Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 75

Văn bản gốc(Tây Tạng)

Trang 15 / 15 (50.000 ký tự/trang)
ད་ལ། རང་གི་སྙིང་གར་ཡི་གེ་པྃ་ལས་བྱུང་བའི་པདྨ་དམར་པོའི་སྟེང་དུ་ཡི་གེ་ཨཾ་གིས་བསྐྱེད་པའི་ཟླ་བ་ལ་གནས་པར་རང་ཉིད་ཀྱི་ས་བོན་རྣམ་པར་བསྒོམས་ཏེ། དེ་ལས་སྤྲོས་པས་སྤྱན་དྲངས་པའི་བླ་མ་

དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའ་ལ་གནས་པ་རྣམས་ལེགས་པར་མཆོད་ཅིང་། སྡིག་པ་བཤགས་པ་ལ་སོགས་པ་རྣམས་ཀྱང་ཆོ་ག་བཞིན་དུ་བྱས་ཤིང་། སྟོང་པ་ཉིད་ཀྱང་བསྒོམས་ཏེ། བྱིན་གྱིས་ཀྱང་བརླབས་ལ། མདུན་དུ་ཡི་གེ་ར་དམར་པོ་ཡོངས་སུ་གྱུར་
པ་ལས་ཉི་མ་ལ་གནས་པའི་ཡི་གེ་ཧཱུཾ་ནག་པོ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་རྣམ་པར་བལྟས་ཏེ། དེ་ལས་རྡོ་རྗེ་འཕྲོས་པས་རྡོ་རྗེའི་ས་གཞི་དང་། རྡོ་རྗེའི་ར་བ་དང་། རྡོ་རྗེའི་གུར་བསྒོམ་པར་བྱ་བའོ། །དེ་ནས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཡི་གེ་པཾ་དམར་པོ་ལས་བྱུང་བའི་པདྨའི་
སྟེང་དུ་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་བྷྲཱུྃ་དཀར་པོ་དང་བ་ཡོངས་སུ་གྱུར་པ་ལས་འཁོར་ལོ་དཀར་པོ་དབུས་ན་ཡི་གེ་བྷྲཱུྃ་གནས་པ་དམིགས་ལ། པདྨ་དང་ཟླ་བ་དང་འཁོར་ལོ་དང་ས་བོན་རྣམས་ཡོངས་སུ་གྱུར་པས་བསྐྱེད་པའི་གཞལ་ཡས་ཁང་སྟེ། ཐམས་ཅད་ཀྱང་རིན་
པོ་ཆེ་ལས་གྱུར་པ་གྲུ་བཞི་པ་ལ་སོགས་པའི་ཡོན་ཏན་རྣམས་དང་ལྡན་པ། རིམ་པ་གཉིས་པ་ནང་རིམ་གྱི་ལྟེ་བ་ལ་གནས་པའི་པདྨ་འདབ་མ་བརྒྱད་པའི་སྙིང་པོ་ལ་ཟླ་བ་ཚེས་པས་ཉེ་བར་མཛེས་པར་བྱས་པ། སྒོ་བཞི་ན་གནས་པའི་ཉི་མ་བཞི་ཤིན་ཏུ་འོད་འཕྲོ་བར་བལྟ་བར་བྱའོ། །དེ་
ནས་དབུས་ཀྱི་ཟླ་བའི་སྟེང་དུ་ས་བོན་གྱི་ཡི་གེ་དེ་ཉིད་དོ། །དེ་ནས་འོད་སྤྲོ་བ་དང་བསྡུ་བའོ། །དེ་ནས་ས་བོན་དེ་ལས་བཅོམ་ལྡན་འདས་མ་སྒྲོལ་མར་བདག་ཉིད་བསྒོམ་པར་བྱ་སྟེ། ཟླ་བའི་གདན་དང་འོད་ཟེར་དང་ལྡན་ཞིང་ཞི་བ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་མདོག་
ལྗང་སྔོན་ཞལ་གཅིག་མ། སྤྱན་གཉིས་ཕྱག་བཞི་མ། ཕྲེང་བ་དང་། མཆོག་སྦྱིན་པ་དང་། ཨུཏྤ་ལ་དང་། པོ་ཏི་བསྣམས་པ། སྣ་ཚོགས་པའི་རྒྱན་དང་ན་བཟའ་དང་ལྡན་པའོ། །དེ་ནས་ཨོཾ་ནི་མགོ་ལའོ། །ཏཱ་ནི་དཔྲལ་བར་རོ། །རེ་ནི་མིག་གཉིས་ལའོ། །ཏུ་ནི་མགུལ་
པར་རོ། །ཏྟཱ་ནི་ངག་ལའོ། །རེ་ནི་སྙིང་ལའོ། །ཏུ་ནི་ལྟེ་བར་རོ། །རེ་ནི་གསང་བར་རོ། །སྭཱ་ནི་པུས་མོ་གཉིས་ལའོ། །ཧཱ་ནི་རྐང་པ་གཉིས་ལ་དགོད་པར་བྱའོ། །སྙིང་གར་ཟླ་བ་དང་པདྨ་ལ་གནས་པའི་ས་བོན་གྱི་འོད་ཟེར་གྱིས་ལེགས་པར་བསྐུལ་བ་ལ་སོགས་པའི་

སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཀྱིས་དབང་བསྐུར་བར་གྱུར་པས་དོན་ཡོད་གྲུབ་པ་ཅོད་པན་ལ་བསྒོམ་པར་བྱ་བའོ། །དེ་ནས་ཕྱི་རིམ་ལ་གནས་པའི་ཟླ་བ་ལ་རྡོ་རྗེ་སྒྲོལ་མ་ལ་སོགས་པའི་ལྷ་མོ་རྣམས་སྐད་ཅིག་གིས་བལྟས་པས། ཕྱི་ནས་རྣམ་པར་བསྒོམ་པར་
བྱ་བ་ལས་ཤར་དུ་རྡོ་རྗེ་སྒྲོལ་མ་ནག་མོ་རྡོ་རྗེ་ཕྱག་ན་བསྣམས་པའོ། །ལྷོ་ན་རིན་ཆེན་སྒྲོལ་མ་སེར་མོ་རིན་པོ་ཆེ་ཕྱག་ན་བསྣམས་པའོ། །ནུབ་ན་པདྨའི་སྒྲོལ་མ་དམར་པོ་པདྨ་དམར་པོ་ཕྱག་ན་བསྣམས་པའོ། །བྱང་ན་སངས་རྒྱས་སྒྲོལ་མ་དཀར་མོ་འཁོར་ལོ་བསྣམས་པའོ། །མེ་
མཚམས་ན་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག་གི་ཕྲེང་བ་བསྣམས་པའོ། །བདེན་བྲལ་གྱི་མཚམས་ན་བདུག་པའི་སྒྲོལ་མ་ནག་མོ་ཕྱག་ན་སྤོས་ཕོར་བསྣམས་པའོ། །རླུང་མཚམས་ན་མར་མེའི་སྒྲོལ་མ་སེར་མོ་མར་མེའི་སྣོད་བསྣམས་པའོ། །དབང་ལྡན་གྱི་མཚམས་ན་དྲིའི་སྒྲོལ་མ་
དམར་མོ་དྲིའི་དུང་ཆོས་བསྣམས་པའོ། །འདི་དག་རྣམས་ནི་སྣ་ཚོགས་པདྨའི་འདབ་མའི་ཟླ་བ་ལ་སྟེ། བརྒྱད་ཀ་ཡང་ཟླ་བའི་འོད་དང་ལྡན་ཞིང་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ་གཡོན་པས་ཨུཏྤ་ལ་བསྣམས་པ། ཞལ་འཛུམ་པ་སྣ་ཚོགས་པའི་རྒྱན་དང་ན་བཟའ་དང་ལྡན་
པའོ། །ཤར་གྱི་སྒོར་ནི་རྡོ་རྗེ་ལྕགས་ཀྱུ་མ་སྟེ་ནག་མོ་ཕྱག་ན་རྡོ་རྗེ་ལྕགས་ཀྱུ་བསྣམས་པའོ། །ལྷོ་ན་ནི་རྡོ་རྗེ་ཞགས་པ་མ་སྟེ་སེར་མོ་རྡོ་རྗེའི་ཞགས་པ་ཕྱག་ན་བསྣམས་པའོ། །ནུབ་ན་ནི་རྡོ་རྗེ་ལྕགས་ཐག་མ་སྟེ་དམར་མོ་རྡོ་རྗེའི་ལྕགས་ཐག་བསྣམས་པའོ། །བྱང་ན་ནི་རྡོ་རྗེ་དྲིལ་
བུ་མ་སྟེ་དཀར་མོ་རྡོ་རྗེ་དྲིལ་བུ་ཕྱག་ན་བསྣམས་པའོ། །དེ་དག་རྣམས་ནི་སྒོ་བཞིར་ཉི་མ་ལ་བལྟ་བར་བྱ་སྟེ། ཉི་མའི་གཟི་བརྗིད་དང་ལྡན་པ། སྐྲ་སེར་པོ་གྱེན་དུ་འབར་བ། །གཡོན་བསྐུམ་པའི་ཞབས་ཀྱིས་གནས་པ། སྦྲུལ་གྱིས་བརྒྱན་ཅིང་བཞིན་རྣམ་པར་བསྒྱུར་བ་སྟག་
གི་པགས་པའི་ཤམ་ཐབས་བསྣམས་པ། ཕྱག་གཡོན་པ་རྣམས་ཀྱིས་ཨུཏྤ་ལ་བསྣམས་པ་ཡིན་ནོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་ལྷན་ཅིག་ཏུ་བྱས་ལ། རང་གི་སྙིང་གའི་པདྨ་ལ་གནས་པའི་རང་གི་ས་བོན་ཤིན་ཏུ་ཕྲ་བ་མི་གཡོ་བའི་ཡིད་ཀྱིས་བསྒོམས་ལ་སྔགས་

བཟླས་པར་བྱ་བའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་དྷ་ན་མྨེ་ད་ད་སྭཱ་ཧཱ། དེ་ལས་ལངས་པའི་དུས་སུ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་ཞེས་བྱ་བ་ལ་སོགས་པའི་སྔགས་དང་ཨུཏྤ་ལའི་ཕྱག་རྒྱས་གཏོར་མ་བཏང་ལ། སྨོན་ལམ་ཡང་བཏབ་སྟེ། ལྷའི་འཁོར་ལོ་རང་གི་ས་བོན་གྱི་ནང་དུ་བསྡུས་ནས། རང་ཉིད་
ཀྱི་ལྷའི་རྣམ་པ་དང་ལྡན་པས་ཇི་ལྟར་བདེ་བར་རྒྱུ་བར་བྱའོ། །ཉི་མ་ཕྱེད་ཀྱི་དུས་དང་ཕྱི་དྲོའི་དུས་ཀྱི་ཐུན་དག་ལ་ནི་རང་གི་སྙིང་གའི་ས་བོན་ལས་སྐད་ཅིག་གིས་ལྷའི་འཁོར་ལོ་ཀུན་དུ་སྤྲོས་ལ་སྔར་བཞིན་དུ་བསྒོམ་པ་དང་བཟླས་པ་ལ་སོགས་པ་བྱ་བའོ། །ཕྱི་དྲོའི་དུས་དང་གུང་གི་དུས་
ཀྱི་ཐུན་ལ་ནི་འདི་དག་ཁྱད་པར་ཡིན་ཏེ། མེ་ཏོག་ལ་སོགས་པས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལེགས་པར་མཆོད་ལ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མུཿཞེས་བྱ་བ་འདིས་གཤེགས་སུ་གསོལ་བར་བྱ་བ་ཡིན་ནོ། །སྒྲོལ་མ་ནོར་སྦྱིན་མའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་ཨ་བྷ་
ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཏཱ་རོདྦྷ་ཝ་ཀུ་རུ་ཀུལླཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུལླཱའི་སྒྲུབ་ཐབས། སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུལླེ་ལ་ཕྱག་འཚལ་
ལོ། །རེ་ཞིག་ཐོག་མར་སྔགས་པས་ཡིད་དུ་འོང་བར་འགྱུར་བའི་གནས་འགའ་ཞིག་ཏུ་འཇམ་པའི་སྟན་ནང་ཚངས་ཅན་ལ་སོགས་པ་ལ་ཉེ་བར་གནས་ཏེ། ཐང་ཀ་ལ་སོགས་པ་ལ་བཞུགས་པའི་བཅོམ་ལྡན་འདས་མ་བཀྲམ་ལ། ཕྱི་རོལ་གྱི་མཆོད་པ་བྱས་ནས་རང་གི་སྙིང་
གར། དྲི་མེད་ཟླ་བ་ཉ་བའི་མདོག །དབྱངས་ཡིག་དང་པོ་ལེགས་ལས་འབྱུང་། །སེམས་ཀྱི་ཟླ་བ་ལེགས་བསྒོམས་ལ། །ས་བོན་དེ་སྟེང་དགོད་པར་བྱ། །དྲོ་བ་རྣམས་ཀྱི་བཞི་པ་ནི། །མེ་ཡི་ཡི་གེ་སྟེང་ན་གནས། །ཡི་གེ་ཨི་དང་ཡང་དག་ལྡན། །ནམ་མཁའ་གཉིས་ཀྱིས་
བརྒྱན་པའོ། །དེ་ཡི་འོད་ཟེར་སྣ་ཚོགས་ཀྱིས། །འཇིག་རྟེན་དྲི་མ་མེད་བྱས་ཤིང་། །མི་མཇེད་ཁམས་སོགས་སྦྱངས་བྱས་ནས། །ཀུ་རུ་ཀུལླེའི་རིར་སོང་སྟེ། །དེ་ནི་ལེགས་པར་བསྐུལ་ནས་ཀྱང་། །སྤྱན་དྲངས་ནས་ནི་མདུན་དུ་བཞུགས། །ས་བོན་དེ་ལས་མཁས་པ་

ཡིས། །མཆོད་པའི་སྤྲིན་ཚོགས་ཆེན་པོ་སྤྲོ། །མེ་ཏོག་བདུག་པ་དེ་བཞིན་སྒྲོན། །དྲི་དང་ལྷ་བཤོས་ཚོགས་རྣམས་དང་། །འགྱིང་བག་ཕྲེང་བ་གར་དང་གླུ། །རོལ་མོའི་མཆོད་སོགས་དེ་བཞིན་དུ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་
གིས་སྡིག་ཀུན་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེ་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སྔགས་འདི་ལན་གསུམ་བརྗོད་བྱས་ལ། །དེ་ནས་བཟོད་པ་མཛོད་ཅེས་ཀྱང་། །དེ་ཡི་ཚིགས་སུ་བཅད་པའི་དབྱངས་ནི་འདི་ཡིན་ཏེ། བདག་ནི་རྨོངས་པའི་ཡིད་ཀྱིས་
ཀྱང་། །སྡིག་པ་ཅུང་ཟད་གང་བགྱིས་པ། །ལུས་ཅན་གང་ཡིན་སྐྱོབ་མཛད་པའི། །ལྷ་མོ་ཁྱོད་ཀྱིས་དེ་བཟོད་མཛོད། །སེམས་ནི་བྱམས་ལ་གནས་པར་བྱ། །ཞིང་དེ་ནས་ནི་ཡང་སེམས་སྙིང་རྗེ་ལ་ངེས་པར་བཞག་པར་བྱས་ལ་རབ་ཏུ་དགའ་བའི་སེམས་ཀྱང་ལེགས་པར་བསྐྱེད་
པས་གནས་པར་བྱ་སྟེ། །ཕྱི་ནས་ནི་བཏང་སྙོམས་སུ་བྱས་པས། ཐམས་ཅད་ཀྱང་སེམས་ཙམ་དུ་རྣམ་པར་གཞག་པར་བྱ་བའོ། །རང་བཞིན་ང་རྒྱལ་གཞོམ་དོན་དུ། །དེ་ནས་སེམས་ཀྱང་སྟོང་པར་བྱ། །སྟོང་ཉིད་མེ་ཡིས་བསྲེགས་པས་ནི། །ཡང་སྲིད་ཕུང་པོ་ལྔ་མི་འབྱུང་། །
ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །ཡུད་ཙམ་སྟོང་ཉིད་རྣལ་འབྱོར་བྱ། །སེམས་ངལ་གསོ་བར་བྱ་བ་དང་། །དང་པོའི་སྨོན་ལམ་དྲན་བྱས་ལ། །ཡང་ནི་ས་བོན་ཙམ་དྲན་བྱ། །གཅིག་ཏུ་ཡོངས་སུ་མྱང་འདས་ལས། །བདག་གིས་
སེམས་ཅན་རབ་ཏུ་བསྒྲལ། །འཁོར་བའི་རྒྱ་མཚོ་བརྒལ་དཀའ་ལས། །ཇི་ལྟར་དེ་དག་བདག་གིས་བསྒྲལ། །སྙིང་རྗེས་ཟིན་པས་འདི་རྟོགས་ནས། །སྤྱོད་མེད་སྟོང་པ་ཉིད་བཏང་སྟེ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱིས། །སེམས་བསྐྱེད་པ་དང་ལྡན་པ་ལ། །ས་བོན་
སངས་རྒྱས་བྱིན་བརླབས་ཀྱིས། །དེ་ལ་ཨུཏྤ་ལ་ཞེས་བྱ་འབྱུང་། །ཨུཏྤ་ལ་ནི་ཟླ་བའི་གཟུགས། །དབྱངས་ཡིག་ཨ་ལས་ལེགས་འབྱུང་ངོ་། །ཟླ་བ་དེར་ཡང་འོད་ཟེར་སྦྱོར་བ་ཡིས། །འཇིག་རྟེན་ཁམས་རྣམས་མ་ལུས་པ། །དེ་ཡི་རྣམ་སྦྱང་བསྒོམ་པར་བྱ། །སྦྱངས་

ནས་མཁྱེན་བྱ་འོད་ཟེར་གྱིས། །སངས་རྒྱས་བྱེ་བ་ཐམས་ཅད་ནི། །ཨུཏྤལ་དེ་ལ་ཞུགས་པར་བསྒོམ། །དེ་ལས་སྒྲོལ་མ་འབྱུང་བ་ཡིན། །སྐུ་མདོག་དམར་པོ་ཕྱག་བཞི་མ། །པདྨ་དམར་པོའི་གདན་ལ་བཞུགས། །གོས་དམར་ཟུང་བསྣམས་སྐལ་ལྡན་མ། །རྣ་གདུབ་དབུ་རྒྱན་
དམར་པོ་ཅན། །གཡས་ཀྱི་ཕྱག་གཉིས་མི་འཇིགས་དང་། །མདའ་བསྣམས་པ་དང་གཞན་མ་ཡི། །གཡོན་པའི་ཕྱག་ནི་གཉིས་ཀྱིས་ཀྱང་། །གཞུ་དང་མཆོག་དམར་ཨུཏྤལ་བསྣམས། །ཀུ་རུ་ཀུལླཱའི་རི་ཕུག་གི །ནང་བཞུགས་སྣང་མཐའི་ཅོད་པན་གནས། །པདྨ་དམར་
པོའི་གདན་འོག་ན། །སྒྲ་གཅན་དེ་སྟེང་ཡོངས་གནས་པ། །འདོད་པའི་ལྷ་ནི་ཁྱོ་ཤུག་གཉིས། །ཤིན་ཏུ་རྒྱལ་བ་བསྒོམ་བྱ་སྟེ། །དེ་ལ་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །རིག་པ་ཀུན་ལ་རྣམ་སྦྱངས་མ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པའི། །བཅོམ་ལྡན་འདས་མ་
ཡང་དག་བསྒོམ། །དམ་ཚིག་སྐུ་ནི་ལེགས་ལྡན་པས། །ཡེ་ཤེས་འཁོར་ལོ་ལེགས་པར་དགུག །སྐད་ཅིག་སྣང་བ་ཡོངས་རྫོགས་པས། །ཡེ་ཤེས་འཁོར་ལོ་མདུན་དུ་བཞུགས། །ཛཿཧཱུཾ་བཾ་ཧོཿ། ཞེས་བྱ་བ་འདིས། སྤྱན་དྲངས་
དགུག་གཞུག་བརྟན་པར་བྱ། དགྱེས་པར་ཡང་བྱ་བའོ། །དམ་ཚིག་གི་ཕྱག་རྒྱའི་སྦྱོར་བས་ཁའི་ལམ་ནས་གཞུག་པར་བྱ་སྟེ། ལག་པ་གཉིས་སྙིམ་པར་བྱས་ལ་གུང་མོ་གཉིས་ཀ་ཡང་རྩེ་སྤྲད་ཅིང་། རྩེ་འོག་མཐིལ་དུ་སྲིན་ལག་གཉིས་དགུག་པ་མཐེབ་མོ་གཉིས་ཁོང་དུ་
བཏང་བའི་འོག་ཏུ་མནན་ལ། མཛུབ་མོ་གཉིས་གུང་མོ་གཉིས་ཀྱི་གློར་སྦྱར་ཞིང་གང་གི་ཚེ་མཐེའུ་ཆུང་གཉིས་ཀྱང་ཅུང་ཟད་རྩེ་དགུག་པའོ། །འདིས་ནི་དམ་ཚིག་བཅིང་བར་བྱ་བ་དང་། འདིས་འཁོར་ལོ་གཞུག་པར་བྱ་བ་ཡང་ཡིན་ནོ། །དེ་ནས་ནི་སངས་རྒྱས་རྣམས་ཀྱི་ཞེས་བྱ་
བའི་ཚིགས་སུ་བཅད་པའི་དབྱངས་བརྗོད་པས་དབང་བསྐུར་བ་དོན་དུ་གཉེར་བར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་བྱིན་པ་ཆེན་པོའི་ཆེ། །བདག་ཀྱང་བསྐྱབ་པར་བགྱིད་དོན་དུ། །མཁའ་རྡོར་ལ་སོགས་བདག་ལ་སྩོལ། །དེ་དག་ཆེར་གྱུར་སྦྱིན་མཛད་དེ། །

དབང་བསྐུར་རྒྱལ་པོ་ཞེས་བྱ་བའོ། །མེ་ཏོག་དབང་བཞིན་རྒྱལ་པོ་ཡང་། །སྤྱན་མ་ལ་སོགས་ལྔ་བདག་གིས། །ཁམས་གསུམ་པ་ཡི་ཕྱག་བྱས་པའི། །དབང་བསྐུར་རྡོ་རྗེ་ཆེན་པོ་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་ལེགས་
བྱུང་བདག་གིས་སྦྱིན། །སངས་རྒྱས་དབང་བསྐུར་པ་ཡི་སྒྲོལ། །ཆོས་ནི་གཙུག་གི་ནོར་བུར་བཞུགས། །ངོ་མཚར་འོད་ཟེར་དམར་འོད་ཀྱིས། །འཇིག་རྟེན་གསུམ་པོ་གསལ་བར་མཛད། །དབང་བསྐུར་རིན་ཆེན་ཐོབ་པས་ནི། །དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད། །ལོ་ཕྱེད་བརྟན་
པས་ལེགས་གནས་དང་། །ཇི་སྐད་བཤད་མཆོག་སྔོན་དུ་བཏང་། །ཐུན་གསུམ་ལ་ནི་གཏོར་མ་བཏང་། །སྒོམ་པའི་རིམ་པ་སྔོན་འགྲོ་བས། །སྒྲོལ་མའི་སྙིང་པོ་ཡིས་ནི་འདིར། །སྔགས་ནི་མཉམ་པར་བཞག་པས་བཟླས། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། དེ་དག་གི་སྔོན་དུ་འགྲོ་བ་ཡི་གེ་
འབུམ་བཟླས་པ་ལས་ཡང་དག་པར་བརྩམ་པར་བྱ་བའོ། །ཆ་ཤས་ཀྱིས་ནི་ཤེས་རབ་འཕེལ། །ཆ་གཞན་གྱིས་ནི་དབང་དུ་བྱེད། །ཆ་ནི་གསུམ་པ་ཉིད་ཀྱིས་ཀྱང་། །མི་ཡི་དུག་ནི་འབྱིན་པར་བྱེད། །དེ་ནི་འཇིག་རྟེན་ཀུན་གྱི་མཆོད་པར་བྱེད་འགྱུར་ཞིང་། །བུད་མེད་རྒྱགས་པ་དག་གིས་དྲེགས་
ལྡན་རྣམས་ཀྱང་སྟེ། །ཇི་ལྟར་འདོད་བཞིན་སྔགས་འཛིན་བྱེད་པའི་རྗེ་བོ་ཡིས། །བཤད་ལ་གོམས་པའི་སྦྱོར་བས་ལྷ་མི་མཛེས་རྣམས་ཀྱང་། །སྒྲིན་པོས་རིམ་གྱིས་གོམས་བྱས་ཏེ། །དངོས་གྲུབ་ཕྲན་ཚེགས་བསྒྲུབ་བྱས་ལ། །དངོས་གྲུབ་ཆེན་པོ་བསྒྲུབ་པར་བྱ། །ཐམས་ཅད་དུ་འདིར་
ཐེ་ཚོམ་སྤང་། །སྒྲོལ་མ་ལས་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་རྟོག་པ་ལས་གསུངས་པ་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླཱ་སཱ་དྷ་ནཾ། བོད་སྐད་དུ།
ཀུ་རུ་ཀུལླེའི་སྒྲུབ་ཐབས། སྒྲོལ་མ་ལས་ངེས་པར་འབྱུང་བའི་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ཀྱང་། །ལྷར་བཅས་ལྷ་མིན་མི་རྣམས་ཀྱང་། །རྟག་ཏུ་ཅི་བགྱི་བར་འགྱུར་བའི། །སྒྲོལ་མ་དེ་ལ་བདག་ཕྱག་འཚལ། །དང་པོར་རེ་ཞིག་སྔགས་པས་བུད་མེད་

ཀྱི་འགྲོ་བ་པའི་འདྲུལ་འཇུག་ལ་སོགས་པ་དང་བྲལ་ཞིང་ཡིད་ཀྱིས་རྗེས་སུ་མཐུན་པའི་གནས་འགའ་ཞིག་ཏུ་བདེ་བའི་སྟན་ལ་གནས་ལ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དང་བཅས་པའི་ས་བོན་གྱི་ཡི་གེ་ཧྲཱིཿརྣམ་
པར་སྤྲོས་པའི་འོད་ཟེར་དམར་པོའི་ཚོགས་རྣམས་ཀྱིས་འཇིག་རྟེན་ཀུན་དུ་སྣང་བར་བྱེད་པ་སྔོན་དུ་འགྲོ་བས། ཀུ་རུ་ཀུལླེའི་རི་ལ་གནས་པའི་ཀུ་རུ་ཀུལླེའི་བཅོམ་ལྡན་འདས་མ་ལེགས་པར་བསྐུལ་ཞིང་སྤྱན་དྲངས་པ་མདུན་གྱི་ནམ་མཁའི་ཡུལ་ཕྱོགས་སུ་ལེགས་པར་བསམས་ལ།
སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ངེས་པར་སྤྲུལ་པའི་རྣམ་པ་སྣ་ཚོགས་པའི་མེ་ཏོག་དང་བདུག་པ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱ་བའོ། །དེའི་རྗེས་ལ་ཕྱག་འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་
བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣམས་སྔོན་དུ་འགྲོ་བས། བདག་ནི་དཀོན་མཆོག་གསུམ་ལ་སྐྱབས། །བདག་སྡིག་ཐམས་ཅད་སོ་སོར་བཤགས། །སྐྱེ་དགུའི་བསོད་ནམས་ལ་རྗེས་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །
ཞེས་བྱ་བ་འདི་ལན་གསུམ་དུ་གདོན་ནོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ལ། དེ་བྱིན་གྱིས་རློབ་པའི་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་
ནོ། །དེའི་རྗེས་ལ་འཇིག་རྟེན་ཐམས་ཅད་སྡུག་བསྔལ་བར་སྙིང་རྗེས་དམིགས་ལ། རང་གི་སེམས་ཉིད་ས་བོན་གྱི་གཟུགས་སུ་རྣམ་པར་བལྟ་བར་བྱའོ། །དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་སྟེང་དུ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བ་ལ་གནས་
པའི་ས་བོན་གྱི་འོད་ཟེར་གྱིས་སྔར་བཞིན་དུ་འཇིག་རྟེན་ཀུན་དུ་སྣང་བར་བྱས་ཤིང་། དེ་བཞིན་གཤེགས་པ་བྱེ་བ་མཐའ་ཡས་པ་རྣམས་ཡང་དག་པར་བསྐུལ་ནས་སྤྱན་དྲངས་ལ་ནང་དུ་གཞུག་པར་བྱའོ། །ཨུཏྤལ་ལ་སོགས་པ་རྣམས་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་པོ་

སྟོད་ཤག་ཤིན་ཏུ་དམར་བ་འོད་ཟེར་དམར་པོས་ཁོར་ཡུག་ཏུ་གྱུར་པ་རྣ་གདུབ་དང་དབུ་རྒྱན་དམར་པོ་དང་ལྡན་པ། ཕྱག་བཞི་ལ་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཉིས་པས་ཡང་དག་བཀང་བའི་མདའ། གཡོན་པས་རིན་པོ་ཆེའི་གཞུ་
བསྣམས་པ། གཉིས་པས་ཨུཏྤལ་དམར་པོ་བསྣམས་པ། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་དབུ་རྒྱན་ལ་སྟེ། ཀུ་རུ་ཀུལླེའི་རིའི་ཕུག་ན་བཞུགས་ཤིང་སྐྲ་ཅན་གྱི་མགོ་ལ་གནས་པའི་ཆུང་མ་དང་བཅས་པའི་འདོད་པའི་ལྷའི་སྟེང་ན་པདྨ་དང་ཟླ་བ་དམར་པོའི་གདན་ལ་བཞུགས་
པའོ། །སྒེག་པའི་ཉམས་ཀྱིས་འགྱུར་མདོག་ཅིང་ཐོག་མའི་ལང་ཚོ་དང་ལྡན་པའི་ཀུ་རུ་ཀུལླེ་བསྒོམ་པར་བྱ་བའོ། །དེ་ལྟར་དམ་ཚིག་སེམས་དཔའ་རྫོགས་པར་བྱས་ལ། སྐད་ཅིག་གིས་ཡེ་ཤེས་པ་མདུན་དུ་ལེགས་པར་སྤྱན་དྲང་ཞིང་ལེགས་པར་མཆོད་དེ། དམ་ཚིག་གི་ཕྱག་རྒྱས་
ཁའི་ལམ་ནས་ནང་དུ་གཞུག་པར་བྱ་བའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་ཁ་སྦྱར་ལ་གུང་མོ་གཉིས་རྩེ་སྤྲད་ནས་བསླང་བའི་ནང་དུ་སྲིན་ལག་གཉིས་བཅུག་ལ། གུང་མོ་དག་གི་རྒྱབ་ཏུ་མཛུབ་མོ་གཉིས་ལེགས་པར་བྱ་ཞིང་མཐེ་བོང་གཉིས་ནང་དུ་བཀུག་པ་ནི་
དེའི་རྣམ་པ་ཡིན་པས་ན་ཨུཏྤ་ལའི་ཕྱག་རྒྱའོ། །དེའི་རྗེས་ལ་ནི། བྱང་ཆུབ་རྡོ་རྗེ་སངས་རྒྱས་རྣམས། །ཇི་ལྟར་བྱིན་པ་ཆེན་པོའི་ཆེ། །བདག་ཀྱང་བསྐྱབ་པར་བགྱི་དོན་དུ། །བདག་ལ་མཁའ་རྡོར་ལ་སོགས་སྩོལ། །ཞེས་བྱ་བ་ནི་དོན་དུ་གཉེར་བའོ། །ཁམས་གསུམ་པ་ཡིས་ཕྱག་བྱས་
པའི། །དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །བདག་གིས་སྦྱིན་བྱ་སངས་རྒྱས་ཀུན། །གསང་གསུམ་གནས་ལས་ལེགས་བྱུང་ཡིན། །ཞེས་བྱ་བ་འདི་བརྗོད་ནས་སངས་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས་པ་རྣམས་ཀྱིས་དབང་བསྐུར་སྦྱིན་པར་བྱེད་པར་བསྒོམ་པར་བྱ་སྟེ། དབུ་རྒྱན་ལ་
སྣང་བ་མཐའ་ཡས་རྣམ་པར་གནས་པ་ཡིན་ནོ། །དེ་ལྟར་བསྒོམ་པ་བྱས་ལ་བཟླས་པ་བྱ་སྟེ། མྱུར་བ་མ་ཡིན་བུལ་བར་མ་ཡིན་མི་གསལ་བ་མ་ཡིན་ཡན་ལག་དང་བྲལ་བར་མ་ཡིན་པ་དང་། ཡན་ལག་མ་ཡིན་པའི་རྟོག་པ་ཡང་སྤངས་ལ། ཨོཾ་ཀུ་རུ་ཀུལླེ་ཧྲཱི་སྭཱ་ཧཱ། དེ་ལྟར་

ཐུན་ཚོད་གསུམ་དུ་རིམ་པ་བཞིན་དུ་སྐྱ་ཁུར་དང་ཤ་ཁ་ར་ལ་སོགས་པའི་གཏོར་མ་བཏང་བ་སྔོན་དུ་བཏང་བས་གུས་པ་དང་བཅས་ཤིང་རྒྱུན་མི་འཆད་པར་བསམ་པ་བརྟན་པོས་ཟླ་བ་དྲུག་ཏུ་བསྒོམ་པར་བྱ་སྟེ། གྲུབ་པའི་རྟགས་འབྱུང་བར་འགྱུར་རོ། །དེ་ནས་ནི་ཟླ་བ་དང་པོ་ལ་ནང་དང་ཉེ་བར་
འཚེ་བ་ཞི་བར་འགྱུར་རོ། །ཟླ་བ་གཉིས་པ་ལ་ནི་ཟས་བསོད་པར་གྱུར་པ་འབྱུང་བར་འགྱུར་རོ། །གསུམ་པ་ལ་ནི་གོས་སྣ་ཚོགས་རྙེད་པར་འགྱུར་རོ། བཞི་པ་ལ་ནི་ཏམྦུ་ལ་རྣམ་པ་སྣ་ཚོགས་པ་རྒྱུན་མི་འཆད་པར་རྙེད་དོ། །ལྔ་པ་ལ་ནི་ངོ་མཚར་ཆེ་བའི་གཟུགས་ལ་སོགས་པའི་ཡོན་ཏན་དང་
ལྡན་པའི་བུད་མེད་འདུ་བར་འགྱུར་རོ། །ཟླ་བ་དྲུག་པ་ལ་ནི་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་མི་འམ་ཅི་ལ་སོགས་པའི་བུ་མོ་ལེགས་པར་འདུ་བར་འགྱུར་རོ། །བཅོམ་ལྡན་འདས་མ་བསྒོམ་པ་ལ་ནི་ཕལ་ཆེར་བུད་མེད་རྣམས་རྙེད་ཀྱི་ཉེ་བར་འབྱུང་བར་འགྱུར་རོ། །དེས་བདུད་ཀྱི་ལས་
དེ་དག་རྣམས་ཡོངས་སུ་སྤངས་ལ་བཅོམ་ལྡན་འདས་མ་བསྒོམ་པར་བྱ་སྟེ། རྨི་ལམ་མམ་དངོས་སུ་ཡང་རུང་སྟེ། གསལ་བར་བཀའ་བསྒོ་བར་འགྱུར་རོ། །རལ་གྲི་དང་མིག་རྩི་དང་རྐང་པའི་བྱུག་པ་དང་མི་སྣང་བར་འགྱུར་བ་དང་། བཅུད་ཀྱིས་ལེན་དང་མཁའ་སྤྱོད་དང་ཞིང་
སྐྱོང་དང་ས་འོག་གྲུབ་པ་ལ་སོགས་པའི་དངོས་གྲུབ་རྣམས་བསྒྲུབ་པར་བྱའོ། །གལ་ཏེ་བཀའ་བསྒོ་བ་མེད་པར་གྱུར་ན་དེའི་ཚེ་སྔར་བཤད་པའི་ཕྱག་རྒྱ་བཅིངས་ལ་མཆོད་པ་དང་གཏོར་མ་བཏང་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཟླ་བ་དྲུག་པ་གཞན་གྱི་ཟླ་བ་ལ་མཚན་རངས་པ་བཟླས་པར་
བྱ་བའོ། །དེ་ནས་ནི་འབར་བར་འགྱུར་ཞིང་དངོས་གྲུབ་ཀྱང་འབྱུང་སྟེ། ཕྱག་རྒྱ་དེས་ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། དྲག་པོ་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ཡང་དག་པར་དྲངས་ཤིང་ལེགས་པར་འདུས་ནས་ཅི་བགྱི་ཉིད་དུ་བསྙེན་ཏེ། སྒྲུབ་པ་པོ་མངོན་
པར་འདོད་པ་རྣམས་ཕུན་སུམ་ཚོགས་པར་བྱེད་དོ། །དེང་ནས་བཟུང་ནས་སྐྱེ་བ་དང་། རྒ་དང་། འཆི་བ་དང་བྲལ་བར་གྱུར་པ་གྲུབ་ནས་འཇིག་རྟེན་གྱི་ཁམས་གཞན་དུ་ཕྱིན་ཅིང་དེ་བཞིན་གཤེགས་པ་རྣམས་མཐོང་བར་འགྱུར་བ་དང་ས་དང་གཟུངས་ལ་སོགས་པ་ནས་ཐོབ་པར་འགྱུར་རོ། །

སྒྲོལ་མ་ལས་འབྱུང་བའི་ཀུ་རུ་ཀུལླེའི་ཚིག་ལྷུག་པའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤ །བོད་སྐད་དུ། གདམས་
ངག །སྭ་ལས་ཀུ་རུ་ཀུལླེར་བསྒོམ། །གཞན་ལས་ངེས་འབྱུང་མཚོ་སྐྱེས་ལ། །བསྒྲུབ་བྱ་ནང་དུ་ཆུད་བྱས་ཤིང་། །འདོད་པས་མོས་པར་བསྒོམ་པར་བྱ། །པདྨ་ཅུང་ཟད་དམར་བསྣམས་པའི། །ཡེ་ཤེས་སེམས་དཔའ་དེ་སྤྱིར་བསམ། །གཟུགས་ལྷུང་འདི་ནི་ཉིན་བདུན་དུ། །ཐུན་
ཚོད་གསུམ་དུ་བསྒོམ་པར་བྱ། །ཀུ་རུ་ཀུལླེས་དབང་དུ་བྱ་བའི་གདམས་ངག་ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཨུ་པ་དེ་ཤནྟ་རཿ། བོད་སྐད་དུ། གདམས་ངག་གི་ཁྱད་པར། ཧྲཱིཿཡིག་མྱོས་པའི་འདབ་མ་ཉེ་བའི་བཅུད་
རྣམས་འཛག་པར་གྱུར་པའི་ལྕེ་དག་དང་ཡང་ནི། །དེ་ཉིད་བློ་གྲོས་སྐྱེད་པར་བྱེད་པ་ལ་ནི་སྙིང་གི་དབུས་ཉིད་དུ་ནི་བྱ་བ་ཡིན། །དེ་ཉིད་མཐོང་དུག་ཟིལ་གནོན་དུག་འཇོམས་བྱེད་པ་ཆོས་ཀྱི་ཡི་གེ་རང་ཉིད་འབབ་པ་སྟེ། །སྒྲོལ་མའི་སྙིང་པོ་འདི་ནི་ཁམས་གསུམ་རྣམ་པར་རྒྱལ་བྱེད་ཤེས་བྱ་སྙིང་རྗེའི་
ཞིང་རྣམས་ཀྱིས། །གདམས་ངག་གི་ཁྱད་པར་ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་གདོང་པའི་ཕྱི་བྱད་
ལ་སོགས་པ་བྱས་ཏེ། བདེ་བའི་སྟན་ལ་གནས་པས་ཡི་གེ་ཨ་ལས་བྱུང་བའི་རང་གི་སྙིང་གའི་ཟླ་བ་ལ་ཡི་གེ་ཧྲཱིཿཤིན་ཏུ་དམར་བའི་འོད་ཟེར་གྱི་ལྷ་མོ་ཀུ་རུ་ཀུལླེ་ཡང་དག་པར་སྤྱན་དྲངས་ཤིང་། སྙིང་གའི་ས་བོན་ལས་ཀུན་ནས་བྱུང་བའི་མཆོད་པའི་ཁྱད་པར་གྱིས་ལེགས་པར་མཆོད་ལ་ཕྱག་
འཚལ་བ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་རྗེས་སུ་ཡི་རང་བ་དང་། བསྔོ་བ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གནས་བཞི་བསྒོམ་པར་བྱ་བ་རྣམས་ཀྱང་བྱས་ཏེ། སྟོང་པ་ཉིད་ཀྱང་རྣམ་པར་བསྒོམ་ཞིང་སྔགས་ཀྱིས་

ཀྱང་བྱིན་གྱིས་བརླབས་ལ། སྙིང་གའི་ས་བོན་ལས་ངེས་པར་གྲུབ་པའི་ཨུཏྤལ་དམར་པོ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ས་བོན་དེ་ཉིད་བསྒོམ་པར་བྱ་བའོ། །དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྟེ། སྐུ་མདོག་དམར་མོ་པདྨ་དང་ཟླ་བ་དམར་པོའི་
གདན་ལ་ན་བཟའ་དམར་པོ་དང་དབུ་རྒྱན་དང་ལྡན་པ། ཕྱག་བཞི་གཡས་པས་མི་འཇིགས་པ་རབ་ཏུ་སྦྱིན་པ། གཞན་གྱིས་ནི་ལེགས་པར་བཀང་བའི་མདའོ། །གཡོན་པའི་གཅིག་གིས་ནི་རིན་པོ་ཆེའི་གཞུ་བསྣམས་པ། གཞན་གྱིས་ནི་ཨུཏྤ་ལ་དམར་པོ་བསྣམས་པ་དབུ་རྒྱན་
ལ་སྣང་བ་མཐའ་ཡས་ཀུ་རུ་ཀུལླེའི་ཁོང་ན་བཞུགས་པར་གྱུར་པའི་སྒེག་པའི་ཉམས་དང་ལྡན་ཞིང་མཆོག་ཏུ་འབར་བར་གྱུར་པའི་གཞོན་ནུ་ལང་ཚོ་ལ་བབ་པའི་ཀུ་རུ་ཀུལླེ་ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱ་བའོ། །སྐྱོ་བར་ནི་སྔགས་བཟླས་པར་བྱ་བའོ། །དེ་ལ་
སྔགས་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། བསྒྲུབ་བྱ་དབང་དུ་བྱ་བར་འདོད་པས་ནི་ཤིང་མྱ་ངན་མེད་དམར་པོའི་རྩ་བར་ལེ་བརྒན་རྩིས་དཀྱིལ་འཁོར་གྲུ་གསུམ་པ་བྱས་ལ། དེ་ལ་མེ་ཏོག་དམར་པོས་ལྷ་མོ་ཡང་དག་པར་མཆོད་ཅིང་། བདག་ཉིད་ཀྱང་གོས་དམར་པོས་
བསྒྲུབ་བྱ་སྐྲ་གྲོལ་བ་གཅེར་བུར་གྱུར་ཅིང་། མྱོས་པ་རྡོག་པས་མནན་ཏེ། སྙིང་ཨུཏྤལ་དམར་པོའི་མདས་འབིགས་བཞིན་པས་སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་སྭཱ་ཧཱ་ཞེས་བྱ་བའོ། །ཀུ་རུ་ཀུལླེའི་
སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོར་སྔགས་པས་བདེ་བའི་སྟན་ལ་ཉེ་བར་གནས་
ལ། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་མདུན་དུ་བཅོམ་ལྡན་འདས་མ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྤྱན་དྲངས་ཏེ་ལེགས་པར་མཆོད་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་རྣམས་བྱ་བའོ། །དེ་ནས་སྟོང་པ་ཉིད་དུ་མོས་པར་བྱས་ཏེ། སྔགས་ཀྱིས་ཀྱང་བྱིན་

གྱིས་བརླབས་ལ། ཡི་གེ་ཨཾ་ལས་ཡང་དག་པར་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏྃ་འོད་ཟེར་གྱི་ཕྲེང་བ་དང་ལྡན་པར་རྣམ་པར་བསམས་ཏེ། དེ་དག་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེར་བལྟ་བར་བྱ་བ་ནི་པདྨ་དང་ཉི་མ་དམར་པོའི་
གདན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་དྲུག་མ། གཡས་པ་དང་གཡོན་པའི་ཕྱག་དང་པོ་གཉིས་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། གཡས་དང་གཡོན་པའི་ཕྱག་གཉིས་པ་དག་གིས་ནི་ལྕགས་ཀྱུ་དང་། ཨུཏྤ་ལ་དམར་པོ་བསམས་
པའོ། །ཕྱག་ལྷག་མ་གཉིས་ཀྱིས་ནི་མདའ་གཞུ་རྣ་བའི་དྲུང་དུ་འགེངས་པར་མཛད་པ། ན་བཟའ་དམར་པོ་བསྣམས་པ། དབུ་རྒྱན་ལ་དེ་བཞིན་གཤེགས་པ་ལྔ་སྟེ། བསྒྲུབ་བྱའི་སྙིང་གའི་ཨུཏྤ་ལ་དམར་པོའི་ལྟེ་བའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཏཱྃ་དམར་པོ་རྣམ་པར་བསྒོམས་
ལ། རླུང་གི་དཀྱིལ་འཁོར་ལ་བསྐྱོན་ཞིང་སྙིང་ལྕགས་ཀྱུས་ཕུག་ལ་བཀུག་སྟེ། དེའི་སྙིང་ལ་ཉེ་བར་ཞུགས་ལ་ཨུཏྤལ་དམར་པོའི་མདའ་མདེའུས་བསྒྲུབ་བྱ་ཡང་དང་ཡང་དུ་ཕུག་ཅིང་སྔགས་བཟླས་པར་བྱ་བའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་
བདག་གི་དབང་དུ་སྒྲུབས་ཧོཿསྭཱ་ཧཱ། དེ་ནས་རྣམ་པར་མྱོས་ཤིང་དབང་དུ་གྱུར་པས་རྐང་པ་གཉིས་ལ་ངེས་པར་གཏུགས་པར་བྱེད་པ་དེ་བལྟས་ལ་བསྐུར་བར་བྱ་སྟེ། དེ་ལྟར་གྱིས་ནི་བརྒྱ་བྱིན་ཡང་དབང་དུ་འདུ་བར་འགྱུར་རོ། །འདི་ནི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་
དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །སྔར་བཞིན་དུ་སྟོང་པ་ཉིད་ཀྱི་མཐར་ཐུག་པར་རྣམ་པར་བསྒོམས་ལ། ཡི་གེར་ཡོངས་
སུ་གྱུར་པ་ལས་ཉི་མ་ལ་ཡི་གེ་ཧྲཱིཿལས་སྤྲོ་བ་དང་བསྡུ་བའི་ཚོགས་རྣམས་ཀྱང་བསྒོམ་ཞིང་། སྐད་ཅིག་གིས་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཀུ་རུ་ཀུལླེ་སྟེ། ཕྱག་བརྒྱད་མ། སྐུ་མདོག་དམར་མོ་པདྨ་དམར་པོ་འདབ་མ་བརྒྱད་པ་དང་ཉི་མ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་

བཞུགས་ཤིང་། གཞལ་ཡས་ཁང་གི་ནང་ན་གནས་པ། ཕྱག་དང་པོ་གཉིས་ཀྱིས་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་མཛད་པ། གཡས་པའི་ཕྱག་ལྷག་མ་རྣམས་ཀྱིས་ནི་ལྕགས་ཀྱུ་དང་། རྣ་བའི་དྲུང་དུ་བཀང་བའི་མདའ་དང་། མཆོག་སྦྱིན་པའི་ཕྱག་རྒྱ་མཛད་པ།
གཡོན་པའི་ཕྱག་ལྷག་མ་རྣམས་ཀྱིས་ནི་ཞགས་པ་དང་གཞུ་དང་ཨུཏྤ་ལ་བསྣམས་པའོ། །རྒྱན་ཐམས་ཅད་དང་ལྡན་པ་བསྒོམ་པར་བྱ་བའོ། །ཤར་གྱི་འདབ་མ་ལ་རབ་ཏུ་དང་བའི་སྒྲོལ་མའོ། །ལྷོའི་འདབ་མ་ལ་གྲུབ་པའི་སྒྲོལ་མའོ། །ནུབ་ཀྱི་འདབ་མ་ལ་རྒྱལ་བའི་སྒྲོལ་མའོ། །
བྱང་གི་འདབ་མ་ལ་རྣ་བའི་སྒྲོལ་མའོ། །དབང་ལྡན་གྱི་འདབ་མ་ལ་ཙུནྡྲའོ། །མེའི་འདབ་མ་ལ་གཞན་གྱིས་མི་ཐུབ་པའོ། །བདེན་བྲལ་གྱི་འདབ་མ་ལ་མར་མེ་རབ་ཏུ་གསལ་བར་སྣང་བའོ། །རླུང་གི་འདབ་མ་ལ་སྒྲོལ་མ་དཀར་མོ་བསྒོམ་པར་བྱ་བའོ། །དེ་དག་ཐམས་ཅད་ཀྱང་
ཁ་དོག་དམར་མོ་དེ་བཞིན་གཤེགས་པ་ལྔ་དབུ་རྒྱན་དུ་གྱུར་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡས་པའི་ཕྱག་དག་གིས་མཆོག་སྦྱིན་པའི་ཕྱག་རྒྱ་དང་། རྣ་བའི་བར་དུ་བཀང་བའི་མདའ་བསྣམས་པ། གཡོན་པའི་ཕྱག་གིས་ཨུཏྤ་ལ་དང་གཞུ་བསྣམས་པ། ཤར་
གྱི་སྒོར་ནི་རྡོ་རྗེ་འཇིགས་བྱེད་མ་སྟེ་གསུས་པ་འཇོལ་བ་ཞལ་རྣམ་པར་བསྒྱུར་བ་མདོག་དམར་བ་མི་བསྐྱོད་པ་དབུ་རྒྱན་ལ་བཞུགས་པ། གཡས་པའི་ཕྱག་གཉིས་ཀྱིས་སྡིགས་མཛུབ་དང་ལྕགས་ཀྱུ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་རྡོ་རྗེའི་དྲིལ་བུ་དང་ཞགས་པ་
བསྣམས་པའོ། །ལྷོ་སྒོར་ནི་གཞན་གྱིས་མི་ཐུབ་མ་སྟེ་ཁ་དོག་སེར་མོ་དབུ་རྒྱན་ལ་རིན་ཆེན་འབྱུང་ལྡན་བཞུགས་པ། ཕྱག་གཡས་པ་གཉིས་ཀྱིས་ནི་དབྱུག་པ་དང་ལྕགས་ཀྱུ་བསྣམས་པ། གཡོན་པའི་ཕྱག་གཉིས་ཀྱིས་ནི་དྲིལ་བུ་དང་ཞགས་པ་བསྣམས་པའོ། །ནུབ་
སྒོར་ནི་རལ་གཅིག་མ་སྟེ་ཁ་དོག་ནག་མོ་སྐྲ་ནི་གྱེན་ལ་གསུས་པ་འཕྱང་བ། ཚེམས་ཀྱིས་མ་མཆུ་ཀུན་ནས་བསྔམས་པ། དབུ་རྒྱན་ལ་སྣང་བ་མཐའ་ཡས་བཞུགས་པ། གཡས་ཀྱི་ཕྱག་གཉིས་ན་རྡོ་རྗེ་དང་ལྕགས་ཀྱུ་བསྣམས་པ། གཡོན་གྱི་ཕྱག་གཉིས་ན་དྲིལ་བུ་དང་

ཞགས་པ་བསྣམས་པའོ། །བྱང་གི་སྒོར་ནི་རྡོ་རྗེ་དྲི་ཟ་མ་སྟེ་སེར་ལྗང་མ་དོན་ཡོད་གྲུབ་པ་དབུ་རྒྱན་ལ་བཞུགས་པ། ཞལ་རྣམ་པར་བསྒྱུར་བ། གསུས་པ་འཇོལ་བ། ཕྱག་གཡས་པ་གཉིས་ཀྱིས་ནི་ཁ་ཊྭཱཾ་ག་དང་ལྕགས་ཀྱུ་བསྣམས་པ། གཡོན་པའི་
ཕྱག་གཉིས་ཀྱིས་ནི་དྲིལ་བུ་དང་ཞགས་པ་བསྣམས་པ་བསམ་པར་བྱ་སྟེ། བཞི་པོ་དེ་དག་རྣམས་ནི་གཡོན་བསྐུམ་པའི་ཞབས་ཀྱིས་བཞུགས་པའོ། །དེ་ལ་ཁམས་གསུམ་རྣམ་པར་རྒྱལ་བའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཀྱི་རྒྱབ་གཉིས་སྤྲད་ལ་སྲིན་ལག་
གཉིས་མདུད་པ་བྱས་ཤིང་མཐེའུ་ཆུང་གཉིས་དང་གུང་མོ་གཉིས་ཀྱིས་ཀུན་ནས་དཀྲིས་ཏེ། མཛུབ་མོ་གཉིས་ལྕགས་ཀྱུའི་རྣམ་པ་ལྟར་བྱས་པ་འགྱིང་བ་དང་ལྡན་པས་དཔྲལ་བའི་ཕྱོགས་སུ་གཟུང་བར་བྱ་བའོ། །བསྒོམས་པས་དུབ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་ཀུ་རུ་
ཀུལླེ་ཧྲཱིཿསྭཱ་ཧཱ། ཁྲི་བཟླས་པས་སྐྱེ་བོ་ཐམས་ཅད་དབང་དུ་འགྱུར་རོ། །ཁྲི་ཕྲག་གིས་ནི་བཀའ་བློན་པའོ། །ཨུཏྤ་ལ་དང་མར་དང་སྦྲང་རྩིས་བྱུགས་པའི་ཤིང་ཨ་ཤྭདྠ་དང་ཡམ་ཤིང་རྣམས་ཀྱིས་སྦྱིན་སྲེག་བྱས་ན་འདོད་པའི་གོ་འཕང་ཐོབ་པར་འགྱུར་རོ། །དཔལ་འབྲས་ཀྱི་ཤིང་གི་མེ་
ལེགས་པར་སྦར་ལ་མར་དང་སྦྲང་རྩིས་བྱུགས་པའི་དཔལ་འབྲས་འཇུག་སྦྱིན་སྲེག་བྱས་པས་ནི་རྒྱལ་པོའི་བློན་པོ་དབང་དུ་འགྱུར་རོ། །ཨུཏྤ་ལ་སྟོང་སྦྱིན་སྲེག་བྱས་ཤིང་ལྷ་མོའི་མདུན་དུ་མར་གྱི་མར་མེ་སྟོང་ཕུལ་བས་ནི་རྒྱལ་པོ་ཐམས་ཅད་དབང་དུ་འགྱུར་རོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་
རྫོགས་སོ།། །།འདི་ནི་ཨིནྡྲ་བྷཱུ་ཏི་བའི་ཞལ་སྔ་ནས་མཛད་པ་ཡིན་ནོ། །ཨ་བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། དེ་ནས་སྔགས་པ་སྐྱེས་པ་དང་བུད་མེད་དག་
དབང་དུ་བྱ་བར་འདོད་པས་དཀར་པོའི་ཚེས་གཅིག་ནས་བརྩམས་ཏེ་ཉི་མ་རེ་རེ་ཞིང་ཐུན་གསུམ་དུ་ཁྲི་ཕྲག་རེ་བཟླས་པར་བྱ་སྟེ། བཅོམ་ལྡན་འདས་མ་ལ་དམིགས་ཤིང་སྨད་གཡོགས་དམར་པོ་བཅིངས་ཏེ། ལུས་ལ་ཡང་ལེགས་པར་གོན་པའོ། །དེ་ལ་རིམ་པ་ནི་འདི་ཡིན་ཏེ། རང་གི་སྙིང་

གར་ཉི་མ་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོས་བསྐྱེད་པའི་པདྨ་དམར་པོ་འདབ་མ་བརྒྱད་པ་རྩ་བ་སྐྱེ་གནས་ཀྱི་བར་དུ་ཟུག་པ་རྣམ་པར་བསམས་ལ། དེའི་འདབ་མ་བརྒྱད་ལ་ནི་ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ་ཨཱཿབྱ་བ་དབྱངས་ཡིག་འདི་བརྒྱད་ཡོངས་སུ་གྱུར་པ་ལས་བུང་བ་བརྒྱད་དེ། དགའ་ཞིང་
རྒྱས་ལ་ཁྲོ་བར་གྱུར་པ་ཁ་དོག་དམར་བ་རིམ་གྱིས་གནས་པ་རྣམས་རང་གི་སྣ་བུག་གི་རླུང་གིས་བསྐུལ་ནས་རང་གི་སྣ་བུག་གཡོན་པ་ནས་ཕྱུང་སྟེ། བསྒྲུབ་བྱའི་སྣ་བུག་གི་བུ་ག་གཡས་པ་ནས་རབ་ཏུ་ཞུགས་ཏེ་རྩ་བ་ནས་རྣམ་པར་ཉམས་པར་བྱེད་པར་བལྟས་ལ། ཨ་ཨི་ཨུ་རྀ་ལྀ་ཨེ་
ཨོ་ཨཾ་བྱ་བའི་དབྱངས་ཡིག་ཐུང་ངུ་ན་བརྒྱད་པོ་འདི་ཡོངས་སུ་གྱུར་པ་ལས་དེ་དག་བསྒོམས་ལ་རྣ་བའི་དྲུང་དུ་བཀང་བའི་ཨུཏྤ་ལ་དམར་པོའི་མདའ་གཞུའི་ཚོགས་ཀྱིས་བསྒྲུབ་བྱའི་ཟེའུ་འབྲུ་ཕུག་ནས་དེ་དག་ཡོངས་སུ་སྨིན་པ་ལས་མདས་དྲངས་ནས་དེའི་སྣ་བུག་གཡོན་པའི་བུ་ག་ནས་
ངེས་པར་འོངས་པས་རྣལ་འབྱོར་པའི་སྣ་བུག་གཡས་པ་ནས་དེ་རང་གི་སྙིང་ལ་རབ་ཏུ་ཞུགས་པ་རྣམ་པར་བསམ་མོ། །ཕྱི་ནས་ནི་ཨུཏྤ་ལའི་ཡུ་བས་མགྲིན་པ་བཅིངས་ཤིང་སྐྱེ་གནས་ཀྱང་ལྕགས་ཀྱུས་ཕུག་པས་ལྷང་ཀྱོག་བསྐྱོད་ནས་འོད་ཟེར་འབར་བས་མཆོག་ཏུ་དབང་དུ་
བྱས་ཤིང་དེ་ལ་ཞོན་ལ་དགའ་བ་དང་ལྡན་པས་སྔགས་བཟླས་པར་བྱ་བའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་སྭཱ་ཧཱ། ཉི་མ་བདུན་ན་འགྲུབ་པར་འགྱུར་བ་ཡིན་ནོ། །བུང་བའི་རྣལ་འབྱོར་གྱི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཨ་བྷ་ཡ་ལས་དགེ་
སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླཱ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཨོཾ་ཀུ་རུ་ཀུལླེ་ལ་ཕྱག་འཚལ་ལོ། །དང་པོ་བདེ་བའི་སྟན་ལ་ཉེ་བར་གནས་ལ། ཀུ་རུ་ཀུལླཱའི་གཟུགས་སུ་བྱས་ཏེ།
སེམས་ཅན་མ་ལུས་དབང་དུ་བྱས་པ་བརྩམ་པར་བྱ་བའོ། །རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཏཱྃ་དམར་པོའོ། །དེ་ལས་འོད་ཟེར་ལྔ་ཀུན་ནས་སྤྲོས་ལ་དེ་བཞིན་གཤེགས་པ་རྣམས་ལེགས་པར་མཆོད་ཅིང་། དཀོན་མཆོག་གསུམ་ལ་

བདག་སྐྱབས་མཆི། །ཞེས་བྱ་བ་ལ་སོགས་པས་སྡིག་པ་བཤགས་པ་ལ་སོགས་པ་རྣམས་ཀྱང་བྱས་ལ། སྟོང་པ་ཉིད་ཀྱང་རྣམ་པར་བསྒོམས་ཤིང་། ཕྱི་ནས་ནི་ཨུཏྤ་ལ་དམར་པོའོ། །དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཏཱྃ་དམར་
པོའོ། །དེ་དག་རྣམས་ཐམས་ཅད་ཀྱང་ཡོངས་སུ་གྱུར་པ་ལས་ནི་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ། ཕྱག་བཞི་མ། གཡས་ཀྱི་ཕྱག་ན་ནི་མདའ་དང་མི་འཇིགས་པའི་ཕྱག་རྒྱའོ། །གཡོན་གྱིས་ནི་གཞུ་དང་ཨུཏྤ་ལ་འཛིན་པ། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པ།
སྟོང་དུ་བསྣམས་པའི་ཤག་ཆུང་དང་ལྡན་པར་བདག་ཉིད་བསྒོམ་པར་བྱ་བའོ། །འོག་ཏུ་ནི་འདོད་པའི་ལྷ་བཟའ་ཤུག་བཅས་པར་བསམ་པར་བྱའོ། ཕྱི་ནས་ནི་བསྒོམ་པ་དང་ལྡན་པས་གསང་སྔགས་བཟླས་པར་བྱ་བའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཨ་
བྷ་ཡ་ལས་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླཱ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། རང་གི་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་ཡི་གེ་ཧྲཱིཿལས་བྱུང་བའི་ཨུཏྤ་ལ་དམར་པོའི་དབུས་ན་ཡི་གེ་ཧྲཱིཿགནས་པར་
བསྒོམ་པར་བྱ་བའོ། །དེ་དག་ཡོངས་སུ་གྱུར་པ་ལས་འཕགས་མ་ཀུ་རུ་ཀུལླེ་སྟེ། སྐུ་མདོག་དམར་པོ་པདྨ་དང་ཟླ་བ་དམར་པོའི་གདན་ཅན། འོད་ཟེར་དམར་པོ་ཁོར་ཡུག་ཏུ་འཁྱིལ་བ། ཁ་དོག་དམར་པོ་རྣམ་པ་སྣ་ཚོགས་པའི་སྟོད་གཡོགས་དང་སྨད་གཡོགས་བསྣམས་པ།
དབུ་རྒྱན་སྣང་བ་མཐའ་ཡས་ཏེ། ཕྱག་བཞི་མ། རྩ་བའི་ཕྱག་གཉིས་ཀྱིས་ཨུཏྤ་ལ་དམར་པོའི་མདའ་མདེའུ་དང་རྣ་བའི་མཐར་ཐུག་པར་འཐེན་པས་རྣམ་པར་མཛེས་པའི་མེ་ཏོག་གི་གཞུ་བསྣམས་པའོ། །གཡོན་པས་སྡོང་བུ་དང་བཅས་ཤིང་ཁ་བྱེ་བའི་ཨུཏྤ་ལ་དམར་པོ་བསྣམས་
པའོ། །གཡས་པས་ནི་མཆོག་སྦྱིན་པའོ། །ཆེར་འཇོ་ཞིང་སྒེག་པའི་ཉམས་ཀྱིས་འགྱུར་ལྡོག་དང་ལྡན་པར་དམིགས་ལ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། རང་གི་ལུས་ཀྱི་འོད་ཟེར་སྤྲོས་པའི་ལྕགས་ཀྱུས་དྲངས་པའི་ལྷ་དང་། ལྷ་མ་ཡིན་དང་བྱ་ཁྱུང་དང་། མི་

འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྐྱེས་པ་དང་བུད་མེད་ཀྱི་ཚོགས་བརྒྱ་ཕྲག་དང་། སྟོང་ཕྲག་ལ་སོགས་པ་རྣམས་ལུས་རབ་ཏུ་འདུད་པར་བྱེད་ཅིང་། ཤིན་ཏུ་གུས་པ་དང་ལྡན་པས་མཆོག་ཏུ་དབང་དུ་གྱུར་པས་ཕྱོགས་བཅུ་རྣམས་སུ་ལེགས་པར་བལྟ་བར་བྱ་ཞིང་།
ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། བྱ་བའི་སྔགས་འདི་བཟླས་པར་བྱ་སྟེ། འབུམ་ཕྲག་ནས་བརྩམས་ནས་ཇི་སྲིད་མཐར་ཐུག་པ་མེད་པས་བཅོམ་ལྡན་འདས་མ་མངོན་དུ་བྱ་བའོ། །དེ་ནས་འགའ་ཞིག་དབང་དུ་བྱེད་པར་འདོད་པས་བཟླས་པ་འབུམ་ཕྲག་བྱས་ཤིང་ཇི་སྐད་དུ་བཤད་པའི་རྣལ་འབྱོར་
ལ་གནས་ཏེ། གུས་པས་རབ་ཏུ་འདུད་པར་བྱེད་པའི་ལྷ་དང་ལྷ་མ་ཡིན་ལ་སོགས་པའི་དབུས་སུ་གནས་པའི་བདག་ཉིད་ཀྱི་ལུས་ཀྱི་འོད་ཟེར་གྱིས་དྲངས་པའི་བསྒྲུབ་བྱ་མདུན་དུ་ལེགས་པར་བཞག་ལ། རང་གི་སྙིང་གར་ཨུཏྤ་ལ་དམར་པོ་འདབ་མ་བཅུ་དྲུག་པ་དེའི་སྙིང་ལ་ཡང་རྣམ་པར་
བསམས་ཏེ། འཕགས་པ་རྡོ་རྗེ་ལུས་མེད་ལས་བཤད་པའི་རིམ་པ་ལྟར་བུང་བ་དང་ལྕགས་ཀྱུ་བསྒོམས་པས་དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དང་པོར་ཀུན་ནས་མནན་ནས། དེ་བཞིན་དུ་མདས་སྙིང་ཕུག་ཅིང་ཆགས་པ་ཆེན་པོ་མོས་པར་གྱུར་པ་དང་། གཞུས་རྐང་པ་
གཉིས་དང་ཨུཏྤ་ལའི་ཞགས་པས་ཀྱང་སྐེ་བ་བཅིངས་ཤིང་ཀུན་ནས་དྲངས་པས་རང་གི་རྐང་པ་གཉིས་ཀྱི་དྲུང་དུ་བསྒྱེལ་བར་བྱའོ། །གལ་ཏེ་སྐྱེས་པ་ཡིན་ན་ནི་ལྕགས་ཀྱུས་སྙིང་ཕུག་པར་བྱ་བའོ། །ཇི་སྟེ་བུད་མེད་ཡིན་ན་ནི་ཆོས་འབྱུང་ནས་སོ། །ཨོཾ་ཀུ་རུ་ཀུལླེ་ཆེ་གེ་མོའམ་ཆེ་གེ་མོ་ཡང་
རུང་སྟེ་ཀུན་ནས་ཁུག་ཅིག་ཧྲཱིཿསྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱའོ། །བསྒྲུབ་བྱ་ཀུན་ནས་དྲངས་ལ་ཡང་སྔགས་ཉིད་ཀྱིས་དབང་དུ་གྱིས་ཤིག་ཅེས་བར་དུ་བཅུག་པས་བཟླས་པར་བྱའོ། །བརྒྱ་བཟླས་པས་ནི་ཐ་མལ་པའི་སྐྱེས་པ་དང་། བུད་མེད་ཀྱི་ཚོགས་དང་། རྒྱལ་པོ་དང་།
བློན་པོ་ཡང་དབང་དུ་འགྱུར་རོ། །ཁྲིས་ནི་སྐྱེ་དགུའི་འཇིག་རྟེན་པ་རྣམས་སོ། །འབུམ་གྱིས་ནི་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས་ནི་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་ངོ་། བྱེ་བས་ནི་བྱ་ཁྱུང་དང་རབ་བརྟན་ལ་སོགས་པའི་ལྷའི་དུད་འགྲོ་རྣམས་དང་། ཐ་མལ་པའི་དུད་འགྲོ་

རྣམས་ཀྱང་ངོ་། །དུས་རིང་པོར་གུས་པ་དང་བཅས་ཤིང་རྒྱུན་མི་ཆད་པས་མཐའ་ཡས་པར་བཟླས་པས་ནི་ས་གསུམ་ཀ་ཡང་དབང་དུ་བྱེད་པར་འགྱུར་བ་ཡིན་ནོ། །ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་ཚུལ་ཁྲིམས་རྒྱལ་མཚན་
གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཀུ་རུ་ཀུལླེའི་སྒྲུབ་ཐབས། ཐོག་མར་རེ་ཞིག་སྒོམ་པ་པོས་དྲི་ལྔས་དང་པོ་ཉིད་དུ་ས་ཕྱོགས་ཀྱི་ཉེ་འཁོར་ལེགས་པར་བྱུགས་ལ། སྡོམ་བརྩོན་སེམས་རངས་ཤིང་མཉམ་པར་
གཞག་པས་སྟན་འཇམ་པོ་ལ་ཉེ་བར་གནས་ཏེ། དེའི་རྗེས་ལ་སྙིང་གར་ཡི་གེ་ར་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བའི་འོད་ཟེར་གྱི་དྲ་བས་བསྐོར་བའོ། །དེའི་ལྟེ་བ་ལ་ཡི་གེ་ཧྲཱིཿདམར་པོ་རྣམ་པར་བསམ་པར་བྱའོ། །དེ་ནས་ཡི་གེ་ཧྲཱིཿལས་ཀུན་ནས་འཕྲོས་
པའི་འོད་ཀྱི་དྲ་བས་ཕྱོགས་བཅུ་ཀུན་ན་གནས་པའི་སེམས་ཅན་གྱི་ཁམས་སྣང་བར་བྱས་ཤིང་། དཔལ་དང་ལྡན་པ་ཀུ་རུ་ཀུལླེའི་སྐུར་ཡང་བཀོད་ནས་ཕྱིར་འོངས་པར་གྱུར་ཏེ། དེ་ཉིད་ལ་རབ་ཏུ་ཞུགས་པར་གྱུར་པའི་འོད་ཟེར་འབར་བར་རྣམ་པར་བསྒོམ་པར་བྱ་བའོ། །དེའི་ཕྱི་ནས་
ནི་མདུན་གྱི་ནམ་མཁའ་ལ་ལོ་བརྒྱད་པ་གཉིས་ཀྱི་ཚད་དུ་གྱུར་པ་དབུ་སྐྲ་ཁམ་སེར་གྱེན་དུ་འབར་བ། དབུ་ལ་ཐོད་པ་ལྔས་བརྒྱན་པ། རོ་ལ་བཞུགས་པ། མགོ་བོའི་ཕྲེང་བའི་དོ་ཤལ་དུ་མཛད་པ། སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། ཞལ་གྱི་མཆེ་བ་ཅུང་ཟད་
རྣམ་པར་གཙིགས་པ། ལྗགས་འདྲིལ་བར་མཛད་པ། འཁོར་ལོ་དང་རྣ་རྒྱན་དང་མགུལ་རྒྱན་དང་དཔུང་རྒྱན་དང་རྐེད་རྒྱན་དང་རྐང་རྒྱན་དུ་བྱ་བ་རྣམས་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་བསྣམས་པ། དམར་ལ་ཟླུམ་པ་གཡོན་དུ་འཛུགས་པར་མཛད་
པའི་སྤྱན་གསུམ་གཡོ་བ། སྣང་བ་མཐའ་ཡས་ཀྱི་དབུ་བརྒྱན་པ། ཕྱག་བཞི་མ། ཨུཏྤ་ལ་དམར་པོའི་མདའ་མདེའུ་མ་རྣ་བའི་བར་དུ་ཁེངས་པར་བཀང་བའི་མེ་ཏོག་དམར་པོའི་གཞུ་བསྣམས་པ། ཕྱག་ལྷག་མ་གཉིས་ཀྱིས་ནི་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས་

ཀྱུ་དང་ཨུཏྤ་ལ་དམར་པོ་བསྣམས་པར་བསམ་པར་བྱ་བའོ། །འདི་ཉིད་མཆོད་པའི་དོན་དུ་རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧྲཱིཿལས་ངེས་པར་བྱུང་བའི་ཉེ་བར་མཁོ་བའི་མཆོད་པ་མེ་ཏོག་དང་། བདུག་པ་དང་། མར་མེ་དང་། དྲི་དང་། ལྷ་བཤོས་
ལ་སོགས་པས་མཆོད་པར་བྱ་བའོ། །མཆོད་པ་དང་། རྣལ་འབྱོར་པ་མཆོག་ཏུ་སྙིང་རྗེ་དང་ལྡན་པས་གུས་པས་བཏུད་ལ་ལུས་ལ་སོགས་པས་ཕྱག་བཙལ་བར་བྱ་བའོ། །དེ་ནས་ནི་གང་བདག་གིས་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། བགྱིད་པ་ལ་རྗེས་སུ་
ཡི་རང་བའི་སྡིག་པ་དེ་དག་བཅོམ་ལྡན་འདས་མའི་མདུན་དུ་མངོན་སུམ་དུ་བཤགས་པར་བགྱིའོ། །དེའི་རྗེས་ལ་འཁོར་བའི་རྒྱ་མཚོར་ལྷུང་བར་གྱུར་པའི་སེམས་ཅན་གྱི་ཁམས་རྣམས་ལེགས་པར་སྒྲོལ་བའི་ངོ་བོར་གྱུར་པའི་བྱང་ཆུབ་ཀྱི་སེམས་སྤེལ་བར་བྱ་བའོ། །དེ་
ནས་ཚངས་པའི་གནས་བཞི་བསྒོམ་པར་བྱ་བའོ། །དེའི་རྗེས་ཐོགས་ལ་སྟོང་པ་ཉིད་བསྒོམ་པར་བྱ་བའོ། །དེ་ལ་ནི་སེམས་ཙམ་དུ་བྱིན་གྱིས་བརླབས་ལ་གནས་པར་བྱ་བ་ཡིན་ལ། སྔགས་འདི་ཡིན་ཏེ། ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་
ནི་ང་ཡིན་ནོ་ཞེས་བྱ་བ་ནི་སེམས་བྱིན་གྱིས་བརླབ་པའོ། །དེའི་རྗེས་ལ་ནམ་མཁའི་དབྱིངས་སུ་ཡི་གེར་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བའི་ཕྲེང་བས་འཁྲིགས་པར་རྣམ་པར་བསམས་ལ། དེའི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་
པའི་སྣ་ཚོགས་རྡོ་རྗེ་ལས་རྡོ་རྗེ་ས་གཞི་དང་ར་བ་དང་རྡོ་རྗེའི་གུར་བཅིང་བ་རྣམ་པར་བསྒོམ་པར་བྱ་སྟེ། འདི་ནི་སྲུང་བའི་འཁོར་ལོའོ། །དེའི་དབུས་སུ་ཨེའི་རྣམ་པར་བྱས་པའི་ལྷ་རྫས་ཀྱི་ཆོས་འབྱུང་ཡེ་ཤེས་ཀྱི་ཁ་དོག་དཀར་བ་རྣམ་པར་བསྒོམ་མོ། །དེའི་དབུས་
སུ་ཡི་གེ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་ལྟེ་བའི་སྟེང་དུ་ཡི་གེ་ར་ཡོངས་སུ་གྱུར་པ་ལས་ཉི་མའོ། །དེའི་སྟེང་དུ་རའོ། །ཡང་དེའི་སྟེང་དུ་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དུ་གྱུར་པའི་ཟླ་བ་རྒྱས་པ་དཀར་པོའོ། །དེའི་

སྟེང་དུ་ཉི་མའི་དཀྱིལ་འཁོར་ཏེ། ཁ་དོག་དམར་པོ་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོའོ། །དེ་དག་གི་དབུས་སུ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་མདའ་རང་ཉིད་ཀྱི་སེམས་ལ་ཞུགས་པར་རྣམ་པར་བསྒོམ་མོ། །ཕྱི་ནས་
ཉི་ཟླ་དང་མདའ་གཅིག་ཏུ་གྱུར་པ་ལས། སྔར་བཞིན་དུ་བདག་ཉིད་ཀུ་རུ་ཀུལླེའི་སྐུར་བསྒོམ་པར་བྱ་བའོ། རྣམ་པར་བསྒོམས་ནས་ཀྱང་རང་གི་སྙིང་གར་ཡི་གེ་ར་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་མཐིལ་དུ་ཕྱིས་ཡང་ཡི་གེ་ཧྲཱིཿབསྒོམ་པར་བྱ་བའོ། །དེ་ལས་བྱུང་བའི་
འོད་ཟེར་གྱིས་བསྐུལ་ལ་མགོན་པོ་དཔག་མེད་སྤྱན་དྲངས་ལ་གསང་བ་ཅིག་ཤོས་ཀྱི་མཆོད་པས་ལེགས་པར་མཆོད་པར་བྱ་བ་དང་། །དབང་ཡང་གསོལ་བ་གདབ་པར་བྱ་བའོ། །དེ་ལ་གསོལ་བ་འདེབས་པ་ནི་འདི་ཡིན་ཏེ། སྣང་མཐའ་མགོན་གྱིས་བདག་དབང་བསྐུར་
དུ་གསོལ། །བྱ་བའོ། །དེ་ནས་མགོན་པོ་དཔག་མེད་ཀྱིས་བདུད་རྩི་ལྔས་གང་བའི་བུམ་པ་རང་ཉིད་ཀྱི་སྙིང་ག་ནས་སྤྲོ་བར་བྱ་བ་དང་། གཞན་དག་ཀྱང་བསྒོམ་པར་བྱས་ལ། དེ་ནས་བདུད་རྩི་ལྔས་ཡོངས་སུ་གང་བར་གྱུར་པའི་བུམ་པ་དེ་དག་གིས་མངོན་པར་བཀྲུ་བར་
བྱ་བའོ། །ཁྲུས་བྱས་པར་གྱུར་ནས་ཀྱང་བུམ་པ་རྣམས་རང་གི་སྙིང་གར་ལེགས་པར་གཞུག་པར་བྱ་བའོ། །དེ་ལ་རབ་ཏུ་བཅུག་ལ་རྣལ་འབྱོར་པས་མགོ་ལ་མགོན་པོ་དཔག་མེད་བསྒོམ་པར་བྱ་བའོ། །འདི་ཐུན་ཚོད་གསུམ་དུ་རྣམ་པར་བསྒོམ་པར་བྱ་ཞིང་སྔགས་
བཟླས་པར་བྱ་བའོ། །དེ་ལ་སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཙནྡན་དམར་པོས་ཁྱད་པར་དུ་བཟླས་པར་བྱ་བའོ། །ཨོཾ་ཨཱཿཧཱུཾ་ཞེས་བྱ་བས་ཁ་བྱིན་གྱིས་བརླབ་པ་དང་ལུས་སོ། །དེ་ནས་སྔགས་པས་སྐྱེས་པ་དང་བུད་མེད་དག་དབང་དུ་བྱ་བར་འདོད་ན་དཀར་པོའི་
ཚེས་གཅིག་ནས་བརྩམས་ཏེ་སྨད་གཡོགས་དམར་པོ་བཅིངས་ཤིང་ལུས་ཀྱི་དཀྱིལ་འཁོར་ལ་ཡང་གོན་ལ་བཅོམ་ལྡན་འདས་མའི་སྐུ་ལ་ཀུན་ནས་དམིགས་པས་ཐུན་གསུམ་དུ་ཁྲི་ཕྲག་རེ་ཉི་མ་རེ་རེ་ཞིང་ངོ་། །དེའི་རྗེས་ལ་རང་གི་སྙིང་གའི་ཉི་མ་ལ་གནས་པའི་ཡི་གེ་ཧྲཱིཿདམར་པོ་

ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། ཡུ་བ་སྐྱེ་གནས་ཀྱི་བར་དུ་རྣམ་པར་ཟུག་པ་རྣམ་པར་བསྒོམ་པར་བྱ་བའོ། །དེའི་འདབ་མ་རྣམས་ལ་ནི་མཐའ་མ་མཐའ་མའི་དབྱངས་ཡིག་ཡོངས་སུ་རྫོགས་པ་ལས་ཤིན་ཏུ་དགའ་ཞིང་རྒྱས་ལ་འཕྲོ་བའི་བུང་བ་
དམར་པོ་བརྒྱད་དོ། །སྔ་ཕྱི་རིམ་པའི་གོ་རིམས་ངེས་པས་རང་གི་སྣ་བུག་གི་རླུང་གིས་བསྐྱོད་ནས་འཕུར་ཏེ། གཡས་པ་ལས་ཅིག་ཤོས་ཀྱི་སྣ་བུག་གི་བུ་ག་ནས་བྱུང་བས། བསྒྲུབ་བྱའི་སྣ་བུག་གི་བུ་ག་གཡས་པར་རབ་ཏུ་ཞུགས་པས་པདྨ་རྩ་བ་དང་བཅས་པ་རྣམ་པར་
འཇིབ་པར་བྱེད་དོ། །དང་པོའི་དབྱངས་བརྒྱད་བརྒྱད་པོ་རྣམས་ཀྱིས་ནི་འདབ་མ་ལ་དམར་པོ་ཅུང་ཟད་ལྡན་པ་རྣམ་པར་འཇིབ་པར་བྱེད་པ་འདི་དག་ཏུ་རྣལ་འབྱོར་པས་བལྟ་བར་བྱ་བའོ། །ཕྱི་ནས་ནི་ཨུཏྤ་ལ་དམར་པོའི་མདའ་གཞུ་རྣ་བའི་བར་དུ་བཀང་བ་མིག་ཆད་པར་གཏད་
པའི་སྔགས་པས་ཟེའུ་འབྲུ་རབ་ཏུ་དབུག་པར་བྱ་བའོ། །དེ་ནས་བུང་བ་དེ་དག་རང་གི་དམ་ཚིག་གིས་བསྐུལ་བས་དབྱངས་ཡིག་རེ་རེ་ཁྱེར་ཏེ་སྣ་བུག་གི་བུ་ག་གཡོན་པ་ནས་བྱུང་ནས་རྣལ་འབྱོར་བའི་སྣ་བུག་གི་བུ་ག་གཡས་པ་ནས་ལེགས་པར་བྱ་བ་འདིས་ནི་རང་གི་སྙིང་ལ་རང་དང་
གཞན་གྱི་ཤེས་པ་གཅིག་གི་ངོ་བོར་བྱ་བའོ། །ཕྱི་ནས་ནི་ཨུཏྤ་ལས་མགུལ་པ་བཅིངས་ཤིང་། སྐྱེ་གནས་ལྕགས་ཀྱུས་ཟུག་རྔུ་བསྐྱེད་དེ། མདའི་དྲ་བའི་རྣམ་པར་བསམ་པས་དབང་དུ་བྱ་བའོ། །ཟོ་ཆུན་གྱི་འཁོར་ལོ་ལ་བསྐྱོན་པས་བསྒྲུབ་བྱ་བཀུག་ལ། སྔགས་
ཀྱི་གཟུགས་ཀྱིས་སྒྲུབ་པ་པོས་གདམས་ངག་དང་བཅས་པ་ལེགས་པར་རྟོགས་པར་བྱས་པས་རྟག་ཏུ་དགའ་བས་སྔགས་བཟླས་པར་བྱ་བའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཆེ་གེ་མོ་བདག་གི་དབང་དུ་གྱིས་སྭཱ་ཧཱ། སྙིང་མ་ལུས་པར་བསྲེག་པ་ནི་མཚན་མོ་བྱ་བའོ། །དེ་ནས་
དེ་མྱོས་པར་གྱུར་པ་དག་གི་སྔགས་ཀྱིས་བསྐུལ་ནས་འོང་བར་འགྱུར་ཏེ། སྐྲ་ཞིག་ཅིང་གོས་མེད་པ་གང་གིས་ཀྱང་མ་གཉེར་ཞིང་གཞན་སུའི་ཡང་དབང་མ་ཡིན་པར་རོ། །དེ་ཐོབ་ནས་ཡི་དམ་གྱི་ལྷའི་སྦྱོར་བས་སངས་རྒྱས་ཀྱི་དཀྱིལ་འཁོར་མཆོད་པར་བྱ་བའོ། །དངོས་

གྲུབ་རྒྱ་ཆེན་པོ་འགའ་ཞིག་གིས་ཀྱང་རྣམ་པར་འཇོམས་པར་མི་ནུས་སོ། །ཨོ་ཌྱན་ནས་དེས་པར་བྱུང་བའི་ཀུ་རུ་ཀུལླེའི་སྒྲུབ་ཐབས་སོ། །མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའ་མ་ལ་བ་དཱ་ན་ཤྲཱི་ཛྙཱ་ནའི་ཞལ་སྔ་ནས། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་
བའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་རིམ་པས་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལ་ཡི་གེ་ཧྲཱིཿསེར་པོས་བསྐྱེད་པའི་སྣ་ཚོགས་པདྨ་ལ་ཡི་གེ་ཧཿསེར་པོ་ཡི་གེ་ཨ་
ལ་སོགས་པ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། ཕྱི་རོལ་དུ་ཀ་ལ་སོགས་པ་བརྗོད་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བར་བྱ་བའོ། །དེ་ནས་འགྱིང་བག་མ་དང་། ཕྲེང་བ་མ་དང་། གར་མ་དང་། གླུ་དབྱངས་མ་དང་། མེ་ཏོག་མ་དང་། བདུག་
པ་མ་དང་། མར་མེ་མ་དང་། དྲི་མ་ཞེས་བྱ་བ་དང་། རྣལ་འབྱོར་མ་བརྒྱད་དོ། །དེ་དག་རྣམས་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་ཟླ་བའི་དཀྱིལ་འཁོར་ཡིན་ཏེ་འོད་ཟེར་རབ་ཏུ་འབར་བ་དང་ལྡན་པའོ། །དེའི་སྟེང་དུ་ནི་པདྨའོ། །དེའི་སྟེང་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ། །
དེའི་སྟེང་དུ་ནི་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །དེའི་སྟེང་དུ་ནི་པོ་ཏི་གཉིས་པའོ། །དེ་དག་རྣམས་ཐམས་ཅད་ཀྱང་ཡོངས་སུ་གྱུར་པ་ལས་ནི་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཡིན་ཏེ། སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་མ། དེ་བཞིན་གཤེགས་པ་ལྔ་དབུ་རྒྱན་ལ་བཞུགས་པ།
ཆོས་འཆད་ཀྱི་ཕྱག་རྒྱ་དང་ལྡན་པ། འདབ་མ་ཁ་དོག་སྣ་ཚོགས་པའི་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་དང་ན་བཟའ་དང་ལྡན་མ། གཡས་པ་དང་གཡོན་པའི་གློ་གཉིས་ན་ཨུཏྤལ་ལ་བཞུགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་བསྣམས་པའོ། །སྔགས་ནི།
ཨོཾ་ཨཱཿཧྲཱིཿཧཱུཾ་སྭཱ་ཧཱ། ཡི་གེ་ཧཱུཾ་སེར་པོ་དཔྲལ་བར་རོ། །ཡི་གེ་ཨཱཿདཀར་པོ་མགུལ་པར་རོ། །ཡི་གེ་དྷཱིཿསེར་པོ་སྙིང་གར་རོ། །ཡི་གེ་ཧཱུཾ་ནག་པོ་ལྟེ་བར་ཡིན་ཏེ། བཟླས་པའི་དུས་སུ་ཡི་གེ་བཞི་པའོ། །རྗེས་སུ་བསམ་པར་བྱ་བའོ་བྱ་བ་ཡིན་ནོ། །གསེར་གྱི་མདོག་གི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

མའི་སྒྲུབ་ཐབས་རྫོགས་སོ།། །།པཎྜི་ཏ་ཆེན་པོ་ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། སྔར་བཤད་པའི་རིམ་པས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་ལ། པདྨ་དམར་
པོའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱིཿསེར་པོ་ཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ་སྟེ། རལ་པ་དང་དབུ་རྒྱན་གྱི་མཐའ་ན་མི་བསྐྱོད་པ་བཞུགས་པ། ཆོས་བཤད་པའི་ཕྱག་རྒྱ་མཛད་པ། པོ་ཏི་དང་ལྡན་པའི་ཨུཏྤ་ལ་སྔོན་པོ་གཡོན་པའི་ཟུར་ན་བསྣམས་པ། སྟོད་གཡོགས་དང་སྟོད་ཤག་བསྣམས་པ། ལྷ་རྫས་ཀྱི་ན་
བཟའ་དང་རྒྱན་མངའ་བ་ཞེས་བྱ་བ་དེ་ལྟ་བུར་བསྒོམས་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པར་བྱ་བའོ། །མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །མཱ་ལ་བ་ཞེས་བྱ་བ་དྷ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།།
༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། འཕགས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །དེ་ནས་གང་ཞིག་བསྒོམས་ཙམ་གྱིས། རྒོལ་བ་ཐམས་ཅད་ཚར་གཅོད་པར། །ཤེས་རབ་ཕ་རོལ་ཕྱིན་འབྱུང་བ། །དེ་ཕྱིར་བདག་གིས་རབ་བཤད་བྱ། །ཞལ་གཅིག་
ཕྱག་ནི་གཉིས་མ་སྟེ། །ཁ་དོག་དཀར་མོ་ཡིད་འོང་མ། །དབུ་སྐྲ་ཕྱེད་ཕྱེད་འཁྱིལ་བ་དང་། །པད་དཀར་ལ་ནི་ལེགས་བཞུགས་པའང་། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས། །པདྨ་གཡས་པའི་ཕྱག་ན་དང་། །ཤེས་རབ་ཕ་རོལ་ཕྱིན་མའི་གཡོན། །ཁ་དོག་དམར་མོ་རྣམ་པར་བསྒོམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ནས། །
ལྟེ་བའི་དཀྱིལ་འཁོར་དུ་བསྒོམ་བྱ། །ཨཾ་ཡིག་ཡེ་ཤེས་ལས་ལེགས་བྱང་། །མཆོག་ཏུ་མཐའ་ཡས་དགའ་བྱེད་མའོ། །དམ་ཚིག་སེམས་དཔའ་རྫོགས་བྱས་ལ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཟླ་དྲུག་སྦྱོར་བ་གོམས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་མར་འགྱུར། །ཞག་བདུན་ན་ནི་རབ་སྦྱོར་བས། །བསྟན་བཅོས་ཀུན་
ལ་འཇིགས་མེད་འགྱུར། །འབུམ་ཕྲག་བཟླས་པའི་སྦྱོར་བ་ཡིས། །ཉིན་རེ་ཚིགས་བཅད་བརྒྱད་བརྒྱ་བྱེད། །རབ་ཏུ་བརྩོན་པ་དག་གིས་ཀྱང་། །གཞུང་ནི་བརྒྱ་ཡང་འཛིན་པར་བྱེད། །འདི་ལ་སྔགས་ཀྱི་ཚིག་ཏུ་གྱུར་པ་རྣམས་ནི། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ་སྔགས་འདིས་མ་སྩལ་བའི་སྦྲང་རྩི་ལ་

ལན་བདུན་མངོན་པར་བསྔགས་ནས་ཇི་སྲིད་ཟླ་བ་དྲུག་གི་བར་དུ་སྦུ་གུས་འཐུངས་པས་ཤེས་རབ་ཆེན་པོར་འགྱུར་རོ། །ཨོཾ་པི་སྭཱ་ཧཱ་སྔགས་འདི་ལ་ཡང་མི་བསྐྱོད་པས་རྒྱས་གདབ་པར་བྱ་བ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །པཎྜི་ཏ་ཆེན་པོ་མ་ལ་བ་ཞེས་བྱ་བ་དྷ་བྱང་ཆུབ་སེམས་དཔའི་ཞལ་སྔ་ནས་དགེ་
སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གས་རང་གི་སྙིང་གར་པདྨ་དཀར་པོ་འདབ་མ་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་པྲཾ་དཀར་པོ་རྣམ་པར་བཀོད་དེ། །དེ་ཉིད་ལས་སྔར་
བཞིན་དུ་ཐམས་ཅད་ཚུལ་བཞིན་དུ་བྱས་ནས་ཡི་གེ་པྲཾ་དང་པདྨ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཞལ་གཅིག་ཕྱག་གཉིས་མ་སྐུ་མདོག་དཀར་མོ་སྟེ། ལུང་དང་རྟོགས་པའི་བདག་ཉིད་ཀྱིས་རིན་པོ་ཆེའི་དབུ་རྒྱན་གྱིས་བརྒྱན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའི་པདྨ་ཅན་གཉིས་གཡས་པ་དང་གཡོན་
པའི་ཟུར་གྱི་བར་སྣང་ལ་ལངས་ལ་ལེགས་པར་བསྣམས་པ་ཕྱག་གཉིས་ཀྱིས་ཆོས་བཤད་པའི་ཕྱག་རྒྱ་བཅིངས་ཤིང་། པདྨ་དཀར་པོ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཞོན་ཤིང་ལང་ཚོ་ལ་བབ་པ་དྲེགས་པ་དང་ལྡན་པ། ན་བཟའ་དང་རྒྱན་རྣམ་པར་བཀྲ་བ་རྣམས་ཀྱིས་བརྒྱན་པ། སོ་སོར་སྣང་བ་ཙམ་དུ་རབ་ཏུ་སྤྲོ་
བར་བྱེད་པའི་འོད་ཟེར་གྱི་ཚོགས་རྣམ་པ་སྣ་ཚོགས་ཀྱིས་ནམ་མཁའ་ཀུན་ནས་འགེངས་པར་བྱེད་པ་མར་མེའི་ཕྲེང་བ་དང་འདྲ་བ་ཐོགས་པ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དུ་མ་སྤྲོ་བ་དང་བསྡུ་བའི་སྦྱོར་བས་ཐམས་ཅད་རང་བཞིན་གཅིག་ཏུ་ལྷག་པར་མོས་པས་ཀྱང་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མངོན་སུམ་
དུ་བྱས་པ་དེ་སྲིད་དུ་བསྒོམ་པར་བྱ་བའོ། །དེ་ནས་ཡང་གང་གི་ཚེ་རྒོད་པར་གྱུར་ན་དེའི་ཚེ་སྣའི་རྩེ་མོ་ལ་པདྨ་དཀར་པོ་སྲན་མ་ཙ་ན་ཀའི་ཚད་ཙམ་བྲིས་པ་དང་འདྲ་བ་རྣམ་པར་བསྒོམས་ལ། དེ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཤིན་ཏུ་ཕྲ་མོར་གྱུར་པ་སྔར་བཤད་པའི་གཟུགས་རྩེ་གཅིག་གིས་ཡིད་ཀྱི་དུས་
ཡོངས་སུ་ཆད་པ་མེད་པར་ཡང་དང་ཡང་དུ་བསྒོམ་པར་བྱ་བའོ། །དེ་ནས་བསྐྱེད་པའི་ཕྱོགས་ཀྱི་སྔགས་ནི་ཨོཾ་པྲཾ་སྭཱ་ཧཱ། རྫོགས་པའི་ཕྱོགས་ཀྱི་སྔགས་ནི་ཡོད་པ་ཡིན་ཏེ། དོན་དམ་པའི་རིམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རྣལ་འབྱོར་གྱི་གདམས་ངག་ཐོབ་པར་གྱུར་པ། དགེ་འདུན་གྱི་བུ་ཞེས་པ། རིགས་མིང་ཡང་

སྟེ་བརྩོན་པ་ཡིས། །སྒྲུབ་ཐབས་གསལ་པོར་བྲིས་པ་ནི། །སེམས་ཅན་ཐམས་ཅད་དོན་ཕྱིར་ཡིན། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས་སོ། །ཨ་བྷ་ཡའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། སར་སྭ་ཏི་སཱ་དྷ་ནཾ། བོད་སྐད་དུ། དབྱངས་ཅན་མའི་སྒྲུབ་ཐབས། དབྱངས་
ཅན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བརྗོད་པའི་རིམ་པ་དག་གིས་ཇི་སྲིད་དུ་སྟོང་པ་ཉིད་མངོན་དུ་བྱས་ཤིང་བྱིན་གྱིས་ཀྱང་བརླབས་ལ། པདྨ་དཀར་པོ་ཁྲུ་བདུན་གྱི་ཚད་དོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཡི་གེ་ཧྲཱིཿདཀར་པོ་སྟེ། དེས་པདྨ་དཀར་པོ་རང་གི་ས་བོན་གྱི་སྙིང་པོ་ཅན་དུ་བསྒོམ་པར་བྱའོ། །དེ་ལས་ཀྱང་
བཅོམ་ལྡན་འདས་མ་དབྱངས་ཅན་མ་ཆེན་མོ་རྗེས་སུ་བསམ་པར་བྱ་བའོ། །སྟོན་ཀའི་ཟླ་བའི་རྣམ་པ་ལྟར་སྣང་བ་པདྨ་དཀར་པོའི་སྟེང་ན་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ཕྱག་གཡས་པ་མཆོག་སྦྱིན་པར་མཛད་ཅིང་། གཡོན་པས་པདྨ་དཀར་པོ་ཡུ་བ་དང་ལྡན་པ་བསྣམས་པ། བཞིན་འཛུམ་པ་དང་ལྡན་ཞིང་། མཆོག་ཏུ་
ཐུགས་རྗེའི་རང་བཞིན་ཅན། །ཙནྡན་དང་མེ་ཏོག་དང་ན་བཟའ་དཀར་པོ་དང་ལྡན་པ། མུ་ཏིག་གི་དོ་ཤལ་གྱིས་ཐུགས་ཀ་ནས་མཛེས་པར་གྱུར་པ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་པ། ལོ་བཅུ་གཉིས་མིའི་ཚད་དུ་གྱུར་པ། རྐེད་པའི་སྐབས་དགའ་བར་གྱུར་པ། ཡངས་ལ་མཛེས་པའི་བྲང་ལྕོང་ཞིང་ཕྱལ་བ། འོད་ཟེར་གྱི་བཀོད་པ་
མཐའ་ཡས་པ་སྤྲོ་བར་མཛད་པས་འཇིག་རྟེན་གསུམ་ཀུན་དུ་སྣང་བར་མཛད་པ། དེ་ནས་དེའི་མདུན་དུ་ནི་བཅོམ་ལྡན་འདས་ཤེས་རབ་མའོ། །གཡས་སུ་ནི་ཡིད་གཞུངས་མའོ། །རྒྱབ་ཏུ་ནི་བློ་གྲོས་མའོ། །གཡོན་དུ་ནི་དྲན་པ་མའོ། །དེ་དག་རྣམས་ནི་རང་གི་གཙོ་མོ་དང་ཁ་དོག་ལ་སོགས་པ་མཚུངས་པ་དང་། མངོན་དུ་བལྟ་བས་
གནས་པར་བསམ་པར་བྱ་བའོ། །དེ་ནས་རང་གི་ལྟེ་བའི་ཡུལ་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨོཾ་དཀར་པོ་བསྒོམ་པར་བྱ་བའོ། །དེ་ལས་ལྷག་མ་མ་ལུས་པའི་ངག་གི་རང་བཞིན་གྱི་ཕྲེང་བ་ངེས་པར་འཕྲོས་པར་གྱུར་པས་རྒྱུན་མི་འཆད་པར་རབ་ཏུ་འབྱུང་བར་བསམ་པར་བྱ་ཞིང་སྔགས་བགྲང་བར་བྱ་བའོ། །དེ་ལ་
སྔགས་ནི་འདི་ཡིན་ཏེ། ཨོཾ་ཧྲཱིཿམ་ཧཱ་མ་ཡཱཾ་གེ་མ་ཧཱ་ས་ར་སྭཏྱེ་ན་མཿདེ་ལྟར་ཡང་བསྙེན་གནས་ལ་གནས་པར་གྱུར་པ་དང་། ངག་མི་སྨྲ་བར་གནས་པ་དང་། རྟག་པར་རྒྱུན་མི་འཆད་པར་ལྷའི་ང་རྒྱལ་གྱིས་ལྷག་པར་གནས་པ་དང་། སྔགས་རྒྱུན་དུ་ཟློས་པ་དང་། ལས་གཞན་ལ་མི་སེམས་པས་ནི་དབྱངས་ཅན་

མའི་གསུང་འཐོབ་པའོ། །ཟླ་བ་གསུམ་ན་ཚངས་པ་ཡང་འགྲུབ་པར་འགྱུར་རོ། །ཟླ་བ་དྲུག་ན་དབྱངས་ཅན་མ་དང་མཉམ་པར་འགྱུར་བ་ཡིན་ནོ། །དེ་ནས་སྨན་བཤད་པར་བྱ་སྟེ། ར་འོ་འཇིགས་མེད་ཚ་གསུམ་པ་ཐ་དང་། ཤུ་དག་སི་གུ་རྒྱམ་ཚ་རྣམས་བསྙམས་ལ། ལན་བདུན་མངོན་པར་བསྔགས་ཏེ་
མར་སར་དང་། འཐུངས་པས་དབྱངས་ཅན་མ་ཉིད་འགྲུབ་པ་ཡིན། །རའོ་བཞི་འགྱུར་དག་ཏུ་བྱ་བ་ཡིན། །མར་ནི་བསྐོལ་བ་སྲང་གཅིག་དག་ཡིན་ཏེ། །སྨན་རྣམས་སྲང་རེ་ཙམ་དུ་བྱས་པས་ནི། །དལ་གྱིས་འཇམ་པོར་མིང་ནི་བློ་གྲོས་བཟང་། །ཟླ་བ་ཙམ་དུ་རབ་ཏུ་སྦྱར་བྱས་པས། །ངག་གི་དབང་ནི་བླ་ན་མེད་པ་འཐོབ། །ཟླ་བ་དྲུག་ཏུ་
ཉེ་བར་སྦྱར་བྱས་པས། །དངོས་སུ་ངག་གི་དབང་ཕྱུག་ཉིད་དུ་འགྱུར། །མཉམ་མེད་ཁུ་བྱུག་སྐད་ནི་ངེས་སྒྲོགས་པའི། །སྙན་པའི་དབྱངས་ནི་སྐྱེ་བར་འགྱུར་བ་ཡིན། །དངོས་རྣམས་སྣ་ཚོགས་པ་ཡི་ནུས་ལྡན་ཕྱིར། །འདི་ལ་ཐེ་ཚོམ་ཟ་བར་བྱ་བ་མིན། །ཞེས་བྱ་བ་ནི་དབྱངས་ཅན་མ་ཆེན་མོའི་སྒྲུབ་ཐབས་སོ། །མཁས་པ་
ཨ་བྷ་ཡ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བཛྲ་སཱ་ར་སྭ་ཏི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས། སྔར་བཤད་པའི་ཆོ་གའི་ཚུལ་གྱིས་སྙིང་གར་པདྨ་དམར་པོ་དང་། ཟླ་བ་ལ་ཡི་གེ་ངོཿདམར་པོའི་ས་བོན་ཡོངས་སུ་གྱུར་པ་ལས་
པདྨ་དམར་པོ་འདབ་མ་བརྒྱད་པ་རང་གི་ས་བོན་གྱི་སྙིང་པོར་གྱུར་པའོ། །དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་དབྱངས་ཅན་མ་སྟེ། ཞལ་གསུམ་ཕྱག་དྲུག་མ། སྐུ་མདོག་ཐམས་ཅད་དམར་བ། སྤྱན་གསུམ་མ་སྔོན་པོ་དང་དཀར་པོ་ནི་གཡས་པ་དང་གཡོན་པའི་ཞལ་ལོ། །པདྨ་དང་རལ་གྲི་དང་གྲི་གུག་གཡས་པའི་ཕྱག་
ན་བསྣམས་པའོ། །ཐོད་པ་དང་རིན་པོ་ཆེ་དང་འཁོར་ལོ་ནི་གཡོན་པའི་ཕྱག་ན་བསྣམས་པའོ། །གཡས་བསྐུམ་པས་གནས་པ། གཞོན་ནུ་མ་གསར་ཞིང་ལང་ཚོ་དང་ལྡན་པ་རྒྱན་སྣ་ཚོགས་པ་དང་ལྡན་པ། མཚན་མ་དང་ས་བོན་གྱིས་ཐུགས་ཀ་ནས་བྱིན་གྱིས་བརླབས་པ། གཞན་གྱི་དོན་མཛད་པ་ལ་བརྩོན་པར་གྱུར་པར་བདག་ཉིད་
རྣམ་པར་བསྒོམ་པར་བྱ་བའོ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་བཟླས་པར་བྱ་བའོ། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སོ། །མ་ལ་བ་ཞེས་བྱ་བ་དྷའི་ཞལ་སྔ་ནས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ།

ས་ར་སྭ་ཏི་སཱ་དྷ་ནཾ། བོད་སྐད་དུ། དབྱངས་ཅན་མའི་སྒྲུབ་ཐབས། རྫོགས་སངས་རྒྱས་རྣམས་གསུང་མངའི་འོད་ཟེར་སྤྲོ་མཛད་ངག་ནི་མཚར་བའི་རོ་དབྱངས་དང་ལྡན་པས། །མྱང་བ་རྣམས་ལ་ཕན་མཛད་རྒལ་དཀའ་མི་ཟད་གཏི་མུག་མུན་པ་ཉེ་བར་འཇོམས་མཛད་མ། །ཡོན་ཏན་རང་བཞིན་རྡོ་རྗེ་དབྱངས་ཅན་མ་ཁྱོད་ལ་འདུད་འདིར་དེའི་
ཡན་ལག་མཉེས་བྱེད་པ། །བློ་གྲོས་རྟོགས་དཀའི་དབང་དུ་བྱས་ནས་འགྲོ་ལ་ཕན་ཕྱིར་བདེ་བར་གཤེགས་ལུགས་བཤད་པར་བྱ། །དང་པོ་ཉིད་དུ་གདོང་སོགས་དག་པར་བྱས་ལ་རབ་ཏུ་སྔ་བར་བརྩེ་ལྡན་བཟོད་པ་ཅན། །བྱམས་པ་མགུ་བས་རངས་པའི་དགའ་བ་དང་ལྡན་གང་ཡིན་སྔགས་པས་གཙང་མའི་གོས་དང་ནི། །
གནས་ཀྱང་ཡིད་འཕྲོག་པར་ནི་ཉིན་ཡང་རུང་སྟེ་རང་གི་སྙིང་གར་པདྨ་བལྟ་བར་བྱ། །དེར་ནི་དྲི་མེད་ཨ་ལས་ངེས་པར་བྱུང་བའི་ཟླ་བ་ལེགས་པར་བསྒོམ་བྱ་དེ་ལ་ཡང་། །དོཿཡིག་འོད་ཟེར་གྱིས་ནི་དགང་པར་བྱ་དང་ཕྱོགས་མཐའ་ཀུན་དུ་ཁྱབ་བྱ་དེ་ལས་ནི། །མདུན་དུ་སངས་རྒྱས་ཚོགས་རྣམས་བལྟ་བྱ་མེ་ཏོག་ལ་
སོགས་མཆོད་ལ་འདི་དག་བསྒོམ་པར་བྱ། །དེ་ནས་ཕྱག་འཚལ་ཡང་ནི་འདི་ཡིས་སྡིག་པ་སོ་སོར་བཤགས་བྱ་དེ་བཞིན་བསོད་ནམས་ལ། །རྗེས་སུ་ཡི་རང་གསུམ་ལ་སྐྱབས་འགྲོ་ཡང་དག་པར་ནི་བརྗོད་པར་བྱ་བའོ་སྔགས་རིག་པས། །ཞེས་སོགས་བསྔོ་བྱས་པར་ནི་ལེགས་བྱས་ཡང་དག་བདག་ཉིད་ཀྱང་
སྟེ་རྟོག་པའི་དྲ་བ་ནི། །ཐམས་ཅད་དེ་ཡིས་སྟོང་པར་དམིགས་བྱ་དེ་ནས་སྣ་ཚོགས་འདི་དག་མ་ལུས་བསྒོམ་བྱ་བ། །གཅིག་དང་དུ་བྲལ་དང་ལྡན་ཚིག་ནི་བརྗོད་བྱ་དག་པ་དམ་པའི་ཡེ་ཤེས་ཀྱིས་རིག་བྱ། །ཨོཾ་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ནི་ང་ཡིན་ནོ། །སྟོང་ཉིད་ལས་
ནི་ངེས་བྱུང་པདྨ་ཟླ་བ་དག་ལ་ཉེར་གནས་དོཿཡིག་དམར་པོའོ། །ཡང་ནི་སྣ་ཚོགས་འོད་ཟེར་ཚོགས་ཀྱིས་ཤིན་ཏུ་མཛེས་གྱུར་དེ་ལས་པདྨ་འདབ་བརྒྱད་པ། །དེ་ལས་དམར་མོ་འོད་ཟེར་ཆེར་འབར་བཅོམ་ལྡན་འདས་མ་དམ་པའི་རྒྱན་རྣམས་ཀྱིས་བརྒྱན་མ། །གཡས་བསྐུམ་པ་ཡི་ཞབས་ཀྱིས་
གནས་ཤིང་ཞལ་གསུམ་མ་སྟེ་ཕྱག་དྲུག་དག་གིས་བརྒྱན་པ་མོ། །ཞལ་གཡས་མཐིང་ནག་དང་ནི་པདྨ་རལ་གྲི་གྲི་གུག་རྣམས་ནི་བསྣམས་པས་ཕྱག་རྒྱས་ཤིང་། །གཡོན་ཞལ་དཀར་པོ་དང་ནི་དེ་བཞིན་ཐོད་བཅས་རིན་ཆེན་དམ་པ་དང་ནི་འཁོར་ལོ་བསྣམས། །སྙིང་གི་པདྨ་ལ་གནས་ཟླ་བའི་དབུས་སུ་

ཉེར་གནས་དེར་ཡང་དོཿནི་འབར་གྱུར་པས། །སྣ་ཚོགས་པ་ཡི་གཏི་མུག་ཉེ་བར་བཅོམ་པར་བྱས་ཤིང་སྤྲོས་པ་ཡིས་ནི་འཇིག་རྟེན་དག་བྱས་ཏེ། །ཉེ་བར་བསྡུས་ལ་རང་སྙིང་ཟླ་བ་ས་བོན་ལ་ནི་བཞག་པར་བལྟ་བྱ་ཡང་ནི་སྤྲོ། །དེ་ཉིད་འདིར་ནི་ཡུད་ཙམ་ཡུད་ཙམ་ཉི་མ་རེ་རེར་བསྒོམ་བྱ་རྟག་ཏུ་
དེ་ལྟ་བའི། །བསྒོམས་བྱས་སྐྱོ་ན་འདི་ཡིས་འདིར་ནི་ས་བོན་ཚོགས་པ་ལེགས་པར་བཏང་ལ་འདི་ཡི་སྔགས། །ཕྲེང་བ་བརྒྱུད་པ་མར་མེའི་རྣམ་པའི་རིམ་པས་སྙིང་པོར་གྱུར་པའི་སྔགས་འདི་འདྲ་བ་བཟླས། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷ་བརྡྷ་ནི་དྷི་རི་དྷི་རི་བུ་དྷི་བརྡྷ་ནི་སྭཱ་ཧཱ། ལྷ་མོའི་སྐུ་ནི་ཡིད་ལ་
བརྟག་བྱ་རབ་ཏུ་དགའ་བས་ཐུན་ཚོད་རྣམས་ནི་ཐམས་ཅད་ལ། །སྔགས་ནི་ལེགས་བཟླ་བདེ་གཤེགས་ལུགས་ཀྱིས་སེམས་ཅན་དོན་ཕྱིར་འདི་དག་ཡོངས་སུ་བསྔོ་བ་དང་། །དགོས་པ་སྒྲུབ་པའི་དབང་གིས་བསམ་གཏན་ལ་ནི་རྩེ་གཅིག་གནས་པར་བྱ་བའོ་ཇི་སྲིད་དུ། །འབུམ་ཕྲག་དག་ན་མ་རྫོགས་
པས་ཏེ་རྫོགས་པར་གྱུར་པ་དང་ནི་ལས་ཀྱི་རིམ་པ་ཡིན། །མི་མཐུན་ཕྱོགས་ཀྱི་རྣམ་པ་ཐམས་ཅད་ཉེ་བར་བཅོམ་པའི་བསམ་གཏན་བྱས་པ་ཉིད་ན་དེ། །དཀར་པོའི་ཚེས་གཅིག་ནས་ནི་ཇི་སྲིད་ཟླ་ཚེས་གནས་པར་གྱུར་པར་རང་གི་ཡིད་དང་ནི། །དེ་སྲིད་ནུབ་རེ་བཞིན་དུ་ལེགས་པར་སྦྱར་བ་ཉིད་བྱ་ཇི་སྲིད་
ཟླ་བ་ཉ་ཡི་བར། །མཚན་མོ་དེ་ཉིད་ལ་ཡང་འདི་ནི་གྲུབ་ཐོབ་རྒྱལ་བར་དཀའ་དང་སྙན་དངགས་པ་ཉིད་འགྱུར། །བཅོམ་ལྡན་འདས་མ་དཔལ་ལྡན་རྡོ་རྗེ་དབྱངས་ཅན་མ་དེ་ཡང་དག་མཉེས་བྱེད་གང་ཡིན་པ། །དཔལ་ལྡན་ནག་པོའི་རྒྱལ་པོས་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྒྱུད་ནས་ཉེ་བར་བཏོན་
བྱས་ནས། །སེམས་ཅན་རྣམས་ནི་དོན་ཕྱིར་མཛེས་བཀོད་ལས་བྱུང་བསོད་ནམས་བདག་གིས་ཐོག་མར་ཐོབ་གྱུར་པ། །དེས་ནི་འགྲོ་རྣམས་ནག་པོ་དང་ནི་ཆ་འདྲ་བཟློག་པར་དཀའ་བའི་གྲུབ་ཐོབ་སྙན་དངགས་ཤོག །དཔལ་འཛིན་གྱིས་བྱས་སྒྲུབ་ཐབས་འདི། །གལ་ཏེ་སངས་རྒྱས་རྣལ་འབྱོར་པ། །དཔལ་
ལྡན་རྡོ་རྗེ་དབྱངས་ཅན་གྱི། །འཇོ་བྱེད་ནང་གི་ཁྱད་པར་ཡིན། །འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་སོ།། །།པཎྜི་ཏ་ཆེན་པོ་དཱ་དང་ཨ་བྷ་ཡ་དང་ཨ་མ་ར་ལ་སོགས་པ་ལས་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་བསྒྱུར་བའོ།། །།