Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 13 / 15 (50.000 ký tự/trang)
ནཾ། བོད་སྐད་དུ། སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པའི་སྒྲུབ་ཐབས། སྔར་བརྗོད་པའི་རིམ་པ་ཉིད་ཀྱིས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། ཡི་གེ་ཧྲཱིཿདཀར་པོ་ཡོངས་སུ་རྫོགས་པར་གྱུར་པ་ལས། སེང་གེ་དང་བྱ་ཁྱུང་དང་ཁྱབ་
འཇུག་ལ་བཞུགས་པ་ལས་བྱུང་བའི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ཏུ་བདག་ཉིད་བསྒོམ་པར་བྱ་སྟེ། སྐུ་ཐམས་ཅད་དཀར་བ་རལ་པ་དང་དབུ་རྒྱན་དང་ལྡན་པ་ཞི་བའི་ཆ་བྱད་ཅན་ཕྱག་གཡས་པས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དབང་དུ་མཛད་པ། གཉིས་
པས་ཕྲེང་བ་བསྣམས་པ་གསུམ་པས་ཚུལ་ངན་པར་གནས་པའི་འཇིག་རྟེན་པ་རྣམས་སྟོན་པར་མཛད་དོ། །གཡོན་པས་དབྱུག་ཐོ་བསྣམས་པ་གཉིས་པས་རི་དགས་ཀྲིཥྞ་ས་རིའི་པགས་པ་བསྣམས་པ། གསུམ་པས་རིལ་པ་སྤྱི་བླུགས་བསྣམས་པའོ། །སེང་གེ་དང་བྱ་ཁྱུང་དང་ཁྱབ་
འཇུག་གི་ཕྲག་པ་ན་གནས་པར་རོ། །ཨོཾ་ཧྲཱིཿཧཱུྃ་ཞེས་པའི་སྔགས་འདི་བཟླས་པར་བྱ་བའོ། །སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་སྒྲུབ་ཐབས་སོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
ཧ་རི་ཧ་རི་ཧ་རི་བཱ་ཧ་ན་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པའི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་གནས་ཏེ་འགྲོ་བ་གདོན་པར་འདོད་པའི་བསམ་པས་སྡིག་པ་བཤགས་པ་ལ་སོགས་པའི་བླ་ན་མེད་པའི་མཆོད་པ་རྣམ་
པ་བདུན་བྱས་ལ། ཡི་གེ་ཡྃ་ཡོངས་སུ་རྫོགས་པ་ལས་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་འདྲ་བ་བ་དན་སྔོན་པོས་མཚན་པའོ། །དེའི་སྟེང་དུ་རཾ་ལས་བྱུང་བའི་མེའི་དཀྱིལ་འཁོར་ཁ་དོག་དམར་པོ་གྲུ་གསུམ་ན་རཾ་དམར་པོས་མཚན་པའོ། །དེའི་སྟེང་དུ་བཾ་ཡིག་རྫོགས་པ་ལས་ཆུའི་
དཀྱིལ་འཁོར་ཁ་དོག་དཀར་པོ་བུམ་པ་དཀར་པོས་དབུས་ན་མཚན་པའོ། །དེའི་སྟེང་དུ་ཡི་གེ་ལཾ་ལས་ལེགས་པར་བྱུང་བའི་སའི་དཀྱིལ་འཁོར་གྲུ་བཞི་པ་ཁ་དོག་སེར་པོ་རྡོ་རྗེ་རྩེ་གསུམ་པ་སེར་པོས་གྲྭ་བཞིར་མཛེས་པར་བྱས་པའོ། །དེའི་སྟེང་དུ་སུཾ་ཡིག་རྫོགས་པས་རིན་པོ་ཆེ་བདུན་གྱི་

རང་བཞིན་ཅོག་བརྒྱད་དང་ལྡན་པའི་རི་རབ་ལྷུན་པོའོ། །དེའི་སྟེང་དུ་ཡི་གེ་པཾ་ཡོངས་སུ་གྱུར་པ་ལས་འདབ་མ་སྣ་ཚོགས་པའི་པདྨའོ། །དེའི་སྟེང་དུ་བདག་ཉིད་བསམས་ལ། ཨོཾ་ཧྲཱིཿཧཱུྃ་རྣམས་རིམ་པ་བཞིན་དུ་མགོ་བོ་དང་མགྲིན་པ་དང་སྙིང་གར་རྣམ་པར་བཀོད་དེ། བདག་
ཉིད་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་སྒྲིབ་པ་རྣམ་པར་འཇིག་པར་བྱེད་པའི་སེང་གེ་དང་། བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྐུ་གསེར་བཟང་པོའི་མདོག་འོད་ཟེར་འབར་བས་འཁྲིགས་པ་གཞོན་ནུའི་གཟུགས་སུ་
སྔགས་པས་རྣམ་པར་བསམ་པར་བྱ་བའོ། །ཕྱི་ནས་རང་གི་སྙིང་གར་བསོད་ནམས་དང་ཡེ་ཤེས་རྣམ་པར་དག་པ་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་རོ། །དེ་ལས་ཡི་གེ་ཧྲཱིཿལས་རྣམ་པར་བྱུང་བའི་འོད་ཟེར་འབར་བས་འཆད་པར་འགྱུར་བའི་གཟུགས་ཀྱི་ཡེ་ཤེས་
སེམས་དཔའ་སྤྱན་དྲང་ཞིང་སྔར་བཤད་པའི་མཆོད་པ་རྣམས་ཀྱིས་ལེགས་པར་མཆོད་ལ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཉིས་གཅིག་ཏུ་བྱས་པ་ལས། བཅོམ་ལྡན་འདས་སེང་གེ་དང་བྱ་ཁྱུང་དང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་འཇིག་རྟེན་དབང་ཕྱུག་ཏུ་
བདག་ཉིད་བརྟན་པའི་སེམས་ཀྱིས་བསྒོམ་པར་བྱ་སྟེ། སྐུ་མདོག་དཀར་བ་ཕྱག་དྲུག་པ་རལ་པ་དང་དབུ་རྒྱན་དང་ལྡན་པ་ཞི་བའི་ཆ་བྱད་ཀྱིས་གནས་པ། ཕྱག་གཡས་པས་རྫོགས་པའི་སངས་རྒྱས་དབང་དུ་མཛད་པ། གཉིས་པས་ཕྲེང་བ་འཛིན་པ། གསུམ་པས་ངན་སོང་ན་གནས་པའི་
འཇིག་རྟེན་ན་དགེ་བ་ཉེ་བར་སྟོན་པར་མཛད་དོ། །གཡོན་པས་དབྱུག་པ་བསྣམས་པ་གཉིས་པས་རི་དགས་ཀྲིཥྞའི་པགས་པ་བསྣམས་པ། གསུམ་པས་རིལ་པ་སྤྱི་བླུགས་བསྣམས་པའི་བཅོམ་ལྡན་འདས་རྣམ་པར་བསམ་པར་བྱའོ། །དེ་ལ་རྣམ་པར་དག་པ་ནི་རླུང་དང་མེའི་དཀྱིལ་འཁོར་
གཉིས་ཀྱིས་ནི་སེང་གེའོ། །ཆུའི་དཀྱིལ་འཁོར་གྱིས་ནི་བྱ་ཁྱུང་ངོ་། །སའི་དཀྱིལ་འཁོར་དང་རི་རབ་ལྷུན་པོ་གཉིས་ཀྱིས་ནི་ཁྱབ་འཇུག་གོ་ཞེས་བྱ་བ་ནི་རྣམ་པར་དག་པའོ། །རྟག་ཏུ་སྒོམ་པར་བྱེད་པའི་རྣལ་འབྱོར་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན་པར་འགྱུར་རོ། །

སྐྱེ་བོ་རྣམས་ཐམས་ཅད་དགའ་བར་འགྱུར་རོ། །ཤེས་རབ་ཆེན་པོ་དང་ལྡན་པར་འགྱུར་རོ། །ནད་མེད་པ་དང་། ཉེ་བར་འཚེ་བ་དང་བྲལ་ཞིང་ནོར་གྱིས་ཕྱུག་པར་ཡང་འགྱུར་རོ། །དབང་དུ་བྱ་བ་དང་དུག་སེལ་བའི་ལས་ལ་སྟོབས་ཆེན་པོ་དང་ལྡན་པར་འགྱུར་རོ། །བཟླས་པའི་སྔགས་ནི་བླ་
མའི་གདམས་ངག་ལས་ཤེས་པར་བྱའོ། །སེང་གེ་བྱ་ཁྱུང་ཁྱབ་འཇུག་ལ་བཞུགས་པ་ལས་འབྱུང་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ།། མཁས་པ་ཆེན་པོ་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།
ཏྲཻ་ལོཀྱ་བ་ཤྱཾ་ཀར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས། དང་པོར་རེ་ཞིག་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཐང་ཀ་དགྲམ་པར་བྱའོ། །དེའི་མདུན་དུ་སའི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱིས་ཟླ་བའི་
དཀྱིལ་འཁོར་བྱ་སྟེ། རྡོ་རྗེའི་རི་མོ་ཧཱུྃ། ཞེས་བྱ་བའི་སྔགས་ཀྱིས་སོ། །དེའི་རྗེས་ལ་ཛཿཧཱུྃ་བཾ་པདྨ་ལ་བཞུགས་སུ་གསོལ་ཧོཿཞེས་བྱ་བའི་སྔགས་ཀྱིས་སྤྱན་དྲངས་ལ་མཎྜལ་གྱི་དབུས་སུ་འཇིག་རྟེན་གསུམ་དབང་དུ་མཛད་པའི་རྗེ་བཙུན་འཇིག་རྟེན་དབང་ཕྱུག་མཆོད་པ་བྱ་བའོ། །
སྔགས་འདི་དག་གིས་བྱ་བ་ཡིན་ཏེ། ཨོཾ་འཇིག་རྟེན་གསུམ་དབང་དུ་མཛད་པའི་རྡོ་རྗེ་མེ་ཏོག་ཧཱུྃ་བཞེས་སུ་གསོལ་སྭཱ་ཧཱ། དེ་ནས་ཨོཾ་རྡོ་རྗེ་ཐུབ་པ་མུཿཞེས་བྱ་བས་གཤེགས་སུ་གསོལ་ལ། རང་གི་སྙིང་གར་ཡི་གེ་ཨོཾ་དམར་པོ་རྣམ་པར་བསམས་ལ་དེ་ཡོངས་སུ་གྱུར་པ་ལས་ཉི་
མའོ། །དེའི་སྟེང་དུ་ཡི་གེ་ཧྲཱིཿདམར་པོའོ། །དེའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ལེགས་པར་སྤྱན་དྲངས་ལ་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཤིང་འཇིག་རྟེན་གསུམ་དབང་དུ་བྱ་བའི་ཐབས་རྣམས་ཀྱང་འོད་ཀྱིས་རང་གི་
ས་བོན་ལ་ལེགས་པར་འཇུག་པར་བྱ་སྟེ། དེ་དག་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་སྐུ་ཐམས་ཅད་དམར་པོ་ཆེན་པོས་དམར་བར་གྱུར་པའི་འཇིག་རྟེན་དབང་ཕྱུག་ཞལ་གཅིག་པ་ཕྱག་གཉིས་པ་སྤྱན་གསུམ་པ་རལ་པ་དང་དབུ་རྒྱན་དང་ལྡན་པ། རྡོ་རྗེས་མཚོན་པའི་

ཞགས་པ་དང་ལྕགས་ཀྱུ་ཕྱག་ན་བསྣམས་པས་གསུམ་པོ་ལུག་གཉིས་ཀྱི་ཞགས་པས་བཅིང་བའི་སྟེང་ན། པདྨ་དམར་པོ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་ལྷ་རྫས་ཀྱི་རྒྱན་དང་ན་བཟས་རྣམ་པར་བརྒྱན་པར་བདག་ཉིད་བསམས་ལ། རྫུ་འཕྲུལ་སྣ་ཚོགས་དང་ལྡན་
པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་། རྡོ་རྗེ་རྣལ་འབྱོར་མ་དང་ལྷ་རྣམས་ཀྱིས་ཀྱང་དབང་སྐུར་བར་བྱེད་པར་རྣམ་པར་བསམས་ཏེ། མགོ་བོ་ལ་སྣང་བ་མཐའ་ཡས་བསྒོམ་པར་བྱའོ། །དེ་ནས་སྙིང་གའི་ཉི་མ་ལ་ཧྲཱིཿཧཱུྃ་ཡཾ་ཞེས་བྱ་བ་བཟླས་པས་སྔགས་ཡི་གེ་གསུམ་པོ་
འདི་བསྒོམས་ལ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཆོས་ཐམས་ཅད་རྡོ་རྗེའི་བདག་ཉིད་ཀྱི་རྡོ་རྗེའི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་རྡོ་རྗེའི་བདག་ཉིད་ཀྱི་སྔགས་གཉིས་བརྗོད་པར་བྱ་བའོ། །དེ་ལྟར་གོམས་པར་བྱས་པ་ལ་གཡོ་བ་འཕར་བ་ལ་
སོགས་པའི་ཡོན་ཏན་འབྱུང་བར་འགྱུར་རོ། །དེའི་རྗེས་ལ། ཨོཾ་ཧྲཱིཿཨཱཿཧཱུྃ་འཕྲོག་མ་གནོད་སྦྱིན་གྱི་དབང་ཕྱུག་མ་སྭཱ་ཧཱ། ཞེས་བྱ་བ་འདིས་ཆང་བུ་སྦྱིན་ནོ། །ཨོཾ་ཨཾ་ཀོཾ་ཧྲཱིཾ་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་ཚོགས་འཁོར་དང་བཅས་པ་མ་ལུས་པ་རྣམས་ཨ་ཨ་ཨ་བ་ཏ་ར་ཨ་བ་ཏ་ར་ཕྱོགས་
བཅུ་ནས་གཤེགས་སུ་གསོལ་བ་ཡང་། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཀྱང་གཏོར་མ་འདི་གྲྀཧྞ་གྲྀཧྞ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་གཏོར་མ་བཏང་ལ། ལྷའི་རྣལ་འབྱོར་གྱིས་རྣམ་པར་རྒྱུ་བར་བྱ་བ་ཡིན་ནོ། །ཨོ་ཌྱན་ནས་འབྱུང་བའི་རིམ་པ་འཇིག་རྟེན་གསུམ་དབང་དུ་བྱེད་པའི་འཇིག་རྟེན་དབང་ཕྱུག་གི་
སྒྲུབ་ཐབས། ས་ར་ཧའི་ཞལ་ནས་མཛད་པ་རྫོགས་སོ།། །།ཨ་བྷ་ཡའི་ཞབས་དྲུང་ནས་པ་ཚབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏྲཻ་ལོཀྱ་བ་ཤྱཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་འཇིག་རྟེན་གསུམ་
དབང་དུ་མཛད་པའི་སྒྲུབ་ཐབས་ཞེས་བྱ་བ། རེ་ཞིག་དང་པོར་ཡིད་ཀྱི་རྗེས་སུ་མཐུན་པའི་གནས་སུ་རྣལ་འབྱོར་པས་ཐང་ཀ་བཀྲམ་ལ། དེའི་མདུན་དུ་སའི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱིས་ཟླ་བའི་དཀྱིལ་འཁོར་མཛེས་པར་བྱ་བའོ། །སྔགས་འདིས་བྱ་སྟེ། ཨོཾ་རྡོ་རྗེ་རི་མོ་ཧཱུྃ་ཛཿཧཱུྃ་བཾ་

པདྨ་ལ་བཞུགས་ཧོཿ། །སྔགས་འདིས་སྤྱན་དྲངས་ལ། ཨོཾ་འཇིག་རྟེན་གསུམ་དབང་དུ་མཛད་པ་རྡོ་རྗེའི་མེ་ཏོག་ཧཱུྃ་བཞེས་སུ་གསོལ་སྭཱ་ཧཱ། སྔགས་འདིས་མཎྜལ་གྱི་དབུས་སུ་འཇིག་རྟེན་གསུམ་དབང་དུ་མཛད་པའི་རྗེ་བཙུན་འཇིག་རྟེན་དབང་ཕྱུག་མཆོད་པར་བྱ་བའོ། །ཨོཾ་ཐུབ་པ་རྡོ་རྗེ་མུཿའདི་
ནི་གཤེགས་སུ་གསོལ་བའི་སྔགས་ཡིན་ནོ། །ཕྱི་ནས་ནི་རང་གི་སྙིང་གར་ཡི་གེ་ཨཾ་བསམ་པར་བྱ་བའོ། །དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་གྲུབ་པར་བྱའོ། །དེའི་སྟེང་དུ་ཆགས་པའི་ས་བོན་སྐྱ་རེངས་དང་པོའི་འོད་ཟེར་དང་མཚུངས་པར་བལྟས་ལ། འོད་ཟེར་དེ་དག་
གིས་ཀྱང་སྣང་བ་མཐའ་ཡས་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་ཡང་བྱས་ལ། སླར་ཡང་ལུས་ལ་ལེགས་པར་གཞུག་པར་བྱའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྐད་ཅིག་གིས་ས་གསུམ་གྱི་ལུག་གཉིས་ཞགས་པས་སྦྲེལ་བའི་ཐོག་གི་པདྨའི་སྟེང་དུ་རྡོ་རྗེའི་སྐྱིལ་མོ་
ཀྲུང་གིས་བཞུགས་པ་སྟེ། སྤྱན་གསུམ་རྣམ་པར་ཕྱེ་བ་རལ་པ་དང་ཅོད་པན་དང་ལྡན་པ་རྡོ་རྗེ་ཁ་དོག་དམར་པོས་མཚོན་པའི་ཞགས་པ་དང་ལྕགས་ཀྱུ་བསྣམས་པའོ། །སྤྲུལ་པ་སྣ་ཚོགས་པ་མངའ་བའི་རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་དབང་བསྐུར་བར་གསོལ་བ་གདབ་པའོ། །དེ་བཞིན་དུ་བྱང་
ཆུབ་སེམས་དཔའ་སྣ་ཚོགས་པའི་རྒྱན་དང་ལྡན་པ་རྣམས་ཀྱིས་མཆོད་པར་བྱེད་དོ། །རིག་པ་འཛིན་པ་དང་ཁྱབ་འཇུག་དང་དབང་ཕྱུག་དང་ཚངས་པ་དང་རྣལ་འབྱོར་མའི་ཚོགས་རྣམས་ཀྱིས་ཀྱང་གར་དང་རོལ་མོའི་སྒྲ་བྱེད་ཅིང་སྣ་ཚོགས་པའི་འབྱུང་པོའི་ཚོགས་ལ་སོགས་པ་རྣམས་དང་མི་མགོའི་ཐོད་པའི་
ཕྲེང་བ་སྣ་ཚོགས་པས་བརྒྱན་པ་རྣམས་ཀྱིས་ཀྱང་ངོ་། །དེ་བཞིན་དུ་སྣ་ཚོགས་པའི་གདུགས་དང་རྔ་ཡབ་ལ་སོགས་པ་ཡང་བལྟ་བར་བྱ་བའོ། །དེ་དག་དམིགས་ལ་དམ་ཚིག་ཏུ་དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་མགོ་བོ་ལ་བལྟ་བར་བྱའོ། །འདི་ལྟ་བུ་དག་ཏུ་བདག་ཉིད་བསམ་པར་བྱ་
བའོ། །དེ་ནས་ལྟེ་བའི་ལྟག་ཏུ་ཉི་མའི་དཀྱིལ་འཁོར་འོད་ཟེར་གྱི་རང་བཞིན་དང་ལྡན་པར་བསམས་ལ། དེའི་སྟེང་གི་གཡོན་དུ་ཆགས་པའི་ས་བོན་ནོ། །སྙིང་གར་ཁྲོ་བོའི་ས་བོན་ནོ། །དབྱངས་ཡིག་ཨཱཿའདི་རྣམས་ནི་བསྒོམ་པར་བྱ་བའི་སྔགས་སོ། །དེ་དག་ཐམས་ཅད་བསྒོམས་ཤིང་

རྡོ་རྗེའི་བདག་ཉིད་ཀྱི་སྔགས་བརྗོད་པས་རྡོ་རྗེའི་བདག་ཉིད་དུ་བསམ་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ངའོ། །རྡོ་རྗེའི་བདག་ཉིད་ཀྱི་སྔགས་སོ། །དེ་དག་གོམས་པར་གྱུར་པའི་སྦྱོར་བས་གཡོ་བ་དང་བསྐྱོད་པ་དང་། དབབ་པ་བྱས་ལ་
གཉིས་སུ་མེད་པའི་ཡེ་ཤེས་བསྐྱོད་པར་བྱ་བའོ། །རྣལ་འབྱོར་པ་དེ་གླང་པོ་བཞིན་དུ་གྲག་པར་འགྱུར་ཞིང་ཤིན་ཏུ་དགའ་བ་བཞིན་དུ་རིགས་ལྔ་འདུ་བར་འགྱུར་རོ། །གལ་ཏེ་རིགས་ལྔ་འདུ་བར་མ་གྱུར་ན། དེའི་ཚེ་དེའི་ལུས་ལ་གཡོ་བ་དང་བསྐྱོད་པ་དང་དབབ་པ་ལ་སོགས་པ་གནས་པ་མ་ཡིན་
ནོ། །དེ་ལྟར་ཉིན་རེ་བཞིན་རིགས་ལྔ་འདུ་བ་དེས་ནི་འགྲུབ་པར་འགྱུར་བ་ཡིན་ལ། གྲུབ་པ་ཐོབ་པས་ཀྱང་གཞན་གྱི་ལུས་གཡོ་བ་དང་། བསྐྱོད་པ་དང་གབ་པ་བྱས་ལ། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དགག་པར་བྱ་སྟེ། དཔེར་ན་གྲུབ་པའི་གསེར་འགྱུར་གྱིས་ཕུག་པའི་ཟངས་ནི་མདོག་
ངན་པ་དང་བྲལ་བར་འགྱུར་རོ། །དེ་བཞིན་དུ་ལུས་ཉིད་ཀྱང་འབིགས་བྱེད་ཀྱི་བཅུད་ཅན་གྱིས་ཕུག་པས་འདོད་ཆགས་དང་ཞེ་སྡང་ལ་སོགས་པ་དང་བྲལ་བར་འགྱུར་རོ། །ཧཱུྃ་ཧཱུྃ་ཡཱི། བཟླས་པའི་སྔགས་སོ། །ཨོཾ་ཧྲཱི་ཨཱཿགནོད་སྦྱིན་དབང་ཕྱུག་མ་འཕྲོག་མ་སྭཱ་ཧཱ། འཕྲོག་མའི་སྔགས་སོ། །
ཨཾ་ཨཱཾ་ཀྲོཾ་ཧྲཱི་དཔའ་བོ་དང་དཔའ་མོའི་དབང་ཕྱུག་མའི་ཚོགས་འཁོར་དང་བཅས་པ་མ་ལུས་པ་རྣམས་ཨ་ཨ་ཨ་བ་ཏ་ར་ཨ་བ་ཏ་ར་ཕྱོགས་བཅུ་ནས་གཤེགས་སུ་གསོལ་ཞིང་འཇིག་རྟེན་དབང་བ་ཡང་གཏོར་མ་འདི་གྲྀཧྞ་གྲྀཧྞ་ཧཱུྃ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ས་ར་ཧའི་ཞལ་སྔ་ནས་
མཛད་པ། ཨོ་ཌི་ཡ་ནས་རྣམ་པར་ཕྱུང་བ་འཇིག་རྟེན་གསུམ་དབང་དུ་མཛད་པའི་སྒྲུབ་ཐབས་སོ། །མཁས་པ་རཏྣ་ཨཱ་ཀ་ར་དང་། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། རཀྟ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཇིག་རྟེན་དབང་
ཕྱུག་དམར་པོའི་སྒྲུབ་ཐབས་ཞེས་བྱ་བ་འཇིག་རྟེན་དབང་ཕྱུག་དམར་པོ་ལ་ཕྱག་འཚལ་ལོ། །ཨོཾ་ཚི་ཊི་ཚི་ཊི། བི་ཀློ་ལི་བི་ཀློ་ལི། ཆེ་གེ་མོ་འཁོར་དང་བཅས་པ་བདག་གི་དབང་དུ་འགྱུར་བར་སྒྲུབས་སྭཱ་ཧཱ། སྔོན་དུ་འགྲོ་བ་ཁྲི་ཕྲག་བཟླས་ལ་ཕྱི་ནས་བསྒྲུབ་པ་བརྩམ་པར་བྱ་བའོ། །ལྷོ་དང་བྱང་གི་

ངོས་ན་ལྷ་མོ་སྒྲོལ་མ་དང་ཁྲོ་གཉེར་ཅན་དང་བཅས་པའི་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་དབྱུག་པ་དང་ཕྲེང་བ་དང་ན་བཟའ་དམར་པོ་དང་ལྡན་པ་ཕྱག་བཞི་ན་ཞགས་པ་དང་ལྕགས་ཀྱུ་དང་མདའ་དང་གཞུ་བསྣམས་པ་གཅིག་ཏུ་སྒེག་པའི་སྙིམ་པ་མེ་ཏོག་དམར་པོས་
མཛེས་པར་གྱུར་པའི་ཤིང་མྱ་ངན་མེད་དེའི་དྲུང་ན་བཞུགས་པར་བདག་ཉིད་ཐུན་ཚོད་གསུམ་དུ་བསམ་པར་བྱ་བའོ། །ལན་ཚྭ་དང་ཨ་ཧུ་ཏའི་ཞེས་བྱ་བ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་སྐྱེས་པའམ་བུད་མེད་ཀྱང་རུང་སྟེ། ཞག་བདུན་ན་དབང་དུ་འགྱུར་རོ། །བདུན་ཕྲག་གསུམ་གྱིས་ནི་སྐྱེས་བུ་ཆེན་པོ་
ཡང་ངོ་། །ལན་ཚྭ་དང་བསྲེས་པའི་སྤྲ་ཚིལ་གྱི་ཆང་བུ་བྱས་ལ་སོར་བཞིའི་ཚད་ཀྱི་གཟུགས་བརྙན་བྱས་ཏེ་དུ་བ་མེད་པའི་སེང་ལྡེང་གི་སོལ་མེ་ལ་སྔགས་ཟློ་ཡིན་ཐུན་ཚོད་གསུམ་དུ་སྲེག་པར་གྱུར་ན་གང་གི་མིང་བྱས་པ་དབང་དུ་འགྱུར་རོ། །རྡོ་རྗེའི་ཆུས་བསྒོས་པའི་ལན་ཚྭ་ལ་ལན་བརྒྱ་རྩ་བརྒྱད་དུ་
ཡོངས་སུ་བསྔགས་ནས་གང་ལ་བྱིན་པར་གྱུར་པ་དེས་ཟོས་པ་ཙམ་ཉིད་ན་དབང་དུ་འོང་བ་ཡིན་ནོ། །འཇིག་རྟེན་དབང་ཕྱུག་དམར་པོའི་སྒྲུབ་ཐབས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨཱརྱ་ཨ་
བ་ལོ་ཀེ་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། སྔར་བཤད་པའི་ཚུལ་གྱིས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ནམ་མཁར་ར་ལས་ངེས་པར་བྱུང་བའི་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་ཡོངས་སུ་
གྱུར་པ་ལས། རྡོ་རྗེའི་ར་བ་དང་རྡོ་རྗེའི་གུར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་དབུས་སུ་ཤིན་ཏུ་འཇིགས་པ་དུར་ཁྲོད་དོ། །དེའི་ཡང་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་དབུས་སུ་ཡང་ཡི་གེ་ཧྲཱིཿསྔོན་པོ་ལས་ཡང་དག་པར་བྱུང་བ་བཅོམ་ལྡན་འདས་འཕགས་པ་སྤྱན་
རས་གཟིགས་དབང་ཕྱུག་སྟེ། སྐུ་མདོག་ནག་པོ་གཡས་བརྐྱང་བའི་གནས་པས་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཞལ་ལྔ་པ་སྤྱན་གསུམ་པ་ཕྱག་བཅུ་གཉིས་པ་གཡས་ཀྱི་ཞལ་གཉིས་ནི་དཀར་བ་དང་དམར་བའོ། །དེ་བཞིན་དུ་གཡོན་གྱི་ཞལ་གཉིས་ནི་སེར་པོ་དང་

ལྗང་གུའོ། །གཡས་ཀྱི་ཕྱག་རྣམས་ན་ནི་ཌ་མ་རུ་དང་ཁ་ཊྭཱཾ་ག་དང་ལྕགས་ཀྱུ་དང་ཞགས་པ་དང་རྡོ་རྗེ་དང་མདའ་བསྣམས་པའོ། །གཡོན་གྱི་ཕྱག་རྣམས་ན་ནི་སྡིགས་མཛུབ་དང་ཐོད་པ་དང་པདྨ་དམར་པོ་དང་ནོར་བུ་དང་འཁོར་ལོ་དང་གཞུ་བསྣམས་པའོ། །ཞལ་
ཐམས་ཅད་ཀྱང་མཆེ་བ་རྣམ་པར་གཙིགས་པའོ། །ཕྱག་རྒྱ་དྲུག་དང་ལྡན་པ་འཛག་པ་དང་ལྡན་པའི་མགོ་བོ་ཕྲེང་བས་སྐུ་ལ་རྒྱན་དུ་བྱས་པ་གཅེར་བུ་སྐུ་ཐམས་ཅད་ཀྱང་ཤིན་ཏུ་མཛེས་པར་བདག་ཉིད་སྐད་ཅིག་གིས་རྟོགས་པར་བྱས་ལ། དུས་ཕྱིས་སྙིང་གར་ཟླ་བ་ལ་ཡི་གེ་ཧྲཱིཿདབུས་སུ་ཆུད་པར་ཨོཾ་
ཨཱཿཧཱུྃ་ཞེས་བྱ་བའོ། །མུ་ནི་བ་ར་བཛྲེ་ཧཱུྃ་ཛཿཞེས་བྱ་བའི་སྔགས་འདི་ཕྲེང་བ་བྱས་ལ་བཟླས་པ་བྱ་བའོ། །མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱིས་ཀྱང་འབུམ་བཟླས་ན་འགྲུབ་བོ། །སྒྱུ་འཕྲུལ་གྱི་དྲ་བའི་ལུགས་ཀྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། པཎྜི་ཏ་ཆེན་པོ་
ཤཱནྟ་ཨ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སྠིར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། བརྟན་པའི་འཁོར་ལོའི་སྒྲུབ་ཐབས། ཨོཾ་བརྟན་པའི་འཁོར་ལོ་ལ་ཕྱག་འཚལ་ལོ། །དཔལ་ལྡན་འཁྲུལ་པ་མ་
ལུས་གཏན་ནས་སྤངས་པའི་རི་པོ་འཚེར་བ་རྒྱ་ཆེར་འབར། །དྲི་མེད་དམར་སེར་འོད་ནི་རབ་ཏུ་འཕྲོ་བ་རྒན་ཡང་བྱིས་པ་ཉིད་ཀྱི་གཟུགས། །བྱིས་རྣམས་རྣམ་པར་འཁྲུལ་བྱེད་པ་ཡང་མཆོག་ཏུ་རྟོགས་པའི་ཤེས་རབ་ལ་ནི་དང་བས་འདུད། །དེ་ཡི་འཁོར་ལོ་རིན་ཆེན་འདི་ནི་རང་ཉིད་རྗེས་སུ་
རྟོགས་པར་བྱ་ཕྱིར་བདག་གིས་བྲི། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ཡིས། །མཐའ་ཡས་ཕྱོགས་ཀུན་ལེགས་དགོངས་ནས། །སེམས་ཅན་ཆུ་བོས་ཀུན་སྐྲག་རྣམས། །ཡོངས་སུ་བསྐྱབ་པར་བརྩོན་མཛད་པ། །ཡིད་བཞིན་ནོར་བུར་གྲགས་སེམས་ཀྱི། །དེ་དག་རྣམ་སྣ་
ཚོགས་པས་མཆོད། །བྱས་ལ་འཇིག་རྟེན་བསྐྱབ་དོན་དུ། །བདག་ཉིད་སྐུར་ཡང་གསོལ་བ་གདབ། །དེ་ནས་དགེ་བ་མངོན་པར་འཕེལ་བར་བྱ་བའི་ཕྱིར་སྔགས་པས་འདི་དག་བྱ་སྟེ། འཇིགས་པའི་སྡིག་པ་རྣམས་ནི་ཐམས་ཅད་བཤགས་པར་བགྱི། །དགའ་བས་འགྲོ་བའི་བསོད་

ནམས་ལ་ནི་རྗེས་ཡི་རང་། །དཀོན་མཆོག་གསུམ་ལ་བདག་ནི་ཅིས་ཀྱང་སྐྱབས་སུ་མཆི། །རྫོགས་སངས་རྒྱས་ཀྱི་བྱང་ཆུབ་སེམས་ནི་རྣམ་པར་བླང་། །ཡང་དེའི་རྗེས་ལ་འདི་བརྩམ་པར་བྱ་སྟེ། གཟུང་འཛིན་དག་གིས་བཅོམ་པའི་འགྲོ་བ་འདི་དག་རྣམས་ནི་རྨི་ལམ་དང་ནི་མིག་
འཕྲུལ་མཚུངས། །རང་བཞིན་གྱིས་ནི་འོད་གསལ་ཕྱིར་ན་དགའ་བ་ཉིད་ཀྱང་ནམ་མཁའ་མཉམ་པར་ཀུན་ཏུ་གནས། །བདག་ཉིད་ཀྱང་ནི་ཡིད་འོང་ཟླ་བ་ངེས་པར་བསམ་བྱ་མདོར་བསྡུ་ན་ནི་ཡི་གེ་མུཿ། །ཡང་ནི་འོད་ཟེར་དྲ་བ་འཁྲིགས་ཤིང་འཕྲོ་བ་དེ་ལས་ཡང་དག་བྱུང་བ་བསྒོམ་པར་
བྱ། །དེ་གཞན་གྱུར་པ་ལས་ཀྱང་ཉམས་པ་མེད་པའི་དཀྱིལ་འཁོར་ནི། །གསེར་འོད་དང་ལྡན་གུར་ཀུམ་དག་གི་འདབ་བཞིན་སེར་གྱུར་པ། །དབྱངས་རྣམས་ཀུན་ན་འབར་བའི་ཕྲེང་བ་ཡིས་ནི་དཀྲིགས་གྱུར་ལས། །ཕྱོགས་ཀྱི་སྒོ་རྣམས་གསལ་བར་བྱེད་པའི་འོད་ནི་བསམ་
པར་བྱ། །དེ་ནས་གཞན་ཡང་མུཿགཟུགས་ས་བོན་ལས་ནི་ལེགས་བྱུང་བའི། །འོད་ཟེར་དམར་པོར་གྱུར་པའི་དཀྱིལ་འཁོར་བསྒོམ་བྱ་སྟེ། །ཀ་ཁ་ལ་སོགས་ཡི་གེ་མ་ལུས་ཀུན་གྱིས་ལེགས་བསྐོར་བ། །གུར་གུམ་དམར་རེངས་ཤིན་ཏུ་འོད་འབར་བ་སྟེ་དེ་སྟོང་ངོ་། །སྔགས་པ་ཡིས་
ནི་དེར་ཡང་ཡི་གེ་མུཿནི་བལྟ་བྱས་ལ། །དེ་ལས་ལེགས་པར་བྱུང་ཞིང་འོད་འབར་འདབ་མ་ལ་ལྡན་པའི། །ཨུཏྤལ་མཆོག་གྱུར་འོད་ཟེར་དྲ་བས་མ་ལུས་རྣམ་འཕྲོ་བ། །མུཿདབྱིབས་ས་བོན་དབུས་ནི་གནས་པ་རྣམ་པར་བསམ་པར་བྱ། །དེ་ལས་ལེགས་བྱུང་འོད་ཀུན་གྱིས་ནི་སངས་
རྒྱས་སྤྲོ་བས་འཇིག་རྟེན་ཀུན་བཀང་ལ། །ཟླ་བས་བསྐོར་བའི་སྐུ་ནི་ཤིན་ཏུ་འོད་འབར་མཆོག་ཏུ་གསལ་ལྡན་ཟུར་ཕུད་ཅན། །འོད་ཟེར་དམར་པོའི་དྲ་བས་མི་བཟད་མུན་པའི་སྒྲིབ་གཡོགས་གཏན་ནས་འཇོམས་མཛད་པ། །རྣམ་པ་ཐམས་ཅད་མཆོག་རྣམས་མྱུར་བར་སྦྱིན་ལ་
མཁས་པའི་དཔལ་ལྡན་རི་དབང་ཕྱུག །རོལ་ཅིང་སྒེག་པའི་ཉམས་དང་ལྡན་པས་མངོན་དགྱེས་པ། །ཆུ་སྐྱེས་ཕུན་ཚོགས་མངའ་མཛད་བརྗིད་པའི་འགྱིང་བག་ལྡན། །དཔའ་བོ་གཞོན་ནུར་གྱུར་པ་རྒྱན་རྣམས་ཀྱིས་བརྒྱན་པ། །དེ་ཡི་ཞབས་དང་ཉེ་བའི་ཡིད་ཀྱིས་བསྒོམ་པར་

བྱ། །དེ་ལྟར་ཀུན་བསམ་ངག་གི་དབང་། །སྙིང་གར་ཡི་གེ་མུཿབསྒོམས་ཏེ། །འབར་བ་ཁ་དོག་དམར་པོར་སྣང་། །འབར་བའི་དཀྱིལ་འཁོར་ཀུན་ནས་འཕྲོ། །དེ་ལས་སྐྱེས་པའི་རྩིབས་བརྒྱད་པའི། །འཁོར་ལོ་འོད་ཟེར་མུན་ཉེར་འཇོམས། །མ་ལུས་འོད་ཀྱིས་འགེངས་
བྱེད་པའི། །ཡེ་ཤེས་རང་བཞིན་རྗེ་བོ་བལྟ། །སྤྲུལ་པའི་འཁོར་ལོ་ཕྱོགས་རྣམས་སུ། །ཡིད་འོང་འོད་ཟེར་ཚོགས་བཞིན་ཏེ། །མེ་ཏོག་དམར་པོས་གཏམས་པ་ལྟར། །ཡི་གེ་དམར་པོས་ཀུན་འཁྲིགས་པའོ། །དེ་ལ་རེ་ཞིག་ཡི་གེ་རྣམས་བསམ་པར་བྱ་སྟེ། འཁོར་ལོའི་རྩིབས་རྣམས་ཀྱི་ཤར་དང་ལྷོ་
དང་ནུབ་དང་བྱང་རྣམས་ལ་ནི་རིམ་པ་ཇི་ལྟ་བ་བཞིན་དུ། ཨ་ར་པ་ཙ་རྣམས་སོ། །ལྟེ་བ་ལ་ནི་ཡི་གེ་ནའོ། །མེ་དང་བདེན་བྲལ་དང་རླུང་དང་དབང་ལྡན་གྱི་མཚམས་སུ་ཡང་སྔར་བཞིན་དུ་ནིཿཔྲ་པཉྩའོ། །དེ་ཁོ་ན་བཞིན་དུ་བར་དང་བར་རྣམས་ཀྱི་ནི་ཨ་ལ་སོགས་པའི་དབྱངས་ཡིག་གི་ཚོགས་རྣམས་སོ། །
ཕྱི་རོལ་དུ་ནི་ཡི་གེ་ཀ་ལ་སོགས་པའི་གསལ་བྱེད་རྣམས་སོ། །འདི་དག་གཡོ་བ་མེད་ཅིང་ངེས་པར་ཡང་བྱས་ལ། ཕྱི་ནས་འཁོར་ལོའི་ཡི་གེའི་ཚོགས་དང་འོད་ཟེར་གྱི་ཚོགས་ཀྱི་འོད་ཀྱིས་མུན་པའི་དཀྱིལ་འཁོར་ཀུན་ནས་འཇོམས་པར་བྱེད་པ་རྣམས་རང་གི་ལུས་ཀྱི་བ་སྤུའི་ཁུང་བུ་རྣམས་ནས་འཕྲོས་
པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་རྣམ་པར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དག་དང་ལྷན་ཅིག་རོ་གཅིག་ཏུ་གྱུར་ནས། །སླར་ཡང་དེ་དག་ཉིད་ཕྱིར་བསྡུས་ལ་བ་སྤུའི་ཁུང་བུ་དེ་དག་ཉིད་དུ་ལེགས་པར་བཅུག་ལ། རང་གི་ལུས་ཀུན་དུ་གསལ་
བར་བྱེད་པར་རིང་དུ་བསྒོམ་པར་བྱ་བའོ། །སེམས་བརྟན་པ་དང་ཕྱི་ནས་ནི་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་དུ་མངོན་སུམ་དུ་གསལ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱ་བའོ། །འཇམ་དཔལ་ངེས་རྟོགས་ནས་སྐབས་དག་ནི་སྦྱིན་བྱེད་པ། །ཡི་གེ་དག་ནི་ལྷན་ཅིག་ཉིད་དུ་ཡིད་འོང་བའོ། །
འཁོར་ལོ་གསལ་སྣང་ཁོ་ནར་ཉེ་བར་རྟོགས་པ་འདི། །ཉིན་མཚན་བསམ་གཏན་ལ་ནི་མངོན་པར་བརྩོན་ལས་ཡིན། །སྔར་མ་མཐོང་བའི་ངག་གི་རང་བཞིན་རྣམས་དང་ནི། །བཟོ་དང་རིག་པའི་གནས་རྣམས་མ་ལུས་པ་ལ་དེའི། །བློ་ཡི་ནོར་བུའི་སྣང་བ་གསལ་བྱེད་ཇི་ལྟ་བར། །རབ་འཇུག་

འོད་ཀྱིས་མུན་པ་གཏན་ནས་འཇོམས་པ་ཡིན། །གང་ཕྱིར་འཁོར་ལོ་འདི་ཡང་ཕན་འདོད་ཡིད་ཅན་གྱིས། །ངོ་མཚར་དུ་ཡང་ཟླ་བ་ཕྱེད་ནི་འདིར་བརྟགས་ན། །རིང་པོ་མིན་པ་ཉིད་ན་ཁྱེད་ཅག་ལ་ཡང་ནི། །བདེར་གཤེགས་ངོ་བོ་ཉིད་ཀྱིས་རབ་ཏུ་སད་བྱེད་འགྱུར། །འཁོར་ལོ་རྣམ་བཀོད་ལས་བྱུང་བསོད་
ནམས་གང་ཡིན་འདིས་ནི་གཞན་ཅི་སྨོས། །བདག་ཡིད་ལས་ནི་སྐྱེས་ཀུན་གསལ་བར་བྱེད་པ་དེས་ནི་འཁོར་ལོ་ཉིད། །གསར་ཤར་བཞིན་དུ་འདིས་ནི་གཏི་མུག་མུན་ནག་མཐངས་ནི་འབྱེད་བྱེད་ཅིང་། །ཤིན་ཏུ་གསལ་དང་གསུང་གི་མངའ་བདག་དཔལ་དགྱེས་འདིར་ནི་སྐྱེ་བོ་ཤོག །བརྟན་
པའི་འཁོར་ལོའི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། སྠི་ར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། བརྟན་པའི་འཁོར་ལོ་སྒྲུབ་ཐབས། བརྟན་པའི་འཁོར་ལོ་འདི་ནི་དཔལ་དང་ལྡན། །འཇམ་པའི་རྡོ་རྗེ་སྐྱོབ་པར་མཛད་པ་ཉིད། །བཏུད་ནས་བྱིས་པ་རྣམས་
ཀྱིས་རྟོགས་བྱའི་ཕྱིར། །རྣམ་པར་གསལ་བའི་ཚིག་གིས་བྲི་བར་བྱ། །བདེ་བའི་སྟན་ལ་ཉེ་བར་གནས་པའི་རྣལ་འབྱོར་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་ལ་གནས་པར་རྣམ་པར་བསམས་ལ། དེ་རྣམས་ལ་ཡིད་ཀྱིས་རང་བཞིན་གྱི་མཆོད་པ་རྣམ་པ་སྣ་
ཚོགས་པས་ཆོ་ག་བཞིན་དུ་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་སྣ་ཚོགས་འདི་དག་སེམས་ཙམ་གྱི་ངོ་བོ་སྟེ་གཟུང་བ་དང་འཛིན་པ་དང་བྲལ་བ་རྨི་ལམ་དང་མཚུངས་ཞིང་གཟུགས་བརྙན་དང་མཚུངས་པར་བདག་ཉིད་ཀྱང་ངེས་པར་བྱས་ལ། གུར་གུམ་གྱི་
འོད་དང་ལྡན་པའི་ཡི་གེ་མུཿལས་བྱུང་བའི་ཨ་ལ་སོགས་པའི་དབྱངས་ཡིག་གི་འོད་ཟེར་འཕྲོས་པ་ལས་ཟླ་བ་དམར་པོར་བལྟ་བའོ། །དེའི་སྟེང་དུ་ཡི་གེ་མུཿཡིག་འོད་འཕྲོས་པ་ལས་བྱུང་བའི་ཡི་གེ་ཀ་ལ་སོགས་པའི་འོད་ཟེར་གྱིས་ཉི་མའི་དཀྱིལ་འཁོར་དམར་པོ་བསྒོམ་པར་བྱ་བའོ། །དེའི་
སྟེང་དུ་ཡི་གེ་མུཿལས་བྱུང་ཞིང་དྲི་མ་མེད་ཅིང་འོད་འཕྲོ་བ་དང་ལྡན་པའི་ཨུཏྤ་ལའི་མཆོག་ལྟེ་བ་ལ་ཡི་གེ་མུཿགནས་པར་བསམ་མོ། །དེ་ཡང་ཡོངས་སུ་གྱུར་པ་ལས་གུར་གུམ་གྱི་མདོག་དང་ལྡན་ཞིང་ཟུར་ཕུད་ལྔ་ལ་གཞོན་ནུའི་རྒྱན་ཅན་གཅིག་ཏུ་སྒེག་པའི་ཉམས་དང་ལྡན་པ་རལ་གྲི་གླེགས་

བམ་བསྣམས་པའི་ངག་གི་དབང་ཕྱུག་ཟླ་བ་ལ་བཞུགས་པར་བདག་ཉིད་བསྒོམ་པར་བྱའོ། །དེའི་ཐུགས་ཀར་ཡི་གེ་མུཿལས་བྱུང་བའི་འཁོར་ལོ་བརྟན་པོ་རྩིབས་བརྒྱད་པ་སྟེ། འོད་ཟེར་གྱི་རང་བཞིན་འབར་བ་ལས་ཡི་གེ་ཨ་ལ་སོགས་པ་རྣམས་ཀྱི་ཕྲེང་བས་བསྐོར་
བའོ། །འཕྲོས་པ་ལས་ཕྱི་རོལ་དུ་ཡི་གེ་ཀ་ལ་སོགས་པའི་ཕྲེང་བས་ཡོངས་སུ་བསྐོར་བའོ། །དེའི་ལྟེ་བ་ལ་ཡི་གེ་ཨའོ། །ཤར་གྱི་རྩིབས་ལ་རའོ། ལྷོའི་རྩིབས་ལ་པའོ། །ནུབ་ཀྱི་རྩིབས་ལ་ཙའོ། །བྱང་གི་རྩིབས་ལ་ནའོ། །མེ་ལ་སོགས་པའི་མཚམས་རྣམས་སུ་ཡང་ཡི་གེ་ནིཿཔྲ་སཉྩ་
རྣམས་གུར་གུམ་གྱི་མདོག་དང་ལྡན་པ་རྣམ་པར་བསམ་པར་བྱས་ལ། འཁོར་ལོའི་འོད་ཟེར་གྱི་ཚོགས་དེ་དག་རྣམས་ཀྱི་ནང་དུ་ལུས་ཀུན་དུ་གསལ་བར་བྱ་སྟེ། བ་སྤུའི་བུ་གའི་གསེབ་རེ་རེ་ནས་སྤྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་སྣང་བར་བྱས་ཤིང་སླར་ཡང་བ་སྤུའི་བུ་གའི་ཁུང་བུ་
དེ་དག་རྣམས་ཉིད་དུ་ལེགས་པར་བཅུག་སྟེ། ལུས་ཀུན་ནས་གསལ་བར་བྱ་བ་ནི་དུས་ཡུན་རིང་དུ་རྣམ་པར་བསམ་པར་བྱའོ། །ཨོཾ་ཨ་ར་པ་ཙ་ན་མུཿཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །བརྟན་འཁོར་སྒྲུབ་ཐབས་བྱས་པ་ཡིས། །བསོད་ནམས་བདག་ལ་གང་སྐྱེས་པ། །དེས་ནི་འགྲོ་བ་མ་ལུས་
ཀུན། །གཟི་བརྗིད་འཇམ་རྡོར་མཚུངས་པར་ཤོག །ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཱ་གཱི་རཱ་ཊ་སཱ་དྷ་ནཾ། བོད་སྐད་དུ། གསུང་གི་མངའ་བདག་གི་
སྒྲུབ་ཐབས། དངོས་གྲུབ་ཐམས་ཅད་རབ་བྱིན་པའི། །ཡེ་ཤེས་རང་བཞིན་མགོན་ལ་འདུད། །ཀྲི་ཡའི་རྒྱུད་ཀྱི་རྗེས་འབྲངས་ལ། །དེ་ཡི་སྒྲུབ་ཐབས་བདག་གིས་བཤད། །དེ་ལ་རེ་ཞིག་དང་པོར་སྔགས་པས་ཡིད་དང་མཐུན་པའི་གནས་སུ་ཇི་ལྟར་བདེ་བར་ཉེ་བར་གནས་ལ། སྡུག་བསྔལ་
གྱི་ཆུ་བོར་བྱིང་བར་གྱུར་པའི་སེམས་ཅན་གྱི་ཁམས་རྣམས་ལ་བལྟས་པས་སྨོན་ལམ་གདབ་པར་བྱ་སྟེ། སྡུག་བསྔལ་བར་གྱུར་པའི་སེམས་ཅན་འདི་དག་རྣམས་འཁོར་བ་ན་འཁོར་བར་གྱུར་པ་དེ་དག་འཇམ་པའི་དབྱངས་སུ་གྱུར་ནས། བླ་ན་མེད་པའི་གོ་འཕང་ལ་ལེགས་པར་དགོད་པར་བྱའོ། །

ཞེས་བྱ་བར་རོ། །དེ་ནས་ཐང་ཀ་ལ་སོགས་པར་གྱུར་པའི་བཅོམ་ལྡན་འདས་འཇམ་པའི་དབྱངས་དང་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་ཡང་དག་པར་དམིགས་ལ། མེ་ཏོག་ལ་སོགས་པས་ལེགས་པར་མཆོད་ཅིང་ཡན་ལག་ལྔས་ཕྱག་འཚལ་ཏེ། སྡིག་པ་བཤགས་
པ་དང་སླན་ཆད་མི་བྱེད་པར་སྡོམ་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་བདག་ཉིད་ཀྱི་དངོས་པོ་ཡོངས་སུ་དབུལ་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱང་བྱ་བ་ནི། ཚིགས་སུ་བཅད་པ་གཉིས་པོ་འདི་དག་གིས་ཡིན་ཏེ། དཀོན་མཆོག་
གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །བདག་གིས་བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །འགྲོ་བ་མ་ལུས་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་མཆོག་གི་
སྤྱོད་པ་སྤྱད་བགྱི་ཞིང་། །འགྲོ་ལ་ཕན་ཕྱིར་སངས་རྒྱས་གྲུབ་པར་ཤོག །དེ་ནས་ལམ་ལ་བརྟེན་པར་བྱ་བའོ། །ཨོཾ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་བདག་ཀྱང་རང་བཞིན་གྱིས་རྣམ་པར་དག་པའོ། །འདིའི་དོན་རྗེས་སུ་རྟོགས་པས་ལན་གསུམ་བརྗོད་ལ་རང་བཞིན་
གྱིས་རྣམ་པར་དག་པར་མོས་པར་བྱ་སྟེ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་མོ། །ཁམས་གསུམ་སྟོང་ཞིང་མཚན་ཉིད་མེད་པ་གཟུང་བ་དང་འཛིན་པ་དང་བྲལ་བར་བལྟས་ལ། རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་གསེར་བཙོ་མའི་མདོག་ལྟ་བུའི་ཡི་གེ་
མུཿའོ། །དེ་ལས་ཀུན་དུ་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པར་བྱས་ཤིང་ཀུན་དུ་སྣང་བར་ཡང་བྱ་སྟེ། སྐལ་བ་ཇི་ལྟ་བ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱས་ཤིང་དེ་བཞིན་གཤེགས་པ་རྣམས་ཀྱང་བསྐུལ་ནས། ས་བོན་དེ་ཉིད་ལ་ལེགས་པར་གཞུག་
པར་བྱ་བའོ། །དེ་དག་ཐམས་ཅད་ཡོངས་སུ་རྫོགས་པ་ལས་བདག་ཉིད་འཇམ་པའི་དབྱངས་ཀྱི་ངོ་བོ་ཉིད་དུ་བསྒོམ་པར་བྱ་སྟེ། སྐུ་གསེར་བཞུ་བའི་མདོག་དང་མཚུངས་པ་ཞལ་གཅིག་ཕྱག་གཉིས་པ་སེང་གེའི་སྟེང་ན་པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པ། ཟུར་ཕུད་གསུམ་པ་རིན་

པོ་ཆེའི་དབུ་རྒྱན་ཅན་ཟླ་བའི་འོད་ཀྱི་དབུ་ཡོལ་དང་ལྡན་པ་གཞོན་ནུའི་རྣམ་པའི་གཟུགས་མངའ་བ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང་། སྒེག་པའི་ཉམས་དང་ལེགས་པར་ལྡན་པ་སྟེ། ཕྱག་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་ཅིང་ཕྱག་གཡོན་པས་ཤེས་རབ་
ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཨུཏྤ་ལའི་མཆོག་བསྣམས་པའོ། །ལྗང་ངར་གཡོན་པ་ལ་བརྟེན་ནས་ནི་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་དེ། མདོག་མཐིང་ནག་ཞལ་བསྒྱུར་ཞིང་མཆེ་བ་རྣམ་པར་གཙིགས་པ་སྐྲ་ཁམ་སེར་འཁྱིལ་པ་སྤྱན་ཤིན་ཏུ་དམར་ཞིང་ཟླུམ་པས་ཕྱག་གཡས་པས་བཅོམ་ལྡན་
འདས་ཀྱིས་ལྗང་ངར་ལ་འཇུས་པ་གཡོན་པས་དབྱུག་ཐོ་འཛིན་པའོ། །དེ་ལྟར་རྣམ་པར་བསྒོམས་ལ་སྐུ་གསུང་ཐུགས་ཀྱི་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་པོ་དཀར་པོ་དང་དམར་པོ་དང་སྔོན་པོའི་མདོག་ཏུ་རིམ་པ་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་བའོ། །དེ་ནས་ནུ་མ་གཉིས་ཀྱི་
བར་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མུཿབསམས་ལ་དེ་ནས་མཆོད་པར་བྱ་བ་དང་མཆོད་པར་བྱེད་པ་པོ་ཐ་དད་མེད་པར་དམིགས་ཏེ། རྣམ་པ་སྣ་ཚོགས་པའི་ལྷ་རྣམས་ཀྱིས་ཡང་དག་པར་བསྟོད་པར་གྱུར་པ་བདག་ཉིད་ལྟ་ཞིང་སྤྲོ་བ་དང་བསྡུ་བས་ཇི་སྲིད་དུ་སྐྱོ་བར་གྱུར་པ་མ་ཡིན་པ་དེ་སྲིད་དུ་བསྒོམ་
པར་བྱ་བའོ། །དེ་ལྟར་རྟག་ཏུ་བསྒོམ་བྱས་ན། །སངས་རྒྱས་བྱང་ཆུབ་རབ་ཏུ་འགྲུབ། །སྐྱེ་བ་འདི་ཉིད་རང་ལ་ཡང་། །ཐུགས་རྗེ་ཆེན་པོ་འཇམ་མགོན་འཐོབ། །བསྒོམས་པས་སྐྱོ་བར་གྱུར་ན་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྔགས་རྣམ་པར་བཀོད་ལ་ཞེན་པ་མེད་པའི་ཡིད་ཀྱིས་བཟླས་
པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་རི་མུཾ། དེ་ལྟར་བཟླས་པ་བྱས་ལ་བསྒོམས་པས་ཀྱང་སྐྱོ་བར་གྱུར་ནས་གལ་ཏེ་ལངས་པར་འདོད་ན། དེ་ཁོ་ན་བཞིན་དུ་ལེགས་པར་མཆོད་ཅིང་ཡང་དག་པར་བསྟོད་ལ། དགེ་བ་ཡོངས་སུ་བསྔོས་ཏེ་ཚིགས་སུ་བཅད་པ་འདིས་
བཟོད་པར་གསོལ་བར་བྱ་བའོ། །རྨོངས་པའི་བློ་ཅན་བདག་གིས་ནི། །ནོངས་པ་ཅུང་ཟད་གང་བགྱིས་པ། །དེ་ལས་ལུས་ཅན་སྐྱོབ་པའི་མགོན། །ཁྱོད་ཀྱིས་སླར་ཡང་དེ་བཟོད་མཛོད། །སྐྱེ་དགུ་རྣམས་ལ་ཕན་པའི་དོན་དུ་སྨོན་ལམ་གདབ་པར་བྱ་སྟེ། དགེ་བ་འདིས་ཀྱང་བདག་གིས་སངས་

རྒྱས་ཉིད་ཐོབ་ནས་སྲིད་པའི་རྒྱ་མཚོ་རྒལ་བར་དཀའ་བ་ལས་འགྲོ་བ་མཐའ་དག་སྒྲོལ་བར་ཤོག །དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་དམིགས་ལ་ཐམས་ཅད་འཇམ་པའི་དབྱངས་ཀྱི་རང་བཞིན་དུ་བལྟས་ཏེ་རང་གི་ལྷའི་ང་རྒྱལ་དང་ལྡན་པས་ཇི་ལྟར་བདེ་བར་གནས་པར་བྱ་བ་
ཡིན་ནོ། །དེ་ལྟར་ཐུན་བཞིའམ་ཐུན་གསུམ་དུ་ཡང་རུང་སྟེ་བྱ་བ་ཡིན་ནོ། །སྒྲུབ་ཐབས་འདི་བྱས་ལས་བྱུང་བའི། །འབྲས་བུ་བདག་གིས་གང་ཐོབ་པ། །དེས་ནི་སྲིད་གསུམ་འཇིག་རྟེན་འདི། །མ་ལུས་འཇམ་དབྱངས་ཉིད་གྱུར་ཅིག །འཕགས་པ་དཔལ་དང་ལྡན་པ་འཇམ་དཔལ་
གསུང་གི་མངའ་བདག་གི་སྒྲུབ་ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཝཱ་གཱི་རཱ་ཊ་སཱ་དྷ་ནཾ། བོད་སྐད་དུ། གསུང་གི་མངའ་བདག་གི་སྒྲུབ་ཐབས། སྔགས་པས་རེ་ཞིག་ཐོག་མ་ཉིད་དུ་ས་གཞིའི་ཆ་དྲི་ཞིམ་པོས་ཉེ་བར་བྱུགས་པ་དང་། མེ་ཏོག་སྣ་ཚོགས་
ཀྱིས་ཀྱང་ལེགས་པར་བཀང་ལ། དེའི་དབུས་སུ་སྟན་བདེ་བ་ལ་ལེགས་པར་གནས་ཏེ། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །དེའི་ཕྱི་ནས་ནི་རང་གི་སྙིང་གར་ཡི་གེ་ཨ་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡི་གེ་མུཿ
རྣམ་པར་བསམ་པར་བྱའོ། །ཡི་གེ་མུཿདེ་ལས་བྱུང་བའི་ཁ་དོག་ལྔ་དང་ལྡན་པའི་འོད་ཟེར་གྱི་ཚོགས་རྣམས་རང་གི་བ་སྤུའི་བུ་ག་རྣམས་ནས་སྤྲོ་བར་བྱ་སྟེ། འོད་ཟེར་དེ་དག་རྣམས་ཀྱིས་ཀྱང་འཇམ་པའི་དབྱངས་ཀྱི་སྐུས་ནམ་མཁའ་གང་བར་བལྟ་བར་བྱའོ། །དེ་ནས་དེ་དག་རྣམས་མེ་ཏོག་ལ་སོགས་པས་
མཆོད་པར་བྱ་བའོ། །དེ་ནས་དེའི་རྗེས་ལ་སྡིག་པ་བཤགས་པ་དང་བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སྨོན་ལམ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་བའོ། །ཕྱིས་དེ་དག་རྣམས་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་བསྒོམས་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་
རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་སྔགས་བརྗོད་པར་བྱའོ། །དེ་ནས་ཡང་རང་གི་སྙིང་གར་ཡི་གེ་ཨ་བལྟ་བར་བྱའོ། །དེ་ཡོངས་སུ་སྨིན་པས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་ན་ཡི་གེ་མུཿའོ། །དེ་དག་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་ཀྱི་སྐུར་བདག་ཉིད་བལྟ་བར་བྱ་སྟེ།

སེང་གེ་ལ་བཞུགས་པ། །གསེར་གྱི་མདོག་ཏུ་སེར་བའི་སྐུ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་ཆོས་བཤད་པའི་ཕྱག་རྒྱས་བྲེལ་ཅིང་གཡོན་ངོས་ན་ཨུཏྤ་ལ་འཛིན་པ་མི་བསྐྱོད་པས་དབུ་བརྒྱན་ཅིང་། གཡས་ཕྱོགས་ན་གཞོན་ནུ་ནོར་བཟངས། གཡོན་དུ་ནི་གཤིན་རྗེའི་གཤེད་བལྟ་
བར་བྱ་བ་ཡིན་ནོ། །བསྒོམས་པས་དུབ་ན་སྔགས་བཟླས་པར་བྱ་བ་ནི། ཨོཾ་ཝཱ་གཱི་ཤྭ་རི་མུཿགསུང་གི་མངའ་བདག་གི་སྒྲུབ་ཐབས་རྫོགས་སོ།། །།ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ།
སྤྲོས་པ་མེད་པའི་སྒྲུབ་ཐབས། ཟླ་བ་ལྟ་བུར་ཤིན་ཏུ་དངས་ཤིང་རལ་གྲི་གླེགས་བམ་ཕྱག་ན་བསྣམས། །ཤིན་ཏུ་ཞི་ཞིང་གཞོན་ནུ་ཟུར་ཕུད་ལྔ་པ་མཆོག་ཏུ་ཡིད་འོང་བ། །དགའ་བ་རྒྱ་ཆེན་ཐར་པ་མཆོག་གི་སྤྱན་ནི་དཀྱུས་རིང་པདྨའི་བདག །བློ་གྲོས་དམན་པ་བསྲེག་མཁས་འཇམ་དབྱངས་ལ་ནི་
ལེགས་པར་ཕྱག་འཚལ་ལོ། །གང་གིས་ཐོགས་ཀྱང་སྐྱེ་འདིར་ཨ་ར་པ་ཙ་ན་ནི་ལེགས་གྲུབ་ཕྱིར། །ཤིན་ཏུ་ཉུང་ངུས་འཁོར་ལོ་རིན་ཆེན་དག་གིས་གདམས་ངག་བདག་གིས་བྱ། །བར་ཆད་མེད་པར་མངོན་པར་བརྩོན་པས་ལོ་ཕྱེད་དག་ནི་བསྒོམས་གྱུར་ན། །ཚིག་རྐང་མ་ལུས་རྣམ་རིག་བློ་ལྡན་པ་ཡི་བློ་ཡི་
མཆོག་ཉིད་ཐོབ། །སྔགས་རིག་ས་ཡི་ཆ་ནི་མཉམ་ཞིང་གཙང་ལ་ཤིན་ཏུ་ཡིད་འོང་བར། །དྲི་ཞིམ་ཆུ་ཡིས་ཉེར་བཏབ་དྲི་བཟངས་མེ་ཏོག་སིལ་མར་བཀྲམ་བྱ་སྟེ། །ཤིན་ཏུ་འཇམ་ཞིང་དགའ་བར་གྱུར་པའི་སྟན་འགའ་ཞིག་ལ་ཉེར་གནས་པ། །བདེ་བའི་བློ་ཡིས་མཚན་མ་མེད་པར་བྱང་ཆུབ་སེམས་ནི་བསྒོམ་པར་
བྱ། །རང་བཞིན་དག་པའི་སྔགས་ནི་ཀུན་དུ་གསལ་བྱས་ལ། །ཐམས་ཅད་མ་ལུས་སྟོང་པ་ཉིད་དུ་རྣམ་པར་བསྒོམ། །ཡང་ནི་དངོས་པོ་རྣམས་དང་ལྷན་ཅིག་བདག་ཉིད་ལུས། །འོད་གསལ་ཉིད་དུ་སྐད་ཅིག་ཁོ་ནར་བལྟ་བར་བྱ། །དེ་ནས་ནམ་མཁར་རང་སྙིང་ཟླ་བའི་དཀྱིལ་འཁོར་ནི། །དབྱངས་ཀྱང་དང་པོ་
འབར་བ་ལས་ནི་རྣམ་བསྒོམ་བྱ། །དེ་ནས་འདི་ལ་ཡིད་དཀར་དྷཱིཿནི་ངེས་བལྟས་ལ། །དེ་ལས་འཇམ་དབྱངས་དྲི་མ་མེད་པར་རྟོགས་བྱ་སྟེ། །གཅིག་ཏུ་བསམ་གཏན་ལ་གཞོལ་པདྨའི་སྟེང་གནས་པ། །ཐམས་ཅད་རྒྱན་རྣམས་ཀྱིས་ནི་མཆོག་ཏུ་འབར་གྱུར་ཅིང་། །ཆགས་བྱས་ཅུང་ཟད་བཞད་པར་མཛད་

པས་ཡིད་འོང་བ། །ཟླ་བ་བྱེ་བའི་འོད་ལྡན་དབུས་སུ་དགོད་པར་བྱ། །རང་གི་སྙིང་ག་དག་ཏུ་ཡི་གེ་ཨ་མཆོག་རྣམ་པར་སྤྲོས་ལེགས་བལྟ། །མཚུངས་མེད་འོད་ཀྱི་དྲ་བ་དང་ལྡན་འཁོར་ལོའི་གཟུགས་ནི་རྩིབས་བརྒྱད་པ། །དེ་ཡི་སྟེང་དུ་ཟླ་བའི་དཀྱིལ་འཁོར་སྔགས་པ་དེས་ནི་བསྒོམ་བྱས་ལ། །ཟླ་བ་
བཞིན་དུ་ཤིན་ཏུ་དཀར་བར་གྱུར་པའི་དབྱངས་ཉིད་དོ། །གྲུ་གསུམ་པདྨ་རྒྱས་དག་སྤྱན་མངའ་མཛེས་པའི་གཟུགས་ལྡན་མ། །དཀུ་གཉིས་ཤིན་ཏུ་ལེགས་པའི་སྐྲ་ཅན་མ་ནི་གཡས་སུ་བལྟ་བར་བྱ། །གཡོན་དུ་ཉེ་བའི་སྐྲ་ཅན་ཡིད་འོད་ལུས་ནི་འགྱིང་བག་དང་ལྡན་མ། །ཡོན་ཏན་མཐའ་དག་གཏེར་གྱུར་
དེ་དག་ཙ་ན་གཉིས་ལས་བསྒོམ་པར་བྱ། ཤིན་ཏུ་དངས་པའི་ར་ཉིད་ལས་བྱུང་དྲི་མེད་པའི། །དྲ་བའི་འོད་ནི་ངེས་པར་མདུན་དུ་གཡས་སུ་དགོད་པར་བྱ། །པ་ཡིག་ལས་བྱུང་འོད་ཀྱི་རང་བཞིན་ཡིད་འཕྲོག་པ། །ཟླ་འོད་དེ་ནི་རྒྱབ་ཏུ་བཞུགས་སུ་གསོལ་བ་ཡིན། །ཡང་ན་འབར་བའི་ཟླ་བ་དག་ལ་ཡི་
གེ་ནི། །རྒྱ་ཆེན་གཟི་བརྗིད་དང་ལྡན་རྣམ་པར་བསྒོམ་བྱ་ཞིང་། །གཏི་མུག་བྲག་ཆེན་དག་ནི་རྣམ་པར་འཇོམས་བྱེད་ཅིང་། །ཆོག་ཤེས་རྙོག་པ་མེད་པ་དེ་ཡང་བྱེད་པ་ཡིན། །གཏི་མུག་མུན་སྟུག་མ་ལུས་རྣམ་པར་འཇོམས་བྱེད་པའི། །འོག་ཏུ་འཁོར་ལོ་ཉུང་ངུ་འཁོར་བར་རྣམ་པར་བསམ། །
ཟླ་བའི་གཟུགས་ནི་རྒྱ་ཆེན་འོད་ཟེར་དྲ་བ་ཅན། །ལྷ་དང་བཅས་པ་རྣམས་ཀྱིས་མི་གཡོ་བལྟ་བྱ་སྟེ། །ཟླ་བ་ལས་ནི་ཕལ་ཆེན་འོད་ཟེར་སྤྲིན་གྱི་ཚོགས། །ཀུན་ནས་བཀྱེ་ལ་ཕྱོགས་བཅུ་རྣམས་ནི་གསལ་བྱས་བལྟ། །སེམས་ཅན་དག་བྱས་དེ་བཞིན་བདག་ཉིད་ཀྱི་ཡང་ལུས། །ཐ་མར་ཕྱིར་
འོངས་ཟླ་བ་ལས་ནི་ལེགས་པར་བཞུགས། །ཁ་བློ་བརྟན་ཞིང་གདམས་པས་དམ་པ་ཨ་ར་པ་ཙ་ན་ཡི་སྔགས། །ལེགས་པར་ཟློ་དང་སྒོམ་པར་བྱེད་པའི་སྔགས་པས་དུས་རྣམས་ནི། །མཆོག་ཏུ་དྲི་མེད་ཡིད་འོང་ཕ་རོལ་ཕྱིན་པ་དང་ནི་གཞན་དག་ཀྱང་། །ཡིད་གཉིས་སྐྱོན་རྣམས་ཐམས་ཅད་གཏན་ནས་
སྤངས་པའི་རྒྱལ་བ་རྣམས་ཀྱིས་འཐོབ། །དམ་ཆོས་མཛོད་ཀྱི་རབ་གྱུར་བླ་མའི་མཆོག་ནི་དགའ་བའི་རྡོ་རྗེ་ཡིས། །བདེ་གཤེགས་ཚོགས་ཀྱི་སྤྱན་སྔར་ཆོ་ག་བཞིན་དུ་དང་པོར་དབང་བསྐུར་བའི། །བློ་བཟངས་སྒོ་བྱེད་བཤེས་གཉེན་དེས་ནི་ལེགས་སྡེབས་ཨ་ར་པ་ཙ་ན། །འཁོར་ལོ་དམ་པ་གང་ཕྱིར་

རྟོགས་པ་སྐྱེ་བ་འདི་ལ་གྲུབ་དོན་ནོ། །ཆོ་ག་བཟང་པོས་འཁོར་ལོ་ལེགས་སྤེལ་ལས་བྱུང་བའི། །ཀུན་ནས་རྣམ་ཡངས་བསོད་ནམས་བདག་གིས་གང་ཐོབ་དེས། །འཇིག་རྟེན་མཐའ་དག་སྡིག་པ་ཀུན་ལས་རྣམ་རྒྱལ་ནས། །འཇམ་དབྱངས་བདེ་བ་དམ་པར་གཅིག་ཏུ་ངེས་
གྱུར་ཅིག །སྤྲོས་པ་མེད་པའི་སྒྲུབ་ཐབས་རྫོགས་སོ།། །།ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་ར་པ་ཙ་སཱ་དྷ་ནཾ། བོད་སྐད་དུ། སྤྲོས་པ་མེད་པའི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་ཡིད་
དང་རྗེས་སུ་མཐུན་པའི་ས་ཕྱོགས་སུ་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ལས་ཀུན་ནས་བྱུང་བའི་ཟླ་བ་ལ་བཞི་པའི་བཞི་པ་ནི་ས་བོན་ཏེ་དྷཱིཿཨཿདང་ཚེག་དྲག་གཉིས་ཀྱང་མཐར་སྦྱར་བ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་གྱི་ཚོགས་རྣམས་ཉོན་མོངས་པའི་
མུན་ནག་དང་ལྡན་པའི་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བའི་ཚངས་པའི་གནས་བཞི་པོ་རྣམས་འཆད་པར་འགྱུར་བའི་རིམ་པས་བསྒོམ་པར་བྱ་བའོ། །བྱམས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ཉིད་དུ་བྱམས་པའོ། །སྙིང་རྗེ་གང་ཞེ་ན། སྡུག་བསྔལ་རྣམ་པ་གསུམ་གྱིས་
སྡུག་བསྔལ་བར་གྱུར་པའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་སྒྲོལ་བར་འདོད་པ་ཉིད་དོ། །དགའ་བ་གང་ཞེ་ན། བསྐྱེད་པའི་དགེ་བའི་རྩ་བ་རྣམས་གཞན་གྱི་ལོངས་སྤྱོད་དང་དབང་ཕྱུག་ལ་སོགས་པར་སེམས་དགའ་བ་ཉིད་དོ། །བཏང་སྙོམས་གང་ཞེ་ན། ཐམས་ཅད་ལ་ཁོང་ཁྲོ་བ་དང་
རྗེས་སུ་ཆགས་པ་དང་བྲལ་བས། གཞན་ལ་ཕན་པའི་ཆོས་ཉིད་ལ་ངང་གིས་ཞུགས་པར་གྱུར་པས་ལེགས་པར་འཇུག་པ་ཞེས་བྱ་བའོ། །ཚངས་པའི་གནས་བཞི་བསྒོམས་པའི་རྗེས་ཐོགས་ལ་སྙིང་གའི་ས་བོན་གྱི་འོད་ཟེར་ཉིད་ལས་ཀུན་ནས་བྱོན་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ནམ་མཁའི་ཕྱོགས་མཐའ་དག་ཁྱབ་པ་རྣམས་ཀྱིས། སྤྲོ་བ་དང་བསྡུ་བའི་ཚུལ་གྱིས་འགྲོ་བའི་དོན་གྱི་བྱ་བ་མཛད་པ་ལ་གཅིག་ཏུ་གཞོལ་བར་གྱུར་པར་བལྟས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་ཉིད་ལས་ལྷ་རྫས་ཀྱི་དྲི་དང་མེ་ཏོག་གི་བྱེ་བྲག་ལ་སོགས་པ་རྣམས་ངེས་པར་

སྤྲོས་ཏེ། མཎྜལ་གྱི་བྱ་བ་མངོན་དུ་བཏུད་པའི་ཐལ་མོ་སྦྱར་བས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞབས་པད་ལ་སྤྱི་བོ་ལེགས་པར་གཏུགས་པའི་ཡན་ལག་ལྔས་ཕྱག་བཙལ་བར་བྱ་བའོ། །འོད་ཟེར་དེ་དག་ཉིད་ལས་ངེས་པར་བྱུང་བའི་མེ་ཏོག་དང་བདུག་སྤོས་དང་མར་མེ་དང་ཕྱེ་མ་
དང་དྲི་དང་ན་བཟའ་དང་རྒྱལ་མཚན་དང་དྲིལ་བུ་དང་བ་དན་ལ་སོགས་པའི་ཕྱི་དང་ནང་གི་མཆོད་པ་ལ་སོགས་པ་རྣམས་ཀྱིས་ལེགས་པར་མཆོད་པར་བྱ་བས་མཆོད་པར་བྱ་བའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་བྱ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་
བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་རྒྱལ་རྣམས་སྤྱན་སྔར་བཤགས། །ཞེས་བྱ་བ་ནི་སྡིག་པ་བཤགས་པའོ། །དེ་བཞིན་གཤེགས་པ་རྣམས་གང་ཡིན་པ་དང་གཞན་དག་ཀྱང་རྫོགས་པའི་བྱང་ཆུབ་ལ་ཀུན་ནས་ལེགས་པར་བརྟེན་པ་
རྣམས་དང་རང་སངས་རྒྱས་དང་དམ་པའི་སྐྱེ་བོ་རྣམས་ཀྱི་ཡང་རུང་སྟེ། བསོད་ནམས་དེ་དག་རྣམས་ཐམས་ཅད་ལ་བདག་རྗེས་སུ་ཡི་རང་བར་བགྱིད་དོ་ཞེས་བྱ་བ་ནི་བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །ཐུགས་རྗེའི་ཡོན་ཏན་ཚོགས་ཀྱིས་མཐའ་ཡས་ཕྱོགས་རྣམས་ཁྱབ། །དུས་གསུམ་
ཀུན་དུ་གཤེགས་པའི་སངས་རྒྱས་མ་ལུས་དང་། །མཆོག་ཏུ་སྐྱོན་བྲལ་འཕགས་པའི་ཚོགས་དང་དམ་ཆོས་ལ། །མི་ཕྱེད་དད་པས་བདག་ནི་ལེགས་པར་སྐྱབས་སུ་མཆི། །ཞེས་བྱ་བ་ནི་གསུམ་ལ་སྐྱབས་སུ་འགྲོ་བའོ། །ཚངས་དབང་དང་ནི་དྲག་སོགས་ལས་ཡང་ཆེས་དཀོན་པའོ། །
ཡོངས་དག་རྒྱལ་པ་རྣམས་ཀྱི་ལམ་ལ་གནས་པར་བགྱི། །བདག་ལ་འདིར་བྱུང་བ་ཡི་བསོད་ནམས་ཚོགས་རྣམས་ཀྱིས། །བྱང་ཆུབ་སེམས་རབ་བདག་གིས་འདིར་ནི་བསྐྱེད་པར་བགྱི། །ཞེས་བྱ་བ་ནི་རྒྱལ་བའི་ལམ་ལ་གནས་པ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་གཉིས་སོ། །དེ་ལྟར་
བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་བྱས་པའི་གཏིང་ལ། བླ་མའི་གསུང་གིས་ཕྱི་དང་ནང་དུ་བྱམས་པ་སྟོང་པ་ཉིད་དུ་རྣམ་པར་བསྒོམ་མོ། །དེ་ནས་དེ་བརྟན་པར་བྱ་བའི་དོན་དུ། ཨོཾ་རང་བཞིན་གྱིས་རྣམ་དག་པས་ཆོས་ཀུན་རང་བཞིན་རྣམ་དག་བདག །ཅེས་བྱ་བའི་ཚིགས་

སུ་བཅད་པའི་དབྱངས་ཀྱིས་སྙན་པར་བྱ་བའོ། །དེའི་རྗེས་ལ་རང་གི་སེམས་ཀྱི་སྣང་བ་ཙམ་འབའ་ཞིག་པ་དང་ཞིང་ཐོགས་པ་མེད་པའི་ངོ་བོར་གྱུར་པའི་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པ་རང་གི་སེམས་རྣམ་པར་བསམ་པར་བྱ་བའོ། །དེའི་སྟེང་དུ་ནི་སྔར་
བཤད་པའི་ས་བོན་ནོ། །ས་བོན་དང་ཟླ་བ་དེ་དག་ཡོངས་སུ་གྱུར་ནས་འོད་འཕྲོ་བའི་རང་བཞིན་གྱི་རལ་གྲིའོ། །དེ་ནས་སྔར་བརྗོད་པའི་ས་བོན་ཟླ་བའི་སྟེང་ན་གནས་པ་ཆང་ཟུངས་ཀྱི་དཀྱིལ་དུའོ། །རལ་གྲི་དང་ས་བོན་དེ་དག་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་ཏེ། སྟོན་ཀའི་ཟླ་བའི་འོད་དང་མཚུངས་པ་
ཕྱོགས་བཅུའི་འཇིག་རྟེན་སྣང་བར་མཛད་པའི་འོད་དང་ལྡན་པ་ཕྱག་གཉིས་པ་གཞོན་ནུའི་གཟུགས་ཅན། ཕྱག་གཡས་ན་རྨོངས་པ་མ་ལུས་པར་རྩད་ནས་གཅོད་པར་མཛད་པ་ལ་གཅིག་ཏུ་གཞོལ་བའི་ཤེས་རབ་ཀྱི་རལ་གྲི་བསྣམས་པའོ། །ཕྱག་གཡོན་པ་ན་ཐབས་སུ་གྱུར་པའི་རིག་པའི་བསྟན་བཅོས་
མཐའ་དག་ཡོངས་སུ་རྫོགས་པའི་པོ་ཏི་ཅིག་བསྣམས་པའོ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་ཅིང་ན་བཟའ་དམར་པོ་བསྣམས་པ་བསམ་གཏན་གྱིས་གཅིག་ཏུ་ངེས་པར་ཞལ་པདྨ་དང་འདྲ་བར་རྒྱས་ཤིང་སྤྱན་པདྨ་དམར་པོ་དང་མཚུངས་པར་སྐྱེས་བུ་ཆེན་པོའི་མཚན་རྣམས་རྫོགས་པ་ལ་ནོར་བུ་
ཨིནྡྲ་ནཱི་ལའི་ཁ་དོག་མཚུངས་པའི་ཟུར་ཕུད་ལྔ་འཁྱིལ་པ། པདྨ་དཀར་པོ་འདབ་མ་བརྒྱད་པ་དང་ཟླ་བ་དག་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་ཉེ་བར་བཞུགས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་འཇམ་པའི་དབྱངས་ཀྱི་སྐུར་བདག་ཉིད་རྣམ་པར་བསྒོམ་པར་
བྱའོ། །དེ་ལྟར་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པའི་རྣལ་འབྱོར་པས་རང་གི་སྙིང་གར་ཡི་གེ་ཨ་ངེས་པར་རྫོགས་པ་ལས། དང་པོའི་འཁོར་ལོ་རྩིབས་བརྒྱད་པ་སྤྲོ་བ་དང་བསྡུ་བའི་འོད་ཀྱི་ཚོགས་ཀྱིས་རྨོངས་པ་མ་ལུས་པ་ངེས་པར་འཇིག་པར་བྱེད་ཅིང་གཡས་ཕྱོགས་སུ་འཁོར་བའི་རིམ་གྱིས་
མྱུར་དུ་འཁོར་བར་བལྟ་བར་བྱ་བའོ། །དེའི་སྟེང་དུ་ནམ་མཁའ་ལ་དབྱངས་ཡིག་དང་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ལྔ་རིམ་པ་ཇི་ལྟ་བ་བཞིན་དུ་ལྟེ་བར་གྱུར་པས་མེ་དང་མཚུངས་པ་འོད་ཟེར་དང་བཅས་པ་རྨོངས་པ་མཐའ་དག་དཔྱིས་འབྱིན་པར་བྱེད་པ་བླ་མའི་གདམས་

ངག་ལས་ཁྱད་པར་དུ་བསྒོམ་པར་བྱ་བའོ། །ལྷའི་སྐུར་བསྐྱེད་ལ་སྐྱོ་བ་མང་བའི་སྔགས་པས་སྤྲོ་བ་ལ་སོགས་པ་བལྟ་བར་བྱས་ལ་བཟླས་པ་བྱ་བའོ། །ཡང་ན་སྙིང་གའི་ཟླ་བའི་དབུས་སུ་ཤིན་ཏུ་དང་བའི་ཡི་གེ་ཨ་ལས་གྲུབ་པའི་ཨ་ར་པ་ཙ་ན་ཞེས་བྱ་བར་གྲགས་པའི་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་
བསམ་གཏན་ལ་གཅིག་ཏུ་ངེས་པར་དགྱེས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་ལེགས་པར་བཞུགས་པ་སྟེ། ཕྱག་གཡས་པ་དང་གཡོན་པ་དག་གིས་རལ་གྲི་དང་གླེགས་བམ་བསྣམས་པ། མཐའ་དག་ཀྱང་ཨིནྡྲ་ནཱི་ལ་འཁྱིལ་པའི་ཟུར་ཕུད་ལྔ་དང་ལྡན་བཞིན་ཟླ་བ་རྒྱས་པ་དང་མཚུངས་པ། གསུང་གི་མཆོག་
མངའ་བ། རང་གི་ས་བོན་ཟླ་བ་ལ་གནས་པ་སྙིང་གར་རྣམ་པར་བསྒོམ་པར་བྱའོ། །དེའི་མདུན་དུ་ཡི་གེ་ར་དཀར་པོ་ལས་ངེས་པར་བྱུང་བའི་དྲ་བའི་འོད་དེ་རང་གི་སྙིང་གའི་ཟླ་བ་ལ་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པར་བལྟ་བར་བྱ་བའོ། །དེའི་རྗེས་ལ་རྒྱབ་ཏུ་ཡི་གེ་པ་དཀར་པོ་རྫོགས་པ་ལས་
ཟླ་བའི་འོད་དེ། རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ལྡན་པར་ལེགས་པར་བལྟ་བར་བྱ་བའོ། །དེ་ནས་གཡས་སུ་གང་བའི་ཡི་གེ་ཙ་རྫོགས་པ་ལས་དཀར་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནུ་མ་གཉིས་རྒྱས་པའི་སྐྲ་ཅན་མ་སྟེ། རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ལྡན་པར་རྣམ་པར་བསམ་མོ། །
དེ་བཞིན་དུ་ཡི་གེ་ན་དཀར་པོ་ལས་གྲུབ་པའི་ཉེ་བའི་སྐྲ་ཅན་མ་ཡང་། རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ཀུན་ནས་ལྡན་པར་རྣམ་པར་བསྒོམས་ལ། ཐམས་ཅད་ཀྱང་ཨ་ར་པ་ཙ་ན་དང་ཆ་འདྲ་བར་རྣམ་པར་བསམ་མོ། །འདིར་ལྷའི་ཚོགས་རྣམས་ཀྱི་སྙིང་གའི་ས་བོན་གྱི་འོད་ཀྱིས་དགའ་བ་དང་སྤྲོ་བ་དང་
བསྡུ་བས་སྐྱེ་དགུ་རྣམས་ཀྱི་རྨོངས་པའི་ཕུང་པོ་རྩ་བ་ནས་གཅོད་ཅིང་། བཟོ་དང་རིག་པའི་གནས་ཀྱི་བསྟན་བཅོས་སུ་གྱུར་པ་མཐའ་དག་གི་ཆོས་ཀྱི་བདུད་རྩིས་སེམས་ཅན་ཐམས་ཅད་ཚིམ་པར་ཡུད་ཙམ་ལ་བདག་ཉིད་གཙང་ལ་ཐོག་སྡུག་དང་བྲལ་བའི་ལུས་ཀྱིས་བསྒོམ་པར་བྱ་ཞིང་། བླ་མའི་
གདམས་ངག་ལས་མཉམ་པར་གཞག་པའི་སྔགས་པས་བཟླས་པ་ཡང་བྱ་སྟེ། རབ་བསྔགས་དང་པོར་རོ། །ས་བོན་གྱི་ཡི་གེ་ལྔ་ནི་བར་དུའོ། །དམ་ཚིག་སེམས་དཔའི་ས་བོན་མཐར་བྱས་པ་ནི་སྔགས་སོ། །གང་གི་ཚེ་ལངས་པར་འདོད་པའི་བསམ་པ་བྱུང་བའི་ཚེ་རང་གི་སྔགས་བླ་མའི་གདམས་

ངག་གིས་བརྗོད་ལ། ཡི་གེ་བརྒྱ་པའི་ཚིགས་བཅད་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྷིམྨེ་པྲ་ཡཙྪ། སརྦྦ་ཀརྨྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་
ཧཱུྃ་ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན། སརྦྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཿཞེས་བྱ་བའི་སྔགས་ཡི་གེ་བརྒྱ་པ་བཏོན་པའི་རྗེས་ལ། སྤྲོ་བ་ལ་སོགས་པ་ཡང་བཏང་ལ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པས་སྤྱོད་ལམ་ཐམས་ཅད་ཀྱིས་གནས་པར་བྱ་སྟེ། མཉམ་པར་
གཞག་པའི་རྣལ་འབྱོར་པ་ནི་ཡང་དག་པའི་ཡེ་ཤེས་ཀྱི་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པར་གྱུར་ནས་དུས་རིང་པོར་མི་ཐོགས་པ་ཉིད་ན་བླ་ན་མེད་པའི་བྱང་ཆུབ་འཐོབ་པར་འགྱུར་བ་ཡིན་ནོ། །གྲོལ་བའི་ཚིག་གིས་གསལ་བ་འདིར། །སྒྲུབ་ཐབས་སྣང་བ་ལེགས་བྲིས་ལ། །གང་བྱུང་པད་འབྱུང་བསོད་
ནམས་རྒྱུན། །དེས་ནི་སྲིད་པ་ལས་གྲོལ་ཤོག །ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སོ། །མཁས་པ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ས་དྱོ་ཨ་ནུ་བྷ་བ་ཨ་ར་པ་ཙན་སཱ་དྷ་ནཾ།
བོད་སྐད་དུ། འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས། ཤེས་རབ་རྨོངས་དུག་གཞོམ་པའི་ཕྱིར། །ཤེས་དོན་གཉེར་སོགས་སྐྱེ་བོ་ལ། །འཇམ་དཔལ་འཕྲལ་དུ་ཉམས་མྱོང་བའི། །སྒྲུབ་ཐབས་ལེགས་པ་ཉིད་དུ་བཤད། །དང་པོར་རེ་ཞིག་རྣལ་འབྱོར་པས་
ཡིད་དུ་འོང་བར་འགྱུར་བའི་ཕྱོགས་འགའ་ཞིག་ཏུ། དབྱངས་ཀྱི་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ས་བོན་གྱི་ཡི་གེ་དྷཱིཿལས་རྣམ་པར་བྱུང་བའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ལྟ་བུས་སྤྱན་དྲངས་པའི་ཨ་ར་པ་ཙན་ལ་སོགས་པ་རྣམས་ལ་མཆོད་པ་ལ་སོགས་པ་ཆོ་ག་ལྟར་བྱས་
ལ། སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་སྣང་བ་ཡོངས་སུ་གྱུར་པ་ལས་ཀུ་མུ་དའི་ཟེ་བ་ལ་གནས་པའི་ཡི་གེ་དྷཱིཿསྟེ་མངོན་པར་གྱུར་ནས་རལ་གྲི་ལངས་པ་ཅིག་བལྟ་བར་བྱའོ། །དེའི་རྩེ་མོ་ལ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པས་ཟླ་བའི་སྟེང་དུ་ས་བོན་ནོ། །དེ་དག་ཐམས་

ཅད་ཡོངས་སུ་གྱུར་པ་ལས་རལ་གྲི་དང་པོ་ཏི་བསྣམས་པ་ཟུར་ཕུད་ལྔ་ལེགས་པར་འགྲིལ་བ་ན་བཟའ་དམར་པོ་ཟུང་ཅིག་བསྣམས་ཤིང་སྒེག་པའི་ཆ་བྱད་དང་ལྡན་པ་ཞལ་འཛུམ་པས་རྣམ་པར་རྒྱས་པ་ཟླ་བའི་འཚེར་བག་དང་མཚུངས་པར་མཛེས་པས་འདབ་མ་སྣ་ཚོགས་པའི་པདྨ་ལ་སྐྱིལ་ཀྲུང་ཕྱེད་
པས་བཞུགས་པའི་འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་ལེགས་པར་བལྟ་བར་བྱ་བའོ། །དེ་ནས་རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་སྟེ་མ་རེག་པར་རོ། །དེའི་སྟེང་དུ་ནས་ཀྱི་རྩེ་མོ་ཙམ་གྱིས་མ་རེག་
པར་དབྱངས་ཡིག་དང་པོ་ལ་སོགས་པ་ལས་ཡང་དག་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཟླ་བའི་ས་བོན་གྱིས་བསྐྱེད་པའི་རལ་གྲིའོ། །དེ་ནས་འཁོར་ལོ་དང་རལ་གྲི་དང་སྔར་བཤད་པའི་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཀྱང་དེ་ཁོ་ན་བཞིན་དུ་འཇམ་པའི་དབྱངས་
རྣམ་པར་བསྒོམ་པར་བྱས་ལ། དེའི་མདུན་དུ་ཡང་ཡི་གེ་ར་ལས་བྱུང་བའི་རལ་གྲི་དབྱངས་ཡིག་དང་པོ་ལས་བསྐྱེད་པའི་ཟླ་བ་ལ་གནས་པར་བསྒོམ་པར་བྱའོ། །རལ་གྲི་ལ་སོགས་པ་ཡོངས་སུ་སྨིན་པ་ལས་གཞོན་ནུ་དྲ་བ་བཅོམ་ལྡན་འདས་ཀྱི་གཟུགས་སུ་བལྟ་བར་བྱའོ། །དེ་བཞིན་
དུ་རྒྱབ་ཏུ་ལྔ་པའི་ཡི་གེ་དང་པོ་ལས་དེ་ཁོ་ན་ལས་ལྟར་ཟླ་བའི་འོད་དོ། །དེ་ཁོ་ན་བཞིན་དུ་ཡི་གེ་ཙ་ལས་སྐྲ་ཅན་མ་ནུ་མ་རྒྱས་པས་རྣམ་པར་མཛེས་པ་ནི་མགོན་པོའི་གཟུགས་སུ་སྟེ་གཡས་སུའོ། །གཡོན་དུ་ཡང་ཉེ་བའི་སྐྲ་ཅན་མ་སྟེ། ཡི་གེ་ན་ལས་དེ་ཁོ་ན་བཞིན་དུའོ། །ཐམས་ཅད་
ཀྱང་རང་གི་སྙིང་གའི་ཟླ་བ་ལ་རང་རང་གི་ས་བོན་ལ་གནས་པར་རྣམ་པར་བསམ་པར་བྱའོ། །དེ་ནས་གཙོ་བོའི་སྙིང་གའི་ས་བོན་ལས་རྣམ་པར་གྱུར་པས་ཀྱང་སྤྱན་དྲངས་པ་དང་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་གཅིག་ཏུ་བྱ་བ་དང་། འཁོར་ལོ་མྱུར་དུ་འཁོར་བ་དང་ཟླ་བ་ལ་གནས་པའི་ལྷ་
བཞི་དང་བཅས་པ་ཉིད་ཀྱང་བརྟན་པ་དང་དག་གོ། །རང་བཞིན་ལྷག་མ་མ་ལུས་པ་སྤྲོ་བ་དང་བསྡུ་བ་ཡང་བསྒོམ་པར་བྱ་བའོ། །བསམ་གཏན་གྱིས་དུབ་པར་གྱུར་ན་ནི་སྔགས་བཟླས་པར་བྱ་བའོ། །དེ་ལ་གསང་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨ་ར་པ་ཙ་ན་དྷཱིཿཞེས་བྱ་བའོ། །འཇམ་

དཔལ་འཕྲལ་དུ་ཉམས་མྱོང་བའི། །སྒྲུབ་ཐབས་གང་བྱས་བསོད་ནམས་ནི། །བདག་ལ་བྱུང་དེས་འཇིག་རྟེན་ཡང་། །རྟག་ཏུ་འཇམ་དབྱངས་མཚུངས་པར་ཤོག །འཕྲལ་དུ་ཉམས་སུ་མྱོང་བའི་སྤྲོས་པ་མེད་པའི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་
ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨ་མ་ན་ཡཻ་བི་ཥེཿ། བོད་སྐད་དུ། གདམས་ངག་གི་ཁྱད་པར། ས་བོན་ལས་ནི་འོད་ཟེར་སྤྲོ་བྱ་ཞིང་། །དེ་ནས་འོད་ཟེར་རྔུབ་པའི་དབུགས་ཀྱིས་སོ། །དབུགས་འབྱུང་སོགས་ལས་ཡེ་ཤེས་
སེམས་དཔའ་ནི། །ས་བོན་ལས་དྲངས་ལེགས་པར་བསྡུ་བར་བྱ། །ས་བོན་ལས་སྤྲོ་འོད་ནི་ཀུན་བསྡུས་ལ། །ཡེ་ཤེས་སེམས་དཔའ་ལ་སོགས་ངལ་གསོ་ཞིང་། །འབྱུང་དང་རྔུབ་པ་དག་ནི་རིམ་པ་བཞིན། །དབུགས་གནས་བློ་ནི་བརྟན་པ་ཉིད་བྱས་ཏེ། །ཟླ་བའི་གཟུགས་ཀྱི་སྟེང་
གནས་རལ་གྲི་ཟླ་བ་ས་བོན་མཆོག་ལྡན་པ། །རིམ་གྱིས་རྟོགས་པ་ཡོངས་སུ་འབྲེལ་གྱུར་ཞུ་བའི་བདག་ཉིད་བདག་རིག་ཅིང་། །དེ་རྗེས་ལ་ཡང་བློ་གྲོས་ཕུང་པོ་འཇམ་པའི་དབྱངས་སོགས་གཟུགས་ཡིན་ནོ། །བློ་དམན་ལ་ནི་འཁོར་ལོས་སྒྱུར་སོགས་ཐར་པ་རབ་ཏུ་སྦྱིན་པའང་ཡིན། །
ཟླ་བ་ས་བོན་རལ་གྲིའི་ཆང་ཟུངས་དེར། །ཟླ་བའི་ས་བོན་ངེས་པར་འོད་འཕྲོ་བའི། །འོད་ཀྱིས་བྱས་པའི་སྤྲོ་དང་བསྡུ་བར་ནི། །ལྷ་ལྔ་པོ་རྣམས་བསམ་པར་བྱ་བ་ཡིན། །ལྷ་ལྔའི་ཁྱད་པར་གྱི་གདམས་ངག་ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།
༄༅༅། །རྒྱ་གར་སྐད་དུ། བཛྲཱ་ནཾ་ཀ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་སྣ་ཚོགས་པདྨ་དང་ཉི་མ་ལ་ས་བོན་གྱི་ཡི་གེ་བཾ་སེར་པོ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་དཔལ་རྡོ་རྗེ་ལུས་མེད་དུ་
བདག་ཉིད་སྐད་ཅིག་གིས་མངོན་པར་རྫོགས་པར་བྱ་སྟེ། སྐུ་མདོག་སེར་པོ་ཞལ་གསུམ་པ། ཕྱག་དྲུག་པ་རལ་པ་དང་ལྡན་པ། ལོ་བརྒྱད་གཉིས་ཀྱི་ཆད་སྒེག་བག་དང་ལྡན་པ། ཞབས་གཡས་པ་བསྐུམ་པ་སྟེ། གཡས་ཀྱི་ཕྱག་གསུམ་ན་རལ་གྲི་དང་མདའ་དང་མེ་ལོང་བསྣམས་པའོ། །

གཡོན་གྱི་ཕྱག་གསུམ་ན་ནི་ཨུཏྤ་ལ་དང་གཞུ་དང་ཤིང་མྱ་ངན་མེད་བསྣམས་པའོ། །ལྷ་རྫས་ཀྱི་རྒྱན་དང་ན་བཟའ་མཛེས་པར་གྱུར་པ་མི་བསྐྱོད་པ་དབུ་རྒྱན་ལ་གནས་པར་བསྒོམས་ལ། སྨྱོ་བའི་སྦྱོར་བས་བསྒོམ་པར་བྱ་བའོ། །དེ་ལྟར་ཡང་ལྕགས་ཀྱུས་མཁལ་ཁུང་ཕུག་ལ་ཤིང་མྱ་ངན་མེད་ཀྱི་སྙིང་
ལ་གཏོལ་བར་བྱའོ། །རལ་གྲིས་ནི་བསྡིགས་པར་བྱ་ཞིང་བསྒྲུབ་བྱ་ལ་མེ་ལོང་གིས་བསྟན་པར་བྱ་བའོ། །དེ་ནས་ཨུཏྤ་ལས་རྐང་པ་རྣམ་པར་བཅིངས་ལ་སྐྲ་གྲོལ་བ་མྱོས་ཤིང་བསྐམ་པར་གྱུར་པ་དྲང་བར་བྱ་བ་ཡིན་ནོ། །ཨོཾ་ཆེ་གེ་མོ་ཁུག་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བྱའོ། །རྡོ་རྗེ་ལུས་མེད་ཀྱི་སྒྲུབ་
ཐབས་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། བཛྲཱ་ནཾ་ཀ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས། སྡིག་པ་བཤགས་པ་ལ་སོགས་པ་སྔར་བཞིན་དུ་བྱས་ལ། སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ཡི་གེ་ཧཾ་ལས་བྱུང་བའི་མདའ་ལྟོངས་པ་དང་ལྡན་
པའི་གཞུ་ཡི་གེ་ཧཾ་ཆང་ཟུངས་ཀྱི་དཀྱིལ་ན་གནས་པར་བསྒོམ་པར་བྱའོ། །དེ་དག་ཡོངས་སུ་གྱུར་པ་ལས་ནི་རྡོ་རྗེ་ལུས་མེད་ཅེས་བྱ་བའི་འཇམ་པའི་དབྱངས་ཏེ། མདོག་སེར་པོ་ཕྱག་དྲུག་པ། རྩ་བའི་ཕྱག་གཉིས་ཀྱིས་ནི་ཨུཏྤ་ལ་དམར་པོ་ལས་བྱས་པའི་རྣ་བའི་རྩར་ཁེངས་པར་འགེངས་པའི་གཞུ་
མདའ་དང་བཅས་ནས་བསྣམས་པའོ། །གཡས་པ་གཉིས་ཀྱིས་ནི་རལ་གྲི་དང་མེ་ལོང་བསྣམས་པའོ། །གཡོན་པ་གཉིས་ཀྱིས་ནི་ཨུཏྤ་ལའི་མཆོག་མེ་ཏོག་འདབ་མ་དང་ལྡན་པའི་མྱ་ངན་མེད་དམར་པོ་བསྣམས་པའོ། །རལ་པ་དང་ལྡན་པའི་ཅོད་པན་ལ་མི་བསྐྱོད་པས་བྱིན་གྱིས་བརླབས་པའོ། །
ཞབས་གཡས་བསྐུམ་པ། ལོ་བཅུ་དྲུག་པའི་ཚོད་ཀ་འཇོ་སྒེག་ཆེན་པོ་དང་ལྡན་པའི་སྐུར་བལྟ་བར་བྱའོ། །ཡང་ན་མེ་ལོང་དང་མྱ་ངན་མེད་ཀྱི་ཡལ་ག་བསྣམས་པའི་ཕྱག་གཉིས་དང་བྲལ་བའི་ཕྱག་བཞི་པ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། ཨོཾ་མཉྫུ་གྷོ་ཥ་
པྲི་ཤྲཱི་ཛཿབྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། འབུམ་གྱིས་ས་གསུམ་ན་གནས་པ་ཡང་ཅི་བགྱི་བ་ཉིད་དུ་བྱེད་དོ། །གལ་ཏེ་ཡང་འགའ་ཞིག་དགུག་པར་འདོད་ན་དེའི་ཚེ་འདས་མ་ཐག་ཏུ་བཤད་པའི་བསྒོམ་པ་བྱས་ལ། དེའི་ང་རྒྱལ་གྱིས་བརྟན་པར་གྱུར་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་

དམར་པོ་འདབ་མ་བཅུ་དྲུག་པ་ལྟེ་བར་ཡུ་བ་བབས་པ་དང་བཅས་ཤིང་རྩ་བ་དང་ལྡན་པ་དམིགས་པར་བྱ་བའོ། །དེའི་ཡང་ཡུ་བའི་རྩ་བ་ཡི་གེ་ཧཱུཾ་དམར་པོར་བལྟས་ལ། དེའི་འདབ་མ་རྣམས་ལ་ནི་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་རྣམ་པར་བསྒོམ་པར་
བྱའོ། །དེའི་ཟེའུ་འབྲུའི་སྟེང་དུ་ནི་ཇི་ལྟར་རིགས་པར་ཉི་མ་ཟླ་བ་འདི་དག་གི་དཀྱིལ་འཁོར་ཁ་དོག་དམར་པོ་སྟེ། དེ་དག་གི་དབུས་སུ་ཧྲཱིཿདམར་པོ་གཉིས་ཀྱི་སྙིང་པོར་བྱས་པའི་འཆད་པར་འགྱུར་བའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབུགས་དེ་དག་ལས་ཤིན་ཏུ་དགའ་ཞིང་རྒྱས་པའི་བུང་
བ་དམར་པོ་རྣམས་རྣམ་པར་བསྒོམས་ལ། རང་གི་སྔགས་ལས་སྤྲོ་བ་དང་བསྡུ་བའི་ཚོགས་ཀྱིས་ཕྱོགས་བཅུ་དགང་བར་བྱ་ཞིང་ཇི་སྲིད་དུ་འཇིགས་པར་བྱ་བའི་བུད་མེད་ཀྱི་གནས་སུ་སོང་ལ། དེ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བསྐྱོན་ལ་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་རྐེ་ལེགས་པར་བཅིངས་
ཤིང་ཆོས་འབྱུང་ལྕགས་ཀྱུས་དམ་པར་ཕིག་སྟེ། མདུན་དུ་ཐལ་མོ་སྦྱར་བར་བྱས་པས་ཡང་དག་པར་དགུག་པར་བྱ་ཞིང་། མེའི་ཟོ་ཆུན་གྱི་དབུས་སུ་ཕྱུང་ལ་ཡི་གེ་ཧཱུཾ་དམར་པོས་ཁྱབ་པར་བྱས་པའི་མིག་དང་སྙིང་དང་ཡན་ལག་རྣམས་ཐམས་ཅད་རྣམ་པར་བསྒོམ་པར་བྱ་བའོ། །དེ་ནས་ཡང་
དེའི་སྙིང་གར་དབྱངས་ཡིག་བཅུ་དྲུག་དང་བཅས་ཤིང་ཡི་གེ་ཧཱུཾ་དང་ལྡན་པའི་ཡུ་བ་ཅན་འདབ་མ་བཅུ་དྲུག་པ་བལྟ་བར་བྱ་སྟེ། འོན་ཀྱང་མདོག་ངན་པར་རོ། །དེའི་དཀྱིལ་དུ་ཡི་གེ་ཧྲཱིཿའི་དབུས་སུ་ཆུད་པའི་མིང་གི་ཡི་གེ་བསྒོམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་ཡི་གེ་སྤྲོས་པའི་གཟི་བརྗིད་
ཀྱིས་ཤིན་ཏུ་དམར་ཞིང་རྣོ་ལ་ཕྲ་བའི་ལྕགས་ཀྱུ་པདྨའི་ཡུ་བ་ལ་གནས་པའི་ཡི་གེ་ཧཱུཾ་གི་འོད་ཟེར་གྱི་སྟེང་དུ་བསྐྱོད་ནས་འཕེན་པར་བྱེད་པ་བུང་བའི་ཚོགས་ཀྱིས་ཕྱི་བཞིན་རྗེས་སུ་འབྲང་བར་གྱུར་པས་རང་ཉིད་ཀྱི་སྣ་བུག་གཡས་པ་དང་ཅིག་ཤོས་ཀྱི་བུ་ག་ནས་ངེས་པར་བྱུང་ནས་བསྒྲུབ་བྱ་མ་ཡིན་པ་བསྒྲུབ་
བྱའི་སྣ་བུག་གི་བུ་ག་ནས་དེའི་སྙིང་ལ་རབ་ཏུ་ཞུགས་ཏེ། ལྕགས་ཀྱུ་དེ་ནི་དེའི་མིང་གི་ཡི་གེ་ཀུན་ནས་འདྲེན་པར་བྱེད་ཅིང་གནས་སོ། །བུང་བ་དེས་ཀྱང་པདྨའི་རྫིང་བུ་དེ་རྩ་བ་ནས་བཤིག་ཅིང་རྙིངས་པར་བྱས་ནས་རང་དབང་དུ་གྱུར་པས་ཅུང་ཟད་སྐེམ་པར་བྱེད་པ་ཡིན་ནོ། །འདི་ནི་ཡུན་ཤིན་ཏུ་བརྟན་པར་

བལྟ་བར་བྱ་བའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་དེས་བསྐྱོད་པའི་ལྕགས་ཀྱུ་དང་བུང་བ་དེ་དག་ཀྱང་རང་ཉིད་ཀྱི་དབུགས་ཀྱིས་དེའི་སྣ་བུག་གཡས་པའི་བུ་གའི་ལམ་དུ་ཞུགས་པར་བལྟས་ལ། སླར་ཡང་དབུགས་ཀྱི་རླུང་གིས་དགུག་པར་བྱ་ཞིང་ལྕགས་ཀྱུ་དང་བུང་བས་ཡང་དག་པར་དྲངས་ལ་རང་
ཉིད་ཀྱི་སྣ་བུག་གཡོན་པར་ལེགས་པར་བཅུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གི་སྔགས་ཀྱིས་དམ་པར་མནན་ཞིང་། དེའི་དབྱངས་ཡིག་རྣམས་ཀྱང་བཏབ་ལ་སོ་སོ་ལ་བུང་བའི་མཆོག་རྣམས་ཀྱིས་དབང་དུ་བྱས་པར་རྣམ་པར་བསམ་པར་བྱ་བའོ། །རིམ་པ་འདི་ཉིད་ཀྱིས་རང་གི་རྣམ་པར་ཤེས་པ་
དང་། དེའི་རྣམ་པར་ཤེས་པ་གཅིག་ཏུ་བྱས་པར་ཡང་བལྟ་བའོ། །དེ་ནས་དེའི་ནུ་མ་ཨུཏྤ་ལ་དམར་པོ་ལས་བྱས་པའི་མདའ་རྣོན་པོས་ཕུག་ཅིང་ཆགས་པས་བརྒྱལ་བར་གྱུར་པར་ཡང་བལྟས་ཤིང་། ལྕགས་ཀྱི་ལུ་གུ་རྒྱུད་ཀྱི་གཞུས་དེའི་རྐང་པ་གཉིས་དམ་པོར་བཅིངས་ལ། རང་ཉིད་ཀྱིས་
བཟུང་བའི་ཨུཏྤ་ལའི་རྩ་བའི་བདག་ཉིད་ཀྱི་ཞགས་པས་སྐེ་བཅིངས་ཤིང་ངེས་པར་དྲངས་ཏེ། རང་ཉིད་ཀྱི་རྐང་པའི་དྲུང་དུ་བསྐྱེལ་ལ་མྱ་ངན་མེད་ཀྱིས་སྙིང་བཙོག་པར་བྱ་ཞིང་མངོན་པའི་ང་རྒྱལ་མེད་པར་བྱས་ནས་རལ་གྲིས་བསྡིགས་ཤིང་སྐྱབས་གཞན་མེད་པར་བྱས་ལ། ཡང་སྐྲ་ཞིག་ཅིང་གོས་
མེད་པ་ཤིན་ཏུ་ཆགས་པས་བརྒྱལ་བའི་བདག་ཉིད་ཀྱི་གནས་སྐབས་ནི་མེ་ལོང་གིས་སོ། །ཤིན་ཏུ་འཇིགས་པར་གྱུར་པར་བྲལ་བར་བྱས་ལ་ཤིན་ཏུ་དད་པར་བསྟན་ཏེ། རང་གིས་རིག་པར་བདག་ཉིད་རྗེས་སུ་ཆགས་པར་བྱའོ། །ཨོཾ་ཆེ་གེ་མོ་ཁུག་ཅིག་མཉྫུ་གྷོ་ཥ་ཤྲཱི་ཛཱཿཞེས་བྱ་བའི་རང་ཉིད་
ཀྱི་སྔགས་མིང་དང་བཅས་པ་རྩེ་གཅིག་པའི་ཡིད་ཀྱིས་བཟླས་པར་བྱ་བའོ། །བཤད་མ་ཐག་པའི་རིམ་པ་དེ་ལྟར་གྱིས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཇི་སྲིད་དུ་བཅུ་བཞིའི་བར་ཁྲི་ཕྲག་ཙམ་བཟླས་པར་བྱའོ། །ཡང་ཟླ་བ་ཉ་ལ་ནི་མཆོད་པ་ཆེན་པོ་བྱས་ལ་ནམ་ཡོལ་ག་བཟླས་པར་བྱའོ། །
དེ་ནས་ནམ་མཁའ་བྱུང་བ་དང་དེ་ངེས་པར་འོང་བར་འགྱུར་རོ། །འོང་ནས་ཀྱང་ཕྱག་རྒྱ་ཆེན་པོ་ལ་སོགས་པ་གྲུབ་པ་དོན་དུ་གཉེར་བ་དང་རང་ཉིད་ཀྱི་ལྷ་མཆོད་པའི་བསམ་པས་དེ་ཇི་ལྟར་བདེ་བར་ཉེ་བར་ལོངས་སྤྱོད་པར་བྱ་བའོ། །འཇམ་དཔལ་རྡོ་རྗེ་ལུས་མེད་ཀྱི་སྒྲུབ་ཐབས་རྫོགས་སོ།། །།

ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཝཱ་གཱི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ངག་གི་དབང་ཕྱུག་གི་སྒྲུབ་ཐབས། དེ་ཁོ་ན་བཞིན་དུ་སྟོང་པ་ཉིད་དུ་ལ་སོགས་པ་བསྒོམས་པའི་རྗེས་ལ་སྣ་
ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཡི་གེ་ཨ་དཀར་པོ་ལས་བྱུང་བའི་དཔལ་ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་སྟེ། སྐུ་ཐམས་ཅད་དཀར་བ་ཞལ་བཞི་པ། ཕྱག་བརྒྱད་པ། སངས་རྒྱས་ལྔ་དང་རིན་པོ་ཆེའི་དབུ་རྒྱན་དང་ལྡན་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་མངའ་བ། སྒེག་པ་ལ་
སོགས་པའི་ཉམས་དང་ལྡན་པའོ། །ཕྱག་གཉིས་ཆོས་བཤད་ཀྱི་ཕྱག་རྒྱས་མཚོན་པ་རལ་གྲི་དང་མདའ་དང་རྡོ་རྗེ་ནི་གཡས་པའི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་། གཞུ་དང་རྡོ་རྗེ་དྲིལ་བུ་ནི་གཡོན་པའི་ཕྱག་གསུམ་ན་སྟེ། རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བདག་
ཉིད་རྫོགས་པར་བྱས་ལ། སྙིང་གར་ཟླ་བ་ལ་ཧཱུཾ་མཐིང་ནག་ལས་བྱུང་བའི་ས་བོན་དང་བཅས་པའི་རྡོ་རྗེ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །སྨིན་མཚམས་སུ་ཡི་གེ་ཏཾ་སེར་པོ་ལས་ས་བོན་དང་བཅས་པའི་རིན་པོ་ཆེ་སྟེ་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །མགྲིན་པར་ཡི་གེ་ཧྲཱིཿདམར་པོ་
ལས་བྱུང་བའི་ས་བོན་དང་བཅས་པའི་པདྨ་ནི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ནོ། །སྤྱི་བོར་ཡི་གེ་ཨཱཿལྗང་གུ་ལས་བྱུང་བའི་ས་བོན་དང་བཅས་པའི་སྣ་ཚོགས་རྡོ་རྗེ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །ཕྱག་རྒྱ་བཞི་དང་ལྡན་པ་འདིར་བདག་ཉིད་རྣམ་པར་བསྒོམས་ལ། ཨོཾ་ཧཱུཾ་ཧྲཱིཿ
བྷ་ག་བཱན་ཛྙཱ་ན་མཱུརྟྟི་བཱ་གཱི་ཤྭ་ར་མ་ཧཱ་ཝཱ་ཙ་སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཿབྱ་བའི་སྔགས་འདིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་རྡོ་རྗེ་བཅིངས་ལ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པས་རལ་གྲིའི་རྣམ་པ་ལྟ་བུར་གཟུང་བར་བྱ་ཞིང་མཛུབ་མོ་གཉིས་བསླང་སྟེ།
མཐེ་བོང་གཉིས་ཀྱིས་སྟེང་དུ་བཀུག་ལ་གཟུང་བར་བྱ་བ་འདི་ནི་དམ་ཚིག་གི་ཕྱག་རྒྱའོ། །དེ་ནས་རང་གི་ལྕེ་ལ་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་ས་བོན་གྱིས་བྱིན་གྱིས་བརླབས་པ་བསྒོམས་ལ་ཁྲོ་བོའི་ཚིག་གིས་སྔགས་བཟླས་པར་བྱ་བའོ། །དེ་ལ་བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བཛྲཱ་

ཏིཀྵྞ་དུཿ ཁཙྪེད་པྲ་ཛྙཱ་ན་མུརྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་མཿགྲངས་བརྒྱ་རྩ་བརྒྱད་དུ་མཚན་བརྗོད་པས་ཀྱང་མཚན་ཡང་དག་པར་བརྗོད་པ་དུས་ཇི་ལྟ་བར་བཀླག་པར་བྱ་བ་ཡིན་ནོ། །ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། བཱ་གཱི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ངག་གི་དབང་ཕྱུག་གི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་ཧོཿདམར་པོ་ཡོངས་སུ་གྱུར་པ་ལས་ཞབས་བཞི་ཕྱག་བརྒྱད་པ་སྟེ། རྩ་བའི་
ཞལ་ནི་དམར་སྐྱའོ། །ལྷོ་ནི་གུར་གུམ་དང་སྐྱ་རེངས་ཀྱིའོ། །ནུབ་ནི་པདྨ་རཱ་གའི་འོ། །བྱང་ནི་དམར་སེར་རོ། །གཉིས་ཀྱིས་ནི་མདའ་གཞུ་བསྣམས་པའོ། །གཞན་གཉིས་ཀྱིས་ནི་ཞགས་པ་དང་ལྕགས་ཀྱུ་བསྣམས་པའོ། །གཞན་གཉིས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བ་ཏི་དང་རལ་གྲི་བསྣམས་པའོ། །
དེ་བཞིན་དུ་གཞན་གཉིས་ཀྱིས་ནི་རྡོ་རྗེ་དང་དྲིལ་བུ་བསྣམས་པའོ། །ཆགས་པ་ཆེན་པོའི་འཇོ་སྒེག་གི་རོ་མྱོང་བའི་འོད་ཟེར་གྱིས་མཆོག་ཏུ་འབར་བ། རོལ་པས་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། ལྷའི་ན་བཟའ་བརྒྱད་དང་ལྡན་པ་རོལ་པ་དང་ཅོད་པན་ལ་སྣང་བ་མཐའ་ཡས་དང་ལྡན་
པའོ། །སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་སེམས་དཔའ་རང་དབང་གིས་ལེགས་པར་གཞུག་ལ། སྔགས་བཟླས་པར་བྱ་བའོ། །ཨོཾ་མ་ཧཱ་རཱ་ག་ཡ་སརྦ་སཏྭ་ན་ཧོཿཞེས་བྱ་བ་འདི་ནི་ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ལས་དབང་དུ་བྱ་བའི་ཆོ་གའོ། །ཚུལ་
ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཱ་གཱི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ངག་གི་དབང་ཕྱུག་གི་སྒྲུབ་ཐབས། དེ་ཁོ་ན་ཉིད་བཞིན་དུ་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ་ཆུའི་དཀྱིལ་འཁོར་ལ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར། ཆོས་
ཐམས་ཅད་ནི་འཆི་བ་ལས་ཀུན་ནས་བཟླས་པར་བྱའོ། །ཞེས་ལྷགས་པར་མོས་པར་བྱས་པས་ཟླ་བ་ལ་གནས་པའི་ཡི་གེ་ཨཾ་དཀར་པོ་ཡོངས་སུ་གྱུར་པ་ལས། དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གི་སྟེང་ན་ཕྱག་མཉམ་པར་གཞག་པའི་ཕྱག་རྒྱ་མཛད་ཅིང་། གཞོན་ནུའི་རྒྱན་མ་

ལུས་པ་རྣམས་ཀྱིས་བརྒྱན་པ། ཟུར་ཕུད་ལྔ་དང་ལྡན་པའི་རྗེ་བཙུན་འཇམ་དཔལ་གྱི་སྐུར་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱས་ཏེ། རང་གི་སྙིང་གའི་ཟླ་བ་དང་པདྨའི་སྟེང་དུ་ཡི་གེ་ཁཾ་ལས་བྱུང་བའི་དུང་ངོ་། །དེའི་དབུས་སུ་ཨོཾ་བཛྲ་ཧཱ་རཾ་ཞེས་བྱ་བས་རྡོ་རྗེ་ལྕེའོ། །ལྕེའི་སྟེང་དུ་
པདྨ་དམར་པོའོ། དེའི་སྟེང་དུ་སངས་རྒྱས་སྣང་བ་མཐའ་ཡས་རྣམ་པར་བསམས་ལ། ཁ་འོག་ཏུ་བལྟས་ནས་བདུད་རྩི་འབབ་པའི་ཡི་གེ་བཾ་དཀར་པོ་རང་ཉིད་ཀྱི་རྐན་གྱི་ཕྱོགས་སུ་བསྒོམ་པར་བྱའོ། །ཨོཾ་བཱ་ཀྱེ་དཾ་ན་མཿབྱ་བ་ནི་བཟླས་པའི་སྔགས་སོ། །འདི་ནི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ།
ཆོས་ཀྱི་དུང་གི་ཏིང་ངེ་འཛིན་ཐོབ་པར་བྱེད་པ་ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་སོ།། །།ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཱ་གཱི་སཱ་དྷ་ནཾ། བོད་སྐད་དུ། ངག་གི་སྒྲུབ་ཐབས། སྐྱོན་གྱི་
དྲ་བ་འཇོམས་མཛད་དཔལ་ལྡན་རྡོ་རྗེ་ཆོས། །ངག་གི་མཎྜལ་འོད་ཟེར་དྲ་བ་སྤྲོ་མཛད་པའི། །མ་ལུས་རྫོགས་སངས་རྒྱས་རྣམས་གསུང་གི་ངོ་བོ་པ། །ཡང་དག་ཕྱག་འཚལ་ངག་གི་སྒྲུབ་ཐབས་བདག་གིས་བརྗོད། །ངོ་བོ་ཉིད་ཀྱི་རང་བཞིན་རྣམ་པར་དག་པའི་སྔགས། །རབ་བརྗོད་བརྩོན་
འགྲུས་རླུང་གི་འགྱིང་བག་དང་ལྡན་པ། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དང་མཚུངས་པར་གྱུར་པ། །མ་ལུས་འཇིག་རྟེན་འདི་ནི་རྣམ་པར་བསྒོམ་བྱས་ལ། །ཐམས་ཅད་རྣམ་དག་ངོ་བོ་བཾ་ཡིག་ས་བོན་ལས། །ལེགས་བྱུང་སྣ་ཚོགས་པདྨ་རྣམ་པར་བསྒོམ་བྱ་ཞིང་། །ཡི་གེ་ཨཾ་ལས་སྐྱེས་གྱུར་མཐའ་
ཡས་སྣང་བྱེད་པའི། །ཤིན་ཏུ་དག་པའི་ཟླ་བ་ཆ་ཤས་ཀུན་རྫོགས་པ། །གཞན་ཡང་འོད་ཟེར་དྲ་བ་རབ་ཏུ་སྤྲོ་བྱེད་པའི། །ས་བོན་ཡི་གེ་གསང་བ་མཆོག་ཏུ་དག་བྱེད་པ། །སྤྲོས་མེད་དག་རྣམས་རབ་ཏུ་སྤྲོ་བྱེད་རྒྱུ་གཅིག་པུ། །མེ་ཏོག་བནྡྷུ་ཀ་ཡི་འོད་དང་མཚུངས་པའོ། །ས་བོན་དེ་ལས་
ལེགས་བྱུང་སྐྱོན་དང་བྲལ་གྱུར་པའི། །ཏིང་འཛིན་ཕྱག་རྒྱས་གནས་པའི་ཕྱག་དེ་པདྨ་དང་། །རྡོ་རྗེའི་གདན་བཞུགས་སྙིང་རྗེ་དག་གིས་མངོན་དགྱེས་པ། །འདོད་ཆགས་རྡོ་རྗེ་ཡོངས་སུ་དག་པའི་འདོད་ཆགས་དཔལ། །རྣམ་དག་སངས་རྒྱས་སྤྲིན་ཚོགས་དྲ་བ་བ་སྤུ་ཡི། །ཁོང་ནས་དེས་སྤྲོ་སྐྱེ་

དགུ་རྣམས་ལ་ཕན་མཛད་པར། །འགྲོ་བ་རྣམས་ནི་ཐམས་ཅད་ངག་གི་རང་བཞིན་ཡང་། །ཤིན་ཏུ་རྣམ་དག་བློ་ཡིས་རྣམ་པར་བསྒོམ་པར་བྱ། །འབར་བས་འཇིག་རྟེན་ཐམས་ཅད་མཆོག་ཏུ་སྣང་བྱེད་པའི། །སྙིང་གི་ཟླ་དཀྱིལ་ལ་ནི་རྡོ་རྗེ་དེས་བལྟ་སྟེ། །ཧཱུྃ་ཡིག་མགོན་བྱུང་སྐུ་ནི་ལྔ་ཡི་བདག་ཉིད་ཅན། །
སངས་རྒྱས་སྤྲིན་ཚོགས་རྣམས་ནི་ངེས་པར་འཕྲོ་བ་དང་། །དེ་དབུས་གཙོ་བོ་ལས་འཕྲོ་རྡོ་རྗེའི་གདན་གནས་པའི། །ཡི་གེ་ཆེན་པོ་རྣམས་ཉམས་རྒྱུད་ལ་ཤིན་ཏུ་འབར། །རྒྱས་བྱེད་སྡུག་བསྔལ་རྣམས་ནི་རབ་ཏུ་འཕེལ་བྱེད་པའི། །མུན་པར་སྲིད་གསུམ་ལུས་ཅན་ཀུན་དུ་སྣང་བྱེད་པ། །དེ་བརྗོད་
མཛེས་པའི་འོད་ཟེར་གྱིས་ནི་ཁྱབ་བྱས་པ། །ཉི་མར་དཀྱིལ་འཁོར་དྲི་མེད་དགའ་བ་དམར་ཆགས་པའི། །ཤེས་རབ་མཆོག་གི་ཕོ་ཉ་དགེ་དག་རབ་སྐྱེད་པ། །རྡོ་རྗེའི་རང་བཞིན་ལྕེ་ནི་རྣམ་པར་རྫོགས་བྱས་ཏེ། །དེ་ལྕེའི་ཆ་ནི་ཨུཏྤལ་དམར་ཞིང་རྣོ་བ་ལ། །དེ་ཉིད་རྒྱ་ཆེན་འོད་ཀྱིས་ཡིད་འོང་རྣམ་
པར་བསམ། །བདག་ཉིད་གཟི་བརྗིད་ལྡོག་པ་མེད་པའི་བརྩོན་འགྲུས་ཀྱིས། །རྒོལ་པའི་སྤོབས་པའི་མཆོག་ནི་ངེས་པར་གཞོམ་པར་བྱེད། །རྟག་པར་གོམས་པའི་སྟོབས་ལས་བྱུང་བའི་རིག་པ་ཡིས། །ངག་གི་སྒྲུབ་ཐབས་གྲུབ་པ་འདི་ནི་ཉེར་འདོད་པ། །ངར་ངར་ལྐུགས་པ་སྨྲ་བྱེད་རྒྱུན་མི་
འཆད་པར་ཡང་། །ངོ་མཚར་བསྟན་བཅོས་རྣམས་ཀྱི་རིག་པའི་རྣལ་འབྱོར་པས། །བདག་ཉིད་དོན་ཆེན་དང་ནི་འགྲོ་བའི་རྒྱུ་མཚན་དུ། །རྨད་བྱུང་བསྟན་ཆོས་དག་ནི་ངེས་པར་བྱེད་པར་འགྱུར། །འདིས་ནི་གཞན་སེམས་འཇུག་པ་ཤེས་པར་འགྱུར་བ་དང་། །འདོད་ཆགས་སོགས་ལྡན་དེ་དང་དེ་
དག་ཉེ་བར་སྤོང་། །ཏིང་འཛིན་དེ་ལ་བསྟན་པ་ཉིད་ཀྱིས་འབད་བྱེད་ཅིང་། །ཤིན་ཏུ་ཕྲ་རག་གསལ་བ་ཉིད་དུ་ངེས་བྱས་ན། །མ་ལུས་སངས་རྒྱས་གོ་འཕང་སྐུ་ནི་འཛིན་བྱེད་པར། །འདི་འགྱུར་འོན་ཀྱང་འདི་ལ་རྣམ་པར་དཔྱད་པར་བྱ། །ཡང་དག་ཡང་དག་མུན་པ་དག་ཀྱང་མདུན་གནས་པར། །སྦྱོར་
བ་གོམས་པས་སྐྱེས་བུ་རྣམས་ལ་འགྱུར་བ་ནི། །འདོད་པས་གདུང་རྣམས་བཞིན་ཏེ་འདིར་ནི་དགའ་བ་ཡིས། །སེམས་ཀྱི་རྗེས་འཇུག་རྣལ་འབྱོར་ལ་ནི་བརྩོན་པར་བགྱིས། །འདིས་ནི་བདག་གིས་གང་ཕྱིར་དགེ་བ་དག་ནི་གང་ཐོབ་པ། །དེས་ནི་འགྲོ་ལ་རྒྱལ་བའི་ཕུན་ཚོགས་མཆོག་རྣམས་སྦྱིན་

བྱེད་དང་། །འཇིགས་པ་དང་བྲལ་མྱ་ངན་ཟུག་རྔུ་རྣམས་ནི་ལེགས་བཏོན་ནས། །ཟླ་བའི་འོད་ཟེར་ཡིད་དགའ་བ་དང་ཉེ་བར་ཉིད་གྱུར་ཅིག །སེམས་ནི་རྒྱུན་མི་འཆད་པར་དགེ་ལ་རྗེས་སུ་ཞེན་པ་དང་། །བླ་མ་མཆོག་བརྙེས་བདེ་བའི་གདམས་ངག་ལ་ནི་རང་གཞ