Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 17 / 21 (50.000 ký tự/trang)
ྲལ་ཞིང་། ངག་གི་བརྗོད་དུ་མེད་པའོ། །དེ་གཉིས་གཟི་བརྗིད་ཀྱིས་

ཀྱང་བཀྲ་ཤིས་ཤིང་བདེ་བ་སྟེ། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་རྣམས་ཀྱིས་ཀྱང་དེ་བཞིན་ནོ། །ཁྱེད་རྣམས་འདོད་དོན་གང་ཡིན་པ། །དོན་དེ་དེ་རིང་གྲུབ་གྱུར་ཅིག །ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདིས། དངོས་
གྲུབ་ཐམས་ཅད་འགྲུབ་སྟེ། ལྷ་དང་། མི་དང་། འབྱུང་པོའི་ཚོགས་རྣམས་ཀྱང་འདི་ལས་དོན་གྲུབ་པའོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཅེས་བྱ་བ་ནི། མི་དང་། བྱ་དང་། ལྷ་དང་། འབྱུང་པོ་རྐང་གཉིས་པ་ལ་
སོགས་པ་སྟེ། འདིར་ནི་བཀྲ་ཤིས་ཤིང་སྡུག་བསྔལ་དང་བྲལ་བའོ། །རྐང་བཞི་ནི། བྱོལ་སོང་གི་རིགས་ལས་གྱུར་པ་དང་། ཡི་དགས་དང་འབྱུང་པོ་དང་། ལྷ་རྣམས་ཡིན་ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། དེ་བཞིན་དུ་བཀྲ་ཤིས་པའོ། །ཁྱེད་ཅག་ལམ་འགྲོ་བདེ་ལེགས་
ཤོག །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཅེས་བྱ་བ་ནི། གང་ཡང་ལྷ་དང་མི་དང་། འབྱུང་པོ་ལ་སོགས་པ་འགྲོ་བའི་དུས་སུ་ཡང་བཀྲ་ཤིས་ཏེ། ཕྱིར་ལྡོག་པའི་དུས་སུ་ཡང་བཀྲ་ཤིས་པའི་ཕྱིར་རོ། །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤོག །ཅེས་བྱ་བ་
ནི། ནད་རྣམས་མེད་ཅིང་སྡུག་བསྔལ་དང་འབྲལ་བ་སྟེ། རྨི་ལམ་ངན་པ་དང་། ལྟས་ངན་པ་རྣམས་མི་མཐོང་ཞིང་། སྲོག་དང་མི་འབྲལ་བར་བདེ་ཞིང་བཀྲ་ཤིས་ཏེ། ཚེ་ཕྱི་མ་ཡང་དེ་བཞིན་ནོ། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག །ཁྱེད་ཅག་སྡིག་པར་མ་གྱུར་ཅིག །ཅེས་
བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཐམས་ཅད་ཀྱང་བཀྲ་ཤིས་ཤིང་བདེ་བ་སྟེ། རིག་སྔགས་འདི་ཡང་གྲུབ་པའོ། །སྡིག་པ་ཐམས་ཅད་དང་བྲལ་ཞིང་སྔོན་གྱི་དུས་དང་། ད་ལྟར་དང་། ཤེས་པ་དང་། མི་ཤེས་པ་འཇོམས་པའོ། །སེམས་ཅན་
ཀུན་དང་སྲོག་ཆགས་ཀུན། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དང་། སྲོག་ཆགས་བདེ་བར་འགྱུར་ཞིང་། ཡང་དག་པའི་བྱང་ཆུབ་ཐོབ་པ་སྟེ། འཇིག་རྟེན་གྱི་ཁམས་གཞན་གྱི་སེམས་ཅན་ཡང་དེ་བཞིན་ནོ། །འབྱུང་པོ་

ཀུན་དང་ཁྱེད་ཅག་ཀུན། །བདེ་བ་འབའ་ཞིག་ལྡན་གྱུར་ཅིག །ཅེས་བྱ་བ་ནི། འབྱུང་པོ་ནི་སྔོན་གྱི་ལས་ཀྱིས་བདེ་བ་ཅུང་ཟད་ཀྱང་མེད་པ་དང་། བདེ་བ་བག་ཙམ་ཡོད་པ་དང་། མཆོད་པར་འོས་པ་སྟེ། དེ་བཞིན་དུ་ཁྱེད་ཅག་ཀུན་ཀྱང་། སེམས་ཅན་མི་
གཏོགས་ཏེ། དེ་བཞིན་དུ་རབ་འབྲིང་ཐ་མ་གསུམ་ལ་གནས་ནས། དེ་ཀུན་ཡང་བཀྲ་ཤིས་ཤིང་བདེ་བར་གནས་ཏེ། ཡང་དག་པའི་བདེ་བ་ཐོབ་པའོ། །ཐམས་ཅད་ནད་རྣམས་མེད་པར་ཤོག །ཀུན་གྱིས་བཟང་རྣམས་མཐོང་གྱུར་ཅིག །ཅེས་བྱ་བ་ནི། འདི་ལ་ནད་རྣམས་
ཀྱིས་མི་ཚུགས་ཏེ། ནད་ཐམས་ཅད་བཅོམ་ཞིང་། བདེ་བ་འབའ་ཞིག་ལ་གནས་ཏེ། ཡང་ན་བདེ་བ་ཡང་དང་ཡང་དུ་ཐོབ་པའོ། །གང་ཡང་སྡིག་པར་མ་གྱུར་ཅིག །ཅེས་བྱ་བ་ནི། སྔོན་དུ་བྱས་པ་དང་། ད་ལྟར་བྱས་པའི་སྡིག་པ་ཅི་བྱས་ཀྱང་། འདིར་ནི་མཐོལ་ལོ་བཤགས་
སོ་ཞེས་བྱ་བའོ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང་། །ས་དང་བར་སྣང་དག་ལ་གནས་པ་རྣམས། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ཆོས་འདི་ལ་ཡང་བྱོན་ཞིང་། སེམས་ཅན་ལ་འཚེ་བར་ནི་མི་བྱེད་དོ། །དེ་བཞིན་དུ་གང་དང་གང་ལ་གནས་པའི་
འབྱུང་པོ་རྣམས་ཀྱང་སངས་རྒྱས་ཀྱི་བཀའ་ལས་མི་འདས་པའོ། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བྱ་བ་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ལ་འགོད་པ་སྟེ། གཞན་དང་
བྱང་ཆུབ་ཀྱི་སྙིང་པོ་དང་། ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ། དེ་བཞིན་དུ་ཤེལ་བཞིན་དུ་གསལ་བ་སྟེ། བག་ཆགས་དང་། ཤེས་བྱའི་དྲི་མས་མ་གོས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འདི་གསུངས་པ། གང་དང་གང་དུ་ཡང་
འཇིག་རྟེན་ཀྱི་ཁམས་ལ་སྤྱོད་ཅིང་དར་བར་ཤོག་ཅིག་ཅེས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་པའི། གྲོང་ཁྱེར་ཡངས་པ་ཅན་ལ་འཇུག་པའི་གནས་སྐབས་ཏེ་གཉིས་པའོ།། །།དེ་ནས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་ལ་

འཇུག་པའི་དེ་ནས་སོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། བསམ་གཏན་དང་པོའི་ལྷ་དང་བཅས་པ་རྣམས་བྱུང་སྟེ། ཚངས་རིས་དང་། ཚངས་པ་མདུན་ན་འདོན་དང་། ཚངས་ལྷ་ཉེ་ཕན་དང་། ཚངས་པ་ཆེན་པོ་དང་བཞིའོ། །
དེ་ནི་བསམ་གཏན་དང་པོའོ། །བསམ་གཏན་གཉིས་པའི་ལྷ་རྣམས་བྱུང་སྟེ། འོད་ཆུང་དང་། ཚད་མེད་འོད་དང་། འོད་གསལ་དང་གསུམ་མོ། །དེ་ནི་བསམ་གཏན་གཉིས་པའོ། །བསམ་གཏན་གསུམ་པའི་ལྷ་རྣམས་ཀྱང་བྱུང་སྟེ། དགེ་ཆུང་དང་། ཚད་མེད་དགེ་དང་།
དགེ་རྒྱས་སོ། །དེ་ནི་བསམ་གཏན་གསུམ་པའོ། །བསམ་གཏན་བཞི་པའི་ལྷ་རྣམས་ཀྱང་གནས་ཏེ། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་བའོ། །དེ་གསུམ་ནི་བསམ་གཏན་བཞི་པའོ། །དེ་ཡང་དེའི་གནས་སུ་འདུ་ཤེས་མེད་པའི་ལྷ་གནས་སོ། །གནས་གཙང་
མའི་ལྷ་རྣམས་ཀྱང་བྱུང་སྟེ། དེ་ཡང་མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ཤིན་ཏུ་མཐོང་བ་དང་། འོག་མིན་དང་ལྔའོ། །དེ་ཡང་བསམ་གཏན་བཞི་པ་ལ་གཏོགས་ཏེ་གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་ཀྱང་། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས།
བསྐོར་བ་ལན་གསུམ་བྱས་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པས་དབུ་བྱས་ཤིང་ཕྱོགས་གཅིག་ཏུ་བསྡད་པའོ། །ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་
འཕྲུལ་དབང་བྱེད་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། བརྒྱ་བྱིན་ལ་སོགས་པ་དང་ཐབས་ཅིག་ཏུའོ། །རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། གཤོལ་མདའ་འཛིན་དང་། གཉའ་ཤིང་འཛིན་དང་། ཕྲེང་ཐོགས་ཀྱི་ལྷ་
རྣམས་དང་། ལྷ་མ་ཡིན་ལ་སོགས་པ། རྒྱལ་ཆེན་རིགས་བཞིའི་ལྷ་དང་། ཤར་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་། ལྷོ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། ནུབ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་། བྱང་ཕྱོགས་ཀྱི་རྒྱལ་པོ་ལུས་ངན་

པོ་ལ་སོགས་པས་དབུ་མཛད་པ་དང་ཐབས་ཅིག་ཏུའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ཞེས་བྱ་བ་ནི། དབང་པོ་དང་། ཟླ་བ་དང་། ཆུ་ལྷ་ལ་སོགས་པའི་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་རྣམས་དང་ཐབས་ཅིག་ཏུའོ། །འཕྲོག་མ་བུ་
དང་བཅས་གཡོག་འཁོར་དང་བཅས་པ་རྣམས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། ལྷགས་ནས་ཞེས་བྱ་བ་ནི། ལྔས་རྩེན་དང་འཕྲོག་མའི་བུ་དགའ་བྱེད་ལ་སོགས་པ་བརྒྱ་དང་ངོ་། །འཕྲོག་མའི་བུ་མཐའ་ལྟག་དབང་ཕྱུག་ལ་སོགས་པ་བརྒྱ་དང་ངོ་། །འཕྲོག་མའི་བུ་
དབུ་མ་ཁྱབ་འཇུག་ལན་ལ་སོགས་པ་བརྒྱ་དང་ངོ་། །འཕྲོག་མའི་བུ་གང་བ་དང་འོག་ལ་སོགས་པ་བརྒྱ་དང་ངོ་། །འཕྲོག་མའི་བུ་སྐྱེ་དགུ་དག་ལ་སོགས་པ་བརྒྱ་སྟེ་ལྔ་བརྒྱ་དང་བཅས་པ་ཐབས་ཅིག་གོ། །ནག་པོ་དང་། ནག་མོ་དང་། གྲུལ་བུམ་དང་། དུང་ལ་སོགས་
པ་སོ་སོའི་འཁོར་དང་བཅས་ཏེ། གྲོང་ཁྱེར་ཡངས་པ་ཅན་གྱི་ཨ་འབྲས་ཀྱི་ཚལ་ན་སོ་སོའི་ཁ་དོག་བསྟན་ཞིང་རྫུ་འཕྲུལ་ཡང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། ལན་གསུམ་བསྐོར་བ་བྱ་བ་ནས། ལྷ་སོ་སོའི་མཆོད་
རྫས་བླ་ན་མེད་པས་བཅོམ་ལྡན་འདས་ལ་མཆོད་པར་བྱས་ཏེ། བཅོམ་ལྡན་འདས་དང་འཁོར་ཕུན་སུམ་ཚོགས་པའི་མདུན་དུ་ཐབས་ཅིག་ཏུ་བཞུགས་པའོ། །ཕྱོགས་གཅིག་འཁོད་དེ་ཞེས་བྱ་བ་ནི། སོ་སོར་མི་སྨྲ་ཞིང་མགྲིན་པ་གཅིག་གིས་སྨྲས་པའོ། །
ཕྱོགས་གཅིག་ཏུ་འཁོད་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཡིན་ཏེ། སྟོང་སྤྱི་ཕུད་ཀྱི་བདག་པོ་འཁོར་དེ་རྣམས་ཀྱི་དབུ་བྱས་ཤིང་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བའོ། །བཅོམ་ལྡན་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་
ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་གུས་པར་བྱས་ཤིང་། བཅོམ་ལྡན་འདས་ཀྱི་མདུན་དུའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཕྱོགས་གཅིག་ཏུ་སྨྲས་ཏེ། ཕྱོགས་གཅིག་ཏུ་སྐད་ཅིག་ཏུ་ཚངས་པས་སྨྲས་པའོ། །

བཙུན་པ་བཅོམ་ལྡན་འདས་བདག་ནི་ཞེས་བྱ་བ་ནི། གཟུགས་ཀྱི་ཁམས་དང་། འདོད་པའི་ཁམས་དང་། བགེགས་ཀྱི་བདག་པོ་རྣམས་ཡིན་ཏེ། དེ་བཞིན་བདག་ཅག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆིས་སོ་ཞེས་པའོ། །སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞེས་བྱ་བ་ནི། བསམ་
གཏན་བཞི་པ་སྟོང་། བསམ་གཏན་གསུམ་པ་སྟོང་། བསམ་གཏན་གཉིས་པ་སྟོང་། བསམ་གཏན་དང་པོ་སྟོང་། དེ་བཞིན་དུ་སོ་སོར་བགྲངས་པ་སྟོང་སྟོང་བརྩི་སྟེ། དེ་ནི་གཟུགས་ཀྱི་ཁམས་ཀྱི་རྩི་ལུགས་སོ། །གཞན་འཕྲུལ་དབང་བྱེད་སྟོང་། འཕྲུལ་དགའ་སྟོང་། འཐབ་བྲལ་སྟོང་།
སུམ་ཅུ་རྩ་གསུམ་སྟོང་། རྒྱལ་ཆེན་རིགས་བཞི་སྟོང་། རིམ་པ་བཞིན་དུ་ལྷའི་རིགས་དྲུག་ནི་འདོད་པའི་ཁམས་ལ་དེ་བཞིན་དུ་སྟོང་སྟོང་བརྩི་བར་བྱའོ། །དེ་བཞིན་དུ་རི་རབ་ཀྱང་ཡིན་ཏེ། ཉི་མ་དང་། ཟླ་བ་དང་། སྐར་མ་ལ་སོགས་པའོ། །ཤར་གྱི་ལུས་འཕགས་སྟོང་། ལྷོའི་འཛམ་བུ་གླིང་
སྟོང་། ནུབ་ཀྱི་བ་ལང་སྤྱོད་སྟོང་། བྱང་གི་སྒྲ་མི་སྙན་སྟོང་། དེ་བཞིན་ཚ་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཡིན་ཏེ། དེ་ནི་འདོད་པའི་ཁམས་ཀྱི་སྟོང་རྩི་ལུགས་སོ། །གཟུགས་མེད་ཀྱི་ཁམས་ཀྱང་དེ་བཞིན་དུ་ཡིན་ནོ། །དབང་ཕྱུག་ཆེན་པོ་ལ་དབང་བགྱིད་པ་
ལགས་ཏེ་ཞེས་བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་ཁམས་ལ་དབང་མཛད་པའོ། །ཡང་ན་དེ་ནི་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཡིན་ཏེ། མི་མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དབང་སྡུད་མཛད་པའོ། །བཙུན་པ་བཅོམ་ལྡན་འདས་བདག་ནི་འཚལ་ན། སྟོང་གི་འཇིག་རྟེན་གྱི་ཁམས་རྣམས་སུ་སྲུང་བར་
བགྱིད་ཅེས་བྱ་བ་ནི། ཚངས་པས་དབུ་མཛད་ཅིང་། ལྷ་དང་། འབྱུང་པོ་རྣམས་ཀྱིས་ཀྱང་ཕན་པར་བྱེད་པ་དང་། གནོད་པར་བྱེད་པའི་ངེས་ཚིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཚིག་ཞུས་པའོ། །སྲུང་བར་བགྱིད་ཅེས་པ་ནི། བཅོམ་ལྡན་འདས་ཀྱི་བཀའ་ལས་མི་འདའ་བའོ། །ཡོངས་སུ་སྐྱོབ་
པར་བགྱིད་ཅིང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བགྱིད་ལགས་སོ་ཞེས་བྱ་བ་ནི། བཀྲ་ཤིས་ཤིང་སེམས་ཅན་ཐམས་ཅད་ལ་བདེ་བར་གནས་པར་བྱས་པའོ། །བཙུན་པ་ཞེས་བྱ་བ་ནི། འདོད་པའི་ཡོན་ཏན་ལྔ་སྤངས་ཤིང་། ཚུལ་ཁྲིམས་ལ་སོགས་པ་

བསྲུངས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་ལ་སྤྲུལ་པའི་སྐུས་ཁྱབ་པའོ། །བདེ་བར་གཤེགས་པ་ཆོས་ཀྱི་མངའ་བདག་ཅེས་བྱ་བ་ནི། བག་ཆགས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པས་མ་གོས་ཏེ། འཁོར་བའི་སྡུག་བསྔལ་གྱིས་མི་གོས་ཤིང་། ལུས་
དང་ངག་དང་། ཡིད་བདེ་བ་སྟེ། དེ་བཞིན་དུ་གཏི་མུག་དང་། ཞེ་སྡང་དང་། འདོད་ཆགས་དང་། སེར་སྣ་དང་། ཕྲག་དོག་རྣམས་ཀྱིས་མི་ཚུགས་ཤིང་བདེ་བར་གཤེགས་ཏེ། ལུས་པ་མེད་པས་ན་བདེ་བར་གཤེགས་པ་སྟེ། དེ་བས་ན་ཆོས་རང་བཞིན་ནི་དངོས་པོ་མེད་ཅིང་རྙོག་པ་
མེད་པ་སྟེ། རང་བཞིན་མེད་ཅིང་། རྟག་ཆད་གཉིས་དང་བྲལ་ཏེ། བརྗོད་པས་ཀྱང་མི་ཁྱབ་པ་སྟེ། ནམ་མཁའ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཁྱབ་པས་ན། དབང་ཕྱུག་ཅེས་བྱའོ། །བཅོམ་ལྡན་འདས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་དབང་
ཕྱུག་ལ་མངའ་མཛད་པ་ལགས་ཏེ་ཞེས་བྱ་བ་ནི། བཞི་བཅོམ་སྐལ་བ་དང་ལྡན་པ་སྟེ། རི་རབ་ལ་སོགས་པ་འཇིག་རྟེན་གྱི་ཁམས་འདི་སྟོང་སྟོང་བརྩི་སྟེ། དེ་ནི་སྟོང་སྤྱི་ཕུད་གྱིའཇིག་རྟེན་གྱི་ཁམས་ཡིན་ནོ། །དེ་བཞིན་དུ་ཉིས་འགྱུར་དུ་བརྩིས་པ་ནི་སྟོང་བར་མའོ། །སྟོང་གསུམ་གྱི་སྟོང་
ཆེན་པོའི་འཇིག་རྟེན་གྱི་ཁམས་ནི། དེ་དེའི་སུམ་འགྱུར་དུ་བརྩིས་པ་ནི་སྟོང་གསུམ་མོ། །ཆེན་པོ་ནི་སེམས་ཅན་ཐམས་ཅད་བསམ་གྱིས་མི་ཁྱབ་པའོ། །འཇིག་རྟེན་གྱི་ཁམས་ནི་མཉམ་པོར་གཟིགས་ཤིང་མཉམ་པོར་བསྟེན་ཏེ། དགེ་སྡིག་ལ་སོགས་པ་གནས་ཤིང་སེམས་
ཅན་གནས་པའོ། །དེ་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། སེམས་ཅན་རིགས་མི་གཅིག་པའི་ཕྱིར་ན་རྫུ་འཕྲུལ་སྣ་ཚོགས་བསྟན་པའོ། །ཡང་ན་སེམས་ཅན་གྱི་དོན་ལ་དེར་དབང་མཛད་དེ། ཐེག་པ་སྣ་ཚོགས་བསྟན་ཞིང་ཡང་དག་པའི་བྱང་ཆུབ་ཀྱི་ལམ་བསྟན་པའོ། །དེ་ནི་ཚངས་
པའི་ཚིག་གོ། །བཅོམ་ལྡན་འདས་ཀྱང་བཞེད་ན་ཞེས་བྱ་བ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་བསྒོམ་ཞིང་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས་སུ་ཞེས་བྱ་བ་ནི། སྤྲུལ་པའི་སྐུས་

ཀྱང་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་ཀྱང་། སེམས་ཅན་གྱི་དོན་མཛད་པའོ། །བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་མཛད་པ་ལགས་ན་ཞེས་བྱ་བ་ནི། མི་དགེ་བ་བཅུ་ལ་འགྲོ་བར་ཡང་སྲུང་སྟེ་མཐོ་རིས་ཀྱི་
ལམ་བསྟན་པའོ། །འཁོར་བའི་འཇིགས་པ་དང་། འཇིག་རྟེན་དང་ད་ལྟར་བྱུང་བ་རྣམས་ཀྱི་འཚེ་བ་དང་། ངན་སོང་གསུམ་ལས་འཐོན་པར་བྱེད་པའོ། །མི་དགེ་བ་བཅུ་ལ་འགྲོ་བ་ཡང་བཟུང་སྟེ། དེ་ལས་ལྡོག་ནས་དགེ་བ་བཅུ་ལ་འཇུག་པའོ། །དཔེར་ན་ཤིང་སྐམ་པོ་འགུགས་
ཏེ། ཁེངས་པའི་རང་བཞིན་ཐབས་ཀྱིས་འགུགས་པ་བཞིན་དུ། ཁེངས་པ་ཁྲོ་བོའི་རིགས་ཀྱང་བཅོམ་ལྡན་འདས་ཀྱི་གཟི་བརྗིད་ཀྱིས་ཀྱང་འདུལ་བར་བྱེད་པའོ། །ཡང་ན་ཞི་བ་ནི་བཅོམ་ལྡན་འདས་སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་བྱིན་རླབས་ཀྱིས་ཞི་བར་བྱེད་པའོ། །སྡུག་བསྔལ་དང་
བྲལ་ཞིང་། བདེ་བ་ལ་བཀོད་དེ། ཡང་དག་པའི་ཡེ་ཤེས་ཐོབ་པར་བྱེད་པའོ། །ཡང་ན་འཇིག་རྟེན་གྱི་ཁམས་འདི་ལ། ལུས་དང་། ངག་དང་། ཡིད་བདེ་ཞིང་ཕུན་སུམ་ཚོགས་པ་ཡི་དགས་རྣམས་ཀྱིས་ཀྱང་འཚེ་བར་མི་བྱེད་པའོ། །མཛད་ལགས་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་
ལ་ཚངས་པས་ཡང་ནས་ཡང་དུ་ཞུས་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། ལན་གཅིག་མངོན་དུ་ཞུགས་ཏེ། ལན་གཉིས་པ་ནི་ད་ལྟར་ཞུ་སྟེ། ཕྱི་མ་ཡང་ཞུས་པའོ། །ལན་གཅིག་ལན་གཉིས་ལན་གསུམ་དུ། ཚངས་པ་རྣམས་ཀྱིས་ཡང་དང་ཡང་དུ་ཞུས་པའོ། །དེ་ནས་བཅོམ་
ལྡན་འདས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བས་གནང་ངོ་ཞེས་བྱ་བ་ནི། དེ་ནས་ནི་ཚངས་པས་སྨྲས་པའི་དེ་ནས་སོ། །སེམས་ཅན་རྣམས་ལ་དམིགས་ནས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་ཞལ་ནས་བྱུང་སྟེ། མཾ་གྱི་ཡི་གེའི་རང་བཞིན་ལས་ནམ་མཁའ་བཞིན་
དུ་ཁྱབ་པ། འོད་ཟེར་སྣ་ཚོགས་པ་འཕྲོས་ནས། འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་བྲལ་བ་དང་། སྟོང་པ་ཉིད་ཀྱི་རང་བཞིན་ཐབས་དང་ཤེས་རབ་གཉིས་སུ་མེད་པ། ངོ་བོ་དང་བྲལ་ཞིང་གང་གིས་བརྗོད་དུ་མེད་པ་དེ་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཞལ་ནས་

བྱུང་ངོ་། །ཞལ་བཞི་པ། ཕྱག་བརྒྱད་པ། སྐུ་མདོག་དམར་མོ། གཞོན་ནུའི་ཆ་བྱད་ཅན། སངས་རྒྱས་ལྔའི་དབུ་རྒྱན་དང་བཅས་པ། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གཡས་དཀར་པོ། གཡོན་མཐིང་ག །རྒྱབ་སེར་
པོའོ། །ཕྱག་དང་པོའི་གཡས་གཡོན་གཉིས་ན་ཆོས་ཀྱི་རྒྱལ་པོའི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་མཛད་པ། དེའི་འོག་མ་གཉིས་ཀྱིས་མཉམ་གཞག་གི་ཕྱག་རྒྱ་མཛད་པ། གཡས་པའི་ཐ་མས་མཆོད་སྦྱིན་གྱི་ཕྱག་རྒྱ་མཛད་པ། གཡོན་
པས་སྐྱབས་སྦྱིན་ཕྱག་རྒྱའོ། །ཞབས་པདྨ་སྐྱིལ་ཀྲུང་དུ་བཞུགས་པ། ཡེ་ཤེས་ལྔའི་རང་བཞིན། ཤེས་རབ་ཀྱི་ངོ་བོ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཐབས་ཀྱི་ངོ་བོ་ཡང་རིག་སྔགས་ཀྱི་རྒྱལ་མོའོ། །འདུ་ཤེས་ཀྱི་ཕུང་པོ་པདྨ་གསུང་གི་རིགས་མེའི་ཁམས་རོའི་སྐྱེ་མཆེད་དོ། །པདྨ་
དང་། ཟླ་བའི་གདན་ལ་བཞུགས་ཤིང་ཉི་མའི་འོད་ཟེར་དང་ལྡན་པ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་དང་བཅས་ཤིང་། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དང་བཅས་ནས་བྱུང་བའོ། །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་ཞིང་སེམས་ཅན་གྱི་དོན་ལ་ཚངས་
པ་ལ་སོགས་པས་ཞུས་པ་ལ་ཏིང་ངེ་འཛིན་གནང་བའོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཏིང་ངེ་འཛིན་གྱིས་གནང་བ་དེ་ནས་སོ། །མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་
བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པས་མངོན་པར་ཤེས་པས་ཏིང་ངེ་འཛིན་གྱིས་གནང་བར་ཤེས་སོ། །དེ་ནས་ཞེས་བྱ་བ་ནི་ཚངས་པས་མངོན་པར་ཤེས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལས་བཞེངས་
ནས། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པ་དང་། གཞན་ཡང་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། དེ་ལ་སོགས་པ་མི་དང་། ལྷ་དང་ལྷ་མ་ཡིན་དང་། འབྱུང་པོ་མང་པོ་འདུལ་བའི་འཁོར་གྱི་ནང་དུ་བཅོམ་ལྡན་

འདས་ཤཱཀྱ་སེང་གེས་བཀའ་སྩལ་ཏོ། དགེ་སློང་དག་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི་གཟུགས་ཀྱི་ཁམས་ཀྱི་ལྷ་གནས་རིས་བཅུ་བདུན་དང་ངོ་། །ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི་འདོད་
པའི་ཁམས་སུམ་ཅུ་རྩ་གསུམ་ནས་ཡར་ལ་བགྲངས་པ་ལྔ་དང་བཅས་པའོ། །རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་དང་བཅས་པ་དང་ཞེས་བྱ་བ་ནི། རྒྱལ་ཆེན་བཞིའི་རིས་ནས་མར་ལ་བགྲངས་པ། ལྷ་མ་ཡིན་དང་། གསེར་གྱི་རི་བདུན་ཕྲེང་ཐོགས་ཀྱི་ལྷ་རྣམས་ལ་སོགས་
པའི་འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་དང་ཐབས་ཅིག་གོ། །རྒྱལ་པོ་བཞི་ནི་རི་རབ་ཀྱི་ལྕོག་ལ་གནས་པའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཅས། གཡོག་འཁོར་དང་བཅས་པ་རྣམས་ཞེས་བྱ་བ་ནི། གདོན་གྱི་རིགས་ཉི་ཤུ་རྩ་དྲུག་དཔོན་
རེ་རེ་དང་བཅས་པ་སྟོང་ཕྲག་བརྒྱད་ཅུ་ལྷའི་གདོན་ལ་སོགས་པ་རེ་རེ་ཡང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །དེ་རྣམས་དང་ཐབས་ཅིག་ཏུའོ། །ང་ག་ལ་བ་དེར་འོངས་ནས། མི་མཇེད་ཀྱི་བདག་པོས་ང་ལ་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་རིག་སྔགས་ཀྱི་ཚིག་སྨྲས་
སོ་ཞེས་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་ལན་གཅིག་ལན་གཉིས། ལན་གསུམ་ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཤད་པའོ། །མངའ་མཛད་པ་ལགས་ཏེ་ཞེས་བྱ་བ་ནི། ཆོས་ཀྱི་རང་
བཞིན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུས་ཁྱབ་པའོ། །བཅོམ་ལྡན་འདས་ཀྱང་བཞེད་ན་ཞེས་བྱ་བ་ནི། ཚངས་པས་ཡང་ནས་ཡང་དུ་ཞུས་པའི་ཚིག་དགེ་སློང་རྣམས་ལ་སྨྲས་པ། ལན་གསུམ་ཞུས་པའོ་ཞེས་སྨྲས་པའོ། །བདེ་ལེགས་སུ་གྱུར་པར་མཛད་དུ་
གསོལ་ཞེས་གསོལ་ཏོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་སྤྲུལ་པ་དང་། བདེ་ལེགས་སུ་གྱུར་ཅིག་ཅེས་པའོ། །དགེ་སློང་དག་ངས་ཀྱང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ཅང་མི་གསུང་བས་གནང་ངོ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་དོན་ལ། སྐད་

ཅིག་མའི་ཏིང་ངེ་འཛིན་གྱིས་རིག་སྔགས་འཕྲོས་པས་འགྲོ་བ་རིས་དྲུག་གི་དོན་མཛད་པའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ཅང་མི་གསུང་བས་གནང་བར་རིག །ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པའི་དེ་ནས་ཏེ།
དེ་མངོན་པར་ཤེས་ནས་ཚངས་པ་ལ་སོགས་པས་ཀྱང་། དེ་རིག་པར་ཤེས་པའོ། །དགེ་སློང་དག་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པ་འདི་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་རིག་སྔགས་ཀྱི་ངེས་ཚིག་སྨྲས་ཏེ། རིག་ནི་ཤེས་རབ་སྟེ། སྔགས་ནི་ཐབས་སོ། །
རྒྱལ་མོ་ནི་བདུད་རྣམས་ཀྱིས་མི་ཚུགས་ཏེ། འཁོར་བ་རྣམས་འཇོམས་བའོ། །གསང་བ་ནི་སྟོང་པ་ཉིད་ཡིན་ཏེ། ཁྱབ་ཆེ་བ་མི་དམིགས་པ་རྡོ་རྗེའི་རང་བཞིན་ཡིན་ཏེ། ངག་གིས་ཀྱང་སྨྲ་བར་མི་ནུས་ཏེ། ངོ་བོ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་དམིགས་པ་སྟེ་གསང་
བའོ། །སྔགས་ནི་སྐྱོབ་པ། སྲུང་བ། མནྟྲའི་རང་བཞིན། སྒྱུ་མ་ལྟ་བུ། ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུའོ། །སངས་རྒྱས་རྣམས་ཀྱང་སྒྱུ་མ་ལྟ་བུའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ལས། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་
ཁམས་ཀྱང་སྒྱུ་མ་ལྟ་བུ་སྟེ། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ་སྟེ། སངས་རྒྱས་དང་། ཆོས་དང་། དགེ་འདུན་ཡང་། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ་ཞེས་གསུངས་སོ། །ཡང་ན་སྔགས་ནི་
ཐམས་ཅད་ལ་ཁྱབ་སྟེ་སྤྲུལ་པའི་སྐུའི་རང་བཞིན་གྱིས་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །རྗེས་སུ་འཛིན་པ་ནི་རིག་སྔགས་ཀྱི་རྒྱས་བཏབ་སྟེ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དགྲ་བཅོམ་པ་དང་། ལྷ་དང་། མི་ལ་སོགས་པ་རྗེས་སུ་འཛིན་ཏེ། དེའི་ཡེ་ཤེས་ཀྱི་
ལམ་གྱིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་འབྲས་བུ་ཐོབ་བའོ། །རིག་སྔགས་འདི་ནི་ཡང་དག་པའི་ཡེ་ཤེས་ཡིན་ནོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ་ཞེས་བྱ་བ་ནི། བསམ་གྱིས་

མི་ཁྱབ་པ། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མར་མེ་མཛད་ལ་སོགས་པ་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །རྗེས་སུ་ཡི་རང་སྟེ་འདིའི་ལམ་ནས་སངས་རྒྱས་པའོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་
རྣམས་ཀྱང་གསུང་བར་འགྱུར་རོ་ཞེས་བྱ་བ་ནི། མ་འོངས་པ་རྣམས་ནི་བཅོམ་ལྡན་འདས་བྱམས་པ་ལ་སོགས་པ་ཡིན་ཏེ། དེ་བཞིན་དུ་དེའི་ལམ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །ད་ལྟར་བྱུང་བ་ན་ཡང་འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་ཉིད་ལ་ཕན་པར་བྱ་
བའི་ཕྱིར་ད་ལྟར་ང་ཉིད་ཀྱིས་བཤད་དོ་ཞེས་བྱ་བ་ནི། སྨོན་ལམ་གྱི་སྟོབས་ཀྱིས་འདིའི་ཚེ་འདི་ལ་སེམས་ཅན་གྱི་དོན་ལ། ཤཱཀྱ་སེང་གེས་ཀྱང་གསུངས་ཤིང་རྗེས་སུ་ཡི་རང་སྟེ། འདིའི་ལམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་
རྗེས་སུ་འཛིན་པའི་ཚངས་པ་ལ་སོགས་པས་རིག་སྔགས་ཞུ་བའི་གནས་སྐབས་ཏེ་གསུམ་པའོ། །རིག་སྔགས་ཀྱི་ངེས་ཚིག་གི་རྟགས་དང་པོ་རྫོགས་སོ།། །།དེ་ནས་ཞེས་བྱ་བ་ནི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བཞུགས་པས་གསུངས་པའི་དེ་ནས་སོ། །
བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། གསང་སྔགས་ཀྱི་ཚིག་འདི་ཟུང་ཤིག་ཅེས་གསུངས་ནས། ཀུན་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས་གཏད་པའོ། །ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་
འཛིན་མ་འདི་ཟུང་ཤིག་ཅེས་བྱ་བ་ནི། སྐུ་གསུམ་གྱི་རང་བཞིན་ལ་སེམས་ཅན་རྣམས་ཀྱི་དོན་མཛད་པ་གསང་སྔགས་ཀྱི་ཚིག་གིས། མ་རིག་པའི་མུན་པ་བསལ་ཏེ། སྲིད་པ་གསུམ་ཡང་འཇོམས་པ། སྐུ་གསུང་ཐུགས་ཀྱིས་བཟུང་ནས་སེམས་ཅན་རྣམས་ཀྱི་དོན་མཛད་དོ་ཞེས་པའོ། །
ཆོངས་ཤིག །ལྷོགས་ཤིག །ཤོད་ཅིག །ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ནི། ངའི་བཀའ་ལས་མ་འདས་པར་བྱས་ཤིང་། སེམས་ཅན་གྱི་དོན་ལ་ང་མྱ་ངན་ལས་འདས་ནས་ཀྱང་། གསུངས་ཤིག །རྗེས་སུ་ཡི་རང་ཞིང་སེམས་ཅན་ཐམས་ཅད་ལ་སྟོན་ཅིག་ཅེས་བྱ་བའོ། །ཡང་ན་དེ་

ལྟར་ཁྱོད་ཀྱིས་དེ་ལྟར་བཟུང་ནས་སེམས་ཅན་གྱི་དོན་ལ་ཚིག་གཟུང་བར་གྱིས་ཤིག་ཅེས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདི་ནི་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ།
ངན་སོང་གསུམ་འཇོམས་པ། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པ། འཁོར་བ་ནས་ལོག་པ། སྡུག་བསྔལ་ཐམས་ཅད་དང་བྲལ་བའོ། །འཁོར་བཞི་པོ་རྣམས་ཀྱི་དོན་དང་། ཕན་པ་དང་། བདེ་བ་དང་། བདེ་བར་རེག་པར་གནས་པར་འགྱུར་རོ་ཞེས་
བྱ་བ་ནི། མེད་པ་ཡོད་པར་བྱེད་དེ། ཡོད་པ་རྣམས་ཀྱང་མེད་པར་བྱེད་པའོ། །བཀྲ་མི་ཤིས་པ་བཀྲ་ཤིས་པ་སྟེ། བརྗེད་པ་རྣམས་ཀྱང་དྲན་པ་རྙེད་དེ། ཤེས་རབ་ཆུང་བ་རྣམས་ཀྱང་ཤེས་རབ་དང་ལྡན་པ། འཇིགས་པ་རྣམས་ཀྱང་མི་འཇིགས་པའོ། །ཚེ་ཐུང་བ་རྣམས་ཀྱང་ཚེ་རིང་བར་བྱེད་དེ། ནད་
ཐམས་ཅད་འཇོམས་ཤིང་། མི་བདེ་བ་ཡང་བདེ་བར་བྱེད་དེ། མ་རུངས་པའི་གདོན་རྣམས་ཀྱིས། དགེ་བ་དང་། ཆོས་བྱེད་དུ་མི་སྟེར་བའི་གདོན་རྣམས་འཇོམས་ཤིང་། ཚིག་ཏུ་བརྗོད་པ་ཙམ་གྱིས་ཀྱང་། ལྷ་དང་། ལྷ་ཁང་དང་། ཁྱིམ་དང་། པུསྟི་དང་། གླེགས་བམ་དང་། ལུགས་
སྐུ་ལ་སོགས་པ་རབ་ཏུ་གནས་པར་འགྱུར་རོ། །ཡང་ན་འཁོར་བཞི་ལ་སོགས་པ་ལ་བར་ཆོད་མེད་ཅིང་བདེ་བར་བགྱིད་དོ། །རིག་སྔགས་འདིའི་ཚིག་ནི། པདྨའི་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་ཏེ། མཚོན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་
རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའོ། །ཕུང་པོ་ནི་གཟུགས་ཀྱི་ཕུང་པོའོ། །སའི་ཁམས་ནི་མིག་གི་སྐྱེ་མཆེད། ཡེ་ཤེས་ལྔའི་ངོ་བོ་ཉིད། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། སྐུ་མདོག་དཀར་པོ། །ཞལ་གསུམ་པ། ཕྱག་དྲུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་
པ། ཞལ་གཡས་མཐིང་ག །གཡོན་དམར་བ། ཕྱག་གཡས་པ་གསུམ་ན། རལ་གྲི་དང་། བེ་ཅོན་དང་། འཁོར་ལོ་བསྣམས་སོ། །གཡོན་པ་གསུམ་ན་རིན་པོ་ཆེ་དང་། ཞགས་པ་དང་། ལྕགས་ཀྱུ་རྣམས་སོ། །གཡས་བརྐྱང་བ། གཡོན་བསྐུམ་པས་པདྨའི་སྟེང་ན། ཟླ་བའི་

མཚན་ཉིད། ཉི་མའི་འོད་དང་ལྡན་པ་སྟེ། ཞི་བའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་འདི་ལྟ་སྟེ། ཨུ་བུདྡྷེ། ནེ་བུདྡྷེ་ཞེས་བྱ་བ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། །ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་
སྟོབས་དང་། མཐུ་རྩལ་དང་ལྡན་པ་འདི་ནི་ཞེས་བྱ་བ་ནི། དཔག་ཚད་ལྔ་བརྒྱར་གནས་པས་ཀྱང་། འདི་ནས་བསྲུངས་ན། བསྐྱབ་པ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་རོ། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་པ་བཞིན་དུ་ཡང་དག་པར་གསུང་བར་
བྱའོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ་ཞེས་བྱ་བ་ནི། རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཀུན་སྐྱོབས་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུངས་རྣམས་ཡིན་ཏེ།
དེ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་གསུངས་པའོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་གསུང་བར་འགྱུར་རོ་ཞེས་བྱ་བ་ནི། རིན་ཆེན་ཟླ་བ་དང་། རིན་ཆེན་འབྱུང་གནས་དང་།
ཀུན་དུ་བཟང་པོ་དང་། ཆོས་འབྱུང་བ་དང་། རྣམ་པར་སྣང་མཛད་དང་། ཞལ་རྣམ་པར་གཟིགས་བའི་ཨུཏྤ་ལ་དང་། དེ་བཞིན་གཤེགས་པ་བྱམས་པ་ལ་སོགས་པས་དབུ་མཛད་པ་བསམ་གྱིས་མི་ཁྱབ་པ་སངས་རྒྱས་ཏེ། དེ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །ད་ལྟར་བྱུང་བ་ན་ཡང་།
འདི་ལྟ་སྟེ། སངས་རྒྱས་ཀྱི་བྱང་ཆུབ་འདི་ཉིད་ལ་ཕན་པར་བྱ་བའི་ཕྱིར། ད་ལྟ་རང་ཉིད་ཀྱིས་བཤད་དོ་ཞེས་བྱ་བ་ནི་འགྲོ་བ་རིགས་དྲུག་གི་དོན་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། མི་བདེ་བ་བདེ་བར་བྱེད་པའི་ཕྱིར་ད་ལྟར་བྱང་ཆུབ་བསྒྲུབ་པའི་ཕྱིར་རིག་སྔགས་ཀྱི་རྒྱལ་མོ་བསམ་གྱིས་མི་ཁྱབ་པ་གསུངས་
པའོ། །ངས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་རྣམས་བསྲུང་བར་བྱས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པ་འདིའི་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང་བདག་ཅེས་བྱ་བ་སྲུང་བར་

བྱེད་དོ། །རིག་སྔགས་འདི་འཆང་ཞིང་གུས་པར་བྱེད་པ་གང་ཡིན་པ་ལ། ཚེ་འདི་ལ་ཡང་སྲུང་སྟེ། དེ་བཞིན་དུ་ཚེ་ཕྱི་མ་ལ་ཡང་ཡིན་ནོ། །མཚམས་བཅད་དོ་ཞེས་བྱ་བ་ནི། མི་ནད་དང་། ཕྱུགས་ནད་དང་། མ་རུངས་པའི་ནད་བྱུང་ན། ཡུལ་འཁོར་མཚམས་གཅད་
པར་བྱ་སྟེ། རྩ་བའི་སྔགས་ཀྱིས་སེང་ལྡེང་གི་ཕུར་པ་ལ་བྲིས་ནས། ཕྱོགས་མཚམས་སུ་བཏགས་ཏེ། དབུས་སུ་གཅིག་གདབ་པའོ། །ཚོན་སྐུད་སྣ་ཚོགས་ཀྱིས་བསྐོར་ཞིང་། རྒྱལ་བས་གསུངས་པ་བཞིན་དུ་དཀྱིལ་འཁོར་ཡང་དག་པར་བཞེངས་ཏེ། དེ་བཞིན་དུ་ཕྱོགས་མཚམས་སུ་གང་བའི་བུམ་
པ་བཞག་ནས། ཆུ་དེ་ཡང་རིགས་ཀྱི་བུ་ཕོའམ། རིགས་ཀྱི་བུ་མོ་ལ་སོགས་པས་གཏོར་བར་བྱའོ། །དེ་བཞིན་དུ་བྱས་ན་ཕྱུགས་ནད་དང་། མི་ནད་དང་། མ་རུངས་པའི་ནད་ཐམས་ཅད་ཞི་བར་འགྱུར་རོ། །སྔོན་བྱུང་བ་རྣམས་ཀྱང་ཕྱིར་འབྱུང་སྟེ། ཕྱི་ནས་འོང་བ་རྣམས་ཀྱིས་མི་ཚུགས་སོ། །
ཤར་ཕྱོགས་སུ་རྒྱང་གྲགས་གཅིག་ཚུན་ཆད་མཚམས་གཅད་དོ་ཞེས་བྱ་བ་ནི། རིང་ན་རྒྱང་གྲགས་གཅིག་ཚུན་ཆད་དུ་མཚམས་གཅད་དོ། །གལ་ཏེ་ཕྱེད་ཚུན་ཆད་དོ། །ཐ་མ་ལ་རང་གི་ཡུལ་འཁོར་ཙམ་མོ། །ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་ཀྱི་བར་དུ་ཡང་རྒྱང་གྲགས་གཅིག་
མཚམས་གཅད་དོ་ཞེས་བྱ་བ་ནི། སྔར་བཤད་པའི་རྫས་དང་། སྔགས་ཀྱིས་ཀྱང་མཚམས་གཅད་པར་བྱ་སྟེ། དེ་བཞིན་དུ་ཕྱོགས་དང་མཚམས་ཀྱང་ཤེས་པར་བྱའོ། །དེ་བཞིན་དུ་བྱས་པར་གྱུར་ན། ཡུལ་དེ་བཀྲ་ཤིས་པར་འགྱུར་ཏེ། ནད་རྣམས་ཀྱིས་མི་ཚུགས་ཤིང་། ལོ་ལེགས་ཏེ་
སེར་བ་ལ་སོགས་པས་ཀྱང་མི་ཚུགས་སོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་པདྨའི་རིགས་ཀྱི་རིན་པོ་ཆེའི་རིགས་མ། མཚོན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ། ཕུང་པོ་ནི་ཚོར་བའི་ཕུང་པོ། ཆུའི་ཁམས་
སྣའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་ངོ་བོ་ཉིད་སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། སྐུ་མདོག་སེར་མོ། ཞལ་གསུམ་ཕྱག་དྲུག་པ། ཞལ་གཡས་དཀར་པོ་གཡོན་དམར་པོ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་དང་པོ་གཡས་གཡོན་གཉིས་

ཀྱིས་མདའ་གཞུ་འགེངས་པ། བར་མ་ན་རིན་པོ་ཆེ་ཐ་མ་ན་བེ་ཅོན་ནོ། །གཡོན་པའི་བར་མ་ན་དགྲ་སྟ། ཐ་མ་ན་ཞགས་པའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པ། གཞོན་ནུའི་ཆ་བྱད་ཅན། སྒེག་པའི་ཚུལ་དང་
ལྡན་པའོ། །རིག་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། ས་མུ་ཙ། བི་མུ་ཙ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་བཀའ་སྩལ་པའོ། །ཡུན་རིང་པོ་ནས་སྤྱད་པའི་གསང་སྔགས་ཀྱི་སྟོབས་དང་། མཐུ་རྩལ་དང་ལྡན་པ་འདི་དག་ནི་ཞེས་བྱ་
བ་ནི། ཡུལ་འཁོར་མཚམས་གཅོད་པ་དང་། ནད་རྣམས་བཅོམ་པ་དང་། འདི་ནས་དཔག་ཚད་ལྔ་བརྒྱའི་བར་དུ་ཡང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་རོ། །རིག་སྔགས་འདི་འཛིན་པ་གང་ཡང་། ཚེ་འདི་དང་ཚེ་ཕྱི་མ་ཡང་བདེ་བ་ཐོབ་ཅིང་
ཡང་དག་པའི་ཡེ་ཤེས་ཐོབ་པར་འགྱུར་རོ། །འདས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་གསུངས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་བསྟན་པ་ཉི་མ་ཕྱག་མཚན་དང་། ཚེ་དཔག་མེད་དང་། མི་བསྐྱོད་པ་དང་། རྒྱ་མཚོ་
རྡོ་རྗེ་འཛིན་པ་ལ་སོགས་པ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །མ་འོངས་པའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་གསུང་བར་འགྱུར་རོ་ཞེས་བྱ་བ་ནི་
དེ་བཞིན་དུ་འཇིག་རྟེན་དབང་ཕྱུག་དང་། འཇམ་དཔལ་དང་། རྡོ་རྗེ་སྙིང་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །ད་ལྟར་བྱུང་བ་ན་ཡང་ངས་བཤད་དོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། བཅོམ་
ལྡན་འདས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་རྗེས་སུ་ཡི་རང་ཞིང་ཡང་དག་པར་གསུངས་པའོ། །མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་བཤད་དོ་ཞེས་བྱ་བ་ནི། རིག་སྔགས་འདིའི་ལམ་ནས་ཚངས་པའི་ངོ་བོ་ཐོབ་ཅིང་། གུས་པས་མཆོད་པར་བྱས་ཏེ། ཚངས་པས་ཀྱང་རྗེས་སུ་ཡི་རང་

ཞིང་གསུངས་པའོ། །ཀུན་དགའ་བོ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་པ་འདི་བཟུང་ནས་ཞེས་བྱ་བ་ནི། རིག་སྔགས་འདི་བཟུང་ན་ནི་ཕ་རོལ་ཏུ་ཕྱིན་པ་
བཅུ་ཐོབ་སྟེ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བཞིན་དུ་འདིའི་ལམ་ནས་ས་བཅུའི་བྱང་ཆུབ་ཐོབ་པའོ། །
ཇི་ལྟར་བསྟན་པ་དང་། ཇི་ལྟར་ཀུན་ཆུབ་པར་བྱས་པ་བཞིན་དུ་ཤེས་སམ་ཞེས་བྱ་བ་ནི། མི་འགྱུར་བ་རྡོ་རྗེ་བཞིན་དུ་བརྟན་ཏེ། བསམ་གྱིས་མི་ཁྱབ་ཅིང་། མཉམ་པ་ཉིད་ཀྱི་ཡེ་ཤེས་བཞིན་དུ་སེམས་ཅན་ལ་ཁྱབ་པའོ། །ནམ་མཁའ་བཞིན་དུ་ཀུན་ལ་ཁྱབ་སྟེ། འཇིག་རྟེན་གྱི་
ཁམས་ཐམས་ཅད་ལ་ཡང་མ་ལུས་པར་ཆོས་ཀྱིས་ཁྱབ་པའོ། །ཡེ་ཤེས་ཀྱི་སྤྱན་གྱིས་རྣམ་པར་གཟིགས་ཏེ། དེ་བལྟས་པའི་ཕྱིར་ན་ཤེས་པར་གྲགས་པའོ། །མཐོང་ངམ་ལས་བྱེད་པ་དེ་ལ་ནི་ཇི་སྲིད་འཚོ་བའི་བར་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་
གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། ཡེ་ཤེས་མེད་པར་ཡེ་ཤེས་ཐོབ་ཅིང་། དཔེར་ན་མུན་པའི་ནང་ན་མེ་མར་བཏང་བ་བཞིན་དུ་བསྟན་ཏེ། ཡང་དག་པའི་ཡེ་ཤེས་ཐོབ་ཅིང་འཇིག་རྟེན་འདི་ཡང་བསྲུང་ཞིང་སྐྱོབ་སྟེ། ཤིང་ལྗོན་པ་ཉི་མ་ཤར་
བའི་དུས་སུ་སེམས་ཅན་དེར་སོང་བ་རྣམས་བསིལ་བར་བྱེད་དེ། ཇི་སྲིད་མ་ཤིའི་བར་དུ། ནད་དང་འབྲལ་ཞིང་དཔལ་དང་ལྡན་ཏེ། མྱ་ངན་ལ་སོགས་པ་བོར་ཞིང་བདེ་བ་ལ་གནས་པའོ། །དེ་བཞིན་དུ་ཚེ་ཕྱི་མ་ལ་ཡང་ཆོས་འདི་དྲན་ཞིང་བདེ་བར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་
ལྡན་འདས་ཀྱིས་བཀའ་སྩལ་པའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། མར་མེ་མཛད་དང་། བྱམས་པ་དང་། ཤཱཀྱ་ཐུབ་པ་ལ་སོགས་པས་ཀྱང་གསུངས་ཏེ། རྗེས་སུ་ཡི་རང་ཞིང་རིག་

སྔགས་ཀྱིས་རྒྱས་བཏབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་འདིས་མིང་འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། གང་ཟག་དང་། སེམས་ཅན་ཐམས་ཅད་དང་། འདི་འཛིན་པར་བྱེད་པ་གང་ཡང་རུང་བ་ལ། བསྲུང་ཞིང་ཡོངས་སུ་བསྐྱབ་པ་དང་།
ཡོངས་སུ་གཟུང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་རོ། །ཤི་འཕོས་ནས་ཀྱང་དེ་བཞིན་ཏེ། བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི་གོང་དུ་བཤད་པ་བཞིན་དུ། ཞི་བ་དང་། བདེ་ལེགས་ཡིན་ཏེ། སེམས་ཅན་དེ་ཡང་མ་ཤིའི་བར་དུ་བདེ་ཞིང་། ཚེ་
ཕྱི་མ་ཡང་དེ་བཞིན་ནོ། །མཚམས་གཅད་དོ་ཞེས་བྱ་བ་ནི། མ་རུངས་པའི་གདོན་རྣམས་ཡི་གེ་ལ་བྲིས་ལ་མནན་པར་བྱ་སྟེ། དེའི་སྟེང་དུ་ཡང་རིག་སྔགས་ཀྱི་རྒྱལ་མོའི་གཟུགས་འདི་བྲིས་ལ་བུམ་པ་ཆེན་པོ་བྱས་ཏེ། རབ་ཏུ་གནས་པ་བྱས་ནས། རིག་སྔགས་ཀྱི་གསང་སྔགས་བྲིས་ནས་མཆོད་
རྟེན་གྱི་རྩེ་མོ་ལ་བཏགས་ཏེ། དེ་མཐོང་བ་ཙམ་གྱིས་ཀྱང་གདོན་གདུག་པ་ཅན་རྣམས་ཀྱིས་ཀྱང་འོང་མི་ནུས་སོ། །རིང་ན་རྒྱང་གྲགས་གཅིག་སྟེ། བར་མ་ལ་རྒྱང་གྲགས་ཕྱེད། ཐུང་བ་ལ་ཡུལ་འཁོར་ཙམ་མོ། །ཤར་ཕྱོགས་མཚམས་བཅད་དོ་ཞེས་བྱ་བ་ལ་སོགས་པ་ནི། གོང་དུ་བཤད་པ་
བཞིན་དུ་ཕྱོགས་མཚམས་ལ་རིག་སྔགས་བྲིས་པ་མཆོད་རྟེན་གྱི་རྩེ་མོར་གདགས་པར་བྱའོ། །དེ་ལྟར་བྱས་ན་འཇིགས་པ་ཐམས་ཅད་དང་འབྲལ་བར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ཡང་དང་ཡང་དུ་བཀའ་སྩལ་པའོ། །རྒྱལ་པོ་ཆེན་པོ་བཞིའི་
ལམ་དང་། ལམ་མ་ཡིན་པ་ནས་གནས་པ་བཞི་ཡོད་དེ་ཞེས་བྱ་བ་ནི། རྒྱལ་པོ་བཞིའི་ལམ་ནི་ཡུལ་འཁོར་སྲུང་གི་ལམ་ནས་གནས་པ་དང་། འཕགས་སྐྱེས་པོའི་ལམ་ནས་གནས་པ་དང་། སྤྱན་མི་བཟང་གི་ལམ་ནས་གནས་པ་དང་། ལུས་ངན་པོའི་ལམ་ནས་གནས་པ་དང་། དེ་
བཞི་ཡང་། སྐུ་མདོག་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་སྟེ། དེ་བཞིན་དུ་ཕྱག་མཚན་ནི། འཁོར་ལོ་དང་། དབྱུག་ཏོ་དང་། སྦྲུལ་གྱི་ཞགས་པ་དང་། རལ་གྲི་སྟེ། དེ་ཡང་ཕྱག་གཡས་པ་རྣམས་ན་རིམ་པ་བཞིན་དུའོ། །པི་ཝང་དང་། རིན་པོ་ཆེ་དང་།

པདྨ་དང་། བུམ་པ་རྣམས་ནི། ཕྱག་གཡོན་པ་རྣམས་ན་བསྣམས་པའོ། །གླང་པོ་ཆེ་དང་། རུས་སྦལ་དང་། ཆུ་སྲིན་དང་། སེང་གེ་རྣམས་ཡིན་ཏེ། དེ་རྣམས་ཀྱི་དོན་ཞེས་བྱའོ། །ཡང་ན་རྒྱལ་པོ་བཞིའི་ལམ་ནི། རྒྱལ་པོ་བཞི་པོ་རྣམས་ཀྱིས་སྲུང་
བའོ། །ལམ་མ་ཡིན་པ་ནི། རྒྱལ་པོ་ཆེན་པོ་རྣམས་ཀྱི་བུ་ཡིན་ཏེ། དེ་བཞིས་ཀྱང་རྒྱལ་ཕྲན་དང་། འཁོར་ལ་སོགས་པ་བསྐུལ་ཞིང་། སེམས་ཅན་རྣམས་ལ་འཚེ་བར་བྱས་སོ། །དེ་དག་གང་ཞེ་ན་ཞེས་བྱ་བ་ནི། ཤར་དང་། ལྷོ་དང་། ནུབ་དང་། བྱང་རྣམས་གནོད་པ་སྐྱེལ་
ཏེ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཡང་དེ་བཞི་ལ་འདུས་པའོ། །དེ་ནི་འདི་ལྟ་སྟེ། བཀྲ་ཤིས་ལྡན་དང་། ཀུན་ཤེས་དང་། གང་པོ་དང་། དགའ་བའི་དཔལ་རྣམས་ཏེ་ཞེས་བྱ་བ་ནི། ནག་པོ་དང་། ལྗང་ནག་དང་། དམར་ནག་དང་། ཐལ་བའི་མདོག་རྣམས་ཡིན་ཏེ།
དེའི་གཟུགས་ཀྱང་རིམ་པ་བཞིན་དུ་བཤད་དེ། སེང་གེ་དང་། སྟག་དང་། སྤྲེའུ་དང་། བྱི་ལའོ། །ཕྱག་མཚན་ཡང་། གཏུན་ཤིང་དང་། དབྱུག་ཏོ་དང་། མདུང་དང་། རལ་གྲིའོ། །དེ་ནི་གཡས་པ་རྣམས་ཡིན་ཏེ། གཡོན་པ་ན་ཞགས་པ་བསྣམས་པའོ། །བཞོན་པ་
དེ་ཡང་གཟུགས་ཇི་བཞིན་དུ་ཞོན་པ་ཡང་དེ་བཞིན་ནོ། །གང་དེ་དག་གི་མིང་ཤེས་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་སྔགས་འདོན་ཞིང་དེ་ངོ་བོར་འཛིན་པར་བྱའོ། །དེ་ངོ་བོར་འཛིན་པར་ཤེས་ན། རྒྱལ་པོ་རྣམས་ཀྱི་འཇིགས་པ་དང་བྲལ་བར་
འགྱུར་རོ། །རུས་ཤེས་པ་དེ་ལ་ཞེས་བྱ་བ་ནི། རྒྱལ་པོ་བཞིའི་འཁོར་གྱིས་ནད་བཏབ་པ་བཞིན་དུ། དེ་རྣམས་ཀྱིས་ཀྱང་ནད་པ་ལ་ནད་ཀྱིས་བཏབ་པའོ། །རྒྱལ་པོ་བཞིའི་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འཁོར་དང་། གཡོག་རྣམས་ཀྱིས་
ཀྱང་མི་ནུས་པའོ། །ཆོམ་རྐུན་གྱི་འཇིགས་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཆོམ་རྐུན་རྣམས་ཀྱང་མི་འབྱུང་སྟེ། གལ་ཏེ་འོང་བར་གྱུར་ན། ནོར་མི་རྙེད་ཅིང་ལོང་བར་འགྱུར་རོ། །མེའི་འཇིགས་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱིས་སྲུང་བའི་གཟི་བརྗིད་ཀྱིས་གྲོང་ཙམ་ལ་

ཡང་མི་ཚུགས་སོ། །ཆུའི་འཇིགས་པ་དང་ཞེས་བྱ་བ་ནི། ཆུའི་ནང་ན་གཟིངས་ཆེན་པོ་ལ་ཡོད་པར་གྱུར་ན། གར་བཏང་ན་ཡང་ལྡོག་པར་མི་འགྱུར་རོ། །མི་ཡི་འཇིགས་པ་དང་ཞེས་བྱ་བ་ནི། རྒྱལ་པོ་དང་། མི་རྒོད་ལ་སོགས་པ་ཡིན་ཏེ། དེའི་ཉེས་པས་ཀྱང་འཇིགས་པ་དེ་མི་འབྱུང་སྟེ།
མི་རྒོད་ཀྱི་ནང་དུ་འགྲོ་ཡང་མི་ཆོམས་སོ། །ཡང་ན་དེ་ཀུན་དང་ཕྲད་པར་མི་འགྱུར་རོ། །མི་མ་ཡིན་པའི་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི་ལྷའི་གདོན་རྣམས་ཡིན་ཏེ། དེ་ལ་སོགས་པ་གདོན་ཕྲན་ཚེགས་ངན་བྱེད་ལ་སོགས་པ་ཡོད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འཇིགས་པ་མི་འབྱུང་
བའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུངས་པའོ། །ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ཞེས་བྱ་བ། གྲོང་ཁྱེར་ཁོར་ཡུག་ཅེས་བྱ་བ་ན་གནས་པ་ཡོད་དེ་ཞེས་བྱ་བ་ནི། སྟོབས་ཆེ་ཞིང་གཟི་བརྗིད་ཆེ་བ། གནོད་སྦྱིན་ཐམས་ཅད་ཀྱི་དེད་དཔོན། །སེམས་
ཅན་རྣམས་ལ་འཚེ་བར་མི་བྱེད་པ། སྐུ་མདོག་མཐིང་ནག །ཞལ་གཅིག་པ། ཕྱག་གཉིས་པ་སྟེ། ཕྱག་གཡས་ན་རྡོ་རྗེ་བེ་ཅོན་འཛིན་ཞིང་། གཡོན་པ་ན་སྡིགས་མཛུབ་དང་། ཞགས་པ་བསྣམས་པའོ། །དེ་བཞིན་དུ་གྲོང་ཁྱེར་ཡང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ། གནོད་སྦྱིན་ཕོ་མོ་མང་
པོ་འདུ་ཞིང་དེས་སྡེ་དཔོན་མཛད་པའོ། །གང་དེའི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། གནོད་སྦྱིན་དེ་རྣམས་ཀྱིས་ཀྱང་དེ་ལ་བསྲུང་བར་བྱས་སོ། །དེ་སྲུང་བར་བྱེད་ཅེས་བྱ་བ་ནི། རིག་སྔགས་དང་། རྡོ་རྗེ་སློབ་དཔོན་ལ་སོགས་པའི་
དམ་ལས་མ་འདས་ན། གྲོགས་བྱེད་ཅིང་། དཔལ་དང་ལྡན་པར་བྱེད་དོ། །ཡོངས་སུ་སྐྱོབ་པར་བྱེད། ཡོངས་སུ་འཛིན་པར་བྱེད། ཆད་པ་ཟློག་པར་བྱེད། ཞི་བ་དང་། བདེ་ལེགས་སུ་འགྱུར་བར་བྱེད་ཅེས་བྱ་བ་ནི། ཕུན་སུམ་ཚོགས་པར་བྱེད་དེ། དེའི་བྱིན་རླབས་ཀྱིས། ཞི་བ་དང་།
རྒྱས་པའི་ལས་ཐོབ་ཅིང་། ནད་ཐམས་ཅད་ལས་ཐར་ཞིང་། བཀྲ་ཤིས་པར་གནས་པའོ། །མིང་འདི་ཞེས་བྱ་བའི་ཕྱིར། ལག་ན་རྡོ་རྗེའི་བུ་ཕོ་ལག་མྱུར་ལ་གསོལ་ལོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་ཆོ་ག་བཞིན་དུ་བྱས་ཏེ། བུ་དེ་ཡང་གནོད་སྦྱིན་ལ་བཅོལ་བར་གྱུར་ན། བྱིས་པའི་

གདོན་རྣམས་ཀྱིས་ཀྱང་མི་ཚུགས་ཏེ། གཞན་རྣམས་ཀྱིས་ཅི་སྨོས་ཏེ། ཚེ་རིང་ཞིང་ནད་མེད་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་བྲལ་ཞིང་། འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་འགྱུར་རོ། །གསོལ་བ་འདེབས་སོ་ཞེས་བྱ་བ་ནི། རྗེས་སུ་མཐུན་པའི་
གཏོར་མ་དང་། སྤོས་དང་། ཞལ་ཟས་ལ་སོགས་པ། མངར་གསུམ་དཀར་གསུམ་ལ་སོགས་པ་བྱིན་ནས། གསོལ་བ་ཡང་ནས་ཡང་དུ་གསོལ་ལོ། །དེ་བཞིན་བྱས་ནས་མངོན་སུམ་དུ་སྐད་ཅིག་མས་འཁོད་པར་འགྱུར་རོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་
སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བཀས། གང་མིང་འདི་ཞེས་བྱ་བ་ལ་སྐབས་ཚོལ་བ་དང་ཞེས་བྱ་བ་ནི། འདས་པ་རྣམས་ནི་སངས་རྒྱས་མར་མེ་མཛད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་དེ་བཞིན་གཤེགས་པ་རྣམས་ཡིན་ཏེ། མ་འོངས་པ་ནི་བྱམས་པ་ལ་སོགས་པ་ཡང་བསམ་གྱིས་མི་ཁྱབ་
པའི་ད་ལྟར་ཡོད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཏེ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདི་ལ་སུས་གུས་པར་བྱས་སམ། འདི་འཆང་བ་དང་། ཀློག་པ་དང་། སྒོམ་པ་དང་། རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ན། སངས་རྒྱས་དེ་རྣམས་ཀྱིས་
ཀྱང་བྱིན་གྱིས་བརླབས་ཤིང་། ནད་རྣམས་མེད་ཅིང་བདེ་བར་འགྱུར་ཏེ། གཞན་གྱིས་ཀྱང་ཀླགས་ཚོལ་བར་མི་འགྱུར་རོ། །མིང་འདི་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང་། གང་ཟག་བདག་རྣམས་ཡིན་ནོ། །གླགས་ལྟ་བའི་གནོད་སྦྱིན་ནམ། སྲིན་པོའམ། ཡི་དགས་
སམ། ཤ་ཟ་འམ། གྲུལ་བུམ་མམ། སྲུལ་པོའམ། ལུས་སྲུལ་པོ་རྣམས་ཀྱིས་བདག་ལ་གླགས་རྙེད་པར་མ་གྱུར་ཅིག་ཅེས་བྱ་བ་ནི། སེམས་ཅན་ལ་གནོད་པར་བྱེད་འདོད་པའི་ཡི་དགས་རྣམས་ཀྱིས་ཀྱང་རིག་སྔགས་འདིས་བསྲུངས་པས་མི་ཚུགས་སོ། །གནོད་སྦྱིན་གྱི་གདོན་བཞིན་
མི་སྡུག་པ། བསམ་གྱིས་མི་ཁྱབ་པ། བསམ་པ་ངན་པ་དེ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་སེམས་ཅན་ཐམས་ཅད་དང་། གང་ཟག་འདི་ལ་གནོད་པར་མི་བྱེད་དེ། དེ་བཞིན་དུ་སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་

པོ་རྣམས་ཀྱིས་ཀྱང་གནོད་པར་མི་བྱེད་དོ། །གླགས་ཚོལ་བས་ཀྱང་གླགས་མི་རྙེད་དོ། །བདག་དང་ཀླན་ཀ་རྙེད་པར་མ་གྱུར་ཅིག་ཅེས་བྱ་བ་ནི། གང་ཟག་དང་། སེམས་ཅན་ཐམས་ཅད་ལ་ཀླན་ཀ་ཅི་སྨོས་ཏེ། རྩར་ཉེ་བར་ཡང་མི་ནུས་སོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་
པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་ཡང་ནས་ཡང་དུ་བཀའ་སྩལ་པའོ། །སྲིན་མོ་ཆེན་མོ་བཅུ་བཞི་ཡོད་དོ་ཞེས་བྱ་བ་ནི་གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན་པ། དབྱིབས་དང་ཁ་དོག་དང་ལྡན་པ་སྟེ། ལྷ་དང་། ལྷ་མ་ཡིན་གྱི་འཐབ་རྩོད་ལ་རྩོད་པར་ནུས་པ་ཤ་སྟག་གོ། །དེ་དག་ནི་
བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་ན་བཞུགས་པ་ན་ཡང་སྲུང་ཞེས་བྱ་བ་ནི། རྒྱུའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། རྒྱུའི་བྱང་ཆུབ་སེམས་དཔའ་ཅིའི་ཕྱིར་ཡིན་ཞེ་ན། རིག་སྔགས་འདིའི་ལམ་ནས་ཡང་དག་པའི་བྱང་ཆུབ་ཐོབ་པར་འགྱུར་ཏེ། བསླབ་པ་དང་། སློབ་པ་ཡོད་དེ་
བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ཡིན་ཏེ། དང་པོ་མ་རིག་པའི་མུན་པས་བཀབ་ནས་མི་སྣང་བར་འགྱུར་ཏེ། དེ་ཡང་དེ་བསལ་ནས་རིན་པོ་ཆེ་ཤེལ་བཞིན་དུ་ཕྱི་ནང་མེད་པར་གསལ་བར་འགྱུར་རོ། །སེམས་ཅན་དང་། སངས་རྒྱས་ལ་ཡང་གཉིས་སུ་མེད་ཅིང་སོ་སོ་མ་ཡིན་ཏེ། སེམས་ཅན་གྱིས་སངས་
རྒྱས་སྒྲུབ་པ་ཡང་བྱང་ཆུབ་ཀྱི་སེམས་ཡོད་པས་འགྲུབ་སྟེ། སེམས་ཅན་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་གྲགས་སོ། །འོ་ན་སེམས་མེད་པའི་བེམས་པོ་རྣམས་སངས་རྒྱས་ཏེ། དེའི་ཕྱིར་ན་སེམས་ཅན་དང་། སངས་རྒྱས་གཉིས་སུ་མེད་པའོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མའི་
ལྷུམས་ན་བཞུགས་པ་ལ་བསྲུང་བ་ཞེས་བྱའོ། །བལྟམས་པའི་ཚེ་ཡང་སྲུང་། བལྟམས་ཟིན་པའི་འོག་ཏུ་ཡང་སྲུང་ཞེས་བྱ་བ་ནི། སྐྱེ་བའི་བར་ཡང་བདེ་བ་སྟེ། སྐྱེས་པ་ནས་ཀྱང་བདེ་བའོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གུས་པར་བྱེད་ན། ཚེ་རིང་ཞིང་གཟི་བརྗིད་དང་ལྡན་པར་འགྱུར་
རོ། །སྐུ་འཁྲུངས་ན་ཡང་སྲུང་སྟེ་ཞེས་བྱ་བ་ནི། ཚེ་ལ་བར་གཅོད་མེད་ཅིང་། འཆི་བ་ལ་མ་ཐུག་གི་བར་དུ་བདེ་བ་བྱས་ཤིང་སྲུང་བར་འགྱུར་རོ། །བཅུ་བཞི་གང་ཞེ་ན་ཞེས་བྱ་བ་ནི། དེའི་སྐུ་མདོག་དང་། ཕྱག་མཚན་ནི་ནག་མོ་དང་། སེར་མོ་དང་། དཀར་མོ་དང་། དམར་མོ་དང་།

ལྗང་གུ་དང་། སྔོ་བསངས་དང་། དམར་སེར་དང་། དཀར་སེར་དང་། ལྗང་ནག་དང་། མཐིང་ནག་དང་། ཐལ་བའི་མདོག་དང་། དཀར་པོ། དམར་པོ། སེར་པོའོ། །ཕྱག་མཚན་ནི་འཁོར་ལོ་དང་། གཤོལ་དང་། གཏུན་ཤིང་དང་། མདུང་དང་། མདའ་གཞུ་དང་།
ཤཀྟི་དང་། ཏོ་མར་དང་། ཞགས་པ་དང་། དགྲ་སྟ་དང་། རྩེ་གསུམ་དང་། རྡོ་རྗེ་དང་། ཁ་ཊྭཱཾ་ག་དང་། རལ་གྲི་བསྣམས་པའོ། །བཅུ་བཞི་ནི་འདི་ལྟ་སྟེ་ཞེས་བྱ་བ་ནི། སྟོབས་ལྡན་མ་ལ་སོགས་པའོ། །གང་དེ་དག་གི་མིང་ཤེས་པ་དང་ཞེས་བྱ་བ་ནི། མིང་ནི་གོང་དུ་བསྟན་ཏེ། རུས་ཤེས་
པ་དེ་ལ་ནི་དེ་དག་སྲུང་བར་བྱེད་ཅེས་བྱ་བ་ནི། སྐུ་མདོག་དང་། ཕྱག་མཚན་དང་། མཚན་ཉིད་ཤེས་པའོ། །ཡོངས་སུ་སྐྱོབ་པར་བྱེད་པ་ལ་སོགས་པ་ཞེས་བྱ་བ་ནི། ནད་མེད་ཅིང་བདེ་བ་སྟེ། བར་ཆོད་ཀྱིས་མི་ཚུགས་པར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་
ཚིག་བཅོམ་ལྡན་འདས་ཀྱིས་ཡང་དང་ཡང་དུ་གསུངས་པའོ། །སྲིན་མོ་ཆེན་མོ་བརྒྱད་ཡོད་དོ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན་པ་སྟེ། ལོངས་སྤྱོད་དང་ལྡན་ཞིང་། ལྷ་དང་། ལྷ་མ་ཡིན་གྱི་འཁྲུག་པ་ལ་ཡང་རྩོད་པར་ནུས་པའོ། །དེ་དག་ནི་སྐྱེས་པ་དང་། བུད་མེད་གཉིད་
ལོག་ཀྱང་རུང་། གཉིད་མ་ལོག་ཀྱང་རུང་སྟེ། གཟི་བྱིན་འཕྲོག་པར་བྱེད་དོ་ཞེས་བྱ་བ་ནི། སེམས་ཅན་ལ་འཚེ་བར་བྱེད་ཅིང་གླགས་ཚོལ་ཏེ། སྡང་བའི་སེམས་དང་། དྲག་ཤུལ་གྱི་སེམས་དང་། སྡིག་པའི་སེམས་དང་ལྡན་ཞིང་། སྲོག་གཅོད་པར་བྱེད་པའི་སེམས་དང་ལྡན་པའོ། །
དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནི། ཁ་དོག་དང་། དབྱིབས་བསྟན་པ་སྟེ། ཁ་དོག་ནི་ལྗང་ནག་དང་། སྔོན་པོ་དང་། ནག་ཁྲ་དང་། སྟག་རེ་དང་། མཐིང་ག་དང་། ནག་པོ་དང་། དམར་ནག་དང་། ཐལ་བའི་མདོག་གོ། །དབྱིབས་ནི། ཁྱི་དང་། ཝ་དང་། སྤྱང་ཀི་དང་།
སྟག་དང་། ཕག་དང་། འུག་པ་དང་། ཕོ་རོག་དང་། ར་དང་ངོ་། །ཕྱག་མཚན་ནི། རོ་དང་། ཐལ་བ་དང་། ཞགས་པ་དང་། སྦྲུལ་གྱི་ཞགས་པ་དང་། མེ་མགལ་དང་། ཧོམ་ཁུང་དང་། སྙིང་དང་། ཐོད་པའོ། །འདི་དག་ནི་མི་སྲུན་ཞིང་སེམས་ཅན་རྣམས་ལ་འཚེ་

བར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། བརྒྱད་པའི་གྲངས་དང་། མི་བསྟན་ཏེ། དེ་ནི་ར་ལ་སོགས་པའོ། །གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་སྟོབས་དང་། གཟི་བརྗིད་དང་། མཐུ་རྣམས་ཀྱིས་
ཀྱང་སྲུང་སྟེ། རིག་སྔགས་ཀྱི་བཀའ་ལས་མི་འདའ་ཞིང་སྲུང་སྟེ། འོན་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་མིང་རུས་ཤེས་པར་བྱེད་པའོ། །དེ་དག་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པས་ནི། གནོད་པར་མི་ནུས་ཤིང་། བདེ་བ་ལ་བཀོད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སེམས་ཅན་རྣམས་
ལ། སྡིག་པ་ཅན་རྣམས་ཀྱིས་ཀྱང་འཚེ་བར་མི་བྱེད་ཅིང་། ནད་ཐམས་ཅད་དང་བྲལ་བར་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཀུན་དགའ་བོ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་དང་ཡང་དུ་བསྟན་པའོ། །སྲིན་མོ་ཆེན་མོ་བདུན་ཡོད་དེ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་ཁ་དོག་
དང་ལྡན་པ། རྫུ་འཕྲུལ་ཆེ་ཞིང་སྟོབས་དང་ལྡན་ཏེ། ལྷ་དང་ལྷ་མ་ཡིན་གྱི་འཐབ་རྩོད་ལ་ཡང་རྩོད་པར་ནུས་པའོ། །དེ་དག་ནི་ཁྲག་གི་དྲི་མནམས་ན་དཔག་ཚད་ལྔ་བརྒྱར་རྒྱུག་གོ་ཞེས་བྱ་བ་ནི། སྐད་ཅིག་མས་གང་ན་ཡོད་པའི་ཤ་ཁྲག་ཚོར་ཏེ། དེ་བཞིན་དུ་སྐད་ཅིག་མས་ལེན་ནུས་ཏེ། སེམས་ཅན་
རྣམས་ལ་འཚེ་བར་བྱེད་པའོ། །དེ་དག་ཀྱང་གང་ཞེ་ན་ཞེས་བྱ་བ་ནི། ཁ་དོག་དང་། དབྱིབས་བསྟན་ཏེ། དེའི་ཁ་དོག་ནི། སེར་མོ་དང་། དམར་མོ་དང་། སྔོན་མོ་དང་། ལྗང་གུ་དང་། སྔོ་བསངས་དང་། ནག་མོ་དང་། མཐིང་ག་སྟེ། གཟུགས་ནི་ཁྲ་བོ་དང་ལྡན་པ་སྟེ། སྐྲ་སེར་པོ་
གྱེན་དུ་འབར་ཞིང་། དྲག་པོའི་ཚུལ་དུ་ཡོད་དེ། ཞགས་པ་འཛིན་པ་ཤ་སྟག་གོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། བདུན་པའི་གྲངས་དང་། མིང་བསྟན་པ་སྟེ། གཟི་བརྗིད་མཆོག་དང་ཞེས་བྱ་བ་ལ་སོགས་པའོ། །གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། སྲིན་མོ་བདུན་
གྱི་མིང་དང་། རུས་ནི་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཤེས་པར་འགྱུར་ཏེ། དེ་རྣམས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའོ། །དེ་དག་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ནི་རིག་སྔགས་ཀྱི་སྟོབས་ཀྱིས། ནོར་དང་། འབྲུ་དང་། ཕྱུགས་རྣམས་ཀྱང་འཕེལ་ཏེ། དེ་བཞིན་དུ་བུ་རྣམས་ཀྱང་ཡིན་

ནོ། །ནད་མེད་ཅིང་འབྱུང་པོ་རྣམས་ཀྱི་འཚེ་བ་ཡང་མི་འབྱུང་ངོ་། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །སྲིན་མོ་ཆེན་མོ་ནག་མོ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་ཞིང་སྟོབས་ཆེ་བ་སྟེ། རི་རབ་ཀྱི་རྩེ་མོ་ཡང་སྒུལ་ནུས་པ་སྟེ།
དེའི་དབྱིབས་དང་། ཁ་དོག་ལ་སོགས་པ་ནི། མིང་དང་མཐུན་ཏེ། ཕྱག་མཚན་ནི། གྲི་གུག་དང་། ཐོད་པ་བསྣམས་ཤིང་རལ་པ་རིང་པོ་གཅིག་ཏུ་འཁྱིལ་པ་ཡོད་དེ། མི་སྲུན་ཞིང་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །བུ་སྟོང་ཡོད་པ་རྒྱ་མཚོའི་འགྲམ་ན་གནས་པ་ཞེས་བྱ་བ་ནི། མ་
བཞིན་དུ་བུ་རྣམས་ཀྱང་ཡིན་ཏེ། སེམས་ཅན་ལ་འཚེ་བར་བྱེད་ཅིང་ཟས་འཚོལ་བར་བྱེད་པ་སྟེ། ལང་ཀའི་ལྷོ་ཕྱོགས་ན་རྒྱ་མཚོའི་འགྲམ་ན་ཚལ་ཅིག་ན་གནས་པའོ། །མཚན་གཅིག་གིས་དཔག་ཚད་བརྒྱད་ཁྲིར་ཕྱིན་པ་ཅིག་ཡོད་དོ་ཞེས་བྱ་བ་ནི། ཤ་དང་། ཁྲག་ཡོད་པའི་སར་
གནས་ཀྱང་ཚོར་ནས། བསླངས་ནས་ཁྱེར་ནུས་པ་སྟེ། དེ་བཞིན་དུ་ཤ་དང་། ཁྲག་གི་ཕྱིར་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །ཤ་ཁྲག་འཐུང་ཞིང་སྲོག་འཕྲོག་པའོ། །གང་དེའི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་
གསང་སྔགས་རྗེས་སུ་འཛིན་པའི་གཟི་བརྗིད་ཀྱིས། མིང་དང་རུས་ཤེས་པར་འགྱུར་ཏེ། དེའི་གཟི་བརྗིད་ཀྱིས་ཀྱང་། དེ་རྣམས་ཀྱིས་གནོད་མི་ནུས་ཤིང་། འཐབ་རྩོད་ཡོད་ན་ནམ་ཡང་རྒྱལ་བར་བྱེད་ཅིང་གྲོགས་ཀྱང་བྱེད་པའོ། །དེ་སྲུང་བར་བྱེད་ཅེས་བྱ་བ་ལ་སོགས་པ་ནི། རིག་
སྔགས་ཀྱི་གཟི་བརྗིད་ཀྱིས། འཚེ་བར་མི་ནུས་ཤིང་སྙིང་རྗེ་དང་ལྡན་ཏེ། གང་གི་ཡང་སྡུག་བསྔལ་ཡང་འབྲལ་ཞིང་བདེ་བར་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དང་ཡང་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །སྲིན་མོ་ཆེན་པོ་ལྔ་ཞེས་བྱ་བ་ནི། སྟོབས་དང་ལྡན་ཞིང་གཟི་
བརྗིད་ཆེ་སྟེ། ཁ་དོག་དང་ལྡན་ཞིང་གྲགས་པ་ཆེ་བ། རྫུ་འཕྲུལ་དང་ལྡན་ཞིང་སྙིང་རྗེ་ཆེ་བ་སྟེ། སྐད་ཅིག་མས་འཛམ་བུའི་གླིང་དུ། སེམས་ཅན་གྱི་དོན་ལ་བསྐོར་ནུས་པའོ། །གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་ལྷན་ཅིག་འཛམ་བུའི་གླིང་གི་མི་རྣམས་སྲུང་ཞིང་སྐྱོབ་པ་ཡོད་དེ་

ཞེས་བྱ་བ་ནི། རྣམ་ཐོས་སྲས་ཀྱི་ཆོས་རྣམས་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་སེམས་ཅན་རྣམས་ལ་སྲུང་བ་དང་། སྐྱོབ་པར་བྱེད་དེ། སེམས་ཅན་གྱི་དོན་ལ་གནས་ཤིང་། གཞན་སྡིག་པ་མི་དགེ་བའི་ལས་ལ་མི་འཇུག་ཅིང་། སེམས་ཅན་གྱི་དོན་འབའ་ཞིག་ལ་གནས་པའོ། །དེ་དག་
ཀྱང་གང་ཞེ་ན་ཞེས་བྱ་བ་ནི། གཙོ་བོར་གྱུར་པ་ལྔ་ཡིན་ཏེ། དེ་དག་གི་ཁ་དོག་དང་། དབྱིབས་ནི། ཁ་དོག་ལེགས་ཤིང་འཛུམ་བསྟན་པ་སྟེ། རྟག་ཏུ་ཞི་བར་གནས་པའོ། །དེའི་སྐུ་མདོག་ནི། སེར་པོ་དང་། དཀར་པོ་དང་། སྔོ་བསངས་དང་། དམར་པོ་དང་། ལྗང་གུའོ། །ཕྱག་
མཚན་ནི། འཁོར་ལོ་དང་། དུང་དང་། དགྲ་སྟ་དང་། རྩེ་གསུམ་དང་། རལ་གྲི་དང་། ཞགས་པ་བསྣམས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། ལྔ་པོ་འདི་དག་ལ་སོགས་པ་ཐམས་ཅད་དེ་བཞིན་ཡིན་ཏེ། རྟག་ཏུ་མྱོས་དང་ཞེས་བྱ་བ་ལ་སོགས་པ་འབུམ་ཕྲག་བདུན་ཅུ་རྩ་བདུན་གྱི་ཇོ་བོ་ནི་
དེ་རྣམས་ཡིན་ནོ། །གང་དེ་དག་གི་མིང་ཤེས་པ་དང་། རུས་ཤེས་པ་དེ་ལ་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། མིང་དང་། རུས་ཀྱང་ཤེས་ཏེ། རིག་སྔགས་ཀྱི་མཐུས། རིག་སྔགས་ཀྱི་བཀའ་ལས་མི་འདའོ། །དེ་དག་སྲུང་བར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནི།
སེམས་ཅན་དེ་ཡང་བདེ་བར་གནས་ཏེ། ནད་མེད་ཅིང་། དེ་རྣམས་ཀྱིས་རྟག་ཏུ་སྐྱོང་བར་འགྱུར་རོ། །དེ་བས་ན་ཞེས་བྱ་བ་ནི་གཞན་བཞིན་དུ་ལོ་མི་རྟག་པ་མ་ཡིན་ཏེ། དེ་ལ་བཅོལ་བར་འགྱུར་ན་ཚེ་རིང་ཞིང་ནད་མེད་དེ། གཞན་རྣམས་ཀྱིས་ཀྱང་མཆོད་པར་འོས་པའོ། །བདག་གི་མིང་འདི་ཞེས་
བྱ་བའི་ཕྱིར་སྲིན་མོ་ལྔ་པོ་གནོད་སྦྱིན་འབུམ་ཕྲག་བདུན་ཅུ་རྩ་བདུན་དང་བཅས་པ་དེ་དག་ལ་གསོལ་ལོ་ཞེས་བྱ་བ་ནི། གང་ཟག་དང་། སེམས་ཅན་ཐམས་ཅད་འདི་ལ་བཅོལ་བར་བྱས་ན། གང་ཡང་སྡུག་བསྔལ་དང་བྲལ་ཞིང་བདེ་བར་གནས་སོ། །གསོལ་བ་འདེབས་སོ་ཞེས་བྱ་བ་ནི། དེ་བཞིན་
དུ་སེམས་ཅན་རྣམས་ཀྱིས་ཀྱང་། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་དང་། སྲིན་མོ་དེ་དག་དང་གནོད་སྦྱིན་དེ་རྣམས་ལ་གུས་པར་བྱས་ཤིང་མཆོད་པར་བྱའོ། །འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀས། མིང་འདི་ཞེས་

བྱ་བ་ནི། འདས་པ་ནི་མར་མེ་མཛད་ལ་སོགས་པའོ། །མ་འོངས་པ་ལ་སོགས་པ་རྣམས་ཡིན་ཏེ། ད་ལྟར་བཞུགས་པ་ནི་ཤཱཀྱ་ཐུབ་པས་རིག་སྔགས་ཀྱི་བཀའ་འདི་གསུངས་ཤིང་། སེམས་ཅན་གང་ཟག་རྣམས་ལ་སྲུང་ཞིང་སྐྱོབ་པའོ། །བསྲུང་བ་གྱིས་ཤིག་ཅེས་བྱ་
བ་ལ་སོགས་པ་ནི། སངས་རྒྱས་ཀྱི་བཀའ་དང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། འཁོར་བ་བཅོམ་ཞིང་བདེ་བ་ལ་གནས་ཏེ། ཡང་དག་པའི་བྱང་ཆུབ་ཀྱི་ལམ་ལ་འགོད་པའོ། །རིག་སྔགས་འདི་ནི་པདྨའི་རིགས་ཡིན་ཏེ། མཚོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །མཚོན་བྱེད་ནི་
རིག་སྔགས་ཀྱི་རྒྱལ་མོ་ཉིད་དོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ། ཁམས་ནི་མེའི་ཁམས། སྐྱེ་མཆེད་ནི་རོ། སངས་རྒྱས་ལྔའི་དབུ་རྒྱན་ཅན་སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་དམར་མོ། ཞལ་གཡས་དཀར་བ་གཡོན་
མཐིང་ག །ཕྱག་གཡས་པ་གསུམ་ན་བསྣམས་པ་ནི། རལ་གྲི་དང་། པདྨ་དང་། དུང་བསྣམས་པའོ། །གཡོན་པ་གསུམ་ན་ཞགས་པ་དང་། ལྕགས་ཀྱུ་དང་། རྡོ་རྗེ་བསྣམས་པའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ཉི་མའི་འོད་
དང་བཅས་ཤིང་ཅུང་ཟད་ཁྲོ་བོའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་ནི་འདི་ལྟ་སྟེ། བི་མུ་ཀུ་ཏེ། བི་མུ་ཀུ་ཏ། བ་ཏེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་སེམས་ཅན་གྱི་དོན་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །རིག་སྔགས་ཀྱི་རྒྱལ་
མོ་གསང་སྔགས་ཆེན་མོ་རྗེས་སུ་འཛིན་མ་འདིས་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ། ཡེ་ཤེས་ཀྱི་རང་བཞིན་ཏེ། རྡོ་རྗེ་ལྟ་བུས་ཁྱབ་ཅིང་། སྲུང་བ་དང་། སྐྱོབ་པ་ཡང་ཡིན་ནོ། །འདི་ལྟ་བུའི་རིག་སྔགས་ཀྱིས་ཀྱང་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པའོ། །གང་ལ་སྲུང་
བ་དང་ཞེས་བྱ་བ་ནི། གང་ཡང་འཇིག་རྟེན་གྱི་ཁམས་མཉམ་པ་ཉིད་དུ་ལྟ་ཞིང་སྲུང་བའོ། །སྦ་བ་བྱས་པ་དང་ཞེས་བྱ་བ་ནི་གསང་སྔགས་མཆོག་ཏུ་གསང་བ་སྟེ། འཇིག་རྟེན་ཁམས་ཀྱི་སེམས་ཅན་ཐམས་ཅད་གསང་བཞིན་དུ་སྲུང་སྟེ། སེམས་ཅན་ཐམས་ཅད་ཀྱང་གཞན་གྱིས་མི་ཚོར་

ཞིང་། སངས་རྒྱས་པའོ། །ཡོངས་སུ་བསྐྱབ་པ་བྱས་པ་དང་། ཡོངས་སུ་གཟུང་བ་བྱས་པ་དང་ཞེས་བྱ་བ་ནི། ངན་སོང་གསུམ་ནས་མཐོ་རིས་སུ་བཏང་སྟེ། ངན་སོང་གསུམ་གྱི་སྡུག་བསྔལ་ལས་བསྐྱབ་པའི་ཕྱིར་ན། བསྐྱབ་པ་ཞེས་བྱ་སྟེ། མཐོ་རིས་སུ་བཏང་ནས་བཟུང་བའོ། །ཞི་བ་དང་
བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། ཆོས་འདིའི་ཉམས་མྱོང་གིས་ཞི་བ་སྟེ། ཇི་ལྟར་ཟླ་བ་བཞིན་དུ་སེམས་ཅན་རྣམས་ཞི་བར་བྱ་སྟེ། ཆོས་འདིའི་དོན་རྟོགས་པས་སེམས་ཅན་ལུས་ངག་ཞི་བའོ། །དེ་བཞིན་དུ་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་བདེ་བར་གནས་པའོ། །ཆད་པ་
བཟློག་པར་བྱས་པ་དེ་ལ་ནི་ཞེས་བྱ་བ་ནི་འཇིག་རྟེན་འདིའི་ཆད་པ་དང་། བདུད་བཞི་རྣམས་ཀྱི་ཆད་པ་སྟེ། རིག་སྔགས་ཀྱི་གཟི་བརྗིད་འདིས་གང་གི་ཆད་པ་ཡང་འོང་བར་མི་ནུས་སོ། །ལྷ་དང་བཅས་པའི་འཇིག་རྟེན་དང་ཞེས་བྱ་བ་ལ་སོགས་པ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་
ཁམས་ཀྱི་གཟུགས་ཀྱི་ཁམས་དང་། འདོད་པའི་ཁམས་ཀྱི་ལྷ་དང་བཅས་པ་རྣམས་ཀྱི་འབྱུང་པོ་རྣམས་དང་། འཇིག་རྟེན་གྱི་ཁམས་སུ་སྐད་ཅིག་མས་རྒྱུ་བ་སྟོང་ཕྲག་བརྒྱ་བརྒྱད་ཅུ་ཕྲག་ཉི་ཤུ་རྩ་དྲུག །དེའི་གཡོག་དང་བཅས་པ་ཡང་དེ་བཞིན་ཏེ། དེ་དག་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་
རྟེན་གྱི་ཁམས་སུ་རྒྱུ་བའོ། །གླགས་ལྟ་བ་དང་། གླགས་ཚོལ་བ་རྣམས་ཀྱིས་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་བར་ཆོད་ནས། དགེ་བ་བྱེད་པ་ཡང་མི་བྱེད་པའི་གླགས་དང་། མི་འཇིགས་པ་ཡོད་པ་འཇིགས་པར་བྱས་ཏེ། ཕྱུག་པོ་དེ་ཡང་ལྟོགས་པོར་བཏང་བ། མི་ན་བ་ན་བའི་
གླགས་དང་། དགའ་བ་མི་དགའ་བར་བྱེད་པའི་གླགས་དང་། མཐུན་པ་རྣམས་བར་དུ་བཅད་ནས་སོ་སོར་བྱས་ཏེ་སྡོམ་པ་སྲུང་བ་མི་སྲུང་བར་བྱེད་པའི་སེམས་དང་ལྡན་པར་བྱེད་པ། གཏི་མུག་ལ་སོགས་པའི་འདོད་པ་རྣམས་ཁོང་དུ་ཞུགས་ཤིང་། སྲེད་པ་དང་། འདོད་ཆགས་ལ་དགའ་ཞིང་།
ཞེ་སྡང་ལ་གནས་ཏེ། འཐབ་རྩོད་ལ་དགའ་བར་བྱེད་པའི་གླགས་དང་། ཚེ་རིང་བ་ཐུང་བར་བྱས་ཏེ། དགེ་བ་བྱེད་པ་ལ་རྟག་ཏུ་བར་ཆོད་བྱེད་པ་རྣམས་འདི་ཡིན་ཏེ། ཀླན་ཀ་རྐོ་བ་དང་། གླགས་ཚོལ་བས་ཀྱང་གླགས་མི་རྙེད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གླགས་ཚོལ་བའི་སྐབས་ཀྱང་

མི་རྙེད་པའོ། །ཡང་ན་གླགས་ཚོལ་བ་རྣམས་ཀྱིས་རྙེད་པའམ། བགེགས་ཀྱི་རིགས་ལྟ་བུའམ། ཕའམ། མའམ། སྲིང་མོའམ། བུའམ། ཉེ་བ་ལ་སོགས་པར་སྐྱེས་ནས་གླགས་ཚོལ་ཏེ། དེའི་གླགས་ཀྱིས་ཀྱང་མི་ཚུགས་སོ། །གླགས་རྙེད་
པའམ་ཀླན་ཀ་རྙེད་པའི་སེམས་ཅན་གང་ནས་ཀྱང་མེད་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ངོ་བོ་ཉིད་རྟོགས་ན། གླགས་མི་རྙེད་དོ་ཞེས་བྱ་བའོ། །ངོ་བོ་ཉིད་གང་ཞེ་ན། ཐབས་དང་ཤེས་རབ་གཉིས་སུ་མེད་ཅིང་བསོད་ནམས་ཀྱི་
ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཡང་དག་པར་བསྒོམས་ཏེ། ཨ་ལས་གནས་ཤིང་ངོ་བོ་ཉིད་བྲལ་བའོ། །མིའི་འཇིག་རྟེན་གྱི་ཁམས་སྒྱུ་མ་ལྟ་བུར་བསྒོམས་ཏེ། དེ་བཞིན་དུ་མས་ཁྱབ་པའོ། །ཏྲ་སྤྲུལ་སྐུ་སྟེ་སེམས་ཅན་གྱི་དོན་ལ་གནས་པའོ། །དེ་ལྟ་བུར་སེམས་ཀྱིས་རྟོགས་ན་
གླགས་ཀྱང་ག་ལ་རྙེད་དེ། རྙེད་པར་ཡང་མི་འགྱུར་རོ། །ངས་ཡང་དག་པར་མ་མཐོང་སྟེ། དེ་ནི་གནས་མེད་དོ་ཞེས་བྱ་བ་ནི། རིག་སྔགས་ལྟ་བུ་འདི་རྟོགས་ན་དེ་རྣམས་ཀྱིས་གླགས་ཀྱང་མི་རྙེད་ཅིང་། གནོད་པ་གང་ཡང་སྐྱེལ་བ་མེད་དེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེ་རྣམས་ཀྱིས་དེ་གང་
ཡང་མ་གྲུབ་པའོ། །ཡང་ན་དེ་རྣམས་ཀྱི་གཟི་བརྗིད་འཕྲོག་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་འབྱུང་པོ་རྣམས་ཀྱི་མཚན་ཉིད་བཤད་པའི་གནས་སྐབས་ཏེ་བཞི་པའོ།། །།ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་ཏེ་ཞེས་བྱ་བ་ནི། སྔོན་བསགས་པའི་
ལས་དང་། སྔོན་དུ་མཚམས་མེད་པ་ལྔ་བྱས་ན། སྔོན་དུ་བཤགས་དགོས་ཏེ། སྔོན་དུ་མ་བཤགས་པར་གྱུར་ན། ལས་ཀྱི་རྣམ་པར་སྨིན་པ་དེ་ཡང་ཤིང་ཏོག་བཞིན་དུ་སྨིན་པར་འགྱུར་རོ། །སྨིན་པའི་འབྲས་བུ་ནི་གང་ཞེ་ན། ཁྱི་དུང་དཀར་པོ་བཞིན་དུ་བྲམ་ཟེའི་རིགས་སུ་སྐྱེས་ནས་ཀྱང་ང་རྒྱལ་ཆེན་
པོའི་ལས་ཀྱི་རྣམ་པར་སྨིན་པས་བྱོལ་སོང་གི་ནང་ན་ཁྱི་དུང་དཀར་པོར་སྐྱེ་བའོ། །མཆོད་སྦྱིན་བྱས་པའི་ཕྱིར་ན། འབྲས་ཀྱི་ཐུག་པ་འཁར་སྡེར་དུ་བླུགས་ནས་ཟ་ཞིང་། ང་རྒྱལ་ཆེ་ཞིང་ཁྲི་ལ་བསྡད་པའོ། །དུང་གི་མདོག་ཏུ་གྱུར་པ་ནི་སྔོན་བྲམ་ཟེ་ལུས་བསྲུངས་ཤིང་། ཁྲིམས་བསྲུངས་པའི་

ཕྱིར་རོ། །འདིའི་ངེས་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བསྣམས། ལྷུང་བཟེད་བསྣམས་ཏེ། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས་ཐར་ཆགས་སུ་མཉན་ཡོད་དུ་བསོད་སྙོམས་བཞེས་ཏེ། ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་
ཙོའི་ཁྱིམ་ག་ལ་བ་དེར་གཤེགས་སོ། །དེའི་ཚེ་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ་ན་རས་གོ་ནི་ཀ་བཏིང་བའི་ཁྲིའི་སྟེང་ན། ཁྱི་དུང་ཞེས་བྱ་བ་འདུག་སྟེ། འཁར་གཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཆན་དང་། ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས། ཁྱི་དུང་གིས་བཅོམ་ལྡན་འདས་སྒོ་དྲུང་
ན་བཞུགས་པ་མཐོང་སྟེ། མཐོང་ནས་ཀྱང་འ་འུ་ཞེས་ཟུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱི་དུང་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས། འ་འུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་བཀའ་སྩལ་པ་དང་། ཁྱི་དུང་ཁྲོས་
འཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ། །དེའི་ཚེ་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་བྱ་བ་ཞིག་གིས་ཕྱི་རོལ་དུ་བྱུང་བ་ལས། དེ་ནས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་སླར་ལོག་པ་
དང་། ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། ཁྱི་དུང་འོག་ན་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་པ་མཐོང་ངོ་། །མཐོང་ནས་ཀྱང་ནང་མི་ལ་སྨྲས་པ། ཁྱེད་ཀྱིས་ཁྱི་དུང་འདི་ལ་ཅི་ཞིག་སྨྲས། ཇོ་བོ་བདག་ཅག་གིས་ཀྱང་། ཁྱི་དུང་ལ་ཅི་ཡང་མ་སྨྲས་སོ། །དེ་ལྟར་ལགས་མོད་ཀྱི་དགེ་སྦྱོང་གཽ་
ཏ་མ་བྱོན་པར་གྱུར་ཏེ། ཁྱི་དུང་གིས་དགེ་སྦྱོང་གཽ་ཏ་མ་སྒོ་དྲུང་ན་བཞུགས་པར་མཐོང་ངོ་། །མཐོང་ནས་ཀྱང་འ་འུ་ཞེས་ཟུགས་པ་དང་། དགེ་སྦྱོང་གཽ་ཏ་མས། དེ་ལ་འདི་ཅེས་བཀའ་སྩལ་ཏོ། །ཁྱི་དུང་ཁྱོད་ཀྱེ་ཞེས་བྱ་བ་ལས། འ་འུ་ཞེས་ཟུགས་པར་གྱུར་ན། དེས་ཀྱང་མ་དུལ་ལམ། དེ་སྐད་ཅེས་
བཀའ་སྩལ་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས་རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ན། སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ། །དེ་ནས་བྲམ་ཟེའི་ཁྱེའུ་བུ་ནེ་ཙོ་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། མཉན་ཡོད་

ནས་བྱུང་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་དུ་མའི་འཁོར་གྱི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་
རིང་པོ་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟ་ལགས་སོ། །གལ་ཏེ་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་འདི་འཆི་བའི་དུས་བྱས་པར་གྱུར་ན་
ནི། ལུས་ཞིག་ནས་ཤི་བའི་འོག་ཏུ། དཔེར་ན་མདའ་སྟེའུ་ཀ་མ་འཕངས་པ་བཞིན་དུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ལྟར་འདི་ང་ལ་སེམས་རབ་ཏུ་ཁྲོས་པའི་ཕྱིར་རོ། །སེམས་རབ་ཏུ་ཁྲོས་པའི་རྒྱུས། དེ་ལྟར་ན་འདི་ནས་
སེམས་ཅན་ཁ་ཅིག་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི། །རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས། །སྟོན་པ་དགེ་
སློང་ཚོགས་རྣམས་ལ། །དོན་དེ་ཉིད་ནི་ལུང་བསྟན་ཏོ། །ཀྱེ་མ་གསོ་བའི་མ་འདི་ནི། །ད་ནི་འཆི་བའི་དུས་བྱེད་ན། །དེ་ཡི་སེམས་ནི་ཁྲོས་པའི་ཕྱིར། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །དེ་བཞིན་གཤེགས་ལ་སེམས་ཁྲོས་པ། །དེ་ཡི་རྒྱུས་ནི་སེམས་ཅན་རྣམས། །དཔེར་ན་མདའ་
ནི་འཕངས་པ་བཞིན། །དེ་ལྟར་ངན་འགྲོར་འགྲོ་བར་འགྱུར། །དེ་ནས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་དུ་ཀུན་དགའ་བར་བྱ་བ་དང་། ཡང་དག་པར་དགའ་བར་བྱ་བའི་གཏམ། རྣམ་པ་
མང་པོར་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། །ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གཽ་ཏ་མ་ཁྱོད་བདག་གི་ཁྱིམ་དུ་བྱོན་ཏམ། བྲམ་ཟེའི་བུ་ཕྱིན་ཏོ། །གཽ་ཏ་མ་ཁྱོད་ཀྱིས་བདག་གི་ཁྱི་དུང་ལ་ཅི་ཞིག་མ་གསུངས་སམ།

བྲམ་ཟེའི་ཁྱེའུ་ང་འདིར་སྔ་དྲོ་ཆོས་གོས་དང་ཤམ་ཐབས་བགོས་ཏེ། ལྷུང་བཟེད་ཐོགས་ནས། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཐར་གྱིས་མཉན་ཡོད་དུ་བསོད་སྙོམས་བླངས་ནས། ཁྱོད་ཀྱི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་ནས། སྒོ་དྲུང་ན་འདུག་པ་དང་། དེའི་ཚེ་ཁྱི་དུང་རས་
གོ་ནི་ཀ་བཏིང་བའི་ཁྲིའི་སྟེང་ན་འདུག་ཅིང་། འཁར་གཞོང་རྡོ་བའི་ཁར་བླངས་པ་ལ་འབྲས་ཆན་དང་། ཤ་བསྲེས་པའི་ཁྲུད་མ་འཐུང་བ་ལས་ཁྱི་དུང་གི་ང་སྒོ་དྲུང་ན་འདུག་པ་མཐོང་སྟེ་མཐོང་ནས་ཀྱང་ཟུགས་པ་དང་། ངས་དེ་ལ་སྨྲས་པ་དང་། ཁྱི་དུང་ཁྱོད་ཀྱི་ཞེས་བྱ་བ་ལས་འ་འུ་ཞེས་ཟུགས་པར་
གྱུར་ན། དེས་ཀྱང་མ་དུལ་ལམ་ཞེས་དེ་སྐད་སྨྲས་པ་དང་། ཁྱི་དུང་ཁྲོས་འཁྲུགས་ཚིག་པ་ཟོས་ཏེ། ཡི་མ་རངས་ནས། རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། ཁྲིའི་འོག་ཏུ་སྟོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ། །གཽ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མཆི་མཁྱེན་
ཏམ། བྲམ་ཟེའི་ཁྱེའུ་ཁ་རོག་འདུག་ལ་ང་ལ་དོན་འདི་མ་འདྲི་ཤིག །ཁྱོད་ཀུན་དུ་གནོད་སེམས་སུ་འགྱུར་བ་དང་། མི་བཟོད་པ་དང་། སེམས་མི་བདེ་བར་འགྱུར་དུ་འོང་ངོ་། །ལན་གཉིས་ལན་གསུམ་དུ་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་
ཏོ། །གཽ་ཏ་མ་ཁྱོད་ཀྱིས་ཁྱི་དུང་ཚེ་སྔ་མ་ལ་བདག་གི་ཅིར་མཆིས་མཁྱེན་ཏམ། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ། ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཁ་རོག་ལ། ང་ལ་དོན་འདི་མ་དྲི་ཤིག །ཁྱོད་ཀུན་དུ་གནོད་
སེམས་སུ་འགྱུར་བ་དང་། མི་བཟོད་པ་དང་། སེམས་མི་བདེ་བར་འགྱུར་དུ་འོང་ངོ་། །བྲམ་ཟེའི་ཁྱེའུ་ཁྱོད་ལན་གསུམ་གྱི་བར་དུ་དོན་འདི་ལ་ངེས་པར་མ་མཐོང་བས་དེའི་ཕྱིར་བྲམ་ཟེའི་ཁྱེའུ་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ་ཏཽ་དེའི་གང་
ཡིན་པ་དེ་ལུས་ཞིག་ནས་དམན་པའི་ཁྱིའི་སྐྱེ་གནས་སུ་སྐྱེས་སོ། །ཀྱེ་གཽ་ཏ་མ་བདག་གི་ཕ་ཏཽ་དེའི་ནི། མཆོད་སྦྱིན་བགྱིས་པ། སྦྱིན་སྲེག་བགྱིས་པ་མཆོད་སྡོང་སྒྲེང་བ་ལགས་ན། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འགྱུར། དེ་ནི་ལུས་ཞིག་ནས་ངེས་པར་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེ་བར་འགྱུར་

རོ། །བྲམ་ཟེའི་ཁྱེའུ་ཁྱོད་ཀྱི་ཕ་ཏཽ་དེའི་ནི། ང་རྒྱལ་ལས་ཀྱང་ང་རྒྱལ་དེ་ཉིད་ཀྱིས་དམན་པ་ཁྱིའི་སྐྱེ་གནས་སུ་སྐྱེས་སོ། །བྲམ་ཟེའི་ཁྱེའུ་གལ་ཏེ། ངས་སྨྲས་པ་ཡིད་མི་ཆེས་ན། བྲམ་ཟེའི་ཁྱེའུ་ཁྱོད་དེའི་ཕྱིར་རང་གི་ཁྱིམ་དུ་སོང་ལ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་དུ། གལ་ཏེ་ཁྱི་དུང་
ཁྱོད་ཚེ་སྔ་མ་ལ་ང་ཡི་ཕ་ཏཽ་དེའིར་གྱུར་པ་ལྟ་ན། རས་གོ་ནི་ཀ་བཏིང་བའི་ཁྲི་ལ་འདུག་ཤིག་ཅེས་སྨྲོས་ཤིག །ཁྲི་ལ་འདུག་པ་དང་། ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད། ཚེ་སྔ་མ་ལ་ངའི་ཕ་ཏཽ་དེ་འིར་གྱུར་པ་ལྟ་ན། འཁར་གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཆན་དང་། ཤ་བསྲེས་པའི་ཁྲུད་
མ་འཐུངས་ཤིག་ཅེས་སྨྲོས་ཤིག །འཐུངས་ནས་དེ་ལ་ཚིག་འདི་སྐད་དུ་གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏཽ་དེ་འིར་གྱུར་པ་ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ་བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག་ཅེས་སྨྲོས་ཤིག་དང་། སྟོན་པར་འགྱུར་རོ། །དེ་ནས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་
ཙོས། །བཅོམ་ལྡན་འདས་ཀྱིས་གསུངས་པ་བཟུང་སྟེ། ཀུན་ཆུབ་པར་བྱས་ནས། རང་གི་ཁྱིམ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཁྱི་དུང་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏཽ་དེའིར་གྱུར་པ་ལྟ་ན་རས་གོ་ནི་ཀ་བཏིང་བའི་ཁྲི་ལ་འང་འདུག་ཅིག །ཁྲི་ལ་འདུག་ནས་
དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏཽ་དེའིར་གྱུར་པ་ལྟ་ན། འཁར་གཞོང་རྡོ་བའི་ཁར་བླངས་པ་ལ། འབྲས་ཆན་དང་། ཤ་བསྲེས་པའི་ཁྲུད་མ་འཐུངས་ཤིག །འཐུངས་ནས་དེ་ལ་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་ཁྱི་དུང་ཁྱོད་ཚེ་སྔ་མ་ལ་ངའི་ཕ་ཏཽ་དེའིར་གྱུར་པ་
ལྟ་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། བདག་དབང་བ་གང་ཡོད་པ་ང་ལ་མ་བསྟན་པ་དེ་སྟོན་ཅིག །དེ་ནས་ཁྱི་དུང་རས་གོ་ནི་ཀ་བཏིང་བའི་ཁྲི་ལས་བབས་ཏེ། གནས་ཁྱིམ་རྙིང་པ་ཞིག་ཡོད་པ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། ཁྲིའི་རྐང་པ་བཞིའི་གནས་སུ་རྐང་ལག་གི་སྡེར་མོས་བྲུས་
སོ། །དབུས་ནི་སྣས་མནམ་མོ། །ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས། དེ་ནས་གསེར་དངུལ་བརྡུང་མ་དང་། སིལ་ལྕགས་ཟངས་བཞི་དང་། དབུ