Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 75
Văn bản gốc(Tây Tạng)
Trang 12 / 15 (50.000 ký tự/trang)
ྱག་དང་། ཡོན་གྱི་སྙན་ གསན་ལེགས་པར་དབབ་པའོ། །དེས་དེ་དག་རྣམས་ཀུན་ནས་དགོངས་པར་འགྱུར་རོ། །དངོས་གྲུབ་ཀྱི་མཆོག་རྣམས་ཀྱང་སྟེར་བར་འགྱུར་རོ། །ཁུ་ཚུར་གཉིས་གཤིབས་པའི་མཐེའུ་ཆུང་གཉིས་སོ་སོར་ཕྱིར་བརྐྱང་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱའོ། །སྔགས་ནི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱཿཨ་མ་ལ་བི་ཀྲཱན་ཏ་ཏེ་ཛི་ནི་ཨ་ར་ཛེ་སྭཱ་ཧཱ། དེ་ནས་དྲི་ལ་སོགས་པའི་ཕྱི་རོལ་གྱི་ཉེ་བར་སྤྱད་པར་བྱ་བ་ཡོད་པ་རྣམས་མི་གཡོ་རྡོ་རྗེའི་ཕྱག་རྒྱས་ཡོངས་སུ་སྦྱངས་ལ་དྲི་ལ་སོགས་པ་རྣམས་སོ་སོར་རང་རང་གི་སྔགས་ཀྱིས་ལན་བརྒྱད་ དུ་མངོན་པར་བསྔགས་ལ་མཆོད་པར་བྱའོ། །དེ་ལ་དྲིའི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཚུངས་པ་མེད་པའི་བདག་གི་དྲི་དམ་པ་འདི་ནམ་མཁའི་དབྱིངས་དག་ཆེར་ཁྱབ་པས་བཅོམ་ལྡན་འདས་ལ་འཕྲོ་བའི་དོན་ཐམས་ཅད་ སྒྲུབ་པ་སྭཱ་ཧཱ། མེ་ཏོག་གི་སྔགས་ནི། དུས་གསུམ་དུ་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཀུན་དུ་བསྐོར་བས་བསྐོར་བའི་མེ་ཏོག་ཆེན་པོ་དང་ལྡན་པ་སྭཱ་ཧཱ། བདུག་སྤོས་ཀྱི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། ། རྩེ་མོའི་དྲི་མཆོག་གི་རྩེ་མོར་གྱུར་པའི་སྤོས་ཀྱི་རྩེ་མོ་སྭཱ་ཧཱ། མར་མེའི་སྔགས་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །མཆེད་ཅིང་འབར་བའི་མར་མེའི་སྣང་བའི་རྩེ་མོ་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་ནི། དུས་གསུམ་དུ་གཤེགས་པའི་དེ་ བཞིན་གཤེགས་པ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨ་ར་ར་པ་ར་ར་ཀ་ར་ར་གཏོར་མ་བཏང་ཞིང་བདག་གིས་གཏོར་མ་དབུལ་བའི་གཏོར་མ་ཆེན་པོ་སྭཱ་ཧཱ། དེ་ནས་ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ན་གནས་པའི་སྣ་ཚོགས་པའི་མཆོད་པའི་ཡན་ལག་གཞན་རྣམས་འདི་ལྟར་དབུལ་བར་ བྱ་སྟེ། ཕྱག་འཚལ་བའི་ཐལ་མོ་སྦྱར་ལ་བདག་གིར་མ་བྱས་ཤིང་ཡོངས་སུ་གཟུང་བ་མེད་པའི་མཆོད་པའི་བྱེ་བྲག་ཏུ་གྱུར་པའི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གང་དག་ཐང་ལས་སྐྱེས་པ་རིན་པོ་ཆེའི་རི་དང་དཔག་བསམ་གྱི་ཤིང་ལ་སོགས་པ་དང་ཆུ་ལས་སྐྱེས་པ་རྒྱ་མཚོའི་རིན་པོ་ཆེ་ལ་ སོགས་པ་དང་། གསེར་གྱི་འདམ་ལས་སྐྱེས་པ་ལ་སོགས་པ་དང་། གཞན་ཡིད་གང་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ལྷ་དང་མི་རྣམས་ཀྱི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་ལ་སོགས་པ་རྣམས་ཐམས་ཅད་ཀྱང་སྟེ། དེ་དག་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ རྣམས་ལ་ཅི་ནས་ཀྱང་དབུལ་བར་བགྱིའོ་ཞེས་བྱ་བ་ནི་དཔེའོ། །ཡིད་ཀྱི་རང་བཞིན་གྱི་མཆོད་པའི་སྤྲིན་ཚོགས་རྣམས་ཀྱང་འདི་ལྟར་དབུལ་བར་བྱ་སྟེ། རྩེ་མོ་ཅུང་ཟད་བསྐུམ་ནས་ཐལ་མོ་གང་བར་སྦྱར་བས་ཕྱག་འཚལ་བའི་མཚན་ཉིད་ཀྱི་ཐལ་མོར་བྱས་ལ། འདི་སྐད་དུ་ བརྗོད་པར་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་ཀྱི་སྟོབས་དང་བདག་གི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་དང་རིག་པའི་གསང་སྔགས་ཀྱི་སྟོབས་ཀྱིས་ཀྱང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་ མཆོག་ཏུ་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོའི་སྤྱོད་པ་ལས་མངོན་པར་གསུངས་པའི་མཆོད་པའི་སྤྲིན་ཆེན་པོ་ཀུན་དུ་འབྱུང་བར་གྱུར་ཅིག་ཅེས་བསམ་པར་ཡང་བྱས་ལ། མཆོད་པ་བྱིན་གྱིས་རློབ་པར་བྱེད་པའི་རིག་པའི་རྒྱལ་པོ་འདི་ལན་བརྒྱད་རྗེས་སུ་བརྗོད་པར་བྱའོ། །སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨུཏྒ་ཏེ་སྥ་ར་ཧི་མྃ་ག་ག་ན་ཁྃ་ས་མནྟ་ཏ་སྭཱ་ཧཱ། དེ་ནས་འཇིག་རྟེན་གྱི་ཁམས་ཐམས་ཅད་རྣམ་པར་དག་པར་བྱེད་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཡོན་ཏན་སྣ་ཚོགས་པའི་གདངས་དང་ལྡན་པའི་སྒྲ་ དབྱངས་ཀྱི་སྤྲིན་ཚོགས་རྒྱ་མཚོ་དང་། ཆོས་ཀྱི་སྒྲ་དབྱངས་ཀྱི་སྤྲིན་ཚོགས་རྒྱ་མཚོ་རྣམས་ཀྱིས་ཀྱང་ཐམས་ཅད་དུ་ཚིམ་པར་གྱུར་ཅིག་ཅེས་བསམས་ལ། བསྟོད་པ་དང་སྒྲ་དབྱངས་ཀྱི་སྤྲིན་ཚོགས་རྣམས་མངོན་པར་འབྱུང་བར་བྱེད་པའི་རིག་པའི་རྒྱལ་པོ་འདི་ལན་བརྒྱད་རྗེས་སུ་བརྗོད་པར་བྱ་སྟེ། སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །སརྦ་ཏྲ་སཾ་ཀུ་རུ་མི་ཏཱ་བྷི་ཛྙཱ་ར་ཤི་ནི་ན་མོ་སྟུཏྟེ་སྭཱ་ཧཱ། དེ་ནས་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་བདག་གི་དངོས་པོ་དང་མཚུངས་པར་ཐམས་ཅད་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སྤྲུལ་པའི་སྤྲིན་ཚོགས་ ཐམས་ཅད་ནས་ཀུན་དུ་སྤྲོས་པས་སེམས་ཅན་རྣམས་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ་བ་དང་། ཀུན་དུ་བཟང་པོའི་སྐུ་ལ་སོགས་པ་དག་པ་མཐར་ཐུག་གི་བར་གྱི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལེགས་པར་ཐོབ་པར་ མཛད་དུ་གསོལ་ཞེས་ཀྱང་བསམས་ལ་རིག་བའི་རྒྱལ་པོ་འདི་ལན་བརྒྱད་ཀྱི་བར་དུ་རྗེས་སུ་བརྗོད་པར་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སེམས་དཔའ་ཆེན་པོ་ལ་ཕྱག་འཚལ་ཞིང་བསྟོད་དོ། །སེམས་ཅན་ལ་ཕན་པ་མཛད་པས་ བཞུགས་སུ་གསོལ། ཐམས་ཅད་ལ་ཆོས་རྣམས་ཐམས་ཅད་བྱིན་གྱིས་བརླབ་ཏུ་གསོལ། སྭཱ་ཧཱ་མཆོད་པ་ལ་སོགས་པ་དེ་དག་རྣམས་ཐམས་ཅད་སྔགས་ལ་སོགས་པའི་སྟོབས་ཀྱི་ཕྱིན་ཅི་ལོག་ཏུ་འགྱུར་བ་མ་ཡིན་ནོ་ཞེས་དད་པར་བྱ་བའོ། །དགེ་བའི་རྩ་བ་དེ་རྣམས་ཀྱང་འདི་ལྟར་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་སྟེ། ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྗེས་སུ་མཁྱེན་པའི་ཡོངས་སུ་བསྔོ་བར་གྱུར་པ་དེ་ལྟར་བདག་གིས་ཀྱང་དགེ་བའི་རྩ་བ་དེ་དག་ཡོངས་སུ་བསྔོ་བར་བགྱིའོ། །དགེ་བའི་རྩ་བ་འདིས་ཀྱང་བདག་ཀུན་དུ་བཟང་པོའི་སྤྱོད་ པས་བྱང་ཆུབ་མངོན་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱང་ཀུན་དུ་བཟང་པོའི་སྤྱོད་པ་ཡོངས་སུ་དག་པ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་རོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་བྱིན་རླབས་འབྱུང་བར་བྱ་བའི་དོན་དུ། དེའི་ཕྱག་རྒྱ་བཅིངས་ལ་ སྔར་བཤད་པའི་ཡི་གེ་བརྒྱ་པ་དྲན་པར་བྱའོ། །ཡང་ན་ཡི་གེ་ལྔ་པའོ། །ལག་པ་གཉིས་ཕན་ཚུན་དུ་རྒྱབ་སྦྲེལ་བས་གཤིབས་པའི་སོར་མོའི་རྩེ་མོ་གྱེན་དུ་བསྟན་ལ་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་ཀྱང་ལུ་གུ་རྒྱུད་དུ་དགོད་ཅིང་གུང་མོ་གཉིས་དང་སྲིན་ལག་དག་ཀྱང་བསྒྲེང་བའི་བར་དུ་ མཐེ་བོང་གཉིས་བཅུག་པ་ཁ་གྱེན་དུ་བསྟན་ལ་བཟུང་བ་ནི་ཡི་གེ་བརྒྱ་པའི་ཕྱག་རྒྱའོ། །ཡི་གེ་ལྔ་པའི་ཕྱག་རྒྱ་ཡང་། ཐལ་མོ་ཁ་སྦྱར་དུ་བྱས་ཏེ་མཛུབ་མོ་གཉིས་ཀྱིས་མཐེ་བོང་གཉིས་རྩེ་མོ་ལ་རེག་པར་བྱས་ལ་ལྷག་མ་ནི་དེ་ཁོ་ན་ཉིད་བཞིན་དུ་ཁབ་ཀྱི་རྣམ་པར་རོ། །སྔགས་ནི་སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱ་བཱི་ར་ཧཱུྃ་ཁྃ། ད་ནི་ཕྱག་རྒྱ་ཐམས་ཅད་ཡང་དག་པར་སྡུད་པར་གྱུར་པ་ཀུན་དུ་སྣང་བར་བྱེད་པ་གཙུག་ཏོར་གྱི་ཕྱག་རྒྱའམ་ཆོས་ཀྱི་འཁོར་ལོའི་བཅིང་བར་བྱའོ། །ལག་པ་གཉིས་མཉམ་པོར་བཀན་ནས་བརྐྱང་ལ་ སྲིན་ལག་དང་མཛུབ་མོ་ལག་པའི་ནང་དུ་སེན་མོས་སེན་མོ་གཏུགས་པ་ལ་མཐེ་བོང་གི་རྩེ་མོ་དགུག་གོ། །མཐེའུ་ཆུང་ནི་རྩེ་སྦྲང་ལ་སྦྱར་ཏེ་བརྐྱང་ངོ་། གུང་མོ་ནི་དེ་ཁོ་ན་ལྟར་སེན་མོའི་རྩེ་མོ་མཉམ་པོར་སླང་ངོ་། །ཀུན་དུ་སྣང་བར་བྱེད་པ་གཙུག་ཏོར་གྱི་ཕྱག་རྒྱའོ། །དེ་ཉིད་ ལ་མཛུབ་མོ་བཤུགས་ལ་སེན་མོས་སེན་མོ་ལ་ཅུང་མ་རེག་པའི་མཎྜལ་གྱི་རྣམ་པ་སྟེ། ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །རིམ་པ་ཇི་ལྟ་བ་བཞིན་དུ་འདི་དག་གཉིས་ཀྱི་སྔགས་ནི། ཨཱཿམཾ་ཧཾ། ཨོཾ་དྱུན་པ་ཏ་ཡཙྪ་ན་ཏ་ཙ་ཀྲེ་ཎ་བཛྲི་ཎཱ་ཧཱུྃ། འདི་དག་གཉིས་གང་ཡང་རུང་བ་བཅིངས་ལ་སྔགས་ལན་ ཅིག་བརྗོད་ལ་འགྲོ་བའམ་འདུག་པས་ཀྱང་བཟླས་པར་བྱ་སྟེ། བདུད་ལ་སོགས་པས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །དངོས་གྲུབ་རྣམས་ཀྱང་འདི་ལ་མངོན་སུམ་དུ་འགྱུར་རོ། །མྱུར་དུ་འགྲུབ་པར་བྱ་བའི་དོན་དུ་དེ་ནས་ཆོས་འབྱུང་གི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་བརྗོད་པར་བྱའོ། །ལག་པ་ གཡོན་པ་ཁུ་ཚུར་བཅངས་ལ་མཛུབ་མོ་དང་མཐེའུ་ཆུང་དང་མཐེ་བོ་རྣམས་གྱེན་དུ་བརྐྱང་བར་བྱ་བ་ནི་ཆོས་འབྱུང་གི་ཕྱག་རྒྱའོ། །སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨཱཿས་ར་པ་ཐཱ་སར་པ་ཏྲ་ཎ་ཀེ་སྭཱ་ཧཱ། རང་གི་ཕྱག་རྒྱ་དང་སྔགས་ཀྱང་ལན་ ཅིག་བརྗོད་པས་དམ་ཚིག་བརྟན་པར་བྱའོ། །རང་གི་ཕྱག་རྒྱ་རྣམས་ཀྱང་ཅི་རིགས་པར་རིག་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་བར་དམིགས་ཤིང་བཟླས་པ་གོམས་པས་ཇི་ལྟར་མངོན་པར་འདོད་པའི་སྔགས་རྣམས་མྱུར་ བར་མ་ཡིན་བུལ་བར་མ་ཡིན་པའི་རྟོག་པ་སྤངས་ལ་སྔགས་ཀྱི་ཡི་གེ་རིག་པའི་སེམས་ཀྱིས་ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བཟླས་པར་བྱའོ། །དེ་ནས་ལངས་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་ལན་ཅིག་བརྗོད་ལ་འཕགས་པ་སྡོང་པོ་བཀོད་པ་ལ་སོགས་པའི་མདོ་དག་གདོན་པར་ བྱའོ། །ཐ་མར་མཆོད་ཅིང་ཕྱག་བཙལ་ལ་ཟས་བཟའ་བར་བྱའོ། །ཟ་བ་ན་ཡང་སྔགས་འདིས་ལན་བརྒྱད་དུ་མངོན་པར་བསྔགས་ཏེ་དང་པོའི་ཆ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ལྷ་བཤོས་སུ་བྱས་ལ་འབྲིང་པོའི་ཚད་དུ་བཟའ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཨོཾ་སྟོབས་སྦྱིན་པའི་གཟི་བརྗིད་ཀྱི་ཕྲེང་བ་སྭཱ་ཧཱ། ཟོས་པའི་ལྷག་མ་ཡང་འཕགས་པ་མི་གཡོ་བ་གཏུམ་པོ་དོན་ཡོད་པའི་སྙིང་པོས་ལན་ཅིག་མངོན་པར་བསྔགས་ལ་ལྷག་མའི་ཆང་བུ་སྦྱིན་པར་བྱ་སྟེ། རྟག་ ཏུ་རྗེས་སུ་འབྲེལ་པ་རྣམས་ཀྱིས་བླང་བར་དངོས་གྲུབ་སྟེར་བར་བྱེད་དོ། །ཟོས་པ་ངལ་སོས་ནས་ཀྱང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། དམ་པའི་ཆོས་ལ་དགའ་བ་ཉིད་ཀྱིས་གནས་པར་བྱའོ། །གལ་ཏེ་ནུས་པར་གྱུར་ན་ཕྱི་དྲོ་ཡང་སྲུང་བ་ལ་སོགས་པ་ཡན་ལག་དང་བཅས་ པ་དང་མཆོད་པ་ལ་སོགས་པ་དེ་དག་ཐམས་ཅད་བྱས་ལ་བཟླས་པ་བྱའོ། །མི་ནུས་ན་སྔ་དྲོ་བྱས་པ་ཉིད་ཀྱི་སྲུང་བ་ལ་སོགས་པ་གཤེགས་སུ་མ་གསོལ་བར་གནས་པ་ཉིད་ཀྱིས་བསམ་པ་བརྟན་པར་བྱས་ལ། འཕགས་པ་མི་གཡོ་རྡོ་རྗེའི་ཕྱག་རྒྱ་སྔགས་དང་བཅས་པས་ བགེགས་བསྐྲད་ཅིང་ཡི་གེ་ལྔ་པ་ལ་སོགས་པ་གཞན་གང་ཡང་རུང་བ་ཕྱག་རྒྱ་དང་བཅས་པས་སྲུང་བ་བྱས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པ་ཡང་ཉེ་བར་བླངས་ཤིང་སྔར་བཞིན་དུ་བཟླས་པར་བྱའོ། །ཉི་མ་རྒས་པ་དང་ར་བ་དང་གུར་ལ་སོགས་པས་གཤེགས་སུ་གསོལ་ ལ། འོད་ཟེར་གྱི་ཕྲེང་བའི་ཆོ་ག་བསྒོ་བར་བྱ་སྟེ། ཕན་ཚུན་དུ་སོར་མོ་སྦྲེལ་བས་ནང་དུ་ཁུ་ཚུར་ལ་གུང་མོ་གཉིས་ཁབ་བཞིན་དུ་ཕྱིར་བརྐྱང་བ་དེའི་ཚིགས་གསུམ་པ་ལ་མཛུབ་མོ་ཟུང་གི་རྩེ་མོ་སོ་སོར་གཏད་པའི་ལོགས་ལ་མཐེ་བོང་དག་སྦྱར་བ་ནི་འོད་ཟེར་ཕྲེང་བའི་ཕྱག་རྒྱའོ། ། སྔགས་ནི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །དམ་ཚིག་ཆེན་པོ་རྟོགས་པ། མཉམ་པ་ཉིད་ཐུགས་སུ་ཆུད་པ་ཐམས་ཅད་དུ་མཉམ་པར་སེམས་ཅན་རྣམས་སྐྱོབ་པ། ཆོས་ཀྱི་དབྱིངས་ཤིན་ཏུ་ཆགས་པ་མེད་པ་སྭཱ་ཧཱ། ནམ་གྱི་ཆ་སྟོད་དང་ཆ་སྨད་ལ་ཡང་མི་ཉལ་བར་དམ་པའི་ཆོས་གདོན་པ་ལ་སོགས་པ་བྱའོ། །གུང་ཐུན་ལ་ཡང་ཁྲི་སྤངས་པའི་མལ་སྟན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ཐམས་ཅད་ཀྱིས་ལེགས་པར་ཕྱག་འཚལ་བ་ཉིད་ཀྱིས་ཉལ་ བར་བྱའོ། །མཁྱེན་དུ་གསོལ་བ་ཡང་བྱ་སྟེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། བླ་ན་མེད་པའི་དངོས་གྲུབ་ཀྱི་མཆོག་རྣམས་ཀྱང་སྩལ་དུ་གསོལ། ཁྱེད་ཀྱིས་ཉེ་བར་འཚེ་བ་རྣམས་ཐམས་ཅད་ཀྱང་རབ་ཏུ་ ཞི་བར་མཛད་དུ་གསོལ། ཞེས་སོ། །ཆོ་ག་འདི་ཉིད་ཀྱང་ཉི་མ་རེ་རེ་ཞིང་འབུམ་ཕྲག་བཟླས་པ་དང་ཇི་སྲིད་དུ་ཟླ་བ་ཉའི་བར་དུ་སྟེ། ཇི་སྲིད་དུ་གྲུབ་པའི་རྟགས་བྱུང་བར་གྱུར་གྱི་བར་དུའོ། །དེ་ནས་ཟླ་བ་ཉ་བ་ལ་སོགས་པའི་ཚེས་གྲངས་ལ་ཟས་བཅད་ཅིང་ལྟོགས་པར་ཉལ་བ་བསྙེན་གནས་ ཀྱི་སྡོམ་པ་དང་ལྡན་པས་ལོ་འདབ་ཀྱི་སྟན་ལ་ཉེ་བར་གནས་པ་འམ་ཀུ་ཤའི་ཆང་བུ་ལ་ལེགས་པར་གནས་པ་ཡང་རུང་སྟེ། མཆོད་རྟེན་དང་ཐང་ཀ་དང་པོ་ཏི་དང་སྐུ་གཟུགས་ལ་སོགས་པ་རྣམས་གང་ཡང་རུང་བའི་མདུན་དུ་མེ་ཏོག་གིས་ཀུན་དུ་གང་བར་བྱས་པའི་མཎྜལ་བྱས་ལ་སྲུང་བ་ དང་མཆོད་པ་ལ་སོགས་པ་ཡན་ལག་དང་བཅས་པ་རྣམས་ནི་སྔ་མ་བཞིན་ཏེ། ཆོས་འབྱུང་བཅིངས་ལ་དེའི་སྔགས་རྗེས་སུ་དྲན་པར་བྱའོ། །དེ་ནས་རང་གི་ལྷའི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་ལན་བདུན་ནམ་བརྒྱད་བརྗོད་པས་དམ་ཚིག་བརྟན་པར་བྱའོ། །དེ་ནས་སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་ལ་འཁོར་ལོའམ་རྡོ་རྗེ་ལ་སོགས་པ་བཟུང་ནས་ཀུན་དུ་བཟང་པོ་དང་དེ་བཞིན་གཤེགས་པའི་སྐུ་ལ་སོགས་པ་དག་པར་གྱུར་པ་མངོན་པར་འདོད་པས་དངོས་གྲུབ་རང་དང་ཁད་ཉེ་བར་ཡིད་ལ་བྱས་ཏེ། སངས་རྒྱས་དང་བྱང་ ཆུབ་སེམས་དཔའ་ཐམས་ཅད་ལ་ལེགས་པར་འཚལ་བ་ལ་དམིགས་པས་བཟླས་པས་གོམས་ཤིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་རྗེས་སུ་ཡི་རང་བ་གོམས་པར་གྱུར་པའི་སེམས་ཀྱིས་ཉི་མ་རྒས་པ་ནས་ བཟུང་ནས་ཇི་སྲིད་དུ་ནམ་ཕྱེད་དམ་ཉི་མ་ཤར་བའི་བར་དེ་སྲིད་དུ་བཟླས་པར་བྱའོ། །དེ་དག་ལས་ཀྱང་འཁོར་ལོ་ལ་སོགས་པ་གདོན་མི་ཟ་བར་འབར་བར་འགྱུར་རོ། །འབར་བ་ལས་ཀྱང་སངས་རྒྱས་འབྱུང་བ་དང་འདྲ་བར་ལྟས་ཆེན་པོར་གྱུར་པ་ནམ་མཁའ་ལས་མེ་ཏོག་གི་ཆར་འབབ་ པ་དང་རྔ་དུན་དུའི་སྒྲ་དང་ལྷ་རྫས་ཀྱི་དབྱངས་དང་དེ་བཞིན་གཤེགས་པ་རྣམས་ཀྱིས་ལེགས་སོ་ཞེས་བྱ་བ་ལ་སོགས་པ་དང་། སངས་རྒྱས་ཀྱི་ཞིང་གཡོ་བ་ལ་སོགས་པ་ངོ་མཚར་བ་རྣམས་འབྱུང་ངོ་། །རིག་པ་འཛིན་པའི་རིགས་ཐམས་ཅད་ཀྱང་ལེགས་པར་འདུ་བར་འགྱུར་རོ། །དེ་དག་རྣམས་ ཀྱིས་ཀྱང་དབང་བསྐུར་བར་འགྱུར་རོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མཉེས་པར་བྱེད་པ་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མངོན་པར་དགྱེས་པར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་རིག་པ་འཛིན་པའི་རྒྱལ་པོར་འགྱུར་ཏེ། རིག་པ་འཛིན་པའི་འཁོར་མཐའ་ཡས་པ་དང་ལྡན་པ་དང་བདེ་བ་རྗེས་སུ་འཕེལ་བར་འགྱུར་རོ། །འོན་ཀྱང་ལུས་དེ་ཉིད་ཉམས་པར་ཡང་མི་འགྱུར་ཞིང་། ལུས་དེ་ཉིད་ཁོ་ནས་མངོན་དུ་ཚོགས་ཉེ་བར་བསགས་ ཏེ་བྱང་ཆུབ་སེམས་དཔའི་ས་རྣམས་ཐམས་ཅད་ཡང་དག་པར་བགྲོད་ཅིང་ཇི་སྲིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུའོ། །གཞན་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་བ་དང་ཡིད་བཞིན་གྱི་ནོར་བུ་དང་། བུམ་པ་བཟང་པོ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ ལས་འདས་པའི་དངོས་གྲུབ་ཐམས་ཅད་ཀྱང་ཚུལ་འདི་ཉིད་ཀྱིས་སྤྱི་དང་བྱེ་བྲག་གི་ལེའུ་རྣམས་མཐོང་བས་སམ་ཆོ་ག་བཞིན་དུ་རྒྱུད་ལེགས་པར་བལྟས་ཤིང་ངེས་པར་ཐེ་ཚོམ་མེད་པར་བྱས་ལ་བསྒྲུབ་པར་བྱ་སྟེ། ངེས་པ་ཁོ་ནར་འགྲུབ་པར་འགྱུར་རོ། །འདི་ནི་ཐབས་དང་ལྡན་པའི་སྒྲུབ་ཐབས་ ཀྱི་ཆོ་ག་ཡིན་ལ། ཐབས་དང་བྲལ་བས་ཀྱང་བསྒྲུབ་པར་བྱ་བ་ཡིན་པས། ཇི་སྐད་དུ་བཤད་པ་རྣམས་ནི་བདག་གིས་ནུས་པ་མ་ཡིན་ནོ་ཞེས་ཞུམ་པར་མི་བྱ་བར་ཐ་མར་ན་བདག་ཉིད་གཅིག་པུ་སྲུང་བ་ཙམ་བྱ་སྟེ། མཚམས་བཅད་པ་དང་མཆོད་པ་ལ་སོགས་པ་རྣམས་ནི་བསམ་ པར་བྱ་ཞིང་དེ་དག་གི་སྔགས་བརྗོད་ལ། ཇི་སྲིད་འདོད་ཀྱི་བར་དུ་བཟླས་པར་བྱའོ། །བསྒྲུབས་པར་གྱུར་ན་བརྩོན་འགྲུས་ཀྱི་རྗེས་སུ་མཐུན་པ་དང་ལས་ཀྱི་རྗེས་སུ་མཐུན་པར་ངེས་པ་ཁོ་ནར་འགྲུབ་པ་ཡིན་ཏེ། གཅིག་གིས་ཀྱང་འཇིག་རྟེན་གསུམ་བསྲུང་བར་ནུས་པ་ཡིན་ནོ་ ཞེས་རྒྱུད་ལས་གསུངས་པའི་ཕྱིར་རོ། །དམ་ཚིག་གསུམ་གྱི་རྒྱལ་པོ་འདི་ནི་དོན་ཡོད་པར་གྲུབ་པ་དང་བར་ཆད་མེད་པར་གྲུབ་པ་ཡིན་ཏེ། འདི་ཡང་སྔགས་དེ་དག་དང་ཆོ་ག་གང་དང་གང་ཡིན་པ་དེ་དང་དེ་ལ་མཁས་པས་བསྒྲུབས་ན་འགྲུབ་པ་ཡིན་ནོ། །འདི་ཉིད་ ཀྱང་གསུངས་པ་ནི་འདི་ལྟ་སྟེ། སྐྱེ་བོའི་འགྲུལ་འཇུག་གིས་རབ་ཏུ་དབེན་པའི་གནས་སུ་ཚོགས་པ་འདུས་པ་ཡོངས་སུ་སྤངས་ཤིང་སེམས་ཅན་ལ་རྗེས་སུ་བརྩེ་བ་རྣམས་ནི། མཆོད་པ་དང་བྲལ་ཞིང་ཐང་ཀ་མེད་ལ་ཁྲུས་ལ་སོགས་པ་དང་མི་ལྡན་པའི་ཀུན་དུ་སྤྱོད་པ་ལ་སོགས་པས་ཞུགས་ ཀྱང་བསྒྲུབ་བྱ་ཅི་ནས་ཀྱང་འགྲུབ་པར་འགྱུར་རོ། །ཡང་གསུངས་པ། ཡ་མཚན་པ་ནི་གཉིས་ཡིན་ཏེ། ཇི་ལྟ་ཇི་ལྟར་སྔགས་བསྒྲུབ་པར་གྱུར་པ་དེ་ལྟ་དེ་ལྟར་རྗེས་སུ་མཐུན་པར་འབྱུང་ངོ་། སྦྱོར་བ་གང་གིས་སྒྲུབ་པར་བྱེད་པ་དེ་ཉིད་ཀྱིས་འགྲུབ་པར་འགྱུར་རོ་ཞེས་སོ། །གཞན་ཡང་ གསུངས་པ། བྱང་ཆུབ་སེམས་ནི་བརྟན་པ་གང་། །བློ་ནི་ཆགས་པ་མེད་གྱུར་པ། །ཐེ་ཚོམ་ནམ་ཡང་བྱ་བ་མིན། །དེས་གྲུབ་འདི་ན་རྟག་པར་གནས། །ཞེས་བྱ་བའོ། །དེའི་ཕྱིར་ན་བརྩོན་འགྲུས་བསྐྱེད་ལ་སོམ་ཉི་རྣམ་པར་སྤངས་པས་བསྒྲུབ་པར་བྱ་སྟེ། ངེས་པར་འགྲུབ་པར་འགྱུར་རོ། ། འདི་ལ་ཡང་གྲུབ་པ་དོན་དུ་གཉེར་བ་རྣམས་ཀྱིས་དམ་ཚིག་བསྲུང་བ་ལ་ཤིན་ཏུ་འབད་པར་བྱ་སྟེ། སྐལ་བ་དང་ལྡན་པ་རྣམས་ཀྱི་དངོས་གྲུབ་ཐམས་ཅད་ནི་དེའི་རྩ་བ་ལས་ཡིན་པའི་ཕྱིར་རོ། །དམ་ཚིག་དེ་ཡང་དམ་པའི་ཆོས་སྤང་བར་མི་བྱའོ། །བླ་མ་ལ་བརྙས་པར་མི་བྱའོ། །མྱོས་པར་འགྱུར་བ་ བཏུང་བར་མི་བྱའོ། །ཉལ་ཁྲི་ལ་ཉལ་བར་མི་བྱའོ། །རྡོ་རྗེའི་རིགས་བཟའ་བར་མི་བྱ་ཞིང་འགོང་བར་ཡང་མི་བྱའོ་ཞེས་བྱ་བ་ལ་སོགས་པ་རྣམས་ནི་ཅི་ནས་ཀྱང་རྒྱུད་ལས་ཤེས་པར་བྱ་སྟེ། རྒྱས་པས་འཇིགས་པའི་ཕྱིར་མ་བྲིས་སོ། །ཁྲུས་བྱེད་པར་འདོད་པ་ཡིན་ན་ཡང་དམ་ཚིག་གསུམ་ ལས་གསུངས་པའི་འཕགས་པ་མི་གཡོ་བའི་དོན་ཡོད་པའི་སྙིང་པོ་རྡོ་རྗེ་གཏུམ་པོ་ཉིད་དང་ལྡན་པས་འདག་ཆལ་ལ་སོགས་པའི་ཁྲུས་ཀྱི་རྫས་རྣམས་ལེན་པ་དང་སྔགས་ཀྱིས་ཀྱང་གདུག་པ་ཚར་བཅད་པ་དང་མཚམས་གཅད་པ་ལ་སོགས་པ་རྣམས་བྱ་སྟེ། དེ་དག་ཉིད་ཁོ་ནས་བར་ཆད་ལ་ སོགས་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཀུ་མུ་ད་འབྱུང་གནས་བློ་གྲོས་ཀྱི་ཞལ་སྔ་ནས་མཛད་པའོ། །པཎྜི་ཏ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་པ་ཚབ་ཀྱི་རྒྱུད་ཀྱི་དགེ་སློང་ཚུལ་ཁྲིམས་ རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་དྷ་ར་སཾ་གཱི་ཏི་སྟུ་ཏི། བོད་སྐད་དུ། རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །མཚུངས་ མེད་སྟོབས་ལྡན་མཉམ་ཉིད་སྙིང་པོར་གྱུར་པའི་ཆོས་མངའ་བ། །ཐུགས་རྗེའི་བདག་ཅན་འགྲོ་བ་རྣམས་ཀྱི་སྡུག་བསྔལ་འཇོམས་མཛད་པ། །ཡོན་ཏན་མ་ལུས་ཀུན་ལྡན་དངོས་གྲུབ་ཐམས་ཅད་སྦྱིན་མཛད་ཅིང་། །དྲི་མེད་སྟོབས་ལྡན་མཉམ་མེད་མཆོག་གི་ཆོས་རབ་དང་ལྡན་པ། །ནམ་ མཁའ་མཉམ་པ་དག་གི་ཡོན་ཏན་རྡུལ་ཕྲན་ཟེར་མི་ཡོད། །དཔེ་ནི་མཚམས་ཀྱི་ཕ་རོལ་འགའ་ཞིག་ན་ཡང་དམིགས་པ་མིན། །དཔེ་ལས་རྣམ་པར་འདས་པའི་དངོས་གྲུབ་མ་ལུས་དམ་པ་རྣམས། །མཐའ་ཡས་སེམས་ཅན་ཁམས་ལ་མཆོག་གི་དངོས་གྲུབ་སྦྱིན་པར་མཛད། །རྟག་ཏུ་དྲི་ མེད་ཐུགས་རྗེའི་ཤུགས་ཀྱིས་བཞེངས་པའི་སྨོན་ལམ་ཅན། །དངོས་གྲུབ་ཇི་སྲིད་འགོག་པ་མེད་པའི་ཆོས་ཉིད་དང་ལྡན་པ། །མ་ལུས་མཆོག་ཏུ་སྒྲུབ་པར་མཛད་པ་སྐྱེ་དགུ་རྣམས་ཀྱི་དོན། །རྟག་ཏུ་རྣམ་པར་བཞེད་པ་ཐུགས་རྗེ་ཆེན་པོའི་བདག་ཉིད་རྣམས། །འགག་པ་མེད་པ་ཉིད་དུ་ ཐུགས་རྗེས་ཀུན་ནས་སྤྱོད་ལྡན་ལ། །མི་གཡོ་རབ་གསལ་འཇིག་རྟེན་གསུམ་ན་དངོས་གྲུབ་མཆོག་རྣམས་གནང་། །དཔག་མེད་གཞལ་དུ་མེད་ལ་ལེགས་པ་ཉིད་དུ་སྙོམས་ཞུགས་པའི། །རྟོགས་ཤིང་མཁྱེན་པའི་ཆོས་ཉིད་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་། །དམ་ཚིག་གསུམ་གྱི་ དངོས་གྲུབ་མཆོག་གི་མཆོག་སྦྱིན་མཛད་པས་བདག །མཆོག་སྩོལ་སྩོལ་ན་རྟག་ཏུ་མཆོག་གི་རྟོགས་པའི་རྟོགས་དང་ལྡན། །འཇིག་རྟེན་གསུམ་ན་མཆོག་སྦྱིན་མཆོག་རྣམས་མཐའ་དག་གྲུབ་པ་པོ། །དུས་གསུམ་གཤེགས་པའི་མགོན་པོ་སྒྲིབ་པ་ཀུན་ནས་མི་མངའ་བའོ། ། དམ་ཚིག་གསུམ་གྱི་རྒྱལ་པོའི་རྟོག་པ་ནས་གསུངས་པ། །རྡོ་རྗེ་འཛིན་པས་ལེགས་པར་གསུངས་པའི་བསྟོད་པའོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སྟུ་ཏི་ཨ་ནུ་ཤཾ་ས། བོད་སྐད་དུ། བསྟོད་པའི་ཕན་ཡོན། །འདི་དག་སངས་རྒྱས་ཐམས་ཅད་ཀྱི། །ཡང་དག་ཡོན་ཏན་རྒྱ་ཆེན་ཡིན། །དེ་དག་ལན་ཅིག་བརྗོད་པས་ཀྱང་། །གང་ཕྱིར་སྔགས་པས་ཐམས་ཅད་འགྲུབ། །བསྟོད་པའི་རྒྱལ་པོ་འདི་དག་གིས། །དེ་བཞིན་གཤེགས་པ་མཉེས་བྱེད་དེ། ། བསྐལ་པར་གནས་དང་ལྷག་པ་དང་། །དངོས་གྲུབ་རྒྱ་ཆེན་སྟེར་བར་གསུངས། །བལྟ་བས་ཆོག་མི་ཤེས་པ་ཡི། །བདག་ཉིད་སྐུ་ཡང་སྟོན་པར་མཛད། །རྣམ་པར་སྣང་མཛད་མགོན་པོ་ཆེ། །མི་བསྐྱོད་པ་དང་རིན་ཆེན་འབྱུང་། །དག་པའི་རྒྱལ་བ་སྣང་མཐའ་ཡས། །དོན་ ཡོད་གྲུབ་རྒྱལ་ཐམས་ཅད་ཀྱིས། །གསེར་འགྱུར་དང་ནི་བཅུད་ཀྱིས་ལེན། །དེ་ཉིད་མཆོག་ཀྱང་རབ་ཏུ་སྦྱིན། །དངོས་གྲུབ་དགར་གྱུར་རྣམས་ཡངས་ཤིང་། །མ་ལུས་དོན་རྣམས་ཕུན་ཚོགས་པ། །བསམ་པ་ཀུན་ཡང་རྫོགས་བྱེད་པའི། །ཡིད་ལ་སེམས་པ་སྟེར་བར་མཛད། ། ཤེས་རབ་ཆེ་དང་སྟོབས་ཤུགས་རྣམས། །མཆོག་ཏུ་དགེ་བ་སྣང་བར་མཛད། །ཅེས་པ་བསྟོད་པའི་ཕན་ཡོན་དང་བཅས་པ་འདི་ཉིད་ནི་རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེའི་དཀྱིལ་འཁོར་གྱི་རྒྱན་ལས་གསུངས་པ་ཡིན་ནོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །། ༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡཾ་ས་མ་ཡ་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་གྱི་དམ་ཚིག་གི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་འཚལ་ལོ། །དམ་ཆོས་གཤེ་བར་མི་བྱ་ཞིང་། །སྤང་བར་ནམ་ཡང་མ་ཡིན་ནོ། །རྫོགས་སངས་རྒྱས་དང་བྱང་ཆུབ་སེམས། །དེ་ དག་ཀུན་མིན་བྱ་བ་མིན། །བླ་མ་དབང་བྱ་བརྙས་མི་བྱ། །ལུས་ཅན་རྣམས་ནི་བརྡེག་མི་བྱ། །སྔགས་དང་ཕྱག་རྒྱ་རང་མི་བྱ། །ཆུད་ཀྱང་ངེས་པར་མི་གསན་ནོ། །སེར་སྣ་དང་ནི་ཆང་བཏུང་བར། །ནམ་ཡང་བྱ་བ་མ་ཡིན་ནོ། །རྡོ་རྗེའི་གཟུགས་ནི་མི་འགོང་ཞིང་། །བཟའ་བར་བྱ་བ་ ཉིད་ཀྱང་མིན། །ཉལ་ཁྲི་སྟན་དུ་མི་བྱ་ཞིང་། །ཕྱག་རྒྱ་སོགས་ལ་མ་གུས་སྤང་། །བླ་མ་དག་གམ་ལྷ་ལ་ཡང་། །བྱིས་པའི་ཆོས་ཉིད་མི་བྱའོ། །རང་བཞིན་བཟང་དང་ཉེས་བྱེད་ལའང་། །མངོན་སྤྱོད་བྱ་བ་མ་ཡིན་ནོ། །ཉོན་མོངས་བྱ་མིན་བྱེད་གཞུག་དང་། །ཡིད་རང་བར་ཡང་མི་ བྱའོ། །མདོར་ན་བདག་གཞན་རྗེས་མི་མཐུན། །གང་ཡིན་དེ་དག་སྤང་བར་བྱ། །དམ་ཚིག་འདི་ནི་རྟོག་ཆེན་དཔལ། །དམ་ཚིག་གསུམ་གསུངས་དམ་ཚིག་ཡིན། །གཡོ་སྒྱུ་དང་ནི་ལོག་འཚོ་དང་། །དྲི་མ་ལ་དགའ་ཚོགས་པར་འདུ། །ཡིད་གཉིས་ཟ་བར་བྱེད་པ་དང་། །ཡོ་ བྱད་ཕལ་ཆེར་ཡོངས་སུ་འཛིན། །སྙོམ་ལས་ཞུམ་པའི་སེམས་ཉིད་དང་། །བདག་བསྟོད་ལ་སོགས་དེ་བཞིན་ཏེ། །བར་ཆད་བྱེད་པར་གྱུར་པའི་ཆོས། །རྟོག་པའི་རྒྱལ་པོ་ལས་འདི་གསུངས། །སྐྱོན་འདི་རྣམས་ལས་ངེས་གྲོལ་ཞིང་། །སྔར་བཤད་དམ་ཚིག་ལ་གནས་ན། ། འདུ་འཛི་ཀུན་སྤངས་དང་བར་ལྡན། །རྫོགས་པའི་བྱང་ཆུབ་ལ་ཡིད་བརྟན། །ལུས་ངག་ཡིད་ཀྱི་འཇུག་པ་ཀུན། །སྐྱེ་དགུ་སྐྱོབ་ཕྱིར་ཕན་བརྩོན་པས། །དངོས་གྲུབ་དམ་ཚིག་གསུམ་གསུངས་པ། །འདོད་པས་ཆོ་ག་བཞིན་དུ་བསྒྲུབས། །པཎྜི་ཏ་ཆེན་པོ་རིན་ཆེན་འབྱུང་གནས་ སྦས་པས་མཛད་པའི་དམ་ཚིག་གི་སྒྲུབ་ཐབས་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་གདན་གྱི་སྒྲུབ་ཐབས། སངས་རྒྱས་ལ་ཕྱག་ འཚལ་ལོ། །ཡོན་ཏན་ཚོགས་ལྡན་གཞན་དོན་བླ་མར་གྱུར་པའི་དེ་བཞིན་གཤེགས་རྣམས་ཐམས་ཅད་ལ་ནི་འདུད། །དཔལ་ལྡན་རྡོ་རྗེ་གདན་ཞེས་བྱ་བས་བརྒྱན་པའི་ལུས་ཅན་འཁོར་བའི་སྐྱོན་གྱིས་བཟུང་བ་རྣམས། །རེག་ཏུ་མི་འདོད་སངས་རྒྱས་མཆོག་ཉིད་དུལ་བ་བསྡམས་ པ་དམ་པའི་སྒྲུབ་ཐབས་དེ་ཉིད་ནི། །དེ་བཞིན་གཤེགས་པ་ལ་སོགས་ཁ་དོག་སྣ་ཚོགས་མཛེས་པའི་སྐུ་དེ་དག་ནི་ལེགས་པར་བྲི། །དེ་ལས་མདུན་དུ་འཆད་པར་འགྱུར་བའི་ཚུལ་གྱི་མདོག་དང་ཕྱག་ལ་སོགས་པ་དང་ལྡན་པའི་བཅོམ་ལྡན་འདས་ལེགས་པར་བསམས་ལ་མེ་ཏོག་ ལ་སོགས་པ་དབུལ་བར་བྱའོ། །ཨོཾ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །ཧཱུྃ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། རེ་རེ་ཞིང་ལན་གསུམ་གསུམ་དབུལ་བར་བྱའོ། །ཨོཾ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ་ཨོཾ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་རིན་ཆེན་འབྱུང་ ལྡན་ལ་ཕྱག་འཚལ་ལོ། །ཏྲཱྃ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །ཧྲཱིཿ ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་དོན་ཡོད་གྲུབ་པ་ལ་ཕྱག་འཚལ་ལོ། །ཨཱཿ ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་སྤྱན་མ་ལ་ཕྱག་འཚལ་ལོ། །ལྃ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་མཱ་མ་ ཀཱི་ལ་ཕྱག་འཚལ་ལོ། །མཱྃ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་གོས་དཀར་མོ་ལ་ཕྱག་འཚལ་ལོ། །པཱཾ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། ཨོཾ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཏཱྃ། ཨོཾ་རྡོ་རྗེའི་མེ་ཏོག་ཧཱུྃ་སྭཱ་ཧཱ། དེ་ནས་ཡང་མི་བསྐྱོད་པའི་རང་བཞིན་གྱི་རྡོ་རྗེ་གདན་ལ་རབ་ཏུ་ཕལ་ཞིང་ཆེས་ཤིན་ཏུ་ཕལ་ཆེ་ བའི་མེ་ཏོག་དབུལ་བར་བྱའོ། །རིམ་པ་འདི་ཉིད་ཁོ་ནས་ཨོཾ་རྡོ་རྗེ་བདུག་སྤོས་ཧཱུྃ་སྭཱ་ཧཱ། ཨོཾ་རྡོ་རྗེའི་དྲི་ཧཱུྃ་སྭཱ་ཧཱ། ཨོཾ་རྡོ་རྗེའི་ལྷ་བཤོས་ཧཱུྃ་སྭཱ་ཧཱ། ཨོཾ་ཞེས་བྱ་བ་ལ་སོགས་པས་མཆོད་པའི་ཆོ་ག་རྣམས་བྱས་ལ། བྱམས་པ་བསྒོམ་པ་ལ་སོགས་པ་སྔོན་དུ་བཏང་བས། དེ་ནས་རང་གི་སྙིང་གར་ ཨ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་གསེར་བཟང་པོའི་མདོག་གོ། །དེ་ལས་འོད་ཟེར་ཀུན་ནས་སྤྲོས་པས་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་བལྟས་ལ། དེའི་རྗེས་ལ་སྐུ་ཁྲུས་དང་། མེ་ཏོག་ལ་སོགས་པ་མཆོད་པའི་སྤྲིན་ གྱི་བཀོད་པས་ལེགས་པར་མཆོད་པར་བྱའོ། །དེ་ནས་སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། བསོད་ནམས་ཡོངས་སུ་བསྔོ་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལམ་ལ་བརྟེན་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་ཀྱང་། དཀོན་མཆོག་ གསུམ་ལ་བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པ་རྣམས་ཀྱིས་བྱའོ། །དེ་ནས་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོར་རྣམ་པར་བསྒོམས་ནས་ཀྱང་། མི་ཟད་པའི་ངོ་བོའི་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བའི་བདག་ཉིད་བལྟ་ བའོ། །བརྟན་པར་བྱ་བའི་དོན་དུ་སྔགས་བརྗོད་པར་བྱ་སྟེ། ཨོཾ་རང་བཞིན་གྱིས་རྣམ་པར་དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་ང་ཡིན་ནོ། །འོད་ཀྱི་རང་བཞིན་གྱིས་གཟུགས་དེ་ཉིད་ཁོ་ན་ཡོངས་སུ་གྱུར་ནས་ཟླ་བའི་དཀྱིལ་འཁོར་དུའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་ཨ་ལ་ སོགས་པ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །ཡང་ཀ་ལ་སོགས་པ་གསལ་བྱེད་ཀྱི་ཡི་གེ་རྣམས་ཀྱིས་ཀྱང་ཡོངས་སུ་བསྐོར་བའོ། །ཐམས་ཅད་མདོག་དཀར་པོའོ། །མ་ལུས་པ་ཡོངས་སུ་གྱུར་ནས་ཟླ་བའི་དཀྱིལ་འཁོར་གཟུགས་སུ་བསམ་པར་བྱའོ། །དེའི་སྟེང་དུ་ ས་བོན་གྱི་ཡི་གེ་ཧཱུྃ་ངོ་། །དེར་གྱུར་པ་ལས་རྡོ་རྗེའོ། །རྡོ་རྗེ་དེའི་ལྟེ་བ་ལ་ཡང་ཡི་གེ་ཧཱུྃ་ངོ་། །དེ་དག་མ་ལུས་པ་ཡོངས་སུ་གྱུར་པ་ལས་གསེར་བཟང་པོའི་མདོག་གི་རྡོ་རྗེ་གདན་གྱི་སྐུའོ། །དེའི་གདན་ནི་བདུད་བཞིའོ། །དེ་ཡང་ཕུང་པོ་དང་། ཉོན་མོངས་པ་དང་། འཆི་བདག་དང་། ལྷའི་བུའི་ བདུད་རྣམས་ཏེ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་གུའི་ཁ་དོག་ཏུ་རིམ་པ་ཇི་ལྟ་བར་དེ་དག་རྣམས་ཀྱི་ལུས་བསྒོམ་པར་བྱའོ། །བདུད་འདི་དག་རྣམས་ཡོངས་སུ་དཀྲིགས་པ་ལས་སེང་གེའི་ཁྲི་ཡིན་ནོ། །དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེའོ། །དེ་ལ་བཞུགས་པའི་ བཅོམ་ལྡན་འདས་ནི་ཕྱག་གཉིས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་གནས་པ། ཕྱག་གཡས་པས་ས་ནོན་གྱི་ཕྱག་རྒྱ་དང་ལྡན་པ་གཡོན་པ་མཉམ་པར་གཞག་པ་སྐུལ་ན་བཟའ་ངུར་སྨིག་མནབས་པ་ཞི་བའི་བདག་ཉིད་ཅན་དུ་རྣལ་འབྱོར་པས་བསྒོམ་པར་བྱའོ། །དེ་ནས་ཨོཾ་ཆོས་ཀྱི་དབྱིངས་ཀྱི་ རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་བར་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་མདོག་སེར་བ་ཕྱག་གཉིས་པ་རལ་པ་དང་ཅོད་པན་དང་ལྡན་པ་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ་གཡོན་ན་ཀླུ་ཤིང་མེ་ཏོག་གིས་རྒྱས་པ་བསྣམས་པའི་བྱང་ཆུབ་ སེམས་དཔའ་བྱམས་པའོ། །དེ་བཞིན་དུ་གཡོན་ཕྱོགས་སུ་ནི་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་སྟེ། མདོག་དཀར་བ་གཡས་པས་རིན་པོ་ཆེའི་རྔ་ཡབ་བསྣམས་པ་གཡོན་གྱི་པདྨ་དམར་སྐྱ་བསྣམས་པའོ། །གཉིས་ཀ་ཡང་བཅོམ་ལྡན་འདས་ཀྱི་ཞལ་ལ་རྣམ་པར་ བལྟ་བར་བསྒོམ་པར་བྱའོ། །དེའི་རྗེས་ལ་ནི་གོ་ཆ་དྲུག་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ལ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཀྵིཾ་ཁ་དོག་དཀར་པོའོ། །རྣ་བ་གཉིས་ཀ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛྲཱིཾ་ཁ་དོག་ མཐིང་ནག་གོ། །སྣ་བུག་གཉིས་ལ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཁྃ་ཁ་དོག་སེར་པོའོ། །ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གྃ་མདོག་དམར་པོའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཀྃ་མདོག་ལྗང་གུའོ། །ནུ་མ་གཉིས་ཀྱི་བར་དུ་ཟླ་བའི་དཀྱིལ་ འཁོར་གྱི་སྟེང་དུ་ཡི་གེ་སྂ་མདོག་དཀར་པོའོ། །འདི་དག་ནི་གོ་ཆ་དྲུག་དགོད་པ་བསྒོམ་པའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ལྟེ་བ་ལ་ཧཱུྃ་དང་བཅས་པ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སྟེ། དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས། ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་ལྟ་བུ་རྣམ་པར་བསམ་པར་བྱའོ། །དེ་ནས་མགོ་བོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་ཁ་དོག་དཀར་པོའོ། །དེའི་དཀྱིལ་དུ་ཡང་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའི་རྣམ་ པར་དག་པ་བསྒོམ་པའོ། །མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨཱཿཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཨཱཿཡི་གེ་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་བསྒོམ་པའོ། །ལྟེ་ བའི་གོང་དུ་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཁ་དོག་ནག་པོའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུྃ་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པའོ། །འབྲས་བུ་སངས་རྒྱས་ཉིད་ནི་གྲུབ་པར་བྱའོ། ། དེ་ནས་ནམ་མཁའ་ལ་གནས་པའི་བཅོམ་ལྡན་འདས་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་ལ། ཛཿཧཱུྃཿབྃ་ཧོཿ ཞེས་བྱ་བ་ཡི་གེ་བཞིས་མདུན་དུ་བཞུགས་སུ་གསོལ་ལོ། །དེར་མཆོད་ཡོན་དང་ཞབས་བསིལ་དང་། གདན་དང་། བསང་གཏོར་རྣམས་དབུལ་བར་བྱའོ། དེ་ནས་ནི་འོ་ཐུག་ལ་སོགས་པའི་ཞལ་ཟས་དྲང་བར་བྱ་སྟེ། འདིས་ནི་བདུད་རྩི་མྱང་བ་བརྗོད་དོ། །དེའི་རྗེས་སུ། །སངས་རྒྱས་ཀུན་ལ་བདག་ཕྱག་འཚལ། །ཞེས་བྱ་བའི་བསྟོད་པ་འདི་དག་གིས་བསྟོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་། དམ་ཚིག་སེམས་དཔའ་ལྷན་ཅིག་གཅིག་ ཏུ་བྱས་ལ། དམ་ཚིག་ཁྱོད་དམ་ཚིག་ཁྱོད་དམ་ཚིག་ཁྱོད་བདག་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་འདིས་གཉིས་སུ་མེད་པར་བྱ་བའོ། བསྒོམས་པས་ངལ་བར་གྱུར་ན་ནི་ཕྱི་ནས་བཟླས་པ་བྱ་བའོ། །ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །ཕྱི་ནས་ནི་བླ་ན་མེད་པ་ཡང་དག་ པར་རྫོགས་པའི་བྱང་ཆུབ་ཏུ་བསོད་ནམས་ཡོངས་སུ་བསྔོས་ལ། གཤེགས་སུ་གསོལ་ཏེ། ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ་ཞེས་བྱ་བའོ། །བསོད་ནམས་འདིས་སེམས་ཅན་རྣམས་ཐམས་ཅད་མྱུར་དུ་དེ་བཞིན་གཤེགས་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག །གདམས་ངག་གི་རིམ་པའི་བཅོམ་ ལྡན་འདས་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཡོངས་སུ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གདན་ གྱི་སྒྲུབ་ཐབས། སྔོན་དུ་བརྗོད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་མཐིང་ནག་ཨ་ལ་སོགས་པའི་དབྱངས་ཡིག་དཀར་པོ་བཅུ་དྲུག་གིས་ཡོངས་སུ་བསྐོར་བའོ། །དེ་ནས་ཡི་གེ་ཀ་ལ་སོགས་པ་གསལ་བྱེད་དཀར་པོ་སུམ་ཅུ་རྩ་ གཉིས་ཀྱིས་ཀྱང་ཀུན་ནས་བསྐོར་བའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡང་ས་བོན་དེ་ཉིད་དོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སེར་པོའོ། དེའི་ལྟེ་བ་ལ་ས་བོན་སེར་པོའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་ནས་རྗེ་བཙུན་སངས་རྒྱས་དཔལ་རྡོ་རྗེ་ གདན་དུ་བདག་ཉིད་སྐད་ཅིག་གིས་རྫོགས་པར་བྱ་སྟེ། སེར་པོ་ཞལ་གཅིག་ཕྱག་གཉིས་པ་བདུད་བཞི་ལེགས་པར་དཀྲིགས་པའི་སེང་གེའི་ཁྲི་ཆེན་པོ་མཆོག་ཏུ་གྱུར་པ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་ལེགས་པར་བཞུགས་ཤིང་། ཕྱག་གཡོན་པ་མཉམ་པར་བཞག་པ་ཕྱག་ གཡས་པ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ། སྐུ་ལ་མེ་ཏོག་བན་དྷུ་དམར་པོའི་འོད་དང་ལྡན་པའི་ན་བཟའ་བསྣམས་པ་ཡན་ལག་དང་ཉིང་ལག་ཐམས་ཅད་བལྟ་བས་ཆོག་མི་ཤེས་པའི་སྐུར་བསམ་པར་བྱས་ལ། ཨོཾ་ཆོས་ཀྱི་དབྱིངས་ཀྱི་ངོ་བོའི་བདག་ཉིད་ནི་ང་ཡིན་ནོ། །ཞེས་ གཉིས་སུ་མེད་པའི་ང་རྒྱལ་བྱ་བའོ། །དེའི་རྗེས་ལ་བཅོམ་ལྡན་འདས་ཀྱི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་བྱམས་པ་གསེར་མདོག་ཏུ་སེར་བ་ཕྱག་གཉིས་པ་རལ་པའི་ཅོད་པན་དང་ལྡན་པ་ཕྱག་གཡས་པས་རྔ་ཡབ་བསྣམས་པ་ཕྱག་གཞན་གཡོན་པ་ན་འདབ་མ་དང་ལྡན་པའི་ཀླུ་ཤིང་ བསྣམས་སོ། དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཇིག་རྟེན་དབང་ཕྱུག་དཀར་པོ་རལ་པའི་ཅོད་པན་དང་ལྡན་པ་རྔ་ཡབ་ཕྱག་གཡས་པ་ན་བསྣམས་པ་ཕྱག་གཡོན་པདྨ་བསྣམས་པའོ། །དེ་དག་གཉིས་ཀ་ཡང་བཅོམ་ལྡན་འདས་ཀྱི་ཞལ་མངོན་དུ་རྣམ་པར་བལྟ་བར་བལྟ་བའོ། ། དེ་ནས་གོ་ཆ་དྲུག་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཀྵིཾ་དཀར་པོའོ། །རྣ་བ་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཛྲཱིཾ་མཐིང་ནག་གོ། །སྣ་བུག་གཉིས་ལ་ཟླ་བ་ལ་གནས་པའི་ཡི་གེ་ཁྃ་སེར་པོའོ། །ལྕེ་ལ་ཟླ་བ་ལ་གནས་པའི་ཡི་གེ་གྃ་ དམར་པོའོ། །དཔྲལ་བར་ཟླ་བ་ལ་གནས་པའི་ཡི་གེ་ཀི་ལྗང་གུའོ། །ནུ་མའི་བར་དུ་ཟླ་བ་ལ་གནས་པའི་ཡི་གེ་སྃ་དཀར་པོའོ། །དེ་ནས་སྙིང་གར་ཟླ་བ་ལ་གནས་པའི་ཡི་གེ་ཧཱུྃ་ལས་བྱུང་བའི་རྡོ་རྗེའོ། །ཡང་དེའི་ལྟེ་བར་ཟླ་བ་དང་བཅས་པའི་ཡི་གེ་ཧཱུྃ་ངོ་། །མགྲིན་པར་ཟླ་བའི་ དཀྱིལ་འཁོར་ལ་ཡི་གེ་ཨཱཿདམར་པོ་ལས་སྐྱེས་པའི་པདྨ་དང་ཟླ་བ་ལ་གནས་པའི་ཡི་གེ་ཨཱཿཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་བསྒོམ་པའོ། །མགོ་བོར་ཟླ་བ་ལ་གནས་པའི་ཡི་གེ་ཨོཾ་ལས་བྱུང་བའི་འཁོར་ལོ་རྩིབས་བརྒྱད་པ་དང་ཟླ་བ་ལ་གནས་པའི་ཡི་ གེ་ཨོཾ་མོ། །ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་རྣམ་པར་བསྒོམ་པའོ། །ལྟེ་བའི་གོང་དུ་ཟླ་བ་ལ་གནས་པའི་རྡོ་རྗེ་དང་བཅས་པའི་ཡི་གེ་ཧཱུྃ་ངོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པ་ཡིན་ནོ། །དེ་ནས་སྙིང་གའི་ས་བོན་གྱིས་ཡེ་ཤེས་སེམས་ དཔའ་ཡང་དག་པར་སྤྱན་དྲངས་ལ། མཆོད་ཡོན་དང་ཞབས་བསིལ་དང་། རྣམ་པ་སྣ་ཚོགས་པའི་མཆོད་པ་རྣམས་ཀྱིས་ལེགས་པར་ཚིམ་པར་བྱ་བ་དང་བསྟོད་པ་དང་ཕྱག་འཚལ་བ་སྔོན་དུ་བཏང་བས་དམ་ཚིག་སེམས་དཔས་ལྷན་ཅིག་ཏུ་བྱས་ལ། ཨོཾ་དམ་ཚིག་ཁྱོད་དམ་ཚིག་ཁྱོད་དམ་ཚིག་ ཁྱོད་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་འདིས་གཉིས་སུ་མེད་པའི་ང་རྒྱལ་བསྐྱེད་པར་བྱའོ། །དེ་ནས་བསྒོམས་པས་ངལ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བ་འདི་ནི་རྡོ་རྗེ་གདན་གྱི་སྒྲུབ་ཐབས་ཏེ་རྫོགས་སོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཊ་ ཀྵ་ར་སཱ་དྷ་ན། བོད་སྐད་དུ། ཡི་གེ་དྲུག་པའི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། གདོང་པའི་གཙང་སྦྲ་ལ་སོགས་པ་བྱས་ལ། རང་ཉིད་ཀྱི་སྙིང་གའི་ཟླ་བ་ལ་གནས་པའི་ཡི་གེ་ཧྲཱིཿདཀར་པོ་ལས་རྣམ་པར་འཕྲོས་པའི་འོད་ཟེར་གྱིས། བླ་མ་དང་སངས་ རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བལྟས་པས། ལེགས་པར་མཆོད་ཅིང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་བྱ་སྟེ། དཀོན་མཆོག་གསུམ་ལ་བདག་ཕྱག་མཆི། །ཞེས་བྱ་བ་ལ་སོགས་པས་སོ། །ཇི་སྲིད་དུ་སེམས་ཅན་དུ་བསྡུ་བར་བྱ་བས་བསྡུས་པར་ གྱུར་པ། སྒོ་ང་ལས་སྐྱེས་པ་དང་། མངལ་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། རྫུས་ཏེ་སྐྱེས་པ་དང་། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པ་དང་། འདུ་ཤེས་ཡོད་པ་དང་། འདུ་ཤེས་མེད་པ་དང་། འདུ་ཤེས་ཡོད་པ་ཡང་མ་ཡིན་འདུ་ཤེས་མེད་པ་ཡང་ མ་ཡིན་པ་སྟེ། ཇི་སྲིད་དུ་གང་འགའ་ཞིག་སེམས་ཅན་གྱི་ཁམས་སུ་གདགས་པར་བྱ་བས་བཏགས་པར་གྱུར་པ་རྣམས། ཐམས་ཅད་ཀྱང་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ལེགས་པར་དགོད་པར་བྱ་བའོ། །དེ་ནས་ཨོཾ་རང་བཞིན་གྱིས་རྣམ་པར་ དག་པས་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་ཡིན་ནོ་ཞེས་བྱ་བ་ལན་གསུམ་བརྗོད་པར་བྱ་བའོ། །དེའི་རྗེས་ཐོགས་སུ་སྟོང་པ་ཉིད་ཡུད་ཙམ་ཅིག་དམིགས་པར་བྱའོ། །དེའི་རྗེས་ཐོགས་ལ་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧྲཱིཿདཀར་ པོའི་རྣམ་པའོ། །དེ་ལ་འོད་ཟེར་འབུམ་ཕྲག་དུ་མ་ཀུན་ནས་འཕྲོས་པར་བསྒོམས་ལ། དེས་སེམས་ཅན་རྣམས་ཀྱི་ཡང་ཐོག་མ་མེད་པའི་དུས་ནས་བསགས་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་རྣམས་ལྷག་མ་མ་ལུས་པར་རྣམ་པར་སྦྱངས་ཏེ། སླར་ ཡང་དེ་ཉིད་ལ་གཞུག་པར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་སུ་བསྒོམ་པར་བྱ་སྟེ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐུ་མདོག་དཀར་པོ་ཕྱག་བཞིའི་གཡོན་པས་པདྨ་འཛིན་པ། གཡས་པ་ཕྲེང་བ་འཛིན་པ་ཕྱག་གཞན་དག་གཉིས་ཀྱིས་ཐུགས་ཀར་ཐལ་མོ་ ཁ་སྦྱར་ནས་གནས་པའོ། །ཕྱག་དང་སྐུ་མདོག་དེ་ལྟ་བུ་དང་ལྡན་པ་དག་གིས་ནོར་བུ་འཛིན་པ། གཡས་ཕྱོགས་ན་པདྨ་གཞན་གྱི་སྟེང་ན་གནས་པའོ། །གཡོན་ཕྱོགས་ན་དེ་ཁོ་ན་བཞིན་དུ་ཡི་གེ་དྲུག་གི་རིག་མ་ཆེན་མོ་པདྨ་གཞན་ལ་གནས་པའོ། །དེའི་རྗེས་ལ། ཨོཾ་རྡོ་རྗེ་སེམས་དཔའ་བདེ་བ་ཆེན་པོ་ ཛཿཧཱུྃ་བྃ་ཧོཿ། །དཔའ་བོ་ཁྱོད་ཨ་ལ་ལ་ལ་ལ་ཧོཿཨཿཨཿཨཿཨཿཞེས་བྱ་བ་བྱིན་གྱིས་རློབ་པར་བྱེད་པའི་སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱའོ། །དེ་ལྟར་བསྒོམས་ལ་དེ་ནས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་ཡིད་བཞིན་གྱི་ནོར་བུར་བརྟག་པར་བྱ་བའི་གསང་སྔགས་ཀྱི་རྒྱལ་པོ་འདི་བདག་ ཉིད་འཇིག་རྟེན་དབང་ཕྱུག་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་ལ་ཁ་དོག་དཀར་པོ་ཕྲེང་བའི་རྣམ་པར་ཁ་ནས་ཕྱིར་བྱུང་ནས་ལྟེ་ཁུང་དུ་ལེགས་པར་འཇུག་པ་འཁོར་ལོ་ལྟར་འཁོར་བའི་ཚུལ་དུ་མཚན་མ་མེད་པའི་རྣལ་འབྱོར་གྱིས་བལྟ་བར་བྱའོ། །དེ་ལྟར་བཟླས་པ་བྱས་ནས། གཡོ་བ་དང་གཞུག་པ་ལ་ སོགས་པ་འཐོབ་སྟེ། དད་པ་དང་སྙིང་རྗེ་དང་ལྡན་ཞིང་བླ་མ་ལ་གུས་པའི་རྣལ་འབྱོར་པ་ནི་དུས་རིང་པོ་མི་ཐོགས་པ་ན་འགྲུབ་པར་འགྱུར་རོ། །ཨོཾ་མ་ཎི་པད་མེ་ཧཱུྃ། བཟླས་པའི་སྔགས་སོ། །དེ་ནས་ལངས་པའི་དུས་ན་ནི་སྔགས་ཀྱི་རྒྱལ་པོ་འདི་བརྗོད་ནས་ལངས་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ་སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ་སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ་ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿདེ་སྐད་བརྗོད་ ལ་ཇི་ལྟར་བདེ་བར་རྒྱུ་བར་བྱ་བའོ། །འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཥ་ཊ་ཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། ཡི་གེ་ དྲུག་པའི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ཡི་གེ་དྲུག་པ་ལ་ཕྱག་འཚལ་ལོ། །གཞན་ལ་ཡང་དག་ཕན་བརྩོན་པར། །ཡིད་ཀྱི་ལུས་ཅན་རྣམས་ལ་དམིགས། །སྡུག་བསྔལ་མ་ལུས་ཉེར་ཞི་ཞིང་། །དམ་པའི་བདེ་བས་རབ་གནས་པ། །དེ་ཡིད་སྙིང་ལ་ལེགས་བསམ་ལ། ། བསྒོམ་པར་བྱ་བའོ་དག་པའི་འོད། །འོད་དེ་སྤྲོས་པས་ལུས་ཅན་རང་། །ཀུན་ནས་གསལ་བར་བྱ་བ་ཡིན། །ངལ་སོས་སྔགས་པས་ཆོ་ག་བཞིན། །རྣམ་རྟོག་དམ་པ་མིན་སྤངས་ལ། །འོད་དཀར་ལྷག་པར་འབར་བ་ཡིས། །གསལ་པོར་སྔགས་ནི་བརྗོད་པར་བྱ། །རང་གི་ ལྟེ་བའི་དཀྱིལ་འཁོར་དུ། །དེ་ལྟར་རབ་ཞུགས་སྙིང་གར་བསྡུ། །འདི་བྱེད་པ་ན་ལུས་ངག་ཡིད། །རྣམ་གསུམ་དག་པ་བསྒོམ་པར་བྱ། །དེ་ལ་རང་ལུས་ལེགས་གནས་པས། །བདག་ཉིད་ལུས་སོགས་དག་པར་རོ། །ཕྱིར་འཕྲོས་པ་ཡི་སྔགས་རྣམས་ཀྱིས། །སྲོག་ཆགས་ རྣམས་ལའང་རྣམ་པར་བསམ། །སྔགས་བརྗོད་པ་ལས་བཞེངས་པར་ནི། །མདུན་དུ་ལྷ་གསུམ་བལྟ་བྱས་ལ། །སྔགས་བརྗོད་སྡུད་པའི་རིམ་པ་ཡིས། །རེ་རེ་ཞིང་ནི་དགོད་པ་དང་། །སྣ་ཚོགས་མཆོད་པ་སྤྲུལ་པ་དང་། །དེ་དག་དབུལ་བ་ཉིད་ཀྱང་ངོ་། །དེ་དག་དག་པ་ཡོངས་རྫོགས་ནས། ། འདོད་པའི་དོན་དུ་ཡོངས་སུ་བསྔོ། །དེ་ནས་བཟླས་པ་ཚུལ་བཞིན་བྱ། །སྔགས་བཟླས་པ་ཡི་ཐ་མར་ཡང་། །མཆོད་སོགས་སྔ་མ་བཞིན་བྱས་ལ། །ལྷ་རྣམས་སྙིང་གར་ལེགས་པར་བསྡུས། །དང་པོར་ཏིང་འཛིན་ལེགས་འཐོབ་པའི། །སྔགས་པས་དབེན་དང་ཁྱིམ་སོགས་སུ། །ཆོ་ག་འདི་ནི་ ཐུན་ཚོད་བཞིར། །འབུམ་ཕྲག་བཟླས་པར་བྱ་བ་ཡིན། །སྤྲོ་དང་བཟླས་པ་ཀུན་སྤངས་ཏེ། །འཚོ་ཚིས་སེམས་ཁྲལ་བྱ་བ་མིན། །སྡིག་པ་སྦྱང་སོགས་ཐམས་ཅད་ལ། །དཀྱིལ་འཁོར་གྲུ་བཞི་བྱས་ལ་ནི། །ཐད་ཀ་ལ་སོགས་མདུན་དུ་བསྒོམ། །ཡང་ན་རྗེ་དཔོན་མཎྜལ་ལ། །མཆོད་བྱས་ མཆོད་པ་བྱས་ནས་ཀྱང་། །ཆོ་ག་འདི་ནི་བྱ་བ་ཡིན། །དེ་ལས་ལྷའི་སྐུའི་གདམས་ངག་ནི་འདི་ཡིན་ཏེ། སྐྱིལ་ཀྲུང་དཀར་ཞིང་ཕྲེང་བ་དང་། །པད་བཅས་ཐལ་མོ་ཁ་སྦྱར་བའི། །རྗེ་ལྟ་དེ་དང་མཐུན་པར་ནི། །ལྷ་མོ་ཞེན་པ་མེད་པར་བསྟེན། །འཕགས་པ་སེར་པོར་བསམ་བྱ་ སྟེ། །གཡོན་པས་རིན་ཆེན་གདུགས་འཛིན་ཅིང་། །རིན་ཆེན་དབུ་རྒྱན་ཕྱག་གཡས་སྟོང་། །ཞེན་པ་མེད་པས་རྗེས་སུ་འགྲོ། །འཕགས་པ་ཡི་གེ་དྲུག་པ་རིག་པ་ཆེན་པོ་རྗེ་བཙུན་འཇིག་རྟེན་དབང་ཕྱུག་གི་གདམས་ངག་རྒྱུད་ནས་འོངས་པའི་སྒྲུབ་ཐབས་ཀྱི་ཆོ་གའོ།། །།དགེ་སློང་ ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ་བི་ཥེ་ཤ་སཱ་དྷ་ནཾ། བོད་སྐད་དུ། གདམས་ངག་གི་ཁྱད་པར་ཡི་གེ་དྲུག་པའི་སྒྲུབ་ཐབས་འགའ་ཞིག་ལ། བཅོམ་ལྡན་འདས་ནི་ནོར་བུ་དང་བཅས་པའི་པོ་ཏིས་མཚོན་པའི་ པདྨ་བསྣམས་པའོ། །ནོར་བུ་འཛིན་པ་ནི་པོ་ཏི་དང་བྲལ་བའི་ནོར་བུ་དང་པདྨ་འཛིན་པའོ། །ཡི་གེ་དྲུག་པ་ནི་ནོར་བུ་དང་བྲལ་བའི་པོ་ཏི་པདྨ་འཛིན་པའོ། །མཆོད་པའི་སྔགས་ནི། ཨོཾ་འཇིག་རྟེན་དབང་ཕྱུག་མེ་ཏོག་བཞེས་སུ་གསོལ་སྭཱ་ཧཱ། དེ་བཞིན་དུ་བདུག་སྤོས་དང་མར་མེ་ཞེས་བྱ་བ་ལ་ སོགས་པ་དག་གིས་གོ་བར་བྱའོ། །ལྷ་གཞན་དག་རྣམས་ལ་ཡང་དེས་གོ་བར་བྱ་བའོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་འདྲེན་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའ་ཛཿཧཱུྃ་བཾ་ཧོཿ དཔའ་བོ་ཁྱོད་ཨ་ལ་ལ་ལ་ལ་ཧོཿཨཿཨཿཨཿཨཿཞེས་སོ། །ཡི་ གེ་དྲུག་པའི་གདམས་ངག་གི་ཁྱད་པར་རྫོགས་སོ།། །།ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཁཪྶ་པ་ཎ་སཱ་དྷ་ནཾ། བོད་སྐད་དུ། བདེ་བ་འབྱུང་བའི་སྒྲུབ་ཐབས། ཁཪྶ་པ་ཎི་ལ་ཕྱག་འཚལ་ལོ། །རེ་ཞིག་དང་པོར་སྔགས་ པས་བདེ་བའི་སྟན་ལ་ཉེ་བར་གནས་ཤིང་གདོང་པའི་གཙང་སྦྲ་ལ་སོགས་པ་བྱས་པས། གཙང་ཞིང་དབེན་པའི་ཕྱོགས་སུ་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོའོ། །དེའི་འོད་ཟེར་གྱིས་བསྐུལ་ལ་མདུན་ གྱི་ནམ་མཁའ་ལ་བླ་མ་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་སྤྱན་དྲངས་ལ། སྙིང་གའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་ལེགས་པར་མཆོད་ཅིང་སྡིག་པ་བཤགས་པ་ལ་སོགས་པ་དང་། ཚངས་པའི་གནས་བཞི་བསྒོམ་པ་ཡང་བྱ་སྟེ། དེ་ནས་སྟོང་པ་ཉིད་བསྒོམ་པར་བྱ་ཞིང་། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་བྱ་བའོ། །དེའི་རྗེས་ལ་སྔར་བཞིན་དུ་ཡི་གེ་ཧྲཱིཿརྣམ་པར་བསྒོམས་ལ་ནམ་མཁའི་དཀྱིལ་ན་སྤྲོས་ཤིང་བསྡུ་བར་ཡང་བྱས་ལ། དེ་ལས་ངེས་པར་བྱུང་བའི་འཇིག་རྟེན་དབང་ཕྱུག་ཏུ་བདག་ཉིད་བསྒོམ་པར་བྱ་སྟེ། དཀར་པོ་འོད་ཟེར་བྱེ་བ་འཕྲོ་བ་རལ་པ་དང་། དབུ་རྒྱན་དང་ལྡན་པ། སྣང་བ་མཐའ་ཡས་ཀྱིས་སྤྱི་བོར་མཚན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། བཞིན་འཛུམ་པ། སྐྱིལ་ཀྲུང་ཕྱེད་པས་པདྨ་ དང་ཟླ་བའི་གདན་ལ་བཞུགས་པ། གཡས་པས་མཆོག་སྦྱིན་པ། གཡོན་པས་པདྨ་བསྣམས་པའོ། །གཡས་ཀྱི་ཕྱོགས་ན་འཕགས་མ་སྒྲོལ་མ་དང་། གཞོན་ནུ་ནོར་བཟངས་གཉིས་སོ། །གཡོན་གྱི་ཕྱོགས་ན་ཁྲོ་གཉེར་ཅན་དང་། རྟ་མགྲིན་གཉིས་སོ། །དེ་ནས་མགོ་བོ་ ལ་ཡི་གེ་ཨོཾ། མགྲིན་པར་ཡི་གེ་ཨཱཿསྙིང་གར་ཡི་གེ་ཧཱུྃ་འདི་དག་རྣམས་ལེགས་པར་བསམས་ལ། ཇི་སྲིད་དུ་སྐྱོ་བར་མ་གྱུར་གྱི་བར་དུ་གནས་པར་བྱའོ། །སྐྱོ་བ་དང་སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿསྭཱ་ཧཱ་བྱ་བའོ། །ཁཪྶ་པ་ཎིའི་སྒྲུབ་ཐབས་རྫོགས་ སོ།། །།པཎྜི་ཏ་ཆེན་པོ་རཏྣ་ཨཱ་ཀ་ར་གུཔྟའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཁཪྶ་པ་ཎ་སཱ་དྷ་ནཾ། བོད་སྐད་དུ། བདེ་བ་འབྱུང་བའི་སྒྲུབ་ཐབས། བཅོམ་ལྡན་འདས་བདེ་བ་ཐམས་ ཅད་འབྱུང་བར་མཛད་པ་ལ་ཕྱག་འཚལ་ལོ། །མངོན་འདོད་འབྲས་སྟེར་དཔག་བསམ་ལྗོན་ཤིང་དཔལ་ནི་ཀུན་ནས་ཉེར་རྒྱས་པའི། །བདེ་བར་གཤེགས་ཚུལ་ལམ་ཆེན་རྣམས་ནི་ཤིན་ཏུ་བདེ་མཛད་དེད་དཔོན་པ། །སྲིད་ཞི་མཉམ་པར་དགོངས་པ་དངོས་པོའི་རང་བཞིན་མ་ལུས་ཐམས་ཅད་ཀྱི། ། སྐྱེ་དགུའི་ཆད་པ་འདི་ནི་ཕྱག་ན་པདྨོ་འདི་ཡིས་ཞི་གྱུར་ཅིག །སྔ་མོར་གདོང་སོགས་ལེགས་བཀྲུས་ལ། །དབེན་པའི་གནས་སུ་ཆོ་ག་ཡི། །སྙིང་གའི་ས་བོན་སྤྲོ་བྱ་བ། །པདྨའི་སྟན་ལ་ལེགས་གནས་པའི། །ཟླ་རྒྱས་སྟེང་དུ་རབ་འབར་བ། །ས་བོན་རང་གི་སྙིང་ གར་བསྒོམ། །འོད་དེས་ལེགས་པར་བསྐུལ་བྱས་ལ། །ཡང་དག་སྤྱན་དྲངས་མཁའ་དབྱིངས་མདུན། །དཔལ་ལྡན་ཁཪྶ་པ་ཎ་མགོན། །བླ་མ་སངས་རྒྱས་རྒྱ་མཚོ་སྲས། །མཆོད་སྤྲིན་རྣམ་པ་སྣ་ཚོགས་པ། །ས་བོན་དེ་ལས་བྱུང་བས་མཆོད། །དེ་ནས་མངོན་པར་ཕྱག་བྱས་ལ། ། སྡིག་པ་བཤགས་ལ་སོགས་པའོ། །བློ་འཁོར་བ་ཐོག་མ་མེད་པ་ནས་འཁོར་བ་གང་ཡིན་པར་བདག་གིས་མི་དགེ་བ་བགྱིས་པའམ། བགྱིད་དུ་སྩལ་བའམ། གཞན་བགྱིད་པར་གྱུར་པ་ལ་རྗེས་སུ་ཡི་རང་བར་བགྱིས་པ། དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་ གིས་བཤགས་པར་བགྱིའོ། །རྫོགས་པའི་སངས་རྒྱས་དང་། སངས་རྒྱས་ཀྱི་སྲས་དང་། འཕགས་པ་རྣམས་དང་གཞན་དག་རྣམས་ཀྱིས་བྱས་པའི་དགེ་བ་གང་ཡིན་པ་ལ་ཡང་རྗེས་སུ་ཡི་རང་ངོ་། །བདག་གིས་དེ་དག་མ་ལུས་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཡོངས་ སུ་སྐྱང་བར་བགྱིའོ། །ཐུགས་རྗེའི་བདག་བཞིན་བླ་མེད་པའོ། །སངས་རྒྱས་ལ་ནི་བདག་སྐྱབས་མཆི། །ཆོས་ཀྱི་རང་བཞིན་གོས་མེད་པའི། །ཆོས་རྣམས་ཐམས་ཅད་རོ་གཅིག་པའོ། །རབ་དགའ་ལ་སོགས་སར་ཞུགས་པའི། །བྱང་ཆུབ་སེམས་ཚོགས་ལ་དེ་ བཞིན། །མྱ་ངན་ལས་འདས་པར་བཞེད་པའི་སངས་རྒྱས་ལ་ཡང་གཞན་ལ་ཕན་པའི་དོན་དུ་རིང་བར་བཞུགས་པར་བདག་གསོལ་བ་འདེབས་སོ། །སྒྲིབ་པ་ཐམས་ཅད་རྩད་ནས་གཅོད་པར་བྱེད་པའི་རྒྱུར་གྱུར་པ་བྱང་ཆུབ་ཀྱི་སེམས་བདག་གིས་བསྐྱེད་པར་བགྱིའོ། །སྲས་དང་བཅས་ པའི་བདེ་བར་གཤེགས་པའི་ལམ་ལ་བདག་གིས་བསམ་པ་རྣམ་པར་དག་པས་ལེགས་པར་བསྟན་པར་བགྱིའོ། །དེ་ནས་གཅིག་དང་བྲལ་བའི་ཕྱིར་ན། གཡོ་བ་དང་། མི་གཡོ་བའི་འཇིག་རྟེན་འདི་དག་ཉིད་མ་ལུས་པ་ཡང་སྟོང་པའོ་ཞེས་རྣམ་པར་བསམས་ལ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ ཤེས་ཀྱི་རྡོ་རྗེའི་རང་བཞིན་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བས་སྟོང་པ་ཉིད་བྱིན་གྱིས་བརླབ་པར་བྱའོ། །བྱིན་གྱིས་བརླབས་ལ་ཆོས་འདི་དག་ཐམས་ཅད་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ལ་དེ་བཞིན་དུ་ང་ཡང་ཡིན་ནོ་ཞེས་ཀུན་དུ་བལྟས་ལ། ཨོཾ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་ དག་པས་བདག་ཀྱང་རང་བཞིན་གྱིས་དག་པའོ་ཞེས་བརྗོད་པར་བྱའོ། །དེ་ནས་ནི་བསྒོམ་པའོ། །རྣམ་པར་ཤེས་པའི་བདག་ཉིད་ཙམ་དུ་གྱུར་པ་ལས་སྔོན་གྱི་སྨོན་ལམ་གྱིས་ལེགས་པར་བསྐུལ་བས་ཡི་གེ་པཾ་ལས་ཡོངས་སུ་གྱུར་པ་ལས་ཁ་དོག་སྣ་ཚོགས་པའི་པདྨའོ། །ཨ་ལས་སྐྱེས་པའི་ཟླ་ བའི་དཀྱིལ་འཁོར་རྒྱས་ཤིང་དྲི་མ་མེད་པའོ། །དེའི་སྟེང་དུ་ཤིན་དུ་འོད་འབར་བར་གྱུར་པའི་ཡི་གེ་ཧྲཱིཿནམ་མཁའི་དཀྱིལ་གང་བ་དང་། སྤྲོ་བའི་ཚོགས་ཀྱིས་ཁྱབ་པར་རྣམ་པར་བསྒོམས་ལ། དེ་དག་ཡོངས་སུ་གྱུར་པ་ལས་རང་གི་ས་བོན་གྱི་ཡུ་བའི་སྙིང་པོ་ལ་རྒྱན་དུ་བྱས་ཤིང་ཁ་བྱེ་བའི་པདྨ་སྔོན་ དུ་བལྟའོ། །དེ་ནས་དེ་དག་ཀུན་ཡོངས་སུ་གྱུར་ནས་བདག་ཉིད་བཅོམ་ལྡན་འདས་སུ་བསྒོམ་པར་བྱ་སྟེ། གོང་ལྟར་འོད་བྱེ་བ་ཀུན་ནས་འཕྲོ་བས་སྐུ་ཤིན་ཏུ་དཀར་བ་དབུ་རྒྱན་དང་ལྡན་ཞིང་རལ་པ་ནི་བྲང་ཁར་ཏེ། སྣང་བ་མཐའ་ཡས་ཀྱིས་དབུ་བརྒྱན་པ། སྣ་ཚོགས་པདྨ་ལས་བྱུང་ བའི་ཟླ་བའི་དཀྱིལ་འཁོར་ལ་ཕྱེད་ཀྲུང་གིས་བཞུགས་པ། སྐུ་རྒྱན་ཐམས་ཅད་དང་ལྡན་ཞིང་ཞལ་འཛུམ་པ་ལོ་བརྒྱད་གཉིས་ཀྱི་ཚོད་དུ་གྱུར་པ་སྟེ། ཕྱག་གཡས་པས་མཆོག་སྦྱིན་པ། ཕྱག་གཡོན་པས་ཡུ་བ་དང་ལྡན་པའི་པདྨ་བསྣམས་ཤིང་། ཕྱག་སྨད་པ་དེའི་འོག་ན་བདུད་རྩིའི་ རྒྱུན་མདོག་ཤིན་ཏུ་དཀར་བ་འཐུང་བར་བྱེད་པས་ཚིམ་པ་མེད་པར་ཁ་གྱེན་དུ་གདངས་ཤིང་གསུས་པ་ཆེ་བ་ཤིན་ཏུ་རིང་བར་གྱུར་པ་ཉེ་བར་གནས་པའི་ཡི་དགས་ལྟ་བུའི་ཁ་ཚིམ་པར་མཛད་དོ། །རི་བོ་པོ་ཊ་ལའི་ནང་ན་བཞུགས་པ་དཔལ་དང་ལྡན་པ་ཐུགས་རྗེས་བརླན་པར་གྱུར་པའི་ཀུན་དུ་གཟིགས་པས་ སྒེག་པའི་ཉམས་དང་ལྡན་པས་ཀུན་ནས་ལེགས་པར་བསྟེན་པར་བྱེད་པ། ཤིན་ཏུ་གཞོན་པ་སྣ་ཚོགས་པའི་མཚན་རྣམས་ཀྱིས་བརྒྱན་པའོ། །དེའི་མདུན་ན་སྒྲོལ་མའོ། །གཡས་ཟུར་ན་གཞོན་ནུ་ནོར་བཟངས་སོ། །དེ་ལ་སྒྲོལ་མ་ནི་ལྗང་གུ་ཕྱག་གཡོན་པས་ཡུ་བ་དང་བཅས་པའི་ ཨུཏྤ་ལ་བཟུང་ནས་ཕྱག་གཡས་པས་ཁ་འབྱེད་པར་མཛད་པ། རྒྱན་སྣ་ཚོགས་དང་ལྡན་པ། ཤིན་ཏུ་གཞོན་ཤིང་ལང་ཚོ་ལ་བབས་པ་ལྟ་ཟུར་ལེགས་པར་བསྟེན་པའོ། །ནོར་བཟངས་གཞོན་ནུ་ཡང་མཆན་ཁུང་གཡོན་པ་ན་པོ་ཏི་བཅུག་ཅིང་ཐལ་མོ་ཁ་སྦྱར་བ་གསེར་ གྱི་འོད་ཀུན་དུ་སྣང་བ། གཞོན་ནུའི་གཟུགས་སུ་གནས་པ་རྒྱན་རྣམས་ཐམས་ཅད་དང་ལྡན་པའོ། །ནུབ་ཏུ་ནི་ཁྲོ་གཉེར་ཅན་ནོ། །བྱང་དུ་ནི་རྟ་མགྲིན་ནོ། །དེ་ལ་ཁྲོ་གཉེར་ཅན་ནི་ཕྱག་བཞི་མ་གསེར་གྱི་འོད་དང་ལྡན་པ་རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་པ་དག་གིས་ཕྱག་ འཚལ་བའི་སྟངས་དང་ཕྲེང་བ་འཛིན་པ་སྤྱན་གསུམ་མའོ། །རྟ་མགྲིན་མདོག་དམར་བ་བོང་ཐུང་གསུས་པ་ཆེ་བ་སྐྲ་སེར་པོ་གྱེན་དུ་འབར་བ་སྦྲུལ་གྱི་ག་ཤ་ཅན། སྨ་ར་ཤིན་ཏུ་སེར་བ་ཁའི་སྒོ་ནས་ཁྲག་ཡོངས་སུ་འཛག་པ་སྤྱན་གསུམ་དམར་ཞིང་ཟླུམ་པ་ཁྲོ་གཉེར་དང་སྨིན་མ་ཤིན་ཏུ་ བསྡུས་པ་སྟག་གི་པགས་པའི་ཤམ་ཐབས་ཅན་དབྱུག་ཐོ་དང་ལྡན་པ་ཕྱག་གཡས་པ་ཕྱག་འཚལ་བའི་སྟངས་ཐབས་སོ། །དེ་དག་ཉིད་ཐམས་ཅད་ཀྱང་རང་གི་གཙོ་བོའི་ཞལ་ལ་སྤྱན་ལྟ་བར་བྱེད་པ། ཇི་ལྟར་མཛེས་པར་གནས་པར་འོད་བསམ་པར་བྱའོ། །འོད་ཟེར་དེ་དག་སླར་ཡང་ས་བོན་ ཡི་གེ་དེ་ཉིད་ལ་ལེགས་པར་ཞུགས་པར་བྱ་བའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧྲཱིཿརྣམ་པར་བསམས་ལ་དེ་ལས་ཀྱང་རྣམ་པ་སྣ་ཚོགས་པའི་འོད་ཟེར་ཀུན་དུ་སྤྲོས་ཤིང་ཁམས་གསུམ་ཡོངས་སུ་བཀང་བས་སེམས་ཅན་རྣམས་ཐམས་ཅད་ཀྱང་འཇིག་རྟེན་དབང་ཕྱུག་གི་གོ་ འཕང་ལ་རབ་ཏུ་བཀོད་དེ་སླར་ཡང་དེ་དག་སྤྲོས་པ་ཉིད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་དམ་ཚིག་སེམས་དཔའ་དང་ཆུ་དང་འོ་མ་བཞིན་དུ་ལྷན་ཅིག་གཅིག་ཏུ་གྱུར་པའི་ངོ་བོར་བསྒོམ་པར་བྱའོ། །དེ་ནས་སྐུ་དང་གསུང་དང་ཐུགས་རྣམ་པར་དག་པ་ནི་རིམ་པ་ཇི་ལྟ་བ་བཞིན་དུ་མགོ་བོ་ལ་ཡི་གེ་ཨོཾ་དཀར་པོ་མགྲིན་པར་ ཡི་གེ་ཨཱཿདམར་པོ། སྙིང་གར་ཡི་གེ་ཧཱུྃ་ནག་པོ་རྣམས་བསམ་པར་བྱ་བའོ། །འདི་དག་གིས་ཀྱང་སེམས་ཅན་གྱི་ཕུང་པོ་མ་ལུས་པའི་ཉོན་མོངས་པའི་ཚོགས་ཐོག་མ་མེད་པ་ནས་འབྱུང་བ་རྣམས་རྣམ་པར་འཇིགས་པར་བྱེད་པ་མཐའ་ཡས་པའི་བསྒོམ་པ་འདི་ནི་ནུས་པ་ཇི་ལྟ་བ་བཞིན་དུ་གསལ་བར་ བྱ་བའོ། །གསལ་དང་འཛིན་དང་ཤེས་རབ་དང་། །སྐལ་བཟངས་ནད་མེད་ཕུན་ཚོགས་རྣམས། །བསྒོམ་པའི་སྦྱོར་བས་ཐོབ་པ་ཡིན། །རྩོད་ལྡན་ལ་ནི་མངོན་དུ་ཡང་། །བསྒོམ་པས་སྐྱོ་ན་སྔགས་སེམས་རྩེ་གཅིག་པས་བཟླས་སོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿསྭཱ་ཧཱ། ཡི་གེ་འདི་དག་རྣམས་ཀྱང་སྟོན་ཀའི་ཟླ་བ་དྲི་མ་མེད་པའི་ཕྲེང་བ་ཉིད་ཀྱིས་འོད་འབར་ཞིང་འོད་ཟེར་དུ་མ་འཕྲོ་བར་བྱེད་པའོ། །བཟླས་པས་སྐྱོ་ན་ཡང་བསོད་ནམས་ཡོངས་སུ་བསྔོས་ལ་ལངས་ཏེ་ལྷའི་ང་རྒྱལ་གྱིས་བགྲོད་པས་ཇི་བདེ་བའི་བགྱི་བ་བྱ་བའོ། །དཔལ་ལྡན་འཇིག་རྟེན་དབང་ཕྱུག་ གི། །སྒྲུབ་ཐབས་ཆོ་ག་བཞིན་བྱས་པས། །བསོད་ནམས་བདག་ལ་ལེགས་བྱུང་གང་། །དེས་དེའི་གོ་འཕང་སྐྱེས་ཐོབ་ཤོག །ཁརྶ་པ་ཎ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །།པདྨ་འབྱུང་གནས་བློ་གྲོས་ཀྱི་ཞལ་སྔ་ནས་མཛད་པའོ།། །།པཎྜི་ཏ་ ཨ་བྷ་ཡཱ་ཀ་རའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་གདོང་བཀྲུ་བ་ལ་ སོགས་པ་བྱས་ནས་བདེ་བའི་སྟན་ལ་གནས་ཏེ། རྣལ་འབྱོར་པས་རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཨ་བལྟས་པས་མདུན་དུ་བླ་མ་དང་སངས་རྒྱས་ལ་སོགས་པ་སྤྱན་དྲངས་ལ་སྡིག་པ་བཤགས་པ་ལ་སོགས་རྣམས་བྱའོ། །དེ་ནས་སྟོང་པ་ཉིད་མངོན་དུ་བྱས་ ཤིང་བྱིན་གྱིས་ཀྱང་བརླབས་ལ། སྨོན་ལམ་རྗེས་སུ་དྲན་པར་བྱ་སྟེ། དེ་ལས་ཨཱཿའི་རྣམ་པ་ཡོངས་སུ་གྱུར་པ་ལས་ཡི་གེ་ཧཱུྃ་ངོ་། །དེ་ཡོངས་སུ་གྱུར་པ་ལས་ཟླ་བའོ། །དེའི་སྟེང་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ། དེའི་སྟེང་དུ་ཡི་གེ་ཨཱཿཡོངས་སུ་གྱུར་པ་ ལས་སེང་གེ་དཀར་པོའོ། །དེའི་སྟེང་དུ་ཡི་གེ་ཧྲཱིཿལས་བྱུང་བའི་རྗེ་བཙུན་སེང་གེ་སྒྲ་སྟེ། དཀར་པོ་ཕྱག་གཉིས་པ་རལ་པ་དང་དབུ་རྒྱན་དང་ལྡན་པ་སྤྱན་གསུམ་པ་དཀའ་ཐུབ་ཀྱི་ཆ་ལུགས་འཛིན་པ་རྒྱལ་པོ་ཆེན་པོ་རོལ་པའི་སྟབས་སུ་བཞུགས་པ་ཕྱག་གཡོན་པ་ན་གནས་པའི་པདྨའི་ སྟེང་ན་རལ་གྲི་འབར་བ་གྱེན་དུ་ལངས་པའོ། །གཡས་ན་རྩེ་གསུམ་དཀར་པོ་ལ་སྦྲུལ་དཀར་པོ་གདེངས་ཀ་ཅན་གྱིས་དཀྲིས་པའོ། །གཡོན་པ་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཡོངས་སུ་བཀང་བའི་ཐོད་པ་དཀར་པོ། དབུ་རྒྱན་ལ་ནི་མི་བསྐྱོད་པ་བཞུགས་ པ་དེ་བཞིན་གཤེགས་པ་ལྔ་སྤྲོ་བར་མཛད་པ། སྤྲུལ་པ་ཆེན་པོའི་སྐུར་གྱུར་པ་བསྒོམ་པར་བྱའོ། །བཟླས་པའི་སྔགས་ནི་ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། འདི་ནི་སེང་གེ་སྒྲའི་སྒྲུབ་ཐབས་སོ། །དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ ནཱ་ད་དྷཱ་ར་ནི། བོད་སྐད་དུ། སེང་གེ་སྒྲའི་གཟུངས། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊེ་བཱིར་ཡེ་སྭཱ་ཧཱ། འདི་ནི་བཅོམ་ལྡན་འདས་འཕགས་པ་འཇིག་ རྟེན་དབང་ཕྱུག་གི་མདུན་དུ་ནང་པར་སྔ་མོར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བརྒྱད་བྱ་སྟེ། མཎྜལ་རེ་རེ་ཞིང་ལན་གསུམ་དུ་བཟླས་པར་བྱ་བའོ། །དེ་ནས་ལན་བདུན་དུ་བའི་ལྕི་བ་ལྷག་མ་མངོན་པར་བསྔགས་ལ་ནད་པ་ལ་བྱུག་པར་བྱ་སྟེ། ནད་རྣམས་ཐམས་ཅད་ཞི་བར་འགྱུར་རོ། །གལ་ ཏེ་མཚམས་མེད་པ་ལྔ་བྱས་པས་ཀྱང་ཉི་མ་བདུན་པའམ་བཅུ་གསུམ་པའམ་ཉི་མ་ཉི་ཤུ་རྩ་གཅིག་པ་ལ་ཡང་མ་གྲུབ་ན་དེའི་ཚེ་དེ་ཉིད་ཀྱིས་མཚམས་མེད་པ་ལྔ་བྱས་པ་ཡིན་ཞིང་། ངས་སངས་རྒྱས་བཅོམ་ལྡན་འདས་རྣམས་བསླུས་པར་ཡང་འགྱུར་རོ། །སེང་གེ་སྒྲ་ཞེས་བྱ་བའི་གཟུངས་ རྫོགས་སོ།། །།དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། དང་པོར་རེ་ཞིག་སྔགས་པས་བཞིན་གྱི་གཙང་སྦྲ་ལ་སོགས་པ་བྱས་པ་བདེ་བའི་སྟན་ལ་ གནས་ཏེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿདཀར་པོ་དམིགས་ལ། དེའི་འོད་ཟེར་གྱིས་ལེགས་པར་སྤྱན་དྲངས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མདུན་དུ་བསྒོམ་པར་བྱ་བའོ། །དེའི་རྗེས་སུ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་ བྱས་ལ། སྟོང་པ་ཉིད་ལེགས་པར་བསྒོམ་པར་བྱ་ཞིང་། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་བྱ་བ་འདིས་བྱིན་གྱིས་བརླབ་པར་ཡང་བྱ་བའོ། །དེ་ནས་དེ་མ་ཐག་ཏུ་ཡི་གེ་པཾ་ཡོངས་སུ་གྱུར་པས་པདྨ་དཀར་པོའོ། །དེའི་སྟེང་དུ་ཡི་གེ་སི་ ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོའོ། །དེའི་རྒྱབ་ཏུ་ཟླ་བ་ལ་ཡི་གེ་ཧྲཱིཿལས་ཀུན་ནས་འབྱུང་བའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲའི་སྐུར་བདག་ཉིད་བསྒོམ་པར་བྱ་བའོ། །དཀར་པོ་ཕྱག་གཉིས་པ་སྣང་བ་མཐའ་ཡས་དང་རལ་པ་དང་དབུ་རྒྱན་ཅན། སྤྱན་གསུམ་པ་ དཀའ་ཐུབ་ཀྱི་ཆ་བྱད་འཛིན་པ་རྒྱལ་པོ་ཆེན་པོའི་འགྱིང་བག་གིས་བཞུགས་པ། ཕྱག་གཡོན་ན་པདྨ་ལངས་པའི་སྟེང་ན་རལ་གྲི་ལངས་པའོ། །གཡས་ན་རྩེ་གསུམ་དཀར་པོ་ལ་སྦྲུལ་དཀར་པོ་གདེངས་ཀ་དང་ལྡན་པས་དཀྲིས་པའོ། །གཡོན་ན་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཡོངས་ སུ་བཀང་བའི་ཐོད་པ་དཀར་པོའོ། །དེ་བཞིན་གཤེགས་པ་ལྔ་འཕྲོ་བར་མཛད་པ། མྱ་ངན་ལས་འདས་པ་ཆེན་པོའི་སྐུར་བསྒོམ་པར་བྱ་བའོ། །བཟླས་པའི་སྔགས་ནི། ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུཾ་ཕཊ། དེའི་རྗེས་ཐོགས་ལ་ནི་གཟུངས་ཡིན་ཏེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ ལོ། །ཐུགས་རྗེ་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདི་ལྟ་སྟེ། ཨོཾ་ཨ་ཀ་ཊེ་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ཀ་ཊེ་ཀ་རོ་ཊ་བཱིར་ཡེ་སྭཱ་ཧཱ། །བྱ་བ་འདིའི་རིམ་པ་ནི་བའི་ལྕི་བ་མ་ལྷུང་བར་ནང་པར་ཤིན་ ཏུ་སྔ་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཎྜལ་བརྒྱད་བྱ་སྟེ། མཎྜལ་རེ་རེ་ཞིང་ལན་བཅུ་གསུམ་རྗེས་སུ་བརྗོད་པར་བྱ་བའོ། །བའི་ལྕི་བའི་ལྷག་མ་ལན་བདུན་དུ་མངོན་པར་བསྔགས་ལ། ནད་པ་ལ་ཉེ་བར་བྱུག་པར་བྱ་སྟེ། ནད་རྣམས་ཐམས་ཅད་ཉེ་བར་ཞི་བར་བྱེད་པ་ཡིན་ནོ། །གལ་ ཏེ་མཚམས་མེད་པ་ལྔ་བྱས་པ་རྣམས་ཀྱིས་ཀྱང་ཉི་མ་བདུན་ནམ་ཉི་མ་བཅུ་གསུམ་མམ་ཉི་མ་ཉི་ཤུ་རྩ་གཅིག་ན་ཡང་འདི་གྲུབ་པར་མ་གྱུར་ན་ནི། དེའི་ཚེ་ང་ཉིད་མཚམས་མེད་པ་ལྔ་བྱེད་པར་འགྱུར་བ་ཡིན་ནོ། །སེང་གེ་སྒྲའི་སྒྲུབ་ཐབས་སོ།། །།པཎྜི་ཏ་རཏྣ་ཨཱ་ཀ་རའི་ཞལ་སྔ་ནས། དགེ་སློང་ ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། སྙིང་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་བར་དུ་བསྒོམས་ལ། ས་བོན་ གྱི་ཡི་གེ་ཧྲཱིཿཡོངས་སུ་རྫོགས་པ་ལས་སྙིང་རྗེ་ཁྲོས་པའི་ཐུགས་རྗེ་ཆེན་པོ་ཞལ་གསུམ་པ་ཉིད་ཡང་སྤྱན་གསུམ་པ་རལ་པ་དང་དབུ་རྒྱན་དང་ལྡན་པ་སྟེ། དང་པོའི་ཞལ་དཀར་བ་གཡས་པ་སྔོ་བ་གཡོན་པ་དམར་བ་ཟླ་བ་ཕྱེད་པ་དང་ལྡན་པའི་དབུ་ལ་ཐོད་པས་ཐོད་བྱས་པ་རལ་པའི་ མཐའ་ན་རི་དགས་ཀྱི་པགས་པ་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་ཤིན་ཏུ་དཀར་བ་གངས་ཀྱི་རི་བོ་དང་མཚུངས་པར་སྣང་བ་སྒེག་པའི་ཉམས་དང་ལྡན་པས་ཤིན་ཏུ་མཛེས་པའོ། །ཞལ་འཛུམ་པ་དང་ལྡན་ཞིང་ཕྱག་དྲུག་པ་སྟག་གི་པགས་པའི་ཤམ་ཐབས་མནབས་པ་སྟེ། ཕྱག་གཡས་པ་ནི་མཆོག་སྦྱིན་པའོ། །གཉིས་པ་ནི་ཕྲེང་བའོ། །གསུམ་པ་ནི་མདའ་གར་ཐབས་སུ་བསྣམས་པའོ། །གཡོན་པ་མི་བསྐྱོད་པ་དང་ལྡན་པའོ། །དེ་བཞིན་དུ་གཉིས་པས་ནི་པདྨ་དཀར་པོའོ། །གསུམ་པས་ནི་གཞུ་ཉིད་དོ། །པུས་མོ་གཡོན་པ་ནས་མདོག་དཀར་བའི་ལྷ་ མོས་བརྟེན་པ་སྟེ། གཡོན་པས་པདྨ་འཛིན་པ་ཕྱག་གཡས་པས་བཅོམ་ལྡན་འདས་ལ་ཆེད་དུ་འཁྱུད་པར་མཛད་པའོ། །རལ་པའི་ཚོགས་ལ་མེ་ཏོག་གིས་མཛེས་པར་གྱུར་པའོ། །གཡས་ཀྱི་ཟུར་ན་སྦྲུལ་གྱིས་དཀྲིས་པའི་མདུང་རྩེ་གསུམ་པའོ། །གཡོན་གྱི་ཟུར་ན་པདྨ་ལ་ གནས་པའི་ཐོད་པ་མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ལེགས་པར་བཀང་བའོ། །པདྨ་དམར་པོ་དང་ཟླ་བ་ལ་གཡོན་བསླང་བའི་ཕྱེད་ཀྲུང་གིས་བསྐྱོད་པར་གནས་པའི་བཅོམ་ལྡན་འདས་བསྒོམ་པར་བྱ་བའོ། །དེ་ནས་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་བཛྲ་དྷརྨ་ཧྲཱིཿཧཱ་ལ་ཧཱ་ ལ་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །།༄༅༅། །རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་སཱ་དྷ་ནཾ། བོད་སྐད་དུ། སྙིང་རྗེ་ཁྲོས་པའི་སྒྲུབ་ཐབས། བསམ་པ་ཐམས་ཅད་རྫོགས་མཛད་པའི། །སྙིང་རྗེས་ཁྲོས་ལ་གུས་པས་འདུད། །ཐུགས་རྗེའི་བདག་ཉིད་དེ་ ཡི་ནི། །མདོར་བསྡུས་སྒྲུབ་ཐབས་བརྗོད་པར་བྱ། །དང་པོར་ཡིད་འོང་གནས་སུ་ནི། །ཙནྡན་སོགས་ཀྱིས་ལེགས་བྱུགས་ལ། །ཐང་ཀ་བཀྲམ་སོགས་ལ་བཞུགས་པའི། །བཅོམ་ལྡན་མཆོད་པར་བྱ་བ་ཡིན། །མེ་ཏོག་ལ་སོགས་པ་དབུལ་བའི་སྔགས་ནི། ཨོཾ་རྡོ་རྗེའི་མེ་ཏོག་ ཧཱུྃ། ཨོཾ་རྡོ་རྗེའི་བདུག་པ་ཧཱུཾ། ཨོཾ་རྡོ་རྗེའི་མར་མེ་ཧཱུྃ་ཞེས་བྱ་བ་ལ་སོགས་པས་སོ། །ཨོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ལ་བདག་གི་མཆོད་པའི་སྤྲིན་ཚོགས་འདིས་ཁྱབ་ནས་ནམ་མཁའི་དབྱིངས་ཀུན་དུ་འཕྲོ་བར་ཧཱུྃ། མཆོད་པ་ཐམས་ཅད་དབུལ་བའི་སྔགས་སོ། ། རབ་ཏུ་མཆོད་ནས་དེ་མདུན་དུ། །བདེ་བའི་སྟན་ལ་གནས་ནས་ཀྱང་། །བྱམས་པ་སྐྱེ་དགུ་རྣམས་ལ་བསྒོམ། །བརྩེ་ཆེན་གྱིས་ནི་རྡོ་རྗེ་ཡང་། །སྙིང་གར་ཟླ་བའི་སྟེང་དུ་ནི། །སྔགས་ཡིག་ཧྲཱིཿནི་རྣམ་བཀོད་ལ། །སངས་རྒྱས་དང་བཅས་དེ་སྲས་རྣམས། །གསལ་བར་ ནམ་མཁའ་གང་བར་བལྟ། །ཧྲཱིཿཡིག་འོད་ཟེར་མཆོད་པ་ཡིས། །དེ་དག་ལེགས་མཆོད་འཁྲུལ་བྲལ་བར། །བསོད་ནམས་འཕེལ་བ་སྒྲུབ་དོན་དུ། །དང་པོ་སྡིག་པ་བཤགས་སོགས་བྱ། །དཀོན་མཆོག་གསུམ་མདུན་སྐྱབས་སོང་ལ། །ཆོས་རྣམས་ཐམས་ཅད་ མཆོག་བདག་མེད། །གསལ་བྱེད་སྙིང་རྗེ་དྲི་མེད་པས། །སྔགས་འདི་ངེས་པར་བརྗོད་པར་བྱ། །ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་ནི་བདག་རང་བཞིན་རྣམ་པར་དག་པའོ་ཞེས་སོ། །སྔགས་དོན་མངོན་དུ་བྱེད་པས་ན། །གཟུང་འཛིན་དག་ལས་ངེས་གྲོལ་ བའི། །དངོས་ཀུན་བདག་ཉིད་ཆེན་པོ་པ། །ཤེས་པ་ཙམ་དུ་བསྒོམ་པར་བྱ། །ཧྲཱིཿཡིག་ཟླ་བ་ལེགས་གནས་པ། །སོ་སོ་རང་རིག་དེ་བལྟས་ལ། །དེ་སྐྱེས་པད་དཀར་བསྒོམ་བྱ་སྟེ། །ལྟེ་བ་ཧྲཱིཿཡིག་དང་ལྡན་པའོ། །དེ་ལས་སངས་རྒྱས་ཚོགས་སྤྲོ་དང་། །འགྲོ་བ་སངས་ རྒྱས་ལ་ཡང་དགོད། །སླར་ཡང་དེ་ཉིད་ལ་བསྡུས་ལ། །ཕྱིས་ནི་སྙིང་རྗེས་ཁྲོས་རང་ཉིད། །རིན་ཆེན་རི་བོའི་ཕུག་རྟེན་པའི། །ཞལ་གསུམ་ཕྱག་དྲུག་ཞིར་གྱུར་པ། །པདྨ་དམར་གནས་ཟླ་བ་ལ། །གཡས་བརྐྱང་བསྐྱོད་པས་ལེགས་བཞུགས་པར། །རྩ་བ་གཡོན་ པ་གཞན་གྱི་ཞལ། །དཀར་དང་སེར་དང་སྔོན་པོ་དང་། །སྤྱན་གསུམ་སྟག་གི་ཤམ་ཐབས་མནབས། །རྒྱན་རྣམས་ཀུན་ལྡན་རབ་ཏུ་མཛེས། །གཡས་ན་མཆོག་སྦྱིན་མདའ་དང་ཕྲེང་། །གཡོན་པ་སྒེག་པའི་དཀུར་བརྟེན་པ། །པད་དཀར་དང་ནི་གཞུ་ ཉིད་ཀྱང་། །འགྱུར་བའི་ཕྱག་གིས་བསྐོར་བར་མཛད། །ཐོད་པ་གཡོན་ན་བཞག་པ་ན། །མེ་ཏོག་སྣ་ཚོགས་ཀྱིས་རབ་བཀང་། །གཡས་ན་དུག་ཅན་གྱིས་དཀྲིས་པའི། །རྩེ་གསུམ་དེ་བཞིན་པདྨ་ཡང་། །སྣང་མཐའ་གཙུག་ཏོར་དམ་པ་སྟེ། །ཐོད་པ་ཡིས་ནི་ཐོད་དུ་བྱས། །ཟླ་ བ་ཕྱེད་པ་དང་ལྡན་མཐོར། །རལ་པ་དབུ་རྒྱན་ལེགས་པར་བརྩེགས། །རྟོག་པའི་དྲ་བ་རྣམ་བསལ་བའི། །སངས་རྒྱས་འོད་ཟེར་ཚོགས་རྣམས་འཕྲོ། །སྙིང་རྗེ་ཁྲོས་པ་འདིར་གྱུར་ནས། །རང་སྙིང་མགྲིན་པ་སྤྱི་རྣམས་སུ། །ཟླ་བ་སྔོ་དམར་དཀར་རིམ་བཞིན། །ཧཱུྃཿཨཱ་ཨོཾ་ རྣམས་བསྒོམ་པར་བྱ། །དེ་བཞིན་སྙིང་ག་བར་དག་ཏུ། །ཟླ་ལ་ལེགས་གནས་ཧྲཱིཿབསྒོམ་བྱ། །དེ་ནས་གནས་གཡོའི་དངོས་གྱུར་པ། །དེ་དག་དེ་ཡི་གཟུགས་སུ་བསྒོམ། །དམ་མིན་རྣམ་རྟོག་ལས་གྲོལ་བའི། །མཉམ་པར་གཞག་པས་སྔགས་བཟླས་ཏེ། ཨོཾ་ཧ་ལཱ་ཧ་ལ་ཧྲཱིཿ མྱུར་མིན་བུལ་བར་མ་ཡིན་ཞིང་། །ཤིན་ཏུ་གསལ་བར་མང་དུ་བཟླས། །བཟླས་པ་བྱས་ནས་ཅི་བདེ་བར། །གཤེགས་སུ་གསོལ་ཞིང་ལེགས་མཆོད་དང་། །ལེགས་པར་བསྟོད་དང་བརྟན་བྱས་ལ། །ཡི་གེ་བརྒྱ་པ་གདོན་པར་བྱ། །ཨོཾ་རྡོ་རྗེ་སེམས་དཔའ་དམ་ཚིག་རྗེས་ སུ་བསྐྱང་དུ་གསོལ། །བདག་རྡོ་རྗེ་སེམས་དཔའ་ཉིད་དུ་ཉེ་བར་གནས་པ་བརྟན་པར་དགོངས། །བདག་ལ་ཤིན་ཏུ་དགྱེས་པར་དགོངས། །བདག་ལ་རྒྱས་པར་མཛད་དུ་གསོལ། །བདག་ལ་རྗེས་སུ་ཆགས་པར་མཛད་དུ་གསོལ། །དངོས་གྲུབ་ཐམས་ཅད་བདག་ལ་ལེགས་ པར་སྩོལ། །བདག་གི་ལས་ཐམས་ཅད་གྲུབ་པར་མཛོད། །སེམས་ངེས་པ་ལེགས་པར་མཛད་དུ་གསོལ། ཧཱུྃ་ཧ་ཧ་ཧ་ཧ་ཧོཿབཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་རྡོ་རྗེའི་རང་བཞིན་ལས་བདག་ལ་གྲོལ་བར་མཛོད། །རྡོ་རྗེའི་ངོ་བོའི་དམ་ཚིག་སེམས་དཔའ་ ཆེན་པོ་ཨཱཿཨོཾ་བདག་དང་སེམས་ཅན་ཀུན་དོན་མཛད། །དངོས་གྲུབ་སྩལ་ནས་ཇི་བཞིན་གཤེགས། །སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ། །སླར་ཡང་འབྱོན་པར་གསོལ་བ་འདེབས། །འདི་ཡིས་ལེགས་པར་བསྐུལ་བྱས་ལ། །ཨོཾ་ཨཱ་ཡིག་སྒོར་ནི་ཆོས་རྣམས་ཀུན། ། གདོད་ནས་མ་སྐྱེས་མེད་ཕྱིར་རོ། །མུཿཞེས་བྱ་བའོ། །བསམ་གཏན་ལེགས་བླངས་རྣལ་འབྱོར་པས། །རང་གི་ནུས་པའི་སྦྱིན་པ་གཏང་། །གཟུགས་སོགས་འདོད་པ་སྤྱོད་པ་ན། །མ་ལུས་རྟོག་པ་གཏན་ནས་སྤངས། །བླ་མེད་བྱང་ཆུབ་རིང་མིན་པར། །སྒྲུབ་པ་པོ་ནི་དམ་ པས་ཐོབ། །སྒྲུབ་ཐབས་བྲིས་ལས་བདག་གིས་ནི། །དགེ་བ་བླ་མེད་ཐོབ་པ་གང་། །དེས་ནི་འཇིག་རྟེན་མ་ལུས་པ། །མྱུར་བར་སྙིང་རྗེའི་ཁྲོ་ཐོབ་ཤོག །ཧ་ལཱ་ཧ་ལའི་སྒྲུབ་ཐབས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པདྨ་ནཪྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། །སྔར་བརྗོད་པའི་རིམ་པས་སྣ་ཚོགས་པདྨར་ཟླ་བ་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། བདག་ཉིད་པདྨ་གར་གྱི་དབང་ཕྱུག་ཏུ་བསྒོམ་པར་བྱ་སྟེ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ པ། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ་སྣང་བ་མཐའ་ཡས་དབུ་རྒྱན་དུ་བྱས་ཤིང་། གཡོན་ངོས་ན་གོས་དཀར་མོས་ལེགས་པར་འཁྱུད་ཅིང་འཁྱུད་པའི་སྟངས་ཀྱིས་གནས་པའོ། །ཕྱག་གཡོན་པས་པདྨ་དམར་པོ་བསྣམས་ པའོ། །ཕྱག་གཞན་གཡས་པ་ནི་གར་བྱེད་པའི་སྟངས་ཀྱིས་ཁབས་ཀྱི་ཕྱག་རྒྱར་ཁ་འབྱེད་པའོ། །དེ་ནས་ནི་ཨོཾ་དེ་བཞིན་གཤེགས་པ་རྣམས་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ་ཞེས་སྔགས་བརྗོད་པར་བྱ་བའོ། །དེའི་རྗེས་ལ་ཕྱོགས་བརྒྱད་ དུ་ལྷ་མོ་བརྒྱད་རྣམ་པར་བསམ་པར་བྱ་བའོ། །དེ་ལ་པདྨ་དམར་པོ་འདབ་མ་བརྒྱད་པའི་ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་མ་པདྨ་དཀར་པོ་དང་དམར་པོ་འཛིན་པའོ། །ལྷོའི་འདབ་མ་ལ་སྒྲོལ་མ་ལྗང་གུ་ཤིང་སྔོན་པོ་དང་པདྨ་འཛིན་པའོ། །ནུབ་ཀྱི་འདབ་མ་ལ་རྔ་མ་འཁོར་ལོ་སེར་ པོ་དང་། ཨུཏྤ་ལ་སྔོན་པོ་འཛིན་པའོ། །བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན། པདྨ་སྐྱ་བོ་དང་སེར་པོ་འཛིན་པའོ། །ཤར་གྱི་གྲྭའི་འདབ་མ་ལ་པདྨའི་དྲི་ལྡན་མ་པདྨ་སེར་པོ་དང་དམར་སེར་འཛིན་པའོ། །ལྷོའི་གྲྭའི་འདབ་མ་ལ་རྡོ་རྗེ་པདྨའི་དབང་ཕྱུག་མ་ནམ་མཁའི་མདོག་དང་ དཀར་བའི་པདྨ་འཛིན་པའོ། །ནུབ་ཀྱི་གྲྭའི་འདབ་མ་ལ་སྣ་ཚོགས་པདྨ་དཀར་བ་དང་དམར་པོ་འཛིན་པའོ། །བྱང་གི་གྲྭའི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་ཁ་དོག་སྣ་ཚོགས་པ་སྣ་ཚོགས་པདྨ་འཛིན་པའོ། །དེ་དག་ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་མ་སྐྱིལ་ཀྲུང་བཅས་ཤིང་ཞི་བའོ། ། ལྟེ་བ་ལ་ནི་བཅོམ་ལྡན་འདས་ཉིད་དོ། །དེ་ནས་གསང་སྔགས་བཟླས་པར་བྱ་སྟེ། ཨོཾ་ཧྲཱིཿཔདྨ་ནཪྟེ་ཤྭ་ར་ཧཱུྃ། པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བའི་འཇིག་རྟེན་དབང་ཕྱུག་གི་སྒྲུབ་ཐབས་སོ།། པཎྜི་ཏ་ཆེན་པོ་རཏྣ་ཨཱ་ཀ་རའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པདྨ་ནཪྟེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས། སྔར་བཤད་པའི་ཚོགས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ་སྣ་ཚོགས་པདྨ་ལ་གནས་པའི་ཟླ་བའི་སྟེང་དུ་ཡི་གེ་ཧྲཱིཿདཀར་པོ་རྣམ་པར་བསམ་ཞིང་། དེ་ཡོངས་སུ་གྱུར་ པ་ལས་ཀྱང་པདྨ་གར་གྱི་དབང་ཕྱུག་གི་གདམས་ངག་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཏུ་བདག་ཉིད་བསྒོམ་པར་བྱ་བ་ནི། ཞལ་གཅིག་ཕྱག་བཅོ་བརྒྱད་སྐྱིལ་ཀྲུང་ཕྱེད་པ་སྣང་བ་མཐའ་ཡས་དང་རལ་པའི་ཐོར་ཚུགས་དང་ལྡན་པ། ཕྱག་ཐམས་ཅད་ཀྱིས་སྣ་ ཚོགས་པདྨ་བསྣམས་པ། །རྣལ་འབྱོར་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་བ། གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ནི་ནོར་བཟངས་དང་ཁྲོ་གཉེར་ཅན་དང་རྟ་མགྲིན་གནས་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་མངའ་བའོ། །དེ་ནས་སྔགས་བཟླས་པར་བྱ་བ་ཡང་། ཨོཾ་ ཧྲཱིཿཔདྨ་ནཪྟེ་ཤྭ་ར་ཧཱུྃ། ནད་ཉེ་བར་ཞི་བར་བྱེད་པའི་ཕན་ཡོན་ཆེན་པོ་དང་ལྡན་པ་སྟེ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་སོ།། །།མཁས་པ་རཏྣ་ཨཱ་ཀ་རའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་ དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ན་སཱ་དྷ་