ་ནུས་པ་ཡོད་ན་བསོད་ནམས་བསགས་པའི་དོན་དུ་ལྷག་པར་གནས་པར་བྱ་བ་ཁོ་ནའོ་ཞེས་པ་ལྷ་ལྷག་པར་གནས་པའི་ཆོ་གའོ། །དེའི་རྗེས་ལ་སྔ་བར་ཁྲུས་ཀྱི་སྟེགས་བུ་ཡིད་དུ་འོང་བ་དེ་ལྟར་བྱེད་དུ་བཅུག་ནས། ཡུད་ཙམ་ལ་སོགས་པ་བཟང་བ་ལ་དེ་བཞིན་དུ་རྒྱན་གྱིས་བརྒྱན་པའི་སློབ་ དཔོན་རྡོ་རྗེ་འཆང་གི་ངོ་བོ་ཤེས་རབ་དང་བཅས་པ་འདུག་ལ་གཏོར་མ་དང་མཆོད་པ་སྔོན་དུ་འགྲོ་བའི་སྐུ་གཟུགས་དེ་ལྟར་བཞག་པ་དང་། ལྷ་ཁང་ལ་སོགས་པ་ཇི་ལྟར་གནས་པ་སླར་དམ་ཚིག་སེམས་དཔའི་གཟུགས་སུ་བསྐྱེད་པར་བྱའོ། །དེ་ལ་རྒྱུད་དང་། མངོན་པར་རྟོགས་པ་དང་། སྒྲུབ་ ཐབས་ལ་སོགས་པར་ལྷའི་ཁྱད་པར་བསྐྱེད་པའི་རིམ་པ་རིག་པས་ལྷའི་ཁྱད་པར་གང་གི་གཟུགས་བརྙན་གང་ཡིན་པ་སྟེ་སྟོང་པ་ཉིད་ཀྱི་རྗེས་ལ་རིམ་གྱིས་སམ། ཅིག་ཅར་ཡང་རུང་སྟེ། དེ་ལྟ་བུའི་དམ་ཚིག་སེམས་དཔའི་གཟུགས་སུ་བསྒོམ་པར་བྱའོ། །པོ་ཏི་ནི་ཡི་གེའི་ཚོགས་མ་ ལུས་པ་སྟོང་པ་ཉིད་ཀྱི་རྗེས་ལ་པདྨ་དམར་པོ་དང་། ཉི་མར་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་ཆུ་སྐྱེས་དང་། ཧྲཱིཿཡོངས་སུ་གྱུར་པ་ལས་གོས་དཀར་མོས་འཁྱུད་པའི་སྣང་བ་མཐའ་ཡས་ཡོངས་སུ་གྱུར་པ་ལས་ཡང་དག་པར་བྱུང་བའི་ཡི་གེའི་རྣམ་པ་སྣང་བ་མཐའ་ཡས་ཀྱི་གཟུགས་ བརྙན་ཤར་བའི་དམ་ཚིག་སེམས་དཔར་གནས་སོ་ཞེས་བསམ་པར་བྱའོ། །མར་མེ་མཛད་དང་གཙུག་ལག་ཁང་ལ་སོགས་པ་ནི་སྟོང་པ་ཉིད་ཀྱི་རྗེས་ལ་པདྨ་དང་ཟླ་བར་བྷྲཱུཾ་དཀར་པོ་ལས་སྐྱེས་པའི་འཁོར་ལོ་རྩིབས་བརྒྱད་པ་དང་། བྷྲཱུཾ་ལས་བྱུང་བའི་རྣམ་པར་སྣང་མཛད་ ལ་སྤྱན་མས་འཁྱུད་པ་ཡོངས་སུ་གྱུར་པ་ལས་མར་མེ་མཛད་ཀྱི་རྣམ་པའམ། གཙུག་ལག་ཁང་གི་གཟུགས་སམ། གཙང་ཁང་ཕྱུར་བུའི་གཟུགས་སམ། མཆོད་རྟེན་གྱི་གཟུགས་སུའོ། །འོན་ཀྱང་གཙུག་ལག་ཁང་ནི་རྣམ་པར་སྣང་མཛད་ཤེས་རབ་དང་བཅས་པའི་ གཟུགས་བརྙན་ཤར་བའི་དམ་ཚིག་སེམས་དཔར་གནས་པར་བྱའོ། །དེ་ལྟར་གཙང་ཁང་ཕྱུར་བུ་དང་། མཆོད་རྟེན་ཡང་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་ཞབས་བསིལ་དང་། མཆོད་ཡོན་ལ་སོགས་པ་དབུལ་བ་སྔོན་དུ་འགྲོ་བས་སྔ་མ་བཞིན་དུ་སྦྱང་བར་ བྱའོ། །དེ་ནས་དེ་མ་ཐག་ཏུ་བརྗོད་པའི་ཆོ་གས་བདུད་རྩི་ལྔས་བྱུགས་པ་ལ་སོགས་པ་དང་གུར་གུམ་ལ་སོགས་པ་བྱུགས་པ་དང་བཀྲུ་བ་དང་གོས་པའི་ཆུ་ཕྱི་བའི་བར་དུ་བྱས་ནས་དཀྱིལ་འཁོར་གྱི་ཁང་པར་བཅུག་སྟེ། དཀྱིལ་འཁོར་གྱི་དབང་ལྡན་གྱི་མཚམས་སམ་གཞན་ཡང་རུང་ སྟེ། ཧ་ཅང་མི་རིང་བར་དཀྱིལ་འཁོར་ལ་མངོན་དུ་ཕྱོགས་པར་སྐུ་གཟུགས་ལ་སོགས་པ་གཞག་པར་བྱའོ། །གཙུག་ལག་ཁང་ལ་སོགས་པ་བསྐྱོད་པར་མི་ནུས་པ་ནི་རང་གི་གནས་ལ་གནས་པ་ཁོ་ནའོ། །ཇི་ལྟར་རིགས་པར་དེ་དག་གི་ཐུགས་ཀའི་ས་བོན་དང་། མིག་ལ་སོགས་པ་དང་། སྐུ་ལ་སོགས་པ་བྱིན་གྱིས་བརླབས་པ་རྣམས་བསྒོམ་པ་སྔོན་དུ་འགྲོ་བས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་བདག་ཉིད་ཇི་ལྟ་བར་ཡེ་ཤེས་སེམས་དཔའ་ལ་སོགས་པ་སྤྱན་དྲང་བ་ལ་སོགས་པ་དེ་མ་ཐག་པར་བརྗོད་པ་དག་བྱ་སྟེ། བཅོམ་ལྡན་ཞེས་པ་ནས། འོས་ཞེས་པའི་བར་ ལན་གསུམ་བརྗོད་ནས། སྙིང་གའི་འོད་ཟེར་རམ། ལྷ་རྣམས་ཀྱིས་སམ། ཇི་ལྟར་རིགས་པར་ཡེ་ཤེས་སེམས་དཔའ་བཀུག་སྟེ། རང་ཉིད་ཇི་ལྟ་བའི་དམ་ཚིག་སེམས་དཔའ་ལ་བཅུག་ནས་རོ་གཅིག་ཏུ་བྱས་ཏེ་དབང་དུ་བྱའོ། །གཞན་དག་ནི་སྐུ་གཟུགས་ཀྱི་ཐུགས་ཀར་དམ་ ཚིག་གི་འཁོར་ལོ་བསྐྱེད་ནས། དེ་ཉིད་དུ་ཡེ་ཤེས་ཀྱི་འཁོར་ལོ་གཞུག་པ་ལ་སོགས་པ་བྱའོ་ཞེས་སོ། །དེ་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་དང་། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་མདུན་གྱི་ནམ་མཁར་སྤྱན་དྲངས་ ཏེ་མཆོད་ནས་སྐུ་གཟུགས་ལ་སོགས་པ་ལ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་པའི་ཚིགས་སུ་བཅད་པས་གསོལ་བ་གདབ་པོ། །དེ་བཞིན་ གཤེགས་པ་དེ་རྣམས་ཀྱིས་ཀྱང་ཤེས་རབ་དང་སྙོམས་པར་ཞུགས་ཏེ། ཆགས་པ་ཆེན་པོས་ཞུ་བར་གྱུར་ནས་རང་གི་རྣམ་པར་སྣང