Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 11 / 15 (50.000 ký tự/trang)
་བོར་རྣམ་པར་བཞག་ན་དེའི་ཚེ་མི་བསྐྱོད་པ་ལྗང་གུའི་མདོག་གིས་རྒྱས་བཏབ་པའོ། །དེ་བཞིན་དུ་སྣ་ཚོགས་ཡུམ་གང་གི་ཚེ་མི་བསྐྱོད་པའི་རང་བཞིན་དེའི་ཚེ་མི་
བསྐྱོད་པ་སྔོན་པོ་གཟུགས་ཀྱི་རྡོ་རྗེ་སེམས་དཔས་སོ། །དེ་བཞིན་དུ་སྣ་ཚོགས་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ནོ། །དེ་ལྟར་ན་ཡེ་ཤེས་དང་རྣམ་པར་ཤེས་པ་གཉིས་ལ་ཕན་ཚུན་རྒྱས་བཏབ་པར་འགྱུར་རོ། །དེ་སྐད་དུ་དྲི་མ་མེད་པའི་འོད་ལས། རྒྱལ་བའི་བདག་པོའི་མཆོག་ནི་ཡེ་ཤེས་ཀྱི་ཕུང་
པོའོ། །སྣ་ཚོགས་ཡུམ་གྱི་རྣམ་པར་ཤེས་པའི་ཁམས་སོ། །རྣམ་པར་ཤེས་པ་ནི་ནམ་མཁའི་ཁམས་སོ་ཞེས་གསུངས་སོ། །འདིར་ཡེ་ཤེས་ནི་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པའི་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སོ། །གང་གི་ཚེ་དུས་ཀྱི་འཁོར་ལོ་རྣམ་པར་ཤེས་པའི་ཕུང་པོ་དེའི་ཚེ་སྣ་ཚོགས་ཡུམ་
ནམ་མཁའི་ཁམས་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའི་རང་བཞིན་ནོ་ཞེས་བྱ་བའི་དོན་ཏོ། །དེའི་ཕྱིར་གསུངས་པ་འཁྱུད་པར་འགྱུར་བ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྣ་ཚོགས་ཡུམ་ཞེས་གསུངས་སོ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་དང་ལྷན་ཅིག་རྣམ་པར་ཤེས་པ་པདྨའི་སྙིང་པོ་ལ་བདེ་བ་ཆེན་པོ་ཞེས་གསུངས་སོ། །དོན་ཡོད་གྲུབ་
པ་དང་། རིན་ཆེན་འབྱུང་ལྡན་དང་། རྣམ་པར་སྣང་མཛད་དང་། འོད་དཔག་མེད་རྣམས་ནི་མི་བསྐྱོད་པ་ལྗང་གུས་རྒྱས་བཏབ་པའོ། །ཡང་ན་དོན་ཡོད་གྲུབ་པ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །རིན་ཆེན་འབྱུང་ལྡན་ནི་སྣང་བ་མཐའ་ཡས་ཀྱིས་སོ། །དེ་ནི་རྣམ་པར་སྣང་མཛད་ཀྱིས་སོ། །དེ་ནི་མི་བསྐྱོད་པ་ལྗང་གུས་སོ། །ཀུན་དུ་

བཟང་པོ་དང་། སྒྲ་རྡོ་རྗེ་མ་དང་། གནོད་མཛེས་རྒྱལ་པོ་དང་། ཤིན་ཏུ་སྔོན་མོ་དང་། སྔོན་མོ་དང་། དྲག་མོ་དང་། རྨུགས་བྱེད་དང་། རྣམ་པར་རྒྱལ་བའི་ཀླུ་རྣམས་ནི་མི་བསྐྱོད་པ་སྔོན་པོའི་གཟུགས་ཀྱི་རྡོ་རྗེ་སེམས་དཔས་རྒྱས་བཏབ་པ་རྣམས་སོ། །ཕྱག་ན་རྡོ་རྗེ་དང་ཆོས་ཀྱི་དབྱིངས་ཀྱི་རྡོ་རྗེ་མ་དང་། གཙུག་ཏོར་
འཁོར་ལོས་སྒྱུར་བ་དང་། དྲག་མིག་མ་དང་། ཁྱབ་འཇུག་མ་དང་། གཤིན་རྗེ་དང་། རྒྱལ་བའི་ཀླུ་ནི་མི་བསྐྱོད་པ་ལྗང་གུས་སོ། །ལྷ་གཞན་ནག་པོ་རྣམས་ནི་དོན་ཡོད་གྲུབ་པས་སོ། །དམར་པོ་རྣམས་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །སེར་པོ་རྣམས་ནི་རྣམ་པར་སྣང་མཛད་ཀྱིས་སོ། །དཀར་པོ་རྣམས་ནི་སྣང་
བ་མཐའ་ཡས་ཀྱིས་སོ། །རྒྱས་འདེབས་པའི་དེ་བཞིན་གཤེགས་པ་དྲུག་པོ་འདི་དག་ནི་གཙུག་ཏོར་དང་བཅས་པ། སྣམ་སྦྱར་འཛིན་པས་གནོན་ལ་སོགས་པའི་ཕྱག་རྒྱ་དང་ལྡན་པའོ། །བཅོམ་ལྡན་འདས་དཀྱིལ་འཁོར་གྱི་དབང་པོའི་ཐུགས་ཀའི་ས་བོན་ནི་ཧཱུཾ་ངོ་། །སྔགས་གཞན་རྣམས་ནི་མངས་པས་
འཇིགས་པས་མ་བྲིས་སོ། །དེ་ལྟར་བཤད་པར་བྱ་མོད་ཀྱི། །ཕུན་ཚོགས་སྐུ་ནི་དཔག་མེད་དེ། །རྒྱ་མཚོ་ལ་ནི་ཆུ་འཛིན་གྱིས། །ཆུ་བླངས་ཟད་པར་མི་འགྱུར་རོ། །རྡོ་རྗེ་འཛིན་དཔལ་སྐུ་ཡི་བདུད་རྩིའི་ཆུ་རྒྱུན་ལས། །འདོར་བར་བྱས་པའི་བསོད་ནམས་བདུད་རྩིའི་ཚོགས་ཀྱིས་ནི། །དཔག་མེད་སྐུ་ཡི་རླབས་ནི་
རིམ་པར་བརྒྱུད་པ་ཡིས། །མཁས་པའི་དབང་ཕྱུག་འཇིགས་མེད་གཞན་དོན་བྱེད་གྱུར་ཅིག །རྡོ་རྗེ་ཕག་མོས་མངོན་སུམ་དུ་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའི་ཞལ་སྔ་ནས་མཛད་པ་རྫོགས་པའི་རྣལ་འབྱོར་གྱི་ཕྲེང་བ་ཞེས་བྱ་བ་རྫོགས་སོ།། །།འདིའི་གཞུང་ཚད་
ནི་སྟོང་ཉིས་བརྒྱ་བཞུགས་སོ། །རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་དཔལ་བཟང་པོས་འགྱུར་རྙིང་པ་ལ་བརྟེན་ནས་སྨོན་འགྲོའི་གཙུག་ལག་ཁང་དུ་རང་འགྱུར་མཛད་པའོ།། །།པཎྜི་ཏ་དེ་ཉིད་ཀྱིས་ལན་གཉིས་སུ་ཞུས་ཤིང་གཏུགས་སོ། །སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་ཆེན་
པོ་མཁས་བཙུན་མཆོག་གི་གྲུབ་པ་བརྙེས་པ། བླ་མ་རྗེ་བཙུན་ཆེན་པོ་རཏྣ་རཀྵི་ཏའི་ཞབས་དང་། བླ་མ་རྗེ་བཙུན་པཎྜི་ཏ་ཆེན་པོ་རེ་བེནྡྲའི་ཞལ་སྔ་ནས། ཆག་ལོ་ཙཱ་བ་ཤཱཀྱའི་དགེ་སློང་དཔལ་གྱི་མཐའ་ཅན་གྱིས་ཞུས་ཤིང་དག་པར་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཛྱེ་ཏིརྨཉྫ་རི་ནཱ་མ་ཧོ་མ་པ་ཡིག །བོད་སྐད་དུ། སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ཉིད་བསྡུས་སོགས་རྒྱུད་རྣམས་སུ། །རྡོ་རྗེ་འཛིན་པས་སྦྱིན་སྲེག་ལས། །རབ་གཏོར་འཇིགས་མེད་ཤེས་རབ་
དང་། །སྙིང་རྗེ་དགའ་བས་ཡང་དག་བསྡུ། །གཞན་གྱིས་བྱས་པ་ཡོད་མོད་ཀྱི། །རྒྱུ་སྐར་ཁྲོད་ན་ཟླ་བ་ཡི། །འོད་ཟེར་ལྟར་གསལ་ཁྱད་པར་དུ། །དགའ་བ་སྟེར་འདི་ལེགས་བརྟག་བྱ། །དེ་ལ་ཉི་མ་བཟང་པོ་ལ་ཇི་ལྟར་བརྗོད་པའི་ཆོ་གས་རང་གི་འདོད་པའི་ལྷའི་བདག་ཉིད་ཅན་གྱིས་མཆོད་པ་དང་
གཏོར་མ་འབུལ་བ་སྔོན་དུ་འགྲོ་བས། ལག་པ་གཡས་པ་ས་ལ་བཞག་སྟེ། ཨོཾ་ཨཱཿཧཱུྃ་ཞེས་པ་འདིས་དང་། ཨོཾ་ཧ་ན་ཧ་ན་ཀྲོདྷ་ཧཱུྃ་ཕཊ་ཅེས་པའམ། རང་གི་ལྷའི་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། ཀུན་རྫོབ་ཀྱི་དག་པའི་ཐབ་ཀྱིས་སམ། སྟོང་པ་ཉིད་ཀྱིས་ཀྱང་རུང་སྟེ། ཐབ་ཁུང་རྣམས་བརྐོ་བར་
བྱ་བའི་དོན་དུ་ས་རྣམ་པར་སྦྱངས་ཏེ། ཡང་ན་ཡོན་བདག་གི་དབང་གིས་རྡོ་རྗེ་ཕྲེང་བར་བརྗོད་པའི་ཆོ་ག་རྣམས་ཀྱིས་ས་སྦྱང་བ་དང་། ས་ཡོངས་སུ་གཟུང་བ་དང་། བགེགས་ལ་ཕུར་བུས་གདབ་པ་དང་། སའི་ལྷ་མོ་ལྷག་པར་གནས་པ་ཡང་ཇི་ལྟར་རིགས་པར་འདོད་པས། རྒྱས་པའམ་བསྡུས་པ་
བྱས་ནས་ས་བདག་ཀླུའི་མཆན་ལ་ཐབ་ཁུང་རྣམས་བརྐོ་བར་བྱའོ། །དེ་ལ་ཞི་བའི་ཐབ་ཁུང་ནི་ས་དཀར་པོ་ལ་རྒྱར་ཁྲུ་གང་ཟབས་སུ་སོར་བཅུ་གཉིས་པ་ཟླུམ་པོ་སྟེ། དེའི་དབུས་སུ་སོར་བཅུ་དྲུག་པའི་པདྨའི་སྟེང་དུ་འཁོར་ལོའམ་མགོ་ཤར་དུ་བསྟན་པའི་རྡོ་རྗེ་རྩེ་ལྔ་པ་སྟེ། སོར་བརྒྱད་པའི་ཚད་ཙམ་པ་དཔངས་
སུ་སོར་གཅིག་པའོ། །ཐབ་ཁུང་གི་སྟེང་དུ་སོར་བཞིའི་བར་དོར་བར་རྒྱ་དང་དཔངས་སུ་སོར་བཞི་པ་ཐབ་ཁུང་གི་དབྱིབས་ཅན་ཁ་བགས་ཀྱིས་ནང་དུ་གཞོལ་བའི་ཁ་ཁྱེར་ཁོར་ཡུག་སྟེ། ཕྱིའི་ཟུར་རྣམས་སུ་ཟུར་གསུམ་རྣམས་ལ་འཁོར་ལོའམ་རྡོ་རྗེ་རྩེ་གསུམ་པས་མཚན་པའོ། །ཐབ་ཁུང་ལས་ས་དཀར་
པོ་དང་ཕྱི་རོལ་དུ་ས་གཞི་ཁྲུ་ཕྱེད་དུ་ཀུན་ནས་བའི་ལྕི་བས་ཉེ་བར་བྱུགས་ཏེ། དེ་ཉིད་ལས་བདུད་རྩི་དཀར་པོ་དང་ལྡན་པའི་དྲི་དཀར་པོས་ཉེ་བར་བྱུགས་ལ་ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཅལ་དུ་དགྲམ་པར་བྱའོ། །རྒྱས་པའི་ཐབ་ཁུང་ནི་ས་གཞི་སེར་པོ་ལ་རྒྱར་ཁྲུ་དོ་ཟབས་སུ་ཁྲུ་གང་པ་གྲུ་

བཞི་པའམ་རིན་པོ་ཆེ་ཟུར་བརྒྱད་པ་ལྟ་བུ་སྟེ། དེའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་ལ་གནས་པའི་སོར་དྲུག་པའི་རིན་པོ་ཆེ་རྡོ་རྗེས་མཚན་པའོ། ཐབ་ཁུང་གི་སྟེང་དུ་སོར་བརྒྱད་དོར་བར་རྒྱ་དང་དཔངས་སུ་སོར་བརྒྱད་པའི་ཚད་ཀྱི་ཐབ་ཀྱི་དབྱིབས་ཅན་ལ། ཕྱི་ཟུར་
རྣམས་སུ་རིན་པོ་ཆེས་མཚན་པའི་ཁ་ཁྱེར་རོ། །ཐབ་ཁུང་ལ་ས་སེར་པོ་དང་དེའི་ཕྱི་རོལ་དུ་བའི་ལྕི་བས་ཉེ་བར་བྱུགས་ནས་དེ་དག་ལ་བདུད་རྩི་སེར་པོ་དང་ལྡན་པའི་དྲི་སེར་པོས་ཉེ་བར་བྱུགས་ལ་མེ་ཏོག་སེར་པོ་དགྲམ་པར་བྱའོ། །དབང་གི་ཐབ་ནི་ས་དམར་པོའམ་གཞན་ཡང་རུང་སྟེ་བྷ་གའི་རྣམ་པ་རྩེ་མོ་
ཤར་དུ་བསྟན་པ་ལ་ཨ་ཤྭདྠའི་ལོ་མ་ལྟ་བུའམ་ཟླ་བ་ཕྱེད་པའི་རྣམ་པའི་དབུས་སུ་པདྨ་དམར་པོ་རྡོ་རྗེས་མཚན་པའོ། །དབང་གིས་དགུག་པ་ལ་ཡང་ཐབ་ཁུང་འདི་དག་གམ་ཡང་ན་རྡོ་རྗེ་རྩེ་གཅིག་པའི་རྣམ་པ་ཅན་གྱི་དབུས་སུ་པདྨ་དམར་པོ་རྡོ་རྗེའི་ལྕགས་ཀྱུས་མཚན་པ་སྟེ། ཐབ་ཁུང་གསུམ་ཀ་
ལ་ཡང་གཙོ་བོའི་མཚན་མས་མཚན་པའི་ལྕགས་ཀྱུས་མཚན་པའི་ཐབ་ཁུང་གི་རྣམ་པའི་ཁ་ཁྱེར་གྱིས་བསྐོར་བའོ། །ས་དམར་པོ་བདུད་རྩི་དང་བཅས་པའི་དྲི་དམར་པོས་ཉེ་བར་བྱུགས་ལ་མེ་ཏོག་དམར་པོ་སིལ་མ་དགྲམ་པར་བྱའོ། །ཐབ་ཁུང་གསུམ་པོ་ནི་ཟབས་དང་ཁ་ཁྱེར་ལ་སོགས་པའི་ཚད་ནི་
ཞི་བའི་ཐབ་ཁུང་བཞིན་དུ་ཤེས་པར་བྱའོ། །མངོན་སྤྱོད་ཀྱི་ཐབ་ཁུང་ནི་གས་པ་ཚ་སྒོ་ཅན་དང་རྩུབ་པ་དང་ནམ་མཁའ་ལྟར་ནག་པའི་ས་ལ་གྲུ་གསུམ་བྱང་དུ་ཕྱོགས་པ། ལོགས་རྣམས་ལ་སོར་ཉི་ཤུ་པ་ཟབས་སུ་སོར་བཅུ་པ་དབུས་སུ་པདྨ་ནག་པོ་ལ་གནས་པའི་སོར་བརྒྱད་པའི་ཁྲོ་བོའི་རྡོ་རྗེས་བརྒྱན་པའམ།
དབུས་སུ་རྩེ་གསུམ་པ་ལ་གནས་པའི་ཁྲོ་བོའི་རྡོ་རྗེས་བརྒྱན་པའོ། །ཐབ་ཁུང་གི་སྟེང་གི་སོར་གསུམ་དོར་བར་རྒྱ་དང་དཔངས་སུ་སོར་གསུམ་པ་ཁ་ཕྱིར་གཞོལ་བའི་ཁ་ཁྱེར་ཁྲོ་བོའི་རྡོ་རྗེས་མཚན་པས་ཡོངས་སུ་བསྐོར་བའོ། །བདུད་རྩི་དང་བཅས་པའི་ས་ནག་པོ་དང་རོ་བསྲེགས་པའི་ཐལ་བ་དང་།
བོང་བུ་དང་རྔ་མོ་ལ་སོགས་པའི་སྦངས་གང་རྙེད་པས་བྱུགས་ཏེ། དྲི་ངན་པའམ་དྲི་མེད་པའི་མེ་ཏོག་སྔོན་པོའམ་དམར་པོ་དག་དང་འབྲུའི་ཕུབ་མ་ལ་སོགས་པ་གཏོར་ལ། འབར་བ་འཁྲུག་པ་འཇིགས་སུ་རུང་བ། མིའི་ཞུན་ལ་སོགས་པའི་མར་མེ་དང་ལྡན་པར་བྱའོ། །ལས་ཐམས་ཅད་པའི་ཐབ་

ཁུང་ནི། ལས་དང་རྗེས་སུ་མཐུན་པའི་ས་གཞི་ལ། ཞི་བའི་ཐབ་ཁུང་དང་མཚུངས་པ་སྟེ། འོན་ཀྱང་ཆུར་གེ་སར་དང་བཅས་པའི་ཟེའུ་འབྲུ་དང་ཁ་ཁྱེར་ལ་པདྨའི་འདབ་མ་རྣམས་སོ། །དེ་བས་ན་རབ་ཏུ་རྒྱས་པའི་པདྨའི་རྣམ་པ་ཕྱི་རོལ་གྱི་ཕྱོགས་དང་ཕྱོགས་བྲལ་དུ་རྡོ་རྗེས་མཚན་པའམ། སྣ་ཚོགས་རྡོ་རྗེའམ།
རལ་གྲིས་མཚན་པའི་ཁ་ཁྱེར་གྱིས་བསྐོར་བ་དབུས་སུ་རྡོ་རྗེ་ཕྲེང་བས་བསྐོར་བའི་འདབ་མ་ལ་གནས་པའི་འདབ་མའི་ཚད་ཀྱིས་དེ་བཞིན་གཤེགས་པ་བཞིའི་མཚན་མའི་ནང་དུ་རྒྱ་དང་དཔངས་སུ་སོར་བརྒྱད་དང་སོར་གཅིག་པའི་རང་རང་གི་མཚན་མ་དང་ཡང་དག་པར་ལྡན་པའོ། །མཚན་མ་ཡང་རྣམ་པར་སྣང་
མཛད་ཀྱི་འཁོར་ལོའམ། དེ་ཁོ་ན་ཉིད་བསྡུས་པར་གསུངས་པའི་རྡོ་རྗེའོ། །རིན་ཆེན་འབྱུང་ལྡན་གྱི་རིན་པོ་ཆེའོ། །འོད་དཔག་ཏུ་མེད་པའི་པདྨའོ། །མི་བསྐྱོད་པའི་ཁྲོ་བོའི་རྡོ་རྗེའོ། །དོན་ཡོད་གྲུབ་པའི་རལ་གྲི་འམ་སྣ་ཚོགས་རྡོ་རྗེའོ། །ཁ་ཅིག་ནི་ཕྱོགས་ཀྱི་རྡོ་རྗེ་དང་བྲལ་བར་ཁོར་ཡུག་ཏུ་ཕྱི་རོལ་རྡོ་རྗེའི་
ཕྲེང་བས་ཀུན་ནས་བསྐོར་བའི་ཁ་ཁྱེར་ཏེ། ཐབ་ཀྱི་དབུས་སུ་རྡོ་རྗེའི་ཕྲེང་བ་མེད་དོ་ཞེས་ཟེར་རོ། །གཞན་ཡང་འདི་ལ་ཕྱོགས་གཞན་ནི་ཐབ་ཁུང་ཐམས་ཅད་ཀྱི་དབུས་ཀྱི་ཆ་རྣམས་ལ་པདྨ་ལ་གནས་པའི་རང་གི་འདོད་པའི་ལྷའི་མཚན་མས་བརྒྱན་པའོ། །དེ་ཡང་གཙོ་བོའི་མཚན་མ་ནི་སྲིད་དང་དཔངས་
སུ་སོར་བརྒྱད་དང་གཅིག་གི་ཚད་རྣམས་ཏེ་ཅིག་ཤོས་ཀྱི་ནི་སོར་དྲུག་པའོ། །ཞེས་སོ། །འདི་དང་སྔར་བརྗོད་པའི་ཕྱོགས་ལ་ཁྱད་པར་མ་སྨོས་པ་ལ་ཁ་ཁྱེར་ལ་གཙོ་བོའི་མཚན་མའི་ཕྲེང་བའོ། །དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པའི་ཤར་གྱི་ཕྱོགས་སུ་ཞི་བའི་ཐབ་ཁུང་ངོ་། །ལྷོར་རྒྱས་པའི་འོ། །ནུབ་ཏུ་
དབང་དང་དབང་གིས་དགུག་པའི་ཐབ་ཁུང་ངོ་། །བྱང་དུ་མངོན་སྤྱོད་ཀྱི་ཐབ་ཁུང་ངོ་། །དྲག་པོས་དགུག་པའི་ཡང་ངོ་། །ཕྱོགས་གཞན་ཡང་དཔལ་སམྦུ་ཊའི་རྒྱུད་ལས། ཤར་གྱི་ཕྱོགས་སུ་ཞི་བའོ། །དེ་བཞིན་ལྷོར་ནི་མངོན་སྤྱོད་དང་། །ནུབ་ཏུ་དབང་དང་དགུག་པ་དང་། །བྱང་དུ་རྒྱས་པའི་ཐབ་ཁུང་ངོ་། །ཞེས་
གསུངས་སོ། །ཡང་ན་ལས་དང་རྗེས་སུ་མཐུན་པའི་ཐབ་ཚོན་གྱིས་བྲི་བར་བྱའོ། །འདི་ནི་ཐབ་ཁུང་གི་རབ་ཏུ་བྱེད་པའོ། །པ་ལ་ཤ་དང་ཨུ་དུམྺཱ་ར་དང་། ཨ་ཤྭཏྠ་དང་། ཀཤྨ་རི་དང་། ཨ་མྲ་དང་། ཀ་དམྦ་དང་། ཤ་མཱི་དང་། བླཀྵ་དང་། པ་ཊ་ལ་སོགས་པའི་ཤིང་ལོ་མ་ཅན་གྱི་རྩེ་མོའི་ཆ་ལས་སྐྱེས་པའོ། །

ལོ་མ་གཉིས་དང་ལྡན་པ། རླན་དང་བཅས་པ། མཉམ་པར་བཅད་པ་སོར་བཅུ་གཉིས་པ། མཐེའུ་ཆུང་ཙམ་དུ་སྦོམ་པ། རྩེ་མོ་གཉིས་སྦྲང་རྩི་དང་འོ་མ་དང་མར་དུ་བསྙུགས་པ་བདུད་རྩི་དང་དེའི་ཆུས་བྲན་པ་རྩེ་མོ་ལ་ལོ་མ་ཟུང་དང་བཅས་པའི་ཡམ་ཤིང་རྣམས་སྲིན་ལག་དང་མཐེ་བོང་གིས་བཟུང་སྟེ་རྩེ་
མོ་གཅིག་སྦྱིན་སྲེག་བྱའོ། །ཀུ་ཤའི་དང་ཨ་མྲའི་ལོ་མ་དང་། དཱུར་ཝ་སྟེ་འདི་རྣམས་ཀྱང་རྩེ་མོ་དང་བཅས་པ་གཉིས་སྦྱར་བས་སོ། །རྙིང་ལྕི་ཕྲ་དང་ཀྱོག་པ་དང་། །རིང་ཐུང་ལོ་མ་མེད་པ་དང་། །སྲོག་ཆགས་ཀྱིས་ཟོས་བྲུལ་བ་དང་། །ཤུན་བྲལ་ཆག་དང་བུ་ག་ཅན། །རྩེ་མོ་གཉིས་ལྡན་སྦོམ་པ་སྤང་། །རྙིང་པ་ཡི་
ནི་འཆི་བར་འགྱུར། །ཀྱོག་པས་སྐལ་བ་ངན་པར་འགྱུར། །རིང་ཐུང་རིག་པས་འཕྲལ་དུ་ཉམས། །ལོ་མ་མེད་པས་ན་ཚ་འབྱུང་། །སྦོམ་པོས་ཕུན་སུམ་ཚོགས་པ་ཉམས། །སྐམ་པོས་གཞན་ཡང་མི་འདོད་པར། །ཤེས་བྱ་བསྲེག་བྱ་གཞན་བཤད་བྱ། །འབྲུ་མར་གྱིས་བྱུགས་ཀུ་ཤ་དང་། །ཏིལ་ཞོ་འོ་
མ་སཱ་ལུའི་ཟན། །དཱུར་བ་ཙནྡན་པྲི་ཡང་ཀུ། །ཐང་ཆུ་དྲི་ཞིམ་མེ་ཏོག་དང་། །འབྲས་ཡོས་ཨ་མྲའི་འདབ་མ་རྣམས། །རྩེ་གཉིས་སྦྲང་རྩི་སོགས་སུ་བསྙུགས། །ཇི་ལྟར་རྙེད་པས་སྦྱིན་སྲེག་བྱ། །ནང་གི་བདུད་རྩི་ཞི་བའི་འོ། །ཁ་ཅིག་ཏུ་ནི་ཕྱི་རོལ་གྱི་བདུད་རྩི་ལྔའོ་ཞེས་སོ། །རྒྱས་པ་ལ་ཡང་ཡམ་
ཤིང་ནི་དེ་རྣམས་ཉིད་དེ་དབུས་ཀྱི་ཆ་ལ་སྐྱེས་པ་ཆང་པའི་ཚད་སྲིད་དུ་ཁྲུ་གང་བ་བདུད་རྩི་དང་བཅས་པའི་དྲི་སེར་པོའི་ཆུས་བྲན་པ་ཞོ་དང་འོ་མ་དང་མར་དུ་བསྙུགས་པ་དང་། མངར་གསུམ་དང་འདྲེས་པའི་ཟས་མཆོག་ཞོ་དང་སྦྲང་རྩི་དང་ཞུན་མར་དང་ལྡན་པ་དང་ཏིལ་ནག་པོ་དང་ཞོ་ཟན་དང་། ཞུན་མར་དང་བཅས་པའི་ཤ་ཏ་
པུཥྤ་དང་། བིལ་པའི་འབྲས་བུ་དང་། འབྲས་སཱ་ལུ་དང་། པདྨ་དང་། ནཱ་ག་གེ་སར་དང་། ཀཱཪྣི་ཀཱར་དང་འབྲུ་རྣམས་སོ། །ཞིར་བཤད་སྐྱོན་མེད་ཡོན་ཏན་ཅན། །སོ་སོར་འདབ་ལྡན་པྲི་ཡང་ཀུ། །ཙམ་པ་ཀ་དང་པཱུ་ནཱ་ག །ཀླུ་ཤིང་གེ་སར་ལ་བུ་ཙ། །ཀ་ཤོ་ཀ་རྣམས་ཡམ་ཤིང་སྟེ། །དེ་བཞིན་ནགས་ལས་
བྱུང་བ་དང་། །འབྲས་བུ་མེ་ཏོག་སྐྱུར་བ་དང་། །དམར་པོ་ཡང་ན་གཞན་ཡང་ནི། །རང་གི་རྟོག་པ་ལས་གསུངས་པ། །དབང་གི་ལས་ལ་ཤེས་པར་བྱ། །དེ་རྣམས་ཉིད་ནི་ལྕགས་ཀྱུ་ལྟའི། །ཚེར་མ་ཅན་རྣམས་སྔ་མ་བཞིན། །དབང་གིས་དགུག་པ་ལའོ། །མངོན་སྤྱོད་ལ་ནི་ནིམ་པ་དང་། །སེང་

ལྡེང་ཀུ་བི་དཱ་ར་དང་། །བྷི་ལོ་ཊ་ཀ་དང་མྱོས་བྱེད་རྣམས་སམ། །གཞན་ཡང་ཚ་བ་དང་ཚེར་མ་ཅན་དང་། ཁ་བའི་ཤིང་རྣམས་སམ། རོ་བསྲེགས་པའི་མགལ་དུམ་དེ་རྩ་བའི་ཆ་ལས་བྱུང་བ། བཀས་པ་སོར་བཅུ་པའི་རྩེ་མོ་གཉིས་རྣོ་བ་ལ་དུག་དང་ཁྲག་དང་ཡུངས་ཀར་ཀྱིས་བསྐུས་པའི་ཡམ་ཤིང་རྣམས་སོ། །ཡུངས་
ཀར་དང་ཚ་བ་དང་ཏིལ་མར་དང་ཁྲག་དང་ལན་ཚྭ་དང་སྐེ་ཚེ་དང་ནིམ་པའི་ལོ་མ་དང་། རོ་བསྲེགས་པའི་ཐལ་བ་དང་། རྐང་པའི་རྡུལ་དང་། བོང་བུ་དང་། རྔ་མོ་ལ་སོགས་པའི་སྦངས་དང་། སྐྲ་དང་ཁྱིམ་བྱའི་ཚིལ་དང་། ཁྭ་ཏ་ལ་སོགས་པའི་གཤོག་པ་དང་། བཤང་གཅི་དང་ཚེར་མ་དང་རུས་ཕྱེ་དང་གླང་པོ་ཆེའི་ཤ་ལ་སོགས་
པ་ལས་ཅི་ལྟར་རྙེད་པའམ། རྫས་རེ་རེ་ལ་དུག་དང་ལན་ཚྭ་དང་ཁྲག་དང་བསྲེས་པའམ་རྫས་དེ་རྣམས་ཀྱིས་སམ། ཐལ་བ་དང་སོལ་བ་དང་ཕུབ་མ་ལ་སོགས་པ་རྣམས་ལ་དགྲའི་གཟུགས་བྱས་ལ། དུག་ལ་སོགས་པས་བསྐུས་ཏེ་རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ཏེ་མཚོན་རྣོན་པོས་བཅད་ཅིང་
སྦྱིན་སྲེག་བྱའོ། །དྲག་པོའི་དགུག་པ་ལ་ནི་གཟུགས་མི་བྱའོ། །ལས་ཐམས་ཅད་པ་ལ་ནི་པཱ་ལ་ཤ་དང་། ཨུ་དུམྺཱ་ར་དང་། པླཀྵ་དང་། སེང་ལྡེང་དང་། ཨརྐ་དང་། ནྱ་གྲོ་དྷ་དང་། བཻ་ཀཾ་ཀ་ཏ་དང་། ཨ་མྲ་དང་། ཤ་མི་དང་། ཀཱཤྨ་རི་དང་། ཨ་པ་མཱརྒ་དང་། ཨ་ཤྭཏྠ་ལས་སྐྱེས་པ་མངོན་པར་གསར་ཞིང་
མཛུབ་གང་བ་དྲང་པོ་བདུད་རྩི་དང་བཅས་པའི་དྲི་བཟང་གི་ཆུས་བྱུགས་པ། ལས་དང་རྗེས་སུ་མཐུན་པའི་སྣུམ་ལ་སོགས་པ་རྩེ་མོ་གཉིས་ལ་བྱུགས་པའི་ཡམ་ཤིང་རྣམས་སོ། །ལས་ཐམས་ཅད་པ་ལ་ཞི་བ་ལ་སོགས་པའི་ལས་ལ་གསུངས་པའི་ནས་དང་འོ་མ་ལ་སོགས་པ་རྣམས་ཀྱང་བསྲེག་པར་བྱའོ། །
ཞི་བ་དང་རྒྱས་པའི་རྫས་གང་ཅུང་ཟད་དང་། གང་ཡང་བདག་ཉིད་ཀྱི་ཁ་ཟས་དེ་ཐམས་ཅད་དང་། མར་གྱིས་བྱུགས་པའི་གུ་གུལ་ལམ་སཱ་ལའི་ཐང་ཆུ་ཡང་ཉིན་རེ་བཞིན་ཞི་བ་ལ་སོགས་པའི་སྔགས་ཐ་དད་པས་སྦྱིན་སྲེག་བྱའོ། །དྲི་དང་མེ་ཏོག་ལ་སོགས་པ་ཉེ་བར་སྤྱོད་པ་རྣམས་ལ་ཡང་ལས་དང་རྗེས་སུ་མཐུན་
པའི་རང་རང་གི་སྔགས་ཇི་ལྟ་བ་བཞིན་བཟླས་པར་བྱའོ། །དེ་ལྟར་ཡང་། ཨརྐ་སེང་ལྡེང་བཻ་ཀཱཾ་ཀ །ཨརྫུན་ཨ་པཱ་མརྒ་སོགས། །ཞིར་གསུངས་ཀ་ཏཾ་པ་དོར་ཏེ། །ཅི་ལྟར་དྲང་དང་ཅིག་ཤོས་འདོད། །ཡམ་ཤིང་ཞི་བཞིན་ཡང་དག་གཞན། །ཐུན་མོང་གི་ནི་ཆོ་ག་ལས། །ཞེས་གསུངས་སོ། །རྫས་

ཀྱི་རབ་ཏུ་བྱེད་པའོ། །བུད་ཤིང་ནི་ཞི་བ་ལ་མཆོད་སྦྱིན་གྱི་ཤིང་རྣམས་ལས། སྲོག་ཆགས་མེད་པ་ཐབ་ཁུང་བས་ཅུང་ཟད་ཀྱིས་ཐུང་བའམ་འབྲོག་དགོན་པའི་བ་ལང་གི་ལྕི་བའོ། །རྒྱས་པ་ལ་ནི་འབྲོག་དགོན་པའི་བ་ལང་གི་ལྕི་བ་མ་གཏོགས་པའི་ཅི་སྙེད་བཤད་པ་བུད་ཤིང་འབྲས་བུ་དང་
བཅས་པའོ། །དབང་དུ་བྱ་བའི་བུད་ཤིང་ནི་ནིམ་པ་དང་ཤིང་སྐྱུར་བ་དང་གཞན་ཡང་མེ་ཏོག་དང་བཅས་པའོ། །དགུག་པ་ལ་ནི་ཚེར་མ་དང་བཅས་པའོ། །མངོན་སྤྱོད་ལ་ནི་ཚ་བ་དང་ཚེར་མ་ཅན་དང་ཁ་བ་དང་དྲི་ངན་པ་དང་དྲི་མ་མེད་པའི་ཤིང་རྣམས་དང་། དུར་ཁྲོད་ཀྱི་ཤིང་ངམ་བོང་བུ་འམ་རྔ་མོ་ལ་སོགས་པའི་སྦངས་
དང་ཤིང་ཤུན་སྐམ་པོས་སོ། །ལས་ཐམས་ཅད་པའི་བུད་ཤིང་ནི་ལས་དང་རྗེས་སུ་མཐུན་པས་སོ། །བུད་ཤིང་གི་རབ་ཏུ་བྱེད་པའོ། །དགང་གཟར་ནི་གསེར་རམ་ཟངས་ལས་བྱས་པ་འམ། མཆོད་སྦྱིན་གྱི་ཤིང་ལས་བྱས་པ་སྟེ། དེའི་ཡུ་བ་ནི་སྐྱེས་བུ་ཚད་དང་ལྡན་པའི་མཐེ་བོང་གི་སོར་ཉི་ཤུ་རྩ་བཞི་པ་ལ་རྡོ་རྗེ་ལ་སོགས་
པ་དང་བཅས་པའི་ཁུ་ཚུར་གྱིས་གཟུང་དུ་རུང་བའོ། །ཡུ་བ་ལས་སྟེང་དུ་རྒྱར་སོར་བཞི་གྲུ་བཞི་པ་ཟབས་སུ་སོར་གཉིས་ཀྱིས་དམའ་བ་ལ་རྡོ་རྗེ་རྩེ་ལྔ་པ་སོར་གཉིས་པས་མཚན་པ། གྲུ་བཞི་པའི་སྟེང་གི་རྒྱ་ལ་སོར་ཕྱེད་ལ་རྡོ་རྗེའི་ཕྲེང་བའོ། །གྲུ་བཞི་པའི་སྟེང་དུ་པདྨའི་འདབ་མའི་དབྱིབས་ཅན་སོར་བཞི་པ་ཟབས་སུ་མཐེའུ་
ཆུང་གི་ཚད་ལ་སོར་བཞི་པའི་རྡོ་རྗེས་མཚན་པའོ། །ཡང་ན་ཡུ་བའི་སྟེང་གི་ཆར་པདྨའི་འདབ་མའི་རྣམ་པ་སྲིད་དུ་སོར་བརྒྱད་པའི་ཚད་དང་ལྡན་པ་ཇི་ལྟར་མཛེས་པ་ལ་རྒྱར་གྲུ་བཞི་སོར་བཞི་པ་ཟབས་སུ་སོར་གཉིས་ཀྱིས་དམའ་བའི་དབུས་སུ་རྡོ་རྗེ་སོར་བཞི་པ་རྩེ་གསུམ་པའམ། རྩེ་ལྔ་པས་མཚན་པའོ། །སྲིད་དུ་བཅུད་
འཛག་པའི་བུ་ག་མཐེ་བོང་ངམ། ཡང་ན་མཐེའུ་ཆུང་གི་ཚད་དེ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ་སོར་བཞི་པའོ། །ཡུ་བ་ལས་འོག་ཏུ་རིན་པོ་ཆེ་སོར་གསུམ་པ་དང་། དེའི་འོག་ཏུ་སོར་གསུམ་པའི་རྡོ་རྗེ་ནི་འདོད་པ་གཉིས་ཀ་ལ་སྟེ། བླུགས་གཟར་གྱི་ཡུ་བའི་འོག་ཏུའང་དེ་བཞིན་ནོ། །བླུགས་གཟར་ཀྱང་སྔར་སྨོས་པའི་རྫས་
སམ་ཤིང་ལས་བྱས་པ་སྟེ། དགང་གཟར་གྱི་ཡུ་བའི་ཕྱེད་ཀྱིས་ཕྲ་བ་ཁྲུ་གང་བའི་ཡུ་བ་སྟེ། འདིའི་ཁ་པདྨའི་འདབ་མ་ལྟ་བུ་རྒྱར་སོར་གཉིས་པ་ཟབས་སུ་སོར་གཅིག་པ་དབུས་སུ་རྡོ་རྗེ་རྩེ་ལྔ་པས་མཚན་པའོ། །ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེས་ཅི་ལྟར་མཛེས་པར་བྱའོ། །དགང་གཟར་བླུགས་གཟར་མེད་ན་

སོར་མོ་ལྔ་ཡང་དག་པར་སྦྱར་བས་ཀྱང་དགང་བླུགས་དབུལ་ཞིང་། སོར་མོ་གསུམ་སྦྱར་བས་ནི་ཅིག་ཤོས་སྲེག་བླུགས་སོ། དེ་སྐད་དུ་ཡང་། ཡང་ན་སོར་ལྔ་ཡང་དག་པར། །སྦྱར་བས་དགང་བླུགས་དྲན་བྱ་སྟེ། །དེ་ལྟར་སོར་མོ་གསུམ་སྦྱར་བས། །གཞན་དེ་དགང་གཟར་བླུགས་གཟར་རོ། །ཞེས་གསུངས་སོ། །
པི་པ་ལའི་ལོ་མས་ཀྱང་སྲེག་བླུགས་གཉིས་བྱའོ་ཞེས་གསུངས་སོ། །བླུགས་གཟར་མེད་ན་ཅིག་ཤོས་ཀྱི་སྲེག་བླུགས་ཀྱང་དགང་གཟར་གྱིས་བྱའོ། །དགང་གཟར་བླུགས་གཟར་གྱི་རབ་ཏུ་བྱེད་པའོ། །དེ་ནས་སྒྲུབ་པ་པོས་བྱམས་པ་དང་སྙིང་རྗེ་དང་ལྡན་པས་ཁྲུས་བྱ་ཞིང་ལུས་དྲི་ཞིམ་པོས་བྱུགས་ལ་གོས་དཀར་
པོ་གོན་ཏེ། ལས་དང་རྗེས་སུ་མཐུན་པར་འདོད་པའི་ལྷའི་རྣལ་འབྱོར་གྱིས་སྲུང་བའི་ཆོ་ག་དང་བཟླས་པ་བྱ་ཞིང་མི་སྨྲ་བར་འཇམ་ཞིང་ཤིན་ཏུ་བདེ་བའི་སྟན་ལ་པདྨའི་འདུག་སྟངས་ཀྱིས་འདུག་ལ་སྲོད་ལ་ཁ་ཤར་དུ་བལྟས་ལ་བློས་བསྒྲུབ་བྱ་ལ་དམིགས་ནས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཞི་བའི་ཡིད་ཀྱིས་ཞི་
བའི་ལས་བྱའོ། །དེ་བཞིན་དུ་རྒྱན་དང་རྗེས་སུ་བྱུག་པ་དང་། ཕྲེང་བ་སེར་པོ་དང་མཐོ་ཞིང་བདེ་བའི་སྟན་ལ་འདུག་སྟེ། གོས་སྣ་ཚོགས་པ་གོན་ལ། བཟང་པོའི་འདུག་སྟངས་ཀྱིས་འདུག་ལ་དགའ་བའི་ཡིད་ཀྱིས་ཁ་བྱང་དུ་བལྟས་ཏེ་ཉ་ནས་བརྩམས་ནས་སྔ་དྲོ་རྒྱས་པ་བྱའོ། །ཆགས་པའི་སེམས་ཀྱིས་རྒྱན་དམར་པོ་ལ་
སོགས་པས་བཀླུབས་ལ་ཁ་ནུབ་ཕྱོགས་སུ་བལྟ་ཞིང་། མཐོ་ཞིང་བདེ་བའི་སྟན་ལ་འདུག་སྟེ། མཚན་ཕྱེད་དམ་གཞན་དུ་དབང་གི་ལས་བྱའོ། །དབང་གི་དགུག་པ་ལ་ཡང་དེ་བཞིན་ཏེ་འོན་ཀྱང་ཁ་གྱེན་དུ་བལྟའོ། །ལྷ་མཉེས་པར་བྱ་བ་ལ་ཡང་ཁ་ནུབ་ཏུ་ཕྱོགས་པར་བྱའོ། །ཁྲོས་ཤིང་རྒྱན་དང་གོས་སྔོན་
པོའམ་ཁྲག་གམ་ཆུས་གཤེར་བའི་གོས་གོན་ཏེ། སྟན་སྲབ་པ་ལ་ལྷོ་ཕྱོགས་སུ་བལྟས་ཏེ་འདུག་པ་འམ། བསྒྲུབ་བྱའི་གཟུགས་བརྙན་གྱི་བྲང་ལ་གནས་པའམ། སྟན་མེད་པར་ཙོག་པུར་གནས་ཏེ་རྐང་པས་རྐང་པ་མནན། སོ་ཡིས་སོ་འཆའ་ཞིང་མིག་གདོང་ཚུགས་སུ་བལྟ་ཞིང་ཁྲོ་གཉེར་ཅན་སྙིང་རྗེ་ཆེན་
པོ་དང་ལྡན་པས། དཀོན་མཆོག་གསུམ་ལ་གནོད་པ་བཟློག་པའི་དོན་དུ་ནག་པོའི་ཉིན་ཞག་ཡང་རུང་བའི་ཉིན་ཕྱེད་དང་མཚན་ཕྱེད་ལ་ཁྲོ་བོའི་སྐྱིལ་ཀྲུང་དང་ཁྲོ་བོའི་རྣལ་འབྱོར་གྱིས་གང་གི་ཚེ་བསྒྲུབ་བྱའི་སྙིང་གའི་པདྨའི་ནང་ན་གནས་པའི་བསྲུང་བ་དེ་རང་གི་ཧཱུྃ་ཡིག་ལས་སྐྱེས་པའི་རྡོ་རྗེའི་ལྕགས་

ཀྱུས་བཅད་དེ་ཕྱིར་བཏོན་ནས་རང་ཉིད་ལ་བསྟིམ་པའམ། རང་གི་ཤེས་རབ་ཀྱི་པདྨར་རང་གི་རྡོ་རྗེའི་ཕུར་པས་ཡང་དག་པར་བཏབ་ནས། བསྒྲུབ་བྱ་ཡང་ལྷ་ཐམས་ཅད་ཀྱིས་སྤངས་པར་བསམས་ཏེ། དེ་ཡང་སྡིག་པ་ལས་བཟློག་པར་འདོད་པའི་བརྩེ་བས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པའམ།
གཞན་ཡང་ཕན་པ་དང་བདེ་བ་ལ་སྤྲོ་བ་བཟང་པོའི་རིགས་སུ་སྐྱེ་བར་བྱས་པ་དེའི་ཚེ་མངོན་པར་སྤྱོད་པ་བྱའོ། དེ་བཞིན་དུ། དྲག་པོས་དགུག་པ་ལ་ཡང་ངོ་། །རེངས་དང་རྨོངས་དང་དབང་ལྡན་ལྟ། །དེ་བཞིན་རྡོ་རྗེ་སྐྱིལ་ཀྲུང་སྟེ། བཽཥཊ་སྔགས་ཀྱི་མཐར་ལྡན་པས། །ཐབ་ཁུང་གྲུ་བཞིར་བྱས་པ་ལ། །སེར་དང་དཀར་པོའི་
རྒྱན་གྱིས་སྤྲས། །རྒྱས་མཚུངས་ཆོ་གས་ཡང་དག་གནས། །བསྐྲད་ལ་དེ་བཞིན་མེར་ཕྱོགས་པས། །རྔ་མོ་ལ་སོགས་སྦངས་ཀྱིས་བྱུགས། །དཀར་ནག་གིས་བརྒྱན་དུག་གིས་བྲི། །བསྲེག་པའི་རྫས་ནི་འདི་ཡིན་ཏེ། །ཁྭ་ཏ་ལ་སོགས་གཤོག་པ་མཆོག །སྤེལ་ཚིག་དང་ནི་ཡང་དག་ལྡན། །འདིར་ནི་ཁྭ་ཏའི་
གཤོག་པ་ལ་སོགས་པའི་མཐར་ཆེ་གེ་མོ་ཨུཙྪ་ཏ་ཡ་ཧཱུྃ་ཕཊ། ཅེས་པའི་སྔགས་བྲིས་པ་དང་ལྡན་པའོ། །དབྱེ་བ་དེ་ལྟར་བདེན་བྲལ་དུ། །ཕྱོགས་ཏེ་རྐང་པ་བཟློག་པས་འདུག །སེར་པོ་ནག་པོས་རྣམ་པར་བརྒྱན། །ཚ་བའི་ཏིལ་མར་དུག་གིས་བྲི། །ཐམས་ཅད་ཕྱོགས་དང་ཕྱོགས་བྲལ་གང་དུ་ཕྱོགས་པ་
དེའི་ཐད་ཀའི་ཕྱོགས་དང་ཕྱོགས་བྲལ་གཞན་རྣམས་སུ་གནས་པས་སོ། །ཡང་ན་དོན་དམ་པར་ཕྱོགས་རང་རྒྱུད་པ་མ་ཡིན་པའི་ཕྱིར། ཇི་ལྟར་རྣམ་པར་གནས་པ་ཁོ་ནས་ཆེན་པོ་ཡིད་ཀྱི་ང་རྒྱལ་གྱིས་ཏིང་ངེ་འཛིན་དུ་ཞུགས་པས་དེ་ཁོ་ན་ལྟར་དེ་དག་ཐམས་ཅད་བྱའོ། །སྒྲུབ་པ་པོའི་རབ་ཏུ་བྱེད་པའོ། །གསེར་
དངུལ་རྡོ་དང་ཟངས་དང་ཤིང་། །ས་སྣོད་ཉ་ཕྱིས་དུང་དང་ནི། །འདབ་མའི་སྐྱོང་བུ་མཆོད་ཡོན་དང་། །བསང་གཏོར་ཞལ་བསིལ་ཞབས་བསིལ་སྣོད། །དེར་ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་དང་ལྡན་པ་བདུད་རྩི་དང་བཅས་པའི་དྲི་དཀར་པོའི་ཆུ་རྣམ་པར་རྒྱལ་བའི་བུམ་པ་ན་གནས་
པ་བླུགས་ལ་སྤོས་ཀྱིས་བདུག་སྟེ། རང་གི་ལྷའི་སྔགས་སམ་ལས་ཐམས་ཅད་པའི་སྔགས་ཀྱི་མཐར་སྭཱ་ཧཱ་དང་བཅས་པ་ཞི་བའི་དོན་ལན་བརྒྱར་བཟླས་པར་བྱའོ། །རྒྱས་པ་ལ་ནི་དེ་བཞིན་དུ་ཏིལ་དང་བཅས་པའི་ཞོ་དང་མེ་ཏོག་སེར་པོ་དང་དྲི་སེར་པོ་ལ་སོགས་པའི་ཆུ་ལ་ཡི་གེ་ཨོཾ་གྱི་མཐའ་ཅན་གྱིས་སོ། །དབང་

ལ་ནི་དྲི་དམར་པོ་ལ་སོགས་པའི་ཆུ་ལ་ཡི་གེ་ཧོཿའི་མཐའ་ཅན་གྱིས་སོ། །དེ་ཁོ་ན་བཞིན་དུ་དགུག་པ་ལ་མཐར་ཡི་གེ་ཛཿཞེས་པས་སོ། མངོན་སྤྱོད་ལ་ལོངས་སྤྱོད་པའི་རྫ་ཕོར་གྱི་དུམ་བུ་ལ་སོགས་པའི་སྣོད་དུ་ཁྲག་དང་བཅས་པའི་ཀོ་དྲ་བ་དང་བའི་ལྕི་བ་དང་བཅས་པའི་ཆུ་དང་དྲི་ང་བ་དང་། དྲི་མེད་པའི་མེ་ཏོག་ནག་པོ་ལ་
སོགས་པ་དང་ལྡན་པའི་ཆུ་ལ་མཐར་ཡི་གེ་ཕཊ་ཅེས་པས་སོ། །དེ་ལྟར་དྲག་པོས་དགུག་པ་ལ་ཡང་ངོ་། །རྒྱས་པ་ལ་སོགས་པ་ཐམས་ཅད་དུ་ལས་ཐམས་ཅད་པ་ལ་དྲི་དང་། མེ་ཏོག་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་དང་ཆུ་རྣམས་ལས་དང་རྗེས་སུ་མཐུན་པ་ཅི་ལྟར་རྙེད་པ་གཞུག་པར་བྱའོ། །མཆོད་ཡོན་གྱི་རབ་ཏུ་
བྱེད་པའོ། །ཞི་བ་དང་། རྒྱས་པ་དང་། དབང་གིས་དགུག་པའི་ལས་རྣམས་ལ་བདུད་རྩི་འཁྱིལ་པའི་སྔགས་དང་ཡི་གེ་ཧཱུྃ་བཟླས་པའི་ཆུ་སྣོད་དང་། མཆོད་ཡོན་ལ་སོགས་པའི་སྣོད་གསུམ་ཡང་རང་གི་གཡོན་དུའོ། །དེ་དག་གི་མདུན་དུ་བཟེད་ཞལ་གྱི་སྣོད་གསུམ་ཡང་མཉྫི་ལ་སོགས་པའི་སྟེང་དུ་བཀོད་
ལ། དེ་ཉིད་བཟླས་པའི་ཆུ་ལག་པ་གཡས་པ་ན་གནས་པའི་ཀུ་ཤའི་རྩེ་མོས་བླངས་པས་ཡམ་ཤིང་དང་བུད་ཤིང་ལ་སོགས་པའི་སྲེག་རྫས་ཐམས་ཅད་བསང་ཞིང་རང་གི་གཡས་ཕྱོགས་སུ་དགོད་པར་བྱའོ། །རང་དང་དགང་གཟར་བླུགས་གཟར་ཡང་བསང་བར་བྱའོ། །རྣམ་པར་རྒྱལ་བ་དང་ལས་ཐམས་
ཅད་པའི་བུམ་པ་ལ་སོགས་པ་ལྷག་པར་གནས་པ་ནི་རྡོ་རྗེ་ཕྲེང་བར་བརྗོད་པའི་ཆོ་གས་བྱའོ། །ཆོ་ག་བསྡུས་པ་ལ་དགའ་བ་ནི་བུམ་པ་མེད་དོ་ཞེས་ཁ་ཅིག་གོ། གསད་པ་དང་བསྐྲད་པ་ལ་སོགས་པའི་ལས་དང་དྲག་པོའི་དགུག་པ་ལ་ཡང་ལག་པ་གཡོན་གྱིས་བསང་གཏོར་བྱའོ། །གཡས་ཕྱོགས་
སུ་ལས་ཐམས་ཅད་པ་དང་བསང་གཏོར་ལ་སོགས་པའི་སྣོད་དང་གཡོན་ལོགས་སུ་རྫས་ཐམས་ཅད་གཞག་པར་བྱའོ། །དགོད་པའི་རབ་ཏུ་བྱེད་པའོ། །ཞི་བ་ལ་ནི་ཤིང་འོ་མ་ཅན་དང་གཙུབ་ཤིང་ལས་བྱུང་བའི་མེ་དང་། དགོན་པའི་མེ་དང་སྦྱིན་སྲེག་གི་མེ་ཡང་རུང་ངོ་། །རྒྱས་པ་ལ་ནི་རྒྱལ་
པོའམ། རྒྱལ་རིགས་ཀྱི་ཁྱིམ་ནས་བྱུང་བ་དང་། ནགས་མེས་ཚིག་པ་དང་། ནོར་བུ་ལས་བྱུང་བ་དང་། དགེ་འདུན་གྱི་ཚོང་བོང་ལས་བླངས་པའི་མེས་སོ། །དབང་ལ་ནི་སྨད་འཚོང་མ་དང་། རྗེའུ་རིགས་ཀྱི་ཁང་པ་ལས་བྱུང་བའི་མེས་སོ། །དབང་གི་དགུག་པ་ལ་གར་མཁན་དང་མགྲོན་པོས་

བུས་པའི་མེས་སོ། །དྲག་པོ་ལ་མིའི་རུས་པ་བསྲེགས་པ་དང་རྡོ་དང་གདོལ་པ་ལ་སོགས་པའི་ཁྱིམ་ནས་བྱུང་བའི་མེས་སོ། །དྲག་པོས་དགུག་པ་ལ་ཡང་མེ་དེ་དག་གཟུང་ངོ་། །ལས་ཐམས་ཅད་ལ་ཡང་རང་རང་གི་ཅི་ལྟ་བ་བཞིན་ནོ། །མེའི་རབ་ཏུ་བྱེད་པའོ། །རྡོ་རྗེ་ཕྲེང་བར་བརྗོད་པའི་ཆོ་གས་རྡོ་རྗེ་
དང་དྲིལ་བུ་གསོར་བ་དང་དཀྲོལ་བ་བྱས་ལ་གཏོར་མ་ཕུལ་ཏེ། བསྲུང་བ་དང་ལྡན་པའི་ཡི་གེ་གསུམ་གྱིས་སྣོད་ཀྱི་ནང་དུ་མེ་བཞག་ལ། དེ་ནས་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཞུན་མར་གྱི་མར་མེ་རབ་ཏུ་སྦར་ནས་དེ་བརྗོད་པའི་ཀུ་ཤའི་རྩེ་མོས་བླངས་པས་ལན་གསུམ་དུ་གཡས་སུ་བསྐོར་བ་དང་། དྲག་པོའི་ལས་ལ་གཡོན་
དུ་བསྐོར་བས་བསང་གཏོར་བྱས་ལ། ཐབ་ཏུ་གཙང་ཞིང་ཤིན་ཏུ་སྐམ་པའི་རྩའི་ཆུན་པོ་དང་བཅས་པ་དུ་བ་མེད་པ་གཞུག་ཅིང་དྲག་པོ་ལ་བཟློག་པས་བཅུག་ནས། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ་ཞེས་པ་འདི་དང་ཡི་གེ་ཧཱུྃ་གིས་ཀྱང་རླུང་གཡབ་ཀྱི་རླུང་གིས་མེ་རབ་ཏུ་སྦར་ནས་རིགས་ཀྱི་སྙིང་པོ་ལན་བདུན་བཟླས་པའི་བླུགས་གཟར་གྱི་མར་གྱིས་
ཀྱང་རབ་ཏུ་སྦར་བར་བྱའོ། །དྲག་པོ་ལ་ཚྭ་བའི་ཏིལ་མར་གྱིས་དེ་གོང་དུ་ཡང་ངོ་། །དེ་ནས་ཀུ་ཤ་རྣམས་ཨོཾ་བཛྲ་སཏྭ་ཨཱཿཞེས་པ་འདི་བརྗོད་ནས་ཀུ་ཤ་ལྗང་གུ་གཉིས་གཉིས་རྩེ་མོ་གཤིབས་པ་དྲི་མ་མེད་པ་མ་གས་པ་མ་གྲུགས་པ་ཧ་ཅང་ཡང་རིང་བ་མ་ཡིན་པ་རྣམས་དང་པོར་སྒྲུབ་པ་པོའི་གཡོན་གྱི་ཁ་ཁྱེར་ལ་རྩེ་མོ་
ཤར་དུ་བསྟན་པ་དང་། གཤིན་རྗེར་ཕྱོགས་པ་དང་རྩེ་མོ་ནུབ་ཏུ་བལྟ་བ་དང་། བྱང་དུ་ཕྱོགས་པས་དགྲམ་པར་བྱའོ། །དེ་ནས་ཐབ་ཁུང་དུ་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོགས་སོ། །རྒྱས་པ་དང་དབང་དུ་བྱ་བ་དང་། མངོན་སྤྱོད་ཀྱི་ཐབ་ཁུང་རྣམས་སུ་རིམ་པ་བཞིན་དུ་རྩེ་མོ་
བྱང་དང་ནུབ་དང་ལྷོར་བསྟན་པ་རྣམས་ཏེ་དང་པོར་གཡོན་གྱི་ཁ་ཁྱེར་ལ་ཀུ་ཤ་གཉིས་ཀྱི་རྩེ་མོ་ཡང་དེ་ལྟར་རོ། །འདིར་ཡང་སྒྲུབ་པ་པོ་གང་དུ་མངོན་དུ་ཕྱོགས་པ་དེ་ལ་ལྟོས་ནས་ཤར་ལ་སོགས་པའི་ཐ་སྙད་བྱ་སྟེ། དོན་དམ་པར་ཤར་ལ་སོགས་པའི་ཕྱོགས་མེད་པའི་ཕྱིར་རོ། །དེ་ནས་ལྷའི་བདག་ཉིད་ཅན་གྱིས་རང་
གི་སྙིང་གའི་ས་བོན་གྱིས་ཐབ་བསྐྱེད་ནས་མེ་འབར་བ་རིག་ནས་དེའི་དབུས་སུ་བདག་མེད་པར་བསམས་ཏེ་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་ལ་པདྨ་དང་ཉི་མ་ལ་གནས་པའི་རྃ་ཡིག་ལས་བྱུང་བའམ་སྐད་ཅིག་གིས་རྫོགས་པ་ལྟོ་བ་འཕྱང་བ་ཤ་རྒྱས་པ་སྐུ་བོང་ཐུང་བ་ཞལ་གསུམ་པ་ཞལ་རེ་རེ་

ཞིང་ཡང་སྤྱན་གསུམ་པ་ཕྱག་གཡས་པ་གཉིས་ཀྱིས་མི་འཇིགས་པ་དང་བགྲང་ཕྲེང་བཟུང་བ། གཡོན་པ་གཉིས་ཀྱིས་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། ཕྱག་གཙོ་བོ་གཉིས་ཀྱིས་རང་འོད་ཀྱི་ཤེས་རབ་ལ་འཁྱུད་པ་ལས་དང་རྗེས་སུ་མཐུན་པའི་སྐུ་མདོག་དང་གོས་དང་རྒྱན་དང་ལྡན་པ། རྣམ་པར་ཤེས་
པའི་འོད་ཟེར་གྱི་ཕྲེང་བ་དང་རྒྱས་འདེབས་ཀྱི་རིགས་ཀྱི་བདག་པོ་ཅན་སྨ་ར་དང་སྨིན་མ་རལ་པའི་ཚོགས་དང་ལྡན་པ་མེའི་དཀྱིལ་འཁོར་ལ་གནས་པའི་ས་བོན་གྱི་སྙིང་གར་བརྒྱན་པའི་མེ་ལྷ་རྣམ་པར་བསྒོམས་ལ། དམ་ཚིག་སེམས་དཔའི་སྙིང་གའི་ས་བོན་གྱི་འོད་ཟེར་ལྕགས་ཀྱུས་ནམ་མཁའ་ལ་དམ་ཚིག་སེམས་
དཔའ་དང་འདྲ་བའི་ཡེ་ཤེས་སེམས་དཔའི་མེ་ལྷ་མེ་མཚམས་ནས་བྱོན་པ་དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བ་རྩ་བའི་ཞལ་ནི་སྐུ་མདོག་དང་མཐུན་པ་སྟེ། དེ་དཀར་པོ་ཉིད་ཡིན་ན་གཡས་དང་གཡོན་གྱི་ཞལ་ནག་པོ་དང་དམར་པོ་དང་། སེར་པོ་དང་དམར་པོ། ལྗང་གུ་ཡིན་ན་སྔོན་པོ་དང་དཀར་པོ་སྟེ་སྔོན་པོ་ལ་
ནི་དཀར་པོ་དང་དམར་པོར་རྣམ་པར་བལྟས་ནས་གཡས་པའི་མཐེ་བོང་མི་འཇིགས་པ་བསྐྱོད་པ་དང་། སྔགས་འདིས་སྤྱན་དྲང་བར་བྱའོ། །ཨོཾ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོ་ཆེ། །ལྷ་ཡི་དྲང་སྲོང་བྲམ་ཟེ་མཆོག །སྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཅེས་པ་དང་།
ཨོཾ་ཨཱགྣ་ཡེ། ཨཱ་དཱི་བྱ། ཨཱ་དཱི་བྱ་ཨཱ་བི་ཤ་ཨཱ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧཱ་ནཱ་ཡ་སྭཱ་ཧཱ། ཞེས་པའི་སྔགས་འདིས་སྤྱན་དྲངས་ལ་དེ་དང་ལྷན་ཅིག་ལྷགས་པའི་བགེགས་ཐམས་ཅད་གཤིན་རྗེ་གཤེད་ལ་སོགས་པས་བསྐྲད་ནས། དེ་རྣམས་ཀྱིས་ཛཿཧཱུྃ་བཾ་ཧོཿཞེས་པའི་སྔགས་བརྗོད་པས་གོ་རིམས་བཞིན་དུ་
དགུག་པ་དང་གཞུག་པ་དང་བཅིང་བ་དང་དགྱེས་པར་བྱའོ། །ཨོཾ་ཨགྣ་ཡེ། ཨཱ་དཱི་བྱ། ཨཱ་དཱི་བྱ། ཨཱ་བི་ཤ་ཨཱ་བི་ཤ། མ་ཧཱ་ཤྲཱི་ཡེ་ཧ་བྱཱ་ཀ་བྱཱ་བཱ་ཧ་ནཱ་ཡ་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། ཞེས་པའི་སྔགས་སམ། ཨོཾ་ཨཱཿཧཱུྃ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། ཞེས་པ་འདིས་སམ། ཨོཾ་ཨ་ཧྲཱིཿཔྲ་བ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་
མཆོད་ཡོན་དབུལ་ལོ། །ཨརྒྷཾ་ཞེས་པའི་གནས་སུ་པཱ་དྱཾ་དང་། ཨཱཉྩ་མ་ནཾ་དང་ཨ་བུ་ཁྱ་ནཾ་ཞེས་པ་བཅུག་ནས། ཞབས་བསིལ་དང་། ཞལ་བསིལ་དང་བསང་གཏོར་དབུལ་ལོ། །ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པ་དང་། གསང་བའི་མཆོད་པ་ལ་སོགས་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། །ཇི་ལྟར་

རིགས་པར་ཡང་། ཀུ་ཤའི་ཆུན་པོས་སྣོད་དང་པོར། །ལས་ཀུན་བྱེད་ལས་ཆུ་ཡིས་ནི། །བསང་གཏོར་ལན་གསུམ་དབུལ་བར་བྱ། །དེ་ཉིད་དུ་ནི་ཞལ་བསིལ་ཏེ། །མཛུབ་མོས་མེ་ཏོག་བླངས་ནས་ནི། །ཁུ་ཚུར་འོག་ཏུ་ཁ་བསྟན་ནས། །མཐེའུ་ཆུང་སྲིན་ལག་གུང་མོ་དང་། །མཛུབ་མོ་རིམ་
གྱིས་དགྲོལ་ཞིང་དབུལ། །གཉིས་པའི་དུང་གི་ཆུ་ཡིས་ནི། །མཆོད་ཡོན་བཟེད་ཞལ་གཉིས་པ་རུ། །རྡོ་རྗེའི་སྙིམ་པ་ཁ་ཕྱེ་བས། །དབུལ་ཞིང་ཞབས་བསིལ་གསུམ་པར་ནི། །ཁུ་ཚུར་བཅས་ནས་མཐེབ་མཛུབ་ཀྱི། །སྐམ་པས་མེ་ཏོག་བླངས་ནས་སུ། །སངས་རྒྱས་རྣམས་ཀྱི་སྤྱན་སྔར་ནི། །ལན་གསུམ་བསྐོར་
བའི་སོར་མོ་ནི། །མཛུབ་མོ་གུང་མོ་མིང་མེད་དང་། །མཐེའུ་ཆུང་རིམ་གྱིས་དཀྲོལ་བས་སོ། །ཞེས་བྱ་བའི་གདམས་པ་ཁྱད་པར་ཁོ་བོའི་བླ་མ་རྣམས་ཀྱིས་གསུངས་སོ། །ཕྱོགས་གཞན་ནི་དཔལ་སམྤུ་ཊའི་རྒྱུད་ལས། སྔོན་དུ་མཆོད་ཡོན་གྱི་སྣོད་ཅེས་གསུངས་པའི་དགོངས་པའོ། །མདོར་བསྡུས་པའི་
རིམ་པའོ། །རྒྱས་པར་ནི་ཨོཾ་ཨཱཿཛཿཧཱུྃ་ཞེས་པ་འདིས་བཀུག་ནས་ཐབ་ཁུང་གི་མེའི་ཕྱོགས་ཀྱི་ལོགས་ན་ཀུ་ཤའི་ཆུན་པོ་ལ་འདུག་པ་ལ། མཆོད་ཡོན་ལ་སོགས་པ་ཕུལ་ཏེ། དེ་ཉིད་གསུམ་གྱིས་སྤེལ་བའི་ཛཿཧཱུཾ་བྃ་ཧོཿཞེས་བྱ་བའི་རིམ་གྱིས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་དྲིལ་བུས་འཁྱུད་པའི་ཚུལ་དང་ལྡན་པའི་ཕྱག་
གཉིས་ཀྱིས་སེ་གོལ་གཏོགས་པ་སྔོན་དུ་འགྲོ་བས་དམ་ཚིག་སེམས་དཔའ་ལ་རབ་ཏུ་བཅུག་ལ་བཅིང་བ་དང་དབང་དུ་བྱས་ནས་ཡང་མཆོད་ཡོན་ལ་སོགས་པ་ཐམས་ཅད་བྱའོ། །དེ་ནས་ཨོཾ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཛྭ་ལ་ཡ་སརྦ་བྷསྨི་ཀུ་རུ་སརྦ་དུཥྚཱན་ཧཱུྃ་ཕཊ་དྲྀ་ཤྱ་ཛཿཧཱུྃ་བྃ་ཧོཿས་མ་ཡ་སྟྭཾ་ས་མ་ཡ་ཧྃ་ཞེས་ལན་
གསུམ་དུ་དམ་ཚིག་བསྒྲག་པར་བྱའོ། །དེའི་རྗེས་ལ་ལག་པ་གཡོན་པ་གན་རྐྱལ་དུ་བྱས་ལ་བྱང་ཆུབ་མཆོག་གི་ཁུ་ཚུར་གྱིས་མར་གྱིས་གང་བའི་དགང་གཟར་བཟུང་ནས་ལག་པ་གཡས་པ་ནི་ཁ་སྦུབ་པས་བླུགས་གཟར་གན་རྐྱལ་དུ་བྱས་པ་མར་གྱིས་གང་བ་དང་། དེ་བཞིན་དུ་དྲག་པོའི་ལས་ལ་ནི་དུག་དང་བཅས་པའི་
ཚ་བའི་མར་ནག་གིས་གང་བའི་དགང་གཟར་གཡས་ཀྱིས་བཟུང་ཞིང་གཡོན་པས་བླུགས་གཟར་ཡང་སྟེ་དགང་གཟར་བླུགས་གཟར་གྱི་ཁ་ལ་རང་གི་ལྷའི་ས་བོན། ཡི་གེ་གསུམ་གྱིས་སྤེལ་བའི་འོད་ཟེར་དང་བཅས་པ་དང་། མེ་ལྷའི་ཞལ་དུ་རྃ་རྣམ་པར་བཀོད་ལ་དགང་གཟར་གྱི་ཁར་བླུགས་གཟར་གྱི་ཁ་བཞག་སྟེ་ལག་

པ་གཉིས་པུས་མོའི་ནང་དུ་དང་། དྲག་པོ་ལ་ཕྱིར་བྱ་སྟེ། ཞི་བ་དང་རྒྱས་པ་དང་། དབང་གིས་དགུག་པའི་ལས་རྣམས་ལ་སྭཱ་ཧཱ་དང་ཨོཾ་དང་ཧོཿདང་ཛཿདང་དྲག་པོ་ལ་ཧཱུྃ་ཧཱུྃ་ངམ་ཕཊ་ཅེས་པ་སྔགས་ཀྱི་མཐར་བརྗོད་ཅིང་ཞལ་ཅུང་ཟད་གདངས་པ་དང་། དྲག་པོ་དང་དྲག་པོའི་དགུག་པ་ལ་ནི་ཞལ་ཤིན་ཏུ་གདངས་པར་དགང་གཟར་
གཡས་སྐོར་དང་། དྲག་པོ་ལ་གཡོན་སྐོར་བྱས་ཏེ་ཡོན་བདག་གི་ནུས་པ་ཇི་ལྟ་བས་དགང་བླུགས་ལན་གསུམ་མམ་ལན་བདུན་དབུལ་བར་བྱ་སྟེ། ཨོཾ་ཨཱགྣ་ཡེ། ཨཱདཱི་བྱ། ཨ་བི་ཤ་ཨ་བི་ཤ་མ་ཧཱ་ཤྲཱི་ཡེ་ཧ་བྱ་ཀ་བྱ་བ་ཧ་ནཱ་ཡ་སྭཱ་ཧཱ། ཞེས་པ་མེ་ལྷའི་སྔགས་སམ། ཨོཾ་ན་མཿས་མནྟ་བུདྡྷཱ་ནཱཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་བྱ་བས་
དགང་བླུགས་ཀྱི་སྔགས་ཀྱིས་དང་། ཨོཾ་ཨགྣ་ཡེ་སྭཱ་ཧཱ། ཞེས་པ་ཅིག་ཤོས་ཀྱི་མར་ཀྱི་སྲེག་བླུགས་ཀྱི་སྔགས་ཀྱིས་སོ། །དེ་ནས་མེ་ལ་བགེགས་དང་བྲལ་བ་དང་བགེགས་དང་ལྡན་པར་རྟགས་ཀྱིས་མཚོན་པར་བྱ་སྟེ། རབ་སྔགས་དགེ་བ་མི་ཡི་འོད། །དཔལ་གྱི་བེའུ་དང་རྔ་ཡབ་གདུགས། །རྒྱལ་མཚན་པདྨ་བུམ་
ལྟ་བུ། །རྩེ་གསུམ་རལ་གྲི་ཉ་ལྟ་བུ། །བཀྲ་ཤིས་ཨིནྡྲ་ནཱི་ལ་དང་། །རྡོ་རྗེ་དུང་ལ་སོགས་པ་དང་། །དགང་གཟར་བླུགས་གཟར་རྣམ་པ་དང་། །དཀར་དང་འཇམ་འདྲ་མདོག་སྡུག་དང་། །གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱི་རུ་དང་ནི་གསེར་མདོག་འདྲ། །ལུག་རུ་དངུལ་དང་བཻ་ཌཱུརྱ། །ཉི་འོད་འབར་
མཚུངས་དྲི་མ་མེད། །དུ་བ་མེད་ཅིང་དྲི་ཞིམ་པ། །པི་ཝང་རྫ་རྔའི་སྒྲ་ལྡན་མཆོག །ཞི་བར་ཁ་དོག་དཀར་པོར་སྣང་། །རྒྱས་པ་ལ་ནི་གསེར་དང་མཚུངས། །དབང་ལ་དམར་པོ་རྩེ་མོ་མཆོག །མངོན་སྤྱོད་ལ་ནི་སྔོ་ནག་གོ། །ཞི་བའི་ལས་ལ་སོགས་པ་ལ། །གསེར་འདྲ་རྩེ་གཅིག་དམ་པ་སྟེ། །རྩེ་གཉིས་
འབར་བ་འབྲིང་དུ་བསྟན། །རྩེ་གསུམ་སྤྲིན་འདྲ་ཤིན་ཏུ་དམན། །དུ་བ་ཆེ་བ་མི་དགེ་སྟེ། །འབར་དཀའ་མེ་ལྕེ་ཆད་པ་དང་། །རྩུབ་ནག་པཱ་ལ་ཤ་ཡི་མདོག །གསལ་ཞིང་བ་ལང་མགོ་ལྟ་བུ། །མེ་སྟག་འཕྲོ་དང་དྲག་པོའི་སྒྲ། །རོ་ཡི་དྲི་ང་མི་དགེ་བ། །དྲག་པོའི་ལས་ལ་ཤིས་པ་ནི། །དེ་ལྟར་མི་དགེ་བའི་ལྟས་
བགེགས་དང་བཅས་པ་ཉིད་ནི་མེ་ལ་བསང་གཏོར་དང་། སྲུང་བ་ལས་ཐམས་ཅད་པའི་སྔགས་ཀྱིས་མར་གྱི་སྲེག་བླུགས་ལན་བདུན་བྱས་ལ། དེ་ནས་སླར་ཡང་མེ་ལྷའི་སྔགས་སམ། ལས་ཐམས་ཅད་པའི་སྔགས་ཀྱིས་བསང་གཏོར་བྱས་ནས་དགང་བླུགས་གསུམ་མམ་བདུན་ནམ་ལན་གཅིག་གམ་ཅི་

འབྱོར་པ་མེ་ལྷའི་སྔགས་ཀྱིས་བསྲེགས་ཏེ་བླུགས་གཟར་ལ་སོགས་པ་རྣམས་ཀྱིས་མར་གྱིས་སྲེག་བླུགས་གསུམ་མམ་བདུན་ནམ་གཅིག་ཅི་ལྟར་རྙེད་པ་བསྲེག་པར་བྱའོ། །དེ་ལྟར་ཡང་། བླུགས་གཟར་གྱིས་ནི་མར་བསྲེག་ཅིང་། །འབྲུ་རྣམས་དེ་ཉིད་ཀྱིས་དབུལ་བྱ། །ཞེས་གསུངས་སོ།
དང་པོ་ཡམ་ཤིང་ལ་སོགས་པ་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱཿསྭཱ་ཧཱ། ཡམ་ཤིང་སྦྱང་བའི་སྔགས་སོ། །ཨོཾ་ཤྲཱིཿསྭཱ་ཧཱ། ཞུན་མར་སྦྱང་བའི་སྔགས་སོ། །ཨོཾ་ཨཱཿསྭཱ་ཧཱ། རྫས་བཀྲུ་བའི་སྔགས་སོ། །ཨོཾ་ཛི་སྭཱ་ཧཱ། འབྲུ་དག་པར་བྱ་བའི་སྔགས་སོ། །ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་གཞན་རྣམས་སྦྱང་བའི་
སྔགས་སོ། །འདིར་ནི་གོ་རིམས་ཡམ་ཤིང་དག །བསྲེགས་ན་ཡམ་ཤིང་མེ་ལ་མར། །ཏིལ་དང་དཱུར་བ་འབྲས་ཞོ་ཟན། །ཀུ་ཤ་ལ་སོགས་བསྲེག་པར་བྱ། །འཆད་པར་འགྱུར་བའི་རང་རང་གི་སྔགས་ཀྱིས་ཡམ་ཤིང་དང་། དཱུར་བ་དང་ཀུ་ཤ་མཐེ་བོང་དང་མིང་མེད་ཀྱིས་བླངས་ནས་སོ། །ཐམས་ཅད་དུ་ཁུ་
བའི་རྫས་རྣམས་ནི་ཞལ་དུའོ། །ཡམ་ཤིང་དང་ནི་མི་རུས་ཀྱི་ཕྱེ་མ་ལ་སོགས་ནི་འོད་ཀྱི་དཀྱིལ་འཁོར་ལའོ། །ཞོ་ཟན་དང་བཟའ་བ་དང་། ཞལ་བསིལ་དང་། ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་ནི་དབུ་ལའོ། །བདུག་སྤོས་ནི་འབར་བ་ལའོ། །ཞབས་བསིལ་ནི་ཞབས་
དག་ལའོ། །མར་མེ་དང་མཆོད་ཡོན་མདུན་དུ་དབུལ་བར་བྱའོ། །མཆོད་ཡོན་གྱི་ཆུ་སྣོད་དུ་ཡང་དབུལ་བར་བྱའོ། །ཁ་ཅིག་ནི། ཀུན་དུ་ལུས་ལ་བསང་གཏོར་དང་། །མདུན་དུ་སྤོས་ཀྱིས་བདུག་པ་དང་། །ཞལ་བསིལ་ཞལ་དུ་ལན་གསུམ་སྟེ། །མཆོད་ཡོན་དབུ་ལ་དབུལ་བར་བྱ། །ཞེས་ཟེར་རོ། །
དེའི་རྗེས་སུ་ཞལ་བསིལ་དང་བསང་གཏོར་བྱས་ལ། མེ་ལྷ་ཐབ་ཏུ་འབར་བའི་རྣམ་པས་སམ། རང་གི་གཟུགས་ཀྱིས་མེའི་ཕྱོགས་སུ་གཞག་པར་བྱའོ། །དེ་ནས་ཡི་གེ་ཧཱུྃ་དང་བདུད་རྩི་འཁྱིལ་པའི་སྔགས་ཀྱིས་ཀྱང་སྔར་བཞིན་དུ་ཆོ་ག་ཇི་ལྟ་བར་ཡོ་བྱད་ལ་ཡང་བསང་གཏོར་བྱས་ནས། ཞི་བ་ལ་རིགས་ཀྱི་བདག་
པོ་དཀར་པོ་དང་ཤིན་ཏུ་ཞི་བ་པདྨ་དཀར་པོ་དང་ཟླ་བ་ལ་གནས་པ་རྣམ་པ་ཐམས་ཅད་དུ་གོས་དང་རྒྱན་དང་འོད་དཀར་པོ་དང་ལྡན་པ་འཁོར་ལོ་ཅན་སྙོམས་པར་འཇུག་པའམ། གཅིག་པུའི་གཟུགས་ཅན་འོད་ཟེར་སྤྲོས་པ་ལས་སྤྲུལ་པའི་སྤྱན་མ་ལ་སོགས་པའི་ལྷས་ཟླ་བ་ཤེལ་གྱི་བུམ་པ་བྱང་ཆུབ་སེམས་ཀྱི་བདུད་

རྩིས་གང་བ། ཕྱག་གིས་བཟུང་བའི་རྒྱུན་རྣམས་ཀྱིས་བསྒྲུབ་བྱ་ལ་དབང་བསྐུར་བས་དེའི་རིམས་ལ་སོགས་པ་མ་ལུས་པར་སེལ་བར་མཛད་པའོ། །རྒྱས་པ་ལ་ནི་སེར་པོ་ཤིན་ཏུ་རྒྱས་པ་གོས་དང་རྒྱན་སེར་པོ་དང་གདན་སེར་པོ་དང་། ཤིན་ཏུ་དགྱེས་ཤིང་རངས་པ་སྟེ། སྔར་བཞིན་དུ་གསེར་གྱི་བུམ་པ་ལས་
འབབ་པའི་བདུད་རྩིའམ་རཏྣའི་ཆར་པ་རྣམས་ཀྱིས་བསྒྲུབ་བྱའི་ལུས་སམ། ཁང་པ་ཡང་དག་པར་གང་བར་བྱས་ཏེ་རིད་པ་ལ་སོགས་པ་འམ་དབུལ་བ་འཇིག་པར་བྱེད་པའོ། །དབང་ལ་ནི་སྟན་དམར་པོ་ལ་སོགས་པ་དང་ལྡན་པ་སྔར་བཞིན་དུ་ཨུཏྤ་ལ་དམར་པོ་ཁ་བྱེ་བ་ལྟ་བུའི་མདས་སྙིང་ཕུག་ནས་དབང་དུ་
སྡུད་པར་བྱེད་པའོ། །དབང་གིས་དགུག་པ་ལ་ཞགས་པ་དང་ལྕགས་ཀྱུ་དག་གིས་བཅིངས་ཤིང་ཕུག་ནས་འགུགས་པའོ། །མངོན་སྤྱོད་ལ་གདན་ནག་པོ་ལ་སོགས་པ་དང་ལྡན་པ་ཁྲོས་པ་བསྒྲུབ་བྱའི་སྟེང་དུ་རྡོ་རྗེ་མེའི་ཆར་ཕབ་ནས་བསྒྲུབ་བྱ་ཐལ་བར་བྱེད་པའོ། །དྲག་པོས་དགུག་པ་ལ་ཡང་དེ་
ལྟར་བསམ་པར་བྱའོ། །དེ་བཞིན་དུ་ལས་ཐམས་ཅད་པ་ཉིད་རང་གི་ལྷག་པའི་ལྷ་ཉིད་ལས་དང་རྗེས་སུ་མཐུན་པའི་རྣལ་འབྱོར་དང་ལྡན་པའམ། ཡང་ན་ཐབ་ཁུང་དུ་བཀོད་པའི་ལྷའི་རྣལ་འབྱོར་དང་ལྡན་པའོ། །ཁྱད་པར་དུ་ཞི་བ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དང་། རྒྱས་པ་ལ་རིན་
ཆེན་འབྱུང་ལྡན་དང་། དབང་དང་དབང་གིས་དགུག་པ་ལ་འོད་དཔག་མེད་དང་། བསད་པ་དང་། ཡམས་དང་ཉེ་བར་འཚེ་བ་བསལ་བ་ལ་དོན་ཡོད་གྲུབ་པ་དང་། ཡང་ན་རྣམ་པར་སྣང་མཛད་དང་། མངོན་སྤྱོད་ལ་ནི་མི་བསྐྱོད་པ་འམ་གཤིན་རྗེ་མཐར་བྱེད་ལ་སོགས་པའི་ཁྲོ་བོ་རྣམས་ཀྱི་རྣལ་
འབྱོར་དང་ལྡན་པས་སོ། །ཞི་བ་ལ་སྒྲུབ་ཐབས་དང་མངོན་པར་རྟོགས་པས་ཇི་ལྟར་གསུངས་པའི་རིམ་པས་དམ་ཚིག་སེམས་དཔའ་བསྐྱེད་པ་དང་ཡེ་ཤེས་སེམས་དཔའ་སྤྱན་དྲང་བ་ལ་སོགས་པའི་ཆོ་ག་དང་དབང་བསྐུར་བའི་མཐར་ཐུག་པ་བྱས་ལ། དྲི་བཟང་པོ་དང་མེ་ཏོག་དཀར་པོ་ལ་སོགས་
པ་དེའི་སྔགས་དང་རང་གི་ལྷའི་སྔགས་ཀྱིས་མངོན་པར་བསྔགས་པ་རྣམས་ཀྱིས་མཆོད་པར་བྱའོ། །དེ་བཞིན་དུ་རྒྱས་པ་ལ་ཡང་སྟེ་ཁྱད་པར་དེ་དག་ཉིད་སེར་པོས་སོ། །དབང་དང་དབང་གིས་དགུག་པ་ལ་ཡང་དམར་པོ་རྣམས་ཀྱིས་སོ། །དྲག་པོ་ལ་ནི་དྲི་མེད་པ་དང་། དྲི་ངན་པ་དང་།

བིལ་པ་དང་། ཨརྒ་དང་ཛ་བ་ལ་སོགས་པའི་མེ་ཏོག་རྣམས་དང་། སྤོས་དཀར་ལ་སོགས་པའི་སྤོས་དག་དང་། མི་དང་ཉ་ལ་སོགས་པའི་ཞག་གི་མར་མེ་རྣམས་དང་། ཁ་བ་དང་ཚ་བ་ལ་སོགས་པའི་ཡིད་དུ་མི་འོང་བའི་ཟས་རྣམས་ཀྱིས་སོ། །ཞེས་པ་ཁྱད་པར་རོ། །དེ་
ནས་ཨོཾ་ཨཱཿཧྲཱིཿཔྲ་བར་སཏྐཱ་རཾ་ཨརྒྷྃ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་པའི་སྔགས་ཀྱིས་སྔར་བཞིན་དུ་མཆོད་ཡོན་དང་ཞབས་བསིལ་དང་བསང་གཏོར་བྱས་ནས། ཡང་དག་པར་མཆོད་པ་ལས་དང་རྗེས་སུ་མཐུན་པའི་མདོག་ཅན་གྱི་ལྗགས་རྡོ་རྗེའི་རྣམ་པ་ལ་རང་གི་ལྷའི་ས་བོན་དུ་བཀོད་དེ་རང་གི་སྔགས་ཀྱིས་དགང་
བླུགས་གོང་བཞིན་དུ་ཕུལ་ལ། མར་ལ་སོགས་པ་རྫས་རྣམས་རེ་རེའི་སྲེག་བླུགས་གསུམ་མམ་བདུན་ནམ་ཉེར་གཅིག་བསྲེགས་ཏེ་བདུད་རྩི་དང་བཅས་པ་མར་གྱི་སྲེག་བླུགས་ཅི་ལྟར་སྙེད་པ་བསྲེག་པར་བྱའོ། །དཀྱིལ་འཁོར་བྲི་བ་ལ་སོགས་པའི་ལས་ལ་དཀྱིལ་འཁོར་གྱི་གཙོ་བོའམ། རབ་ཏུ་གནས་
པར་བྱ་བའམ་བསྒྲུབ་བྱའི་ལྷ་རྣམས་སམ། ཞི་བ་ལ་སོགས་པའི་ལས་ཀྱི་དབང་དུ་བྱས་པའི་ལྷ་རྣམས་སམ། རང་གི་འདོད་པའི་ལྷ་རྣམས་ཐབ་ཁུང་དུ་གོ་རིམས་ཇི་ལྟ་བ་བཞིན་དུ་བཀོད་ལ། བདག་ཉིད་ཀྱང་རང་གི་ལྷག་པའི་ལྷའི་རྣལ་འབྱོར་དང་ལྡན་པའམ་ཡང་ན་ཐབ་ཁུང་དུ་བཞུགས་པའི་ལྷའི་རྣལ་
འབྱོར་དང་ལྡན་པར་བྱའོ། །དེ་ནས་ཞི་བ་ལ་རང་སྔགས་ཀྱི་མཐར་ཆེ་གེ་མོའི་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་པ་དང་། རྒྱས་པ་ལ་པུཥྚིཾ་ཀུ་རུ་ཨོཾ་དང་། དབང་ལ་པ་ཤཾ་ཀུ་རུ་ཧོཿདང་། དགུག་པ་ལ་ཨ་ཀྲིཥྚིཾ་ཀུ་རུ་ཛཿཞེས་པ་དང་། དྲག་པོ་དང་དྲག་པོས་དགུས་པ་ལ་ཡང་མཱ་ར་ཡ་ཕཊ་སྟེ་ཡང་ན་ཧཱུྃ་ཧཱུྃ་དང་། དེ་
བཞིན་དུ་དགུག་པར་གྱིས་ཤིག་བསྐྲད་པར་མཛོད་ཅིག །ཅེས་པ་ལ་སོགས་པའི་ཚིག་དྲེགས་པ་དང་བཅས་ཤིང་ང་རོ་ཆེན་པོ་དང་བཅས་པ་རང་གི་སྔགས་ལ་རང་གང་འདོད་པའི་མིང་སྤེལ་བཅུག་པའམ་ཡང་ན་མ་བཅུག་པར་རང་བཞིན་གྱིས་ཞི་བ་ལ་སོགས་པའི་བསམ་པས་ལྷག་པར་མོས་པར་བཟླས་
ཤིང་སྲེག་རྫས་རྣམས་བརྒྱའམ་སྟོང་ངམ་དཔག་ཏུ་མེད་པ་བསྲེག་པར་བྱའོ། །ཡང་ན་ཐབ་ཁུང་གི་དབུས་སུ་རང་བཞིན་གྱིས་གནས་པའི་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་གྱི་མེ་ལྷའི་ཐུགས་ཀ་ཁོ་ནར་རང་གི་ས་བོན་ལས་བྱུང་བའི་རང་གི་འདོད་པའི་ལྷའི་བདག་ཉིད་དམ་དཀྱིལ་འཁོར་གྱི་འཁོར་

ལོའམ། ཡང་ན་སྔར་བརྗོད་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་སོགས་པའི་ལྷ་བསྒོམས་ཏེ། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ནས་གཞུག་པ་ལ་སོགས་བྱས་ལ་དེའི་ཞལ་དུ་སྲེག་བླུགས་བྱའོ། །ཕྱོགས་འདི་ལ་གསུངས་པ་ནི་སྡོམ་པ་འབྱུང་བར། མེ་ནི་ངེས་པར་ལྷ་ཡི་ཞལ། །སྦྱིན་སྲེག་
དངོས་གྲུབ་རབ་ཏུ་སྟེར། །ཞེས་གསུངས་སོ། །དེ་ནས་མེ་ལྷ་ལ་སོགས་པའི་སྲེག་བླུགས་ཀྱི་སྔགས་ནི། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་སརྦ་པཱ་པཾ་ད་ཧ་ད་ཧ་སྭཱ་ཧཱ། ཞི་བའི་དོན་དུ་ཏིལ་རྣམས་ཀྱིའོ། །ཨོཾ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། ཚེ་རིང་བའི་དོན་དུ་དཱུར་བ་རྣམས་ཀྱིའོ། །ཨོཾ་བཛྲ་པུཥྚ་ཡེ་སྭཱ་ཧཱ།
རྒྱས་པར་བྱ་བའི་ཕྱིར་མ་བཙོས་ཤིང་མ་གྲུགས་པའི་འབྲས་རྣམས་ཀྱིའོ། །ཨོཾ་སརྦ་སྃ་པ་དེ་སྭཱ་ཧཱ། ཕུན་སུམ་ཚོགས་པའི་དོན་དུ་ཞོ་ཟན་དང་འབྲས་མཆོག་གིའོ། །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། བསྲུང་བའི་དོན་དུ་ཏིལ་མར་གྱིས་བྱུགས་པའི་ཀུ་ཤ་རྣམས་ཀྱིའོ། །ཨོཾ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ།
སོ་བ་དྲི་མ་མེད་པའི་འོ། །ཨོཾ་མ་ཧཱ་བི་དྱཱ་སྭཱ་ཧཱ། ནས་ཀྱིའོ། །ཨོཾ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། སྲན་མ་ཤའི་འོ། །ཨོཾ་བཛྲ་གྷསྨ་རཱི་སྭཱ་ཧཱ། གྲོའི་འོ། །ཨོཾ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྺཱ་རའིའོ། །ཨོཾ་བོ་ཏི་པྲིཀྵཱ་ཡ་སྭཱ་ཧཱ། ཨ་ཤྭཏྠའི་འོ། །ཨོཾ་བཛྲ་ལ་ཏཱ་ཡཻ་སྭཱ་ཧཱ། པླཀྵའིའོ། །ཨོཾ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ།
ནྱ་གྲོ་དྷའི་འོ། །ཨོཾ་ས་ཧཱ་ཀཱ་རཱ་ཡ་སྭཱ་ཧཱ། ཨ་མྲའི་འོ། །ཨོཾ་བཛྲ་ཨརྐཱ་ཡ་སྭཱ་ཧཱ། ཨརྒའི་ཡལ་གའི་འོ། །ཨོཾ་བཛྲ་བྲསྨ་ཎེ་སྭཱ་ཧཱ། པཱ་ལ་ཤའི་འོ། །ཨོཾ་བཛྲ་གཱ་ཏྲཱ་ཡ་སྭཱ་ཧཱ། སེང་ལྡིང་གིའོ། །ཨོཾ་བཛྲ་ཤྲཱ་བ་ཡ་སྭཱ་ཧཱ། བཻ་ཀྃ་ཀའིའོ། །ཨོཾ་བཛྲ་ཤྲཱི་བཱ་ཡ་སྭཱ་ཧཱ། ཤིང་ཤ་མའི་འོ། །ཨོཾ་སརྦ་
ཏ་བྷ་ཏྲཱ་ཡ་སྭཱ་ཧཱ། གྷྃ་བྷ་རིའིའོ། །ཨོཾ་བཛྲ་ཤི་ཁ་རཱ་ཡ་སྭཱ་ཧཱ། ཨ་པཱ་མརྒའིའོ། །ཡང་ན་སོ་བ་ལ་སོགས་པ་རྣམས་ནི་ཚིམ་པར་བྱ་བའི་ལྷའི་སྔགས་ཀྱིས་སོ། །རྫས་ལྷག་མ་རྣམས་ནི་ཚིམ་པར་བྱ་བའི་ལྷའི་སྔགས་ཁོ་ན་ས་བསྲེག་པར་བྱའོ། །བསྲེག་བྱའི་རྫས་ཐམས་ཅད་བཤད་པ་ལ་
སོགས་པ་བདུད་རྩི་ལྔས་བྲན་ཅིང་བདུད་རྩིའི་དངོས་པོར་བསྒོམས་པས་སྲེག་བླུགས་བྱའོ། ཞེས་མན་ངག་རིག་ཅིང་མང་དུ་མཁྱེན་པ་རྣམས་གསུང་ངོ་། །དེ་ལྟར་རང་དང་གཞན་གྱིས་རྟོག་པའི་ཆོ་གས་ཇི་ལྟར་རྙེད་པས་སྦྱིན་སྲེག་བྱ་སྟེ། རང་གི་རིགས་ཀྱི་སྙིང་པོ་ལན་གསུམ་མམ་ལན་བདུན་ནམ་ཉེར་

གཅིག་ཏུ་མར་གྱི་སྲེག་བླུགས་རྣམས་དབུལ་བར་བྱའོ། །དེའི་མཐར་དགང་བླུགས་ཕུལ་ནས། རིགས་ཀྱི་བདག་པོའི་སྙིང་པོ་བརྗོད་པས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་བསང་གཏོར་དང་ཞབས་བསིལ་དང་གོས་གསར་པ་དང་རྡོ་ཐལ་མེད་པའི་སོ་རྩི་དང་དྲག་པོའི་ལས་ལ་
རྡོ་ཐལ་དང་བཅས་པ་ཕུལ་ལ་སྔར་བཞིན་མཆོད་ནས་ཡང་དག་པར་བསྟོད་དེ། ཕྱག་བྱས་ནས་མཆོད་ཡོན་ཕུལ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྙིང་གར་སྦྱར་ལ་མ་ཚང་བ་ལ་སོགས་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ལ་བཟོད་པར་གསོལ་ཏེ། གང་ཡང་བདག་བློ་རྨོངས་པ་
ཡིས། །ཉེས་བྱས་ཅུང་ཟད་གང་བགྱིས་པ། །གང་ཕྱིར་ལུས་ཅན་སྐྱབས་ཡིན་ཕྱིར། །མགོན་ཁྱེད་དེ་ཀུན་བཟོད་པར་མཛོད། །མ་རྙེད་ཡོངས་སུ་མ་ཤེས་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་གཙོ་བོས་བཟོད་མཛད་རིགས། །ཞེས་བརྗོད་ཅིང་
བཟོད་པར་གསོལ་ནས། །མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཕྱིར་གསོལ་བ་བཏབ་སྟེ། ལྷག་པ་དང་ཆད་པའི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཐར་པའི་སེམས་ཀྱིས་ཨོཾ་བཛྲ་སཏྭ་ཨཿཞེས་ལན་མང་དུ་བརྗོད་ནས་ཡི་གེ་བརྒྱ་པ་བཀླག་པར་བྱ་སྟེ། ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་
སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡ། ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ། བྷ་ག་བཱན། སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭ་ཨཱཿདེ་ནས་རྗེས་ལ། ཨོཾ་ཁྱེད་ཀྱིས་སེམས་
ཅན་དོན་ཀུན་མཛོད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་བྱ་བས་ཡང་དག་པར་བསྐུལ་ནས་རང་གི་སྔགས་ཡི་གེ་གསུམ་གྱི་ནང་དུ་བྱས་པའི་མཐར་ཡི་གེ་མུཿཞེས་པ་བརྗོད་ཅིང་རང་གི་བདག་པོའི་
མགོན་པོ་ཡིད་ཀྱིས་ཆོ་ག་བཞིན་དུ་གཤེགས་སུ་གསོལ་བར་བྱའོ། །དེ་ནས་མེ་ལྷ་ཐབ་ཁུང་དུ་སྤྱན་དྲངས་ཏེ། སླར་ཡང་དག་པར་མཆོད་ནས་བསང་གཏོར་དང་ཞབས་བསིལ་དང་རྡོ་ཐལ་མེད་པའི་སོ་རྩི་དང་། དྲག་པོ་ལ་རྡོ་ཐལ་དང་བཅས་པའི་སོ་རྩི་དང་གོས་གསར་པ་ཕུལ་ལ་ སྲེག་

རྫས་ལྷག་མ་སྦྱིན་སྲེག་བྱས་ནས་མཐར་དྲིལ་བུ་དཀྲོལ་ཞིང་བསྟོད་པར་བྱའོ། །ཆོ་ག་འདི་ནི་ཕལ་ཆེ་བར་རང་གི་མངོན་པར་འདོད་པའི་དངོས་གྲུབ་ཀྱི་ཆེད་དུའོ། །རབ་ཏུ་གནས་པ་ལ་སོགས་གཞན་དོན་འདོད་པས། ཡོན་ཕུལ་བའི་སློབ་མའི་མཐེ་བོང་གཡས་པ་གཡོན་པའི་མཐེའུ་ཆུང་གིས་
བཟུང་སྟེ། ཐབ་ཁུང་དུ་ལན་གསུམ་དུ་གཡས་སུ་བསྐོར་བ་བྱས་ལ་བླུགས་གཟར་གྱི་མགོ་ལ་གཡས་སྐོར་གྱིས་འཇུག་པས་ལན་བདུན་དུ་སྲེག་བླུགས་ཀྱང་དབུལ་དུ་གཞུག་པར་བྱའོ། །འཁྱིལ་པས་བསྔགས་པའི་སྲུང་སྐུད་དཀར་པོ་དེའི་ལག་པ་ལ་བཅིངས་ལ་བསང་གཏོར་བྱའོ། །བདག་
པོར་གྱུར་ན་རྒྱལ་པོ་ལ་སོགས་པའི་དགེ་བར་དམིགས་ལ་དགང་བླུགས་དབུལ་ལོ། །དེ་ལྟར་ཡང་རྒྱལ་པོ་དང་འཇིག་རྟེན་སྐྱོང་བ་རྣམས་དང་སེམས་ཅན་ཐམས་ཅད་དང་སློབ་མ་རྣམས་དང་། གང་ལ་མངོན་པར་འདོད་པ་རྣམས་ཀྱི་ཡང་རེ་རེ་ཞིང་ལན་གསུམ་མམ་རེ་རེ་ཆོ་ག་སྲེག་བླུགས་དབུལ་བར་
བྱའོ། །ཡོན་ཡང་དབུལ་དུ་གཞུག་གོ། །ཞེས་གསུངས་སོ། །འདི་ནི་ཁྱད་པར་རོ། །དེའི་རྗེས་སུ་ཞལ་བསིལ་ཕུལ་ལ་བསང་གཏོར་བྱས་ཏེ་ཡང་དག་པར་མཆོད་ནས་མཆོད་ཡོན་ཕུལ་ཏེ་བཟོད་པར་གསོལ་ལ་མངོན་པར་འདོད་པའི་དངོས་གྲུབ་ཞུས་ནས་ཨོཾ་བཛྲ་སཏྭ་ཨཿཞེས་བརྗོད་དེ་སྔར་བཞིན་
གཤེགས་པའི་ཆེད་དུ་ཡང་དག་པར་བསྐུལ་ལ། ཨོཾ་བཛྲ་མུཿཞེས་བརྗོད་ཅིང་ཆོ་ག་བཞིན་གཤེགས་སུ་གསོལ་ལོ། །གང་གི་ཚེ་དེ་ལྟར་འཇིག་རྟེན་པའི་ལྷ་རྣམས་ཐབ་ཁུང་དུ་དགོད་པར་འདོད་ན་ཡང་། དེའི་ཚེ་དམ་ཚིག་སེམས་དཔའ་བསྐྱེད་པ་དང་། ཡེ་ཤེས་སེམས་དཔའ་དགུག་པ་དང་དམ་ཚིག་ལ་
རབ་ཏུ་གནས་པར་བྱ་བ་དང་མཆོད་པ་དང་སྦྱིན་སྲེག་ལ་སོགས་པ་མེ་ལྷའི་བཞིན་དུ་སྦྱོར་བ་ཇི་ལྟ་བར་རྗེས་སུ་བསྒྲུབ་ཅིང་། ཕྱིས་ཀྱང་མེ་ལྷ་བཞིན་དུ་གཤེགས་སུ་གསོལ་ལོ། །དེ་ལྟར་ཉིན་རེ་བཞིན་ནམ་བཤད་པའི་དུས་སམ་ཐུན་གསུམ་མམ་ཐུན་བཞིར་བྱའོ། །དེ་ནས་འོ་མ་དང་འབྲས་མ་
ཆག་པ་དང་། མར་དང་སྦྲང་རྩི་དང་ཀ་ར་རྣམས་རང་གི་འདོད་པས་རྗེས་སུ་མཐུན་པའི་དྲིས་བྱུགས་ལ་མགུལ་པར་མེ་ཏོག་ཕྲེང་བས་བཅིངས་པས་སྣོད་ནག་པོ་མ་ཡིན་པ་མནྫིའི་སྟེང་དུ་བཞག་པའི་ནང་དུ་དགང་གཟར་རམ་བླུགས་གཟར་གྱིས་བླུགས་ཏེ། རྡོ་རྗེ་ཕྲེང་བར་བཤད་པའི་ཆོ་གས་བདུད་

རྩིའི་རང་བཞིན་གྱི་འོ་ཐུག་ཐབ་ཁུང་གི་མེ་ལ་བསྒྲུབ་པར་བྱས་ནས་རང་ཉིད་ཅི་ལྟ་བ་བཞིན་དུ་རྣལ་འབྱོར་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་གཤེགས་པའི་ལྷག་མ་འདི། །སྡིག་པ་རྣམ་པར་ཉམས་ཕྱིར་གསོལ། །ཞེས་པས་ལྷ་དང་འཇིག་རྟེན་སྐྱོང་བ་དང་རང་ཡང་ཚིམ་པར་
བྱའོ། །ལྷག་མ་ནི་སྦྱིན་བདག་དང་ལྷག་མ་དོན་དུ་གཉེར་བ་རྣམས་ལ་བགོ་བཤའ་བྱའོ། །ཞི་བ་ལ་ནི་འོ་མས་མེ། །གཞིལ་བྱ་རྒྱས་པ་བསྒྲུབ་པ་ལ། །སེར་པོའི་ཆབ་ཀྱིས་དབང་དག་ལ། །འོ་མར་དམར་དང་ནག་པོས་སོ། །དེ་ནས་སྦྱིན་སྲེག་གི་ཐབ་ཀྱི་ཐལ་བ་དང་སོལ་བ་རྣམས་ལས་ཐམས་ཅད་པའི་བུམ་
པར་བླུགས་ལ་ཆུ་བོ་ལ་སོགས་པའི་ཆུ་ལ་བསྐུར་བར་བྱའོ། །ཞེས་པ་ལྷ་ཚིམ་པར་བྱེད་པའི་རབ་ཏུ་བྱེད་པའོ། །འདི་ནི་ཕྱི་རོལ་གྱི་སྦྱིན་སྲེག་གི་ཆོ་གའོ། །འདི་རྣམས་ཐམས་ཅད་ལྷག་ཆད་མེད་པའི་སེམས་ཁོ་ནས་བྱ་སྟེ་ངེས་པར་མངོན་པར་འདོད་པ་འགྲུབ་པར་འགྱུར་རོ། །འདི་ནི་ཡིད་ཀྱི་སྦྱིན་སྲེག་གི་ཁྱད་
པར་ཅིག་གོ། །རྣམ་པ་གཞན་ནི་ཅི་ལྟ་བ་བཞིན་རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་བྲིས་པའི་དཀྱིལ་འཁོར་གྱི་གཙོ་བོ་ལས་དང་རྗེས་སུ་མཐུན་པའི་གདན་ལ་སོགས་པ་དང་ལྡན་པ་ཇི་སྐད་བཤད་པའི་མེ་ལ་གནས་པའི་ངོ་བོ་མདུན་གྱི་ནམ་མཁར་གནས་པའི་དཀྱིལ་འཁོར་གྱི་དབུས་སུ་གནས་པར་བྱས་ལ།
རང་གི་ལོགས་སུ་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་སྣོད་སྦྲང་དང་ཞུན་མར་གྱིས་གང་བ་ནས་རིན་ཆེན་སྣ་བདུན་གྱི་རང་བཞིན་གྱི་དགང་གཟར་དང་བླུགས་གཟར་གྱིས་དགང་བླུགས་དབུལ་བས་ཡིད་ཀྱི་སྦྱིན་སྲེག་བྱས་པ་ཡང་དེ་བཞིན་དུ་རང་གི་འདོད་པའི་ལྷའི་འཁོར་ལོ་ཡང་བསྒོམས་ནས་དགུག་པ་ལ་སོགས་པའི་
ཆོ་ག་ཡིན་གྱིས་རྗེས་སུ་བསྒྲུབ་པར་བྱ་སྟེ། སྦྱིན་སྲེག་གིས་ཚིམ་པར་བྱའོ། །སྦྱིན་སྲེག་གི་ཆོ་ག་འདི་ནི་བླ་ན་མེད་པ་སྟེ་བླ་ན་མེད་པའི་ཡིད་མངོན་པར་འདུ་བྱེད་པའི་རྒྱུ་ཡིན་པའི་ཕྱིར་དང་། ཕྱི་རོལ་གྱི་ཆོ་ག་ལ་ཡང་དོན་དེ་ཉིད་ཡིན་པའི་ཕྱིར་དང་། སངས་རྒྱས་དང་རིག་པ་འཛིན་པ་ལ་སོགས་པའི་དངོས་གྲུབ་ཀྱང་སྣ་
ཚོགས་པ་སྒྱུ་མ་ལྟ་བུའི་འོད་གསལ་བ་རྣམ་པར་དག་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཞེས་ཡིད་ཀྱི་སྦྱིན་སྲེག་གི་ཆོ་གའོ། །རང་གི་འདོད་པའི་ལྷའི་རྣལ་འབྱོར་དང་ལྡན་པས་དེའི་ངོ་བོའམ་རྡོ་རྗེ་སེམས་དཔའི་རང་བཞིན་རིམ་པ་ཅི་ལྟ་བར་རང་བཞིན་གྱིས་རྣམ་པར་དག་པའམ་རྣམ་པར་སྣང་མཛད་ལ་སོགས་

པའི་རང་བཞིན་གཟུགས་ལ་སོགས་པའི་འདོད་པའི་ཡོན་ཏན་རྣམས་ཅི་ལྟར་རྙེད་པ་ལ་ཐེ་ཚོམ་མེད་པར་ཉེ་བར་ལོངས་སྤྱད་པར་བྱའོ། །བཟའ་བའི་དུས་སུ་ནི་རང་གི་ཟས་ཐམས་ཅད་མཉམ་པ་ཉིད་ཀྱིས་རྣམ་པར་དག་པས་བདུད་རྩིར་བྱས་ནས་ལྟེ་བའི་ཐབ་ཁུང་གི་མེས་འཁྱུད་པའི་སྙིང་གར་སོན་པའི་རང་གི་ལྷག་པའི་
ལྷའི་འཁོར་ལོ་ལ་ལག་པའི་དགང་གཟར་ལ་སོགས་པ་ཆོ་ག་བཞིན་དུ་ཡང་དག་པར་ཚིམ་པར་བྱའོ། །ཞེས་པས་ཕྱི་རོལ་གྱི་རྫས་ཀྱིས་ནང་གི་སྦྱིན་སྲེག་གོ། །ཕྱི་རོལ་གྱི་རྫས་ལ་མ་ལྟོས་པའི་ནང་གི་སྦྱིན་སྲེག་མཆོག་ཏུ་དགའ་བ་ཕུན་སུམ་ཚོགས་པའི་རྒྱུ་ནི་དཔལ་ཁ་སྦྱོར་གྱི་རྒྱུད་ཀྱི་འགྲེལ་པར་ཁོ་བོས་གསལ་
བར་བྱས་པས་དེར་ཤེས་པར་བྱའོ། །ཁམས་གསུམ་པ་སྟོང་པ་ཉིད་དང་སྙིང་རྗེ་གཉིས་སུ་མེད་པའི་འཁོར་ལོའི་རྣམ་པའི་ཡེ་ཤེས་ཀྱི་མེ་ལ་གདམས་པ་ཅི་ལྟ་བར་ཕུང་པོ་ལ་སོགས་པའི་བུད་ཤིང་བསྲེགས་པ་ནི་བླ་ན་མེད་པའི་སྦྱིན་སྲེག་གོ། །འདི་ནི་ལྷ་ཐམས་ཅད་ཀྱི་ཆོ་ག་ཐམས་ཅད་སྤྲོས་ཏེ་བཤད་པའོ། །གང་
ཡང་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་ཁ་ཅིག་ཏུ་ཆོ་གའི་དབྱེ་བ་ཅུང་ཟད་ཐ་དད་པ་བསྟན་པ་དེ་ཡང་འདི་དག་གི་རྗེས་སུ་འབྲངས་ནས་ཇི་ལྟར་རིགས་པར་བྱའོ། །འདིར་བསྡུ་བ་ནི་འདི་ཡིན་ཏེ། །ལྷ་ཡི་བདག་ཉིད་ཀྱིས་མཆོད་ཅིང་། །གཏོར་མ་ས་སྦྱངས་ཐབ་ཁུང་བྱ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ། །དཀྱིལ་
འཁོར་གྱི་ནི་ཤར་དང་ལྷོ། །ནུབ་དང་བྱང་དུ་ཐབ་ཁུང་རྣམས། །ཤར་བྱང་ནུབ་ལྷོར་ཁ་བལྟས་པའི། །སློབ་དཔོན་གཡོན་དུ་ཆུ་དང་ནི། །མཆོད་ཡོན་ལ་སོགས་སྣོད་རྣམས་དགོད། །གཡས་སུ་ཡམ་ཤིང་མར་ལ་སོགས། །སྲེག་རྫས་རྣམས་ཏེ་མེ་སྦར་ནས། །ཐབ་ཏུ་ཀུ་ཤ་དགྲམ་ཤིང་
གཡོགས། །བུད་ཤིང་མར་གྱིས་རབ་སྦར་ཏེ། །མེ་དང་དེ་ཡི་ཡེ་ཤེས་སྐུ། །གཅིག་བྱས་མཆོད་ཡོན་སོགས་ཀྱིས་མཆོད། །དགང་གཟར་བླུགས་གཟར་ཁ་ལ་འཐོན། །མར་གྱི་དགང་བླུགས་ཀྱིས་ཚིམ་བྱ། །ཡོན་བདག་ནུས་པའི་རྗེས་མཐུན་པས། །གཡས་སུ་བསྐོར་བའི་སྦྱོར་
བས་སོ། །དེ་ནས་མར་སོགས་ཀྱིས་ཀྱང་གཞན། །སྲེག་བླུགས་བླུགས་གཟར་གྱིས་ཀྱང་དབུལ། །ཞབས་བསིལ་ཞལ་བསིལ་བསང་གཏོར་ཆུ། །མཆོད་ཡོན་ཞབས་ཕྱག་སྐུ་དང་མདུན། །ཁུ་བ་ཞལ་དུ་ཡམ་ཤིང་འོད། །བཟའ་བ་ལ་སོགས་ཕྱག་ཏུ་དབུལ། །མེ་ཏོག་དབུ་ལ་

བདུག་སྤོས་དང་། །མར་མེ་མདུན་དུ་དྲི་ཆབ་ཐུགས། །མེ་ལྷ་དང་ནི་ལྷག་པའི་ལྷ། །དེ་དག་ཚིམ་པ་ལ་སོགས་བྱ། །མར་དང་ཏིལ་དང་དཱུར་བའི་རྩེ། །འབྲས་དང་བཟའ་བ་འོ་ཐུག་དང་། །ཀུ་ཤ་སོ་བ་ནས་དང་ནི། །མ་ཤཱ་གྲོ་དང་ཨུ་དུམ་བཱར། །པི་པལ་པླཀྵ་ནྱ་གྲོ་དྷ། །ཨ་མྲ་
ཨརྒ་ཚངས་ཤིང་དང་། །སེང་ལྡེང་བཻ་ཀཱཾ་ཀ་ཤ་མཱི། །གྷཾ་བི་ར་ཨ་པཱ་མརྒ། །རིམ་བཞིན་བསྲེགས་ནས་གོས་སྩོགས་དང་། །ཀློག་དང་དྲིལ་བུ་དཀྲོལ་ཞིང་བསྟོད། །བཟོད་གསོལ་ལྷ་དང་མེ་ལྷ་ལ། །དངོས་གྲུབ་བླངས་ནས་གཤེགས་སུ་གསོལ། །ཞི་བ་སོགས་ལ་དགེ་བ་ནི། །བཟློག་པ་
དག་ལས་མི་དགེ་བ། །ཇི་ལྟར་རིགས་པར་ཡིད་དང་ལུས། །བཀླག་དང་ལས་ལ་ཡང་དག་བརྩམས། །ཡང་ན་ཐམས་ཅད་ཡིད་ཀྱིས་སོ། །ནང་དུ་སྙིང་རྗེའི་བདག་ཉིད་དང་། །སྟོང་ཉིད་ཡེ་ཤེས་མེ་ལ་ནི། །འགྲོ་བ་སྦྱིན་སྲེག་རྒྱལ་བ་མཆོད། །ཅེས་པའོ། །ཤེས་རབ་འོད་ཟེར་འབར་
བས་ཡོད་མེད་འཛིན་པའི་རླབས་ཀྱིས་སྲེག་རྫས་ཟད་བྱེད་པ། །རབ་ཏུ་འཆར་བའི་པདྨ་ཁ་བྱེ་དགོད་པ་ཕུན་སུམ་ཚོགས་པའི་ཚུལ། །གང་གི་དེ་ཉིད་དེ་ལྟར་ལེགས་པར་བརྗོད་པའི་དགེ་བའི་བདུད་རྩི་དབང་བསྟན་ནས། །འགྲོ་བས་རྡོ་རྗེ་འཆང་གི་སྐུ་ཡི་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་གྱུར་ཅིག །
ཅེས་པ་སྦྱིན་སྲེག་གི་ཆོ་ག་འོད་ཀྱི་སྙེ་མ་ཞེས་བྱ་བ། རྗེ་བཙུན་མ་རྡོ་རྗེ་རྣལ་འབྱོར་མས་བྱིན་གྱིས་བརླབས་པའི་པཎྜི་ཏ་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་ཐམས་ཅད་མཁྱེན་པའི་དཔལ་བཟང་པོས་བོད་ཡུལ་
གྱི་དབུས་དྲང་སྲོང་སྲིན་བུ་རིར་རང་འགྱུར་དུ་མཛད་པ་ལ། སླད་ཀྱི་པཎྜི་ཏ་ཆེན་པོ་རིག་པའི་གནས་རྣམས་ཐུགས་སུ་ཆུད་པའི་མཁས་པ་དག་དང་། གྲུབ་པ་བརྙེས་པའི་སྐྱེས་བུ་ཆེན་པོ་རྣམས་ཀྱི་གསུང་གི་བདུད་རྩིའི་རྒྱུན་གྱིས་ཐུགས་གཏམས་ཤིང་དེ་ཁོ་ན་ཉིད་ལ་གཞོལ་བའི་སློབ་དཔོན་ཉི་མའི་དབང་
པོའི་འོད་ཟེར་དང་། ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་གྱིས་ལེགས་པར་བསྒྱུར་ཅིང་གཏན་ལ་ཕབ་པ། དུས་ཕྱིས་ཤོང་ལོ་ཙཱ་བ་དགེ་སློང་བློ་བརྟན་གྱིས་ལེགས་པར་བཅོས་ཤིང་དག་པར་བྱས་སོ། །ཚིགས་སུ་བཅད་པ་ཉིས་བརྒྱ་བདུན་ཅུ་རྩ་ལྔ་པའོ།། །།

༄༅༅། །རྒྱ་གར་སྐད་དུ། ཨཱརྱ་བུདྡྷ་ཨ་ནུ་སྨྲྀ་ཏི། བོད་སྐད་དུ། འཕགས་པ་སངས་རྒྱས་རྗེས་སུ་དྲན་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་ལྟར་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཏེ། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །དེ་བཞིན་གཤེགས་པ་དེ་ནི། བསོད་ནམས་དག་གི་རྒྱུ་མཐུན་པ།
དགེ་བའི་རྩ་བ་རྣམས་ཆུད་མི་ཟ་བ། བཟོད་པས་བརྒྱན་པ། བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ། མཚན་གྱི་མེ་ཏོག་རྒྱས་པ་སྤྱོད་ཡུལ་རན་པར་མཐུན་པ། མཐོང་ན་མི་མཐུན་པ་མེད་པ། དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ། ཤེས་
རབ་ཟིལ་གྱིས་མི་ནོན་པ། སྟོབས་རྣམས་ལ་བརྫི་བ་མེད་པ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན། ཡེ་ཤེས་དཔག་ཏུ་མེད་པ། སྤོབས་
པ་བསམ་གྱིས་མི་ཁྱབ་པ། གསུང་རྣམ་པར་དག་པ། དབྱངས་སྙན་པ། སྐུ་བྱད་བལྟ་བས་ཆོག་མི་ཤེས་པ། སྐུ་མཚུངས་པ་མེད་པ་འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་ཉེ་བར་མ་གོས་པ། གཟུགས་མེད་པ་དག་དང་མ་འདྲེས་པ། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་
བ། ཁམས་རྣམས་དང་མི་ལྡན་པ། སྐྱེ་མཆེད་རྣམས་བསྡམས་པ། མདུད་པ་རྣམས་ཤིན་ཏུ་ཆད་པ། ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། སྲེད་པ་ལས་ཡོངས་སུ་གྲོལ་བ། ཆུ་བོ་ལས་རྒལ་བ། ཡེ་ཤེས་ཡོངས་སུ་རྫོགས་པ། འདས་པ་དང་མ་བྱོན་པ་དང་། ད་ལྟར་
བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཡེ་ཤེས་ལ་གནས་པ། མྱ་ངན་ལས་འདས་པ་ལ་མི་གནས་པ། ཡང་དག་པ་ཉིད་ཀྱི་མཐའ་ལ་གནས་པ་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ། འདི་དག་ནི་དེ་བཞིན་གཤེགས་པའི་ཡང་དག་པའི་ཆེ་བའི་ཡོན་ཏན་ནོ། །

༄༅༅། །རྒྱ་གར་སྐད་དུ། ཏྲི་ས་མ་ཡ་རཱ་ཛ་སྱ་སཱ་དྷ་ནཾ། བོད་སྐད་དུ། དམ་ཚིག་གསུམ་གྱི་རྒྱལ་པོའི་སྒྲུབ་པའི་ཐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྲིད་པའི་ངན་འགྲོས་དུབ་རྣམས་ཀྱིས། །སེམས་ནི་རིན་ཆེན་ལྟར་རྨད་བྱུང་། །
ཕུན་ཚོགས་བདེ་བ་ཀུན་འབྱུང་བའི། །དཔལ་ལྡན་དམ་ཚིག་གསུམ་ཕྱག་འཚལ། །སློབ་དཔོན་སྔ་མས་འདི་བརྗོད་པའི། །ཡང་དག་སྒྲུབ་ཐབས་ཡོད་པ་ཉིད། །འོན་ཀྱང་རྒྱས་པས་འཇིགས་རྣམས་ལ། །མདོར་བསྡུས་པ་ནི་ཉེ་བར་བརྗོད། །འདི་ལ་ངེས་པར་དཔལ་དམ་ཚིག་གསུམ་
གྱི་རྒྱལ་པོའི་རྒྱུད་ཆེན་པོའི་སྔགས་ཀྱི་དཀྱིལ་འཁོར་རམ་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་ཆོ་ག་བཞིན་དུ་དབང་བསྐུར་བ་ཐོབ་ཅིང་དེ་ལས་གསུངས་པའི་དམ་ཚིག་དང་སྡོམ་པ་གནས་པ་སྔོན་དུ་འགྲོ་བ་བྱས་ཤིང་རི་དང་ནགས་ལ་སོགས་པའི་ཕུག་གམ་ཁང་པ་དགའ་བ་དང་། གནས་ཁང་ཡང་རུང་སྟེ། འགྲུལ་
འཇུག་གིས་རྣམ་པར་དབེན་ཞིང་ཡིད་དགའ་བར་གྱུར་པ་ལ་སྔགས་པས་གནས་པར་བྱས་ལ། རེ་ཞིག་དང་པོར་རྩ་བའི་རིག་པ་འདི་དག་སངས་རྒྱས་ཀྱི་སྐུ་གཟུགས་ཀྱི་མདུན་དུ་མཎྜལ་ལ་མེ་ཏོག་སིལ་མ་མངོན་དུ་བཀྲམ་ཤིང་ལེགས་པར་ཕྱག་འཚལ་ཏེ། བྱང་ཆུབ་སེམས་བསྐྱེད་པ་དང་། སངས་རྒྱས་
དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བ་དང་དེ་དག་ཕྱག་འཚལ་བ་ལ་དམིགས་ནས། བཟླས་པ་གོམས་པས་སྟོང་བཟླས་པར་བྱ་སྟེ། དེ་ནི་སྔགས་རྣམས་ཐམས་ཅད་འབུམ་ཕྲག་རེ་རེ་བཟླས་པ་བྱས་པར་འགྱུར་རོ། །སྲུང་བ་ལ་སོགས་པ་ཐམས་ཅད་དང་། སྔགས་འདིས་གྲུབ་པ་
ཐོབ་པར་ཡང་འགྱུར་རོ། །དེ་ལ་རིག་པ་ནི་འདི་ཡིན་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །དྲི་མ་མེད་པ་དྲི་མ་དག་པར་མཛད་པ་མཐའ་ཡས་པའི་སྲས་དང་བཅས་པའི་རྒྱལ་བ་དཔག་ཏུ་མེད་ཅིང་མཐར་ཐུག་པའི་མཆོག་སྩོལ་བར་མཛད་པ་རྣམས་ཐམས་ཅད་ཀྱིས་
བདག་ལ་སྩལ་དུ་གསོལ། ཤིན་ཏུ་རྒྱ་ཆེ་བའི་དངོས་གྲུབ་ཀྱི་མཆོག་མཐའ་ཡས་པ་ཐམས་ཅད་བདག་ལ་སྩོལ། དེ་ལ་རྡོ་རྗེའི་ཚིག་ནི་འདི་དག་སྟེ། ཨ་ར་ར་ཨ་ས་མ་ས་མནྟ་ཨ་ནནྟ་དྷརྨཱ་ཏེ་ཁ་ཎ་ཁ་ཎ་མ་ཧཱ་བི་ར་ཨ་ཙ་ལེ། ས་མ་ས་མ་ཨ་ས་ཧ་མ་ཧཱ་བ་ལེ། ཀ་ཎ་ཀ་ཎ་མ་ཧཱ་བ་ར་གྲྀ་ཀེ་ཧ་ཧ་ཧ་ཧ་བཛྲ་བཛྲ་དྷ་ཡེ་དྷ་ར་དྷ་

ར་ཧཱུྃ་ཧཱུྃ་མཎྜལ་ས་མ་བཱ་ལ་ཨ་གྲ་བི་གྲ་མེ་ཀུ་རུ་ཀུ་རུ་ཏུ་རུ་ཏུ་རུ་སརྦ་ཐཱ་སར་བཾ་ཧི་ཛྭ་ལ་ཛྭ་ལ་ཨ་གྲེ་ཨ་གྲི་ཎི་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལས་ཀྱི་སྒྲིབ་པ་ཐམས་ཅད་ཟད་པར་བྱ་བའི་དོན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་བརྒྱ་པ་ཚུལ་དེ་ཉིད་ཀྱིས་སྟོང་ཕྲག་བརྒྱད་བཟླས་པར་བྱ་སྟེ། དམ་པའི་ཆོས་
སྤོང་བ་དང་མཚམས་མེད་པ་ལ་སོགས་པའི་ལས་ཀྱི་སྒྲིབ་པ་ལེགས་པར་ཟད་པར་འགྱུར་རོ། །དེ་དག་ཀྱང་འདི་ཡིན་ཏེ། ཐམས་ཅད་དུ་ཉམས་པ་མེད་པའི་ཆོས་ཉིད་ཀྱིས་སྟོབས་བརྙེས་པའི་དུས་གསུམ་དུ་གཤེགས་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ལོ། །ཨོཾ་ཨ་ས་མ་ས་མ་ས་མནྟ་ཏོ་ཨ་
ནནྟཱ་བཱ་ཏི་ཤཱ་ས་ནི་ཧ་ར་ཧ་ར་སྨ་ར་སྨ་ར་ཎ་བི་ག་ཏ་རཱ་ག་བུདྡྷ་དྷེ་རྨ་ཏེ་ས་ར་ས་ར་མ་སཱ་བཱ་ལཱ་ཧ་ས་ཧ་ས་ས་ཏྲ་ཡ་ས་ཏྲ་ཡ་ག་ག་ན་མ་ཧཱ་བཱ་ལ་རཀྵ་ཎེ་ཛྭ་ལ་ཛྭ་ལ་ན་སཱ་ག་རེ་སྭཱ་ཧཱ། དེ་ནས་རང་དང་གཞན་ལ་ངེས་པར་ལེགས་པར་སྒྲུབ་པའི་ཡན་ལག་ཉིད་དུ་སྔོན་དུ་འགྲོ་བའི་ཆོ་ག་རྗེས་སུ་བསྒྲུབ་པར་བྱའོ། །དེ་ལ་དང་པོ་ནང་
པར་སྔར་ལངས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་རྗེ་བོ་ཡིན་པའི་བསམ་པ་ཉིད་ཀྱིས་འདི་ལྟར་རབ་ཏུ་ཕྱག་འཚལ་ཏེ། འཇིག་རྟེན་ཁམས་ནི་མཐའ་ཡས་ན། །ཇི་སྲིད་རྒྱལ་བ་སྲས་བཅས་པ། །དེ་དག་ཀུན་ལ་ལུས་ངག་དང་། །བདག་ཡིད་ཀྱིས་ཀྱང་ཕྱག་འཚལ་ལོ། །
དེའི་རྗེས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། བྱང་ཆུབ་སྦྱིན་པར་བྱེད་པ་ཡིས། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །སེམས་ཅན་ཀུན་ལ་ཕན་འབྱུང་བའི། །བཟང་པོའི་སྤྱོད་པ་བདག་གིས་སྤྱད། །དེ་ནས་བགེགས་ཐམས་ཅད་ཚར་གཅད་པར་བྱ་བའི་དོན་དུ་རྡོ་རྗེ་གཏུམ་མོའི་ཕྱག་
རྒྱ་བཅིངས་ལ་མི་གཡོ་བའི་སྙིང་པོ་དོན་ཡོད་པ་ལན་གསུམ་བརྗོད་པར་བྱའོ། །དེ་ལ་རྡོ་རྗེའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཡས་པའི་ཐལ་མོ་གྱེན་དུ་བསླངས་ལ་མཐེ་བོང་གིས་མཛུབ་མོའི་རྩེ་མོ་མནན་པའི་ལྷག་མ་རྣམས་ནི་རྡོ་རྗེའི་མཚན་ཉིད་དོ། །སྔགས་ནི་རྡོ་རྗེ་ཅན་མ་ལུས་པ་ལ་ཕྱག་
འཚལ་ལོ། །ཏྲཱ་ཊ་ཨ་མོ་གྷ་ཙཎྜ་མ་ཧཱ་རོ་ཥ་ཎ་སྭཱ་ཊ་ཡ་ཧཱུྃ་ཏྲ་མ་ཡ་ཏྲ་མ་ཡ་ཧཱུྃ་ཊ་ཊུ་ཧཾ་མཾ། བཀྲ་ཤིས་ཀྱི་ཡང་བཅིང་བར་བྱ་སྟེ། གཉིས་ཀའི་སོར་མོ་རྣམས་སྤེལ་ནས་ནང་དུ་བཀུག་པས་ཁུ་ཚུར་བཅངས་ཏེ། གུང་མོ་གཉིས་རྩེ་གཅིག་ཏུ་ཕྱིར་བསྐྱེད་ལ་མཛུབ་མོ་གཉིས་ཀྱང་མཐེ་བོང་གི་རྩེ་མོས་

ཅུང་ཟད་མ་རེག་པར་མནན་ལ་གཟུང་བར་བྱའོ། །སྔགས་ནི་ཨོཾ་ཧ་ར་ཧ་ར་མ་ཧཱ་ནི་མཏྟི་ཧཱུྃ་ཕཊ་སྭཱ་ཧཱ། དེ་ནས་གདོང་བཀྲུ་བ་ལ་སོགས་པ་བྱས་ལ་བདེ་བའི་སྟན་ལ་ཉེ་བར་གནས་ཏེ། ཐང་ཀ་དང་གླེགས་བམ་དང་། སྐུ་གཟུགས་ལ་སོགས་པ་གང་ཡང་རུང་བའི་མདུན་དུ་ཕྱོགས་བཅུ་ན་
བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ཤིང་མེ་ཏོག་སིལ་མ་གཅལ་དུ་བཀྲམ་པའི་མཎྜལ་བྱས་ལ། སྔར་བཞིན་དུ་ཚིགས་སུ་བཅད་པ་གཉིས་ཀྱིས་ཡན་ལག་ཐམས་ཅད་ཀྱིས་ལེགས་པར་ཕྱག་བཙལ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་དེ། འདི་ལྟར་སངས་རྒྱས་དང་བྱང་
ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་དབུལ་བར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བདག་ཉིད་ཀྱིས་བདག་ཉིད་དབུལ་གྱིས། ཐམས་ཅད་ནས་དུས་ཐམས་ཅད་དུ་ལེགས་པར་བདག་གཟུང་དུ་གསོལ། སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱིས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་མགོན་པོ་རྣམས་ཁྱེད་ལ་ནི་དངོས་གྲུབ་ཀྱི་མཆོག་གསོལ་བ་ཡང་ལགས་ཀྱིས་ཞེས་བྱའོ། །དེ་ནས་སྡིག་པ་རྣམས་ཐམས་ཅད་བཤགས་པར་བྱ་སྟེ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་བསྐྱེད་པའི་དུས་
ཐམས་ཅད་པའི་སྡིག་པ་ཐམས་ཅད་ལྷག་མ་མ་ལུས་པར་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ལྟར་བདག་གིས་ཀྱང་བཤགས་པར་བགྱིའོ། །ཞེས་བྱ་བའོ། །དེ་ནས་བསོད་ནམས་ལ་རྗེས་སུ་ཡི་རང་བར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསོད་ནམས་དང་།
ཡེ་ཤེས་ཀྱི་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དུས་གསུམ་གྱིས་བསྡུས་པ་གང་དག་ཡིན་པ་དེ་དག་རྣམས་ལ་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པ་ལྟར་རྗེས་སུ་ཡི་རང་བར་གྱུར་པའི་མཆོག་གི་རྗེས་སུ་ཡི་རང་བར་བགྱིའོ་ཞེས་སོ། །དེ་ནས་སྐྱིལ་ཀྲུང་གིས་ལེགས་པར་
གནས་ལ། དམ་ཚིག་གི་ཕྱག་རྒྱ་འདི་བཅིང་བར་བྱ་སྟེ། ཐལ་མོ་སྦྱར་བ་སྤྱི་བོའི་སྟེང་དུ་བཞག་པ་ནི་དམ་ཚིག་གི་ཕྱག་རྒྱའོ། །སྔགས་ནི་ཡང་དག་པར་གྲུབ་པར་སྒྲུབ་པ་ལ་ཕྱག་འཚལ་ལོ། །མཐར་ཕྱིན་པའི་ཐུགས་རྗེས་མཆོག་སྟེར་བ། ཏ་ཡི་ཏ་ཡི། ཨ་ཏི་བ་ལི་ན་མོ་སྟུ་བ་ར་སིདྡྷི་དཱ་ཡ་ཀེ་བྷྱོ། །

མ་ཧཱ་ཀྲི་པེ་བྷྱཿསྭཱ་ཧཱ། འདི་དག་ནི་ཕྱག་རྒྱ་དང་གསང་སྔགས་ཐམས་ཅད་ཀྱི་དམ་ཚིག་ལེགས་པར་བསྟན་པར་འགྱུར་རོ། །དེ་ནས་སྔར་བཞིན་དུ་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་མི་གཡོ་བའི་སྙིང་པོ་རྗེས་སུ་དྲན་པར་བྱ་བ་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨ་ཙ་ལ་ཀཱ་ཎ་ཙནྜ་སཱ་དྷ་ཡ་ཧཱུྃ་ཕཊ། དེའི་རྗེས་ཐོགས་སུ་རྡོ་རྗེ་གཙུག་
ཏོར་གྱི་ཕྱག་རྒྱ་མགོ་ལ་དགོད་པར་བྱ་བ་ལ། གཡས་པ་ཁུ་ཚུར་བཅངས་པའི་མཐེ་བོང་བསླང་བར་བྱ་བའོ། །སྔགས་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཏྲི་ཤི་ཁཱ་གྲི་ན་མོ་སྟུ་སྟེ། ས་མནྟ་ད་ས་མནྟཱ་གྲི་གུཧྞཱ་ཙ་ལཱ་གྲ་དྷ་ར་མེ། པི་དྷུ་ཎཱ་ཧི་ཀླེ་ཤ་དུཿཁཱ་ཛཱ་ལཱ་ན་ཛ་ག་
ཏཿསརྦ་སུ་ཁ་ན་དཱ་ཧི་ཙ་ཤུ་ཏ་ཏྲེ་ད་མ་ཏྲི་ས་མ་ཡེ་ཀུ་རུ་སྭཱ་ཧཱ། འདིས་ནི་སྔགས་པ་ཐེག་པ་ཆེན་པོ་ལས་ཡོངས་སུ་ཉམས་པར་མི་འགྱུར་བ་དང་བར་ཆད་མེད་པར་གྲུབ་པར་ཡང་འགྱུར་རོ། །གཞན་ཡང་ཟླ་མེད་པའི་སྲུང་བ་ཆེན་པོ་གནས་ལྔར་དགོད་པར་བྱ་སྟེ། སྲུང་བ་ཆེན་པོར་འགྱུར་རོ། །སྲིན་ལག་
དང་མཐེའུ་ཆུང་དག་ནང་དུ་བཅུག་པའི་སྙིམ་པ་བྱས་ལ་མཐེའུ་ཆུང་གཉིས་ཕྱིར་བརྐྱང་ལ་རྩེ་མོ་སྤྲད་དེ་སྲིན་ལག་གཉིས་བཀུག་པ་དེའི་སྟེང་དུ་མཐེ་བོང་གཉིས་ཅུང་ཟད་མ་རེག་པར་དགོད་དོ། །གུང་མོ་གཉིས་སྦྱར་ནས་བསྒྲེང་བ་དེའི་ལོགས་ཀྱི་ཚིགས་གསུམ་བར་མཛུབ་མོ་ཅུང་ཟད་བཀུག་པས་བཀོད་པ་ནི་ཟླ་
མེད་པ་ཞེས་བྱ་བའི་ཕྱག་རྒྱའོ། །སྔགས་ནི་ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་ཕཊ། ཡཱ་ས་ཧེ་ཧཱུྃ་ཕཊ། དེ་ནས་ནི་གོ་ཆ་ཆེན་པོའི་ཕྱག་རྒྱ་སྟེ། རྡོ་རྗེ་མི་ཐུབ་པའི་གོ་ཆ་བགོ་བར་བྱ་བ། མཐེའུ་ཆུང་གཉིས་དང་མཐེ་བོང་གཉིས་ལུ་གུ་རྒྱུད་ཀྱི་རྣམ་པ་གཞན་རྣམས་ཀྱི་རྩ་བ་དང་བར་དང་རྩེ་མོ་ལེགས་པར་སྦྱང་བ་ནི་
རྡོ་རྗེ་མི་ཐུབ་པའོ། །སྔགས་ནི་ན་མཿས་མནྟ། བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་བ་ཡེ་བ་ཀ་བ་ཙེ་ཧོ་བཛྲ་བཛྲ་ཧཱུྃ་ཕཊ། དེ་ལྟར་བདུད་ལ་སོགས་པ་རྣམས་ཀྱིས་ཆེས་ཤིན་ཏུ་ཡང་བརྫི་བར་མི་འགྱུར་རོ། །དེ་ལྟར་བདག་སྲུང་བ་བྱས་ནས་གནས་བསྲུང་བར་བྱ་སྟེ། དེ་ལྟར་རྡོ་རྗེ་གདན་གྱི་ཕྱག་རྒྱས་གདན་རྡོ་རྗེའི་རང་བཞིན་
དུ་བྱིན་གྱིས་བརླབ་པར་བྱ་བ་ལས། སྐྱིལ་ཀྲུང་བཅས་ལ་ཐལ་མོ་གཡོན་པ་བཀན་པའི་སྟེང་དུ་ཐལ་མོ་གཡས་པ་ཁ་ཡར་ལྟ་བ་ལེགས་པར་བཞག་པ་ནི་རྡོ་རྗེ་གདན་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་ས་ནེ་པཾ་ཧཱུྃ་ཕཊ། དེ་ནས་རྡོ་རྗེའི་དཀྱིལ་འཁོར་གྱི་ཕྱག་རྒྱས་བདག་

ཉིད་ཀྱི་གནས། རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པར་བྱ་སྟེ། ཐལ་མོ་མཉམ་པར་སྦྱར་བ་མཛུབ་མོ་གཉིས་དང་སྲིན་ལག་གཉིས་ཀྱི་ཚིགས་དབུས་མ་བཅག་ནས་ནང་དུ་བཀུག་སྟེ་ལེགས་པར་བཅུག་པས་ཀ་བའི་རྣམ་པར་རོ། །ལྷག་མ་ཁབ་ཀྱི་རྣམ་པར་བྱ་བ་ནི་རྡོ་
རྗེའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲཱ་གྲ་བྷུ་བ་ནེ་ལྃ་ཨོཾ་ཧཱུྃ་ཕཊ། ད་ནི་རྡོ་རྗེ་ར་བ་ཡིན་པས། དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། སྙིམ་པ་གདངས་པའི་སྲིན་ལག་གཉིས་ནང་དུ་དགུག་གུང་མོ་གཉིས་རྩེ་སྤྲང་ནས་བསྒྲེང་བའི་ཚིགས་གསུམ་པ་ལ་མཛུབ་མོ་གཉིས་རྡོ་རྗེའི་
རྣམ་པར་བཀོད་པའི་ལོགས་ལ་ཡང་མཐེ་བོ་གཉིས་སྦྱར་བ་ནི་ར་བའི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲ་མཎྜ་ལེ་བནྡྷ་བནྡྷ་ཧཱུྃ་ཕཊ། དེ་ནས་དེའི་སྟེང་དུ་རྡོ་རྗེའི་གུར་ཡིན་པས་དེའི་ཕྱག་རྒྱ་དགོད་པར་བྱ་སྟེ། ཐལ་མོ་མཉམ་དུ་སྦྱོར་ལ་སྲིན་ལག་གཉིས་དང་མཛུབ་མོ་གཉིས་རྒྱབ་སྤྲད་ལ་ནང་དུ་དགུག་
གོ། །གུང་མོ་རྩེ་སྤྲད་ལ་བསྒྲེང་དེ་བཞིན་དུ་མཐེའུ་ཆུང་དང་མཐེབ་མོ་དག་ཀྱང་བྱས་པ་ནི་གུར་གྱི་ཕྱག་རྒྱའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་བཛྲཱ་གྲ་བྷ་ནེ་མཿཧཱུྃ་ཕཊ། དེ་ནས་ཕྱི་རོལ་དུ་རྡོ་རྗེ་འབར་བ་སྟེ། དེའི་ཕྱག་རྒྱ་དགོད་པར་བྱ་བ་ནི། མི་འཇིགས་པའི་ཕྱག་རྒྱར་བྱས་པའི་རྒྱབ་ཏུ་གཡོན་པ་སོར་མོ་
རྣམས་ཀྱི་བཀབ་ལ། གཡས་པས་བསྐོར་བ་ནི་རྡོ་རྗེ་འབར་བའོ། །སྔགས་ནི། ན་མཿས་མནྟ་བཛྲཱ་ཎཱཾ་ཨོཾ་ཧཾ་ཧཱུྃ་ཕཊ། དེ་ནས་མཚམས་གཅད་པར་བྱ་སྟེ། ལག་པ་གཡས་པ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་བས་གཡས་སུ་བསྐོར་བར་བྱའོ། །བར་མཚམས་མེད་པ་ཞེས་བྱ་བའི་མཚམས་བཅད་པའོ། །
འདིའི་སྔགས་ནི། ན་མཿས་མནྟ་བཛྲ་ཎཱཾ་ཨོཾ་ཧཾ་ཧཱུྃ་མ་ཧཱ་སཱི་མཱ་བནྡྷེ་བནྡྷ་བནྡྷ་བཛྲེ་བཛྲི་ཎི་ཧཱུྃ་ཕཊ། དེ་ལྟར་སྲུང་བ་ཡན་ལག་དང་བཅས་པ་བྱས་པ་དེས་དེ་ནས་རང་གི་གནས་ནས་གནས་པ་ཉིད་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་བཞིན་གཤེགས་པ་འབྱུང་བའི་ཕ