Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 8 / 21 (50.000 ký tự/trang)
ོ་འདིས་སྲུང་བ་དང་ཞེས་བྱ་བ་ནི་སྲུང་བའི་དམ་པའོ། །ཀླུའི་གཉེན་པོ་འདི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱི་བསྟན་པ་ལ་ཡང་། བྱིན་གྱིས་རློབ་པར་འོང་ཞིང་སེམས་ཅན་གྱི་དོན་ལ་དུག་ནད་ཐམས་ཅད་མི་གནས་པར་བྱ་སྟེ། འབྱུང་པོ་རྣམས་ཀྱང་དེ་བཞིན་ནོ། །བདེ་ལེགས་སུ་འགྱུར་བར་མ་བྱས་ན། འདོད་པ་རྣམས་ལ་ཞེན་ཅིང་ཆགས་ཏེ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་ཐུགས་རྗེ་ཆེ་ཞིང་གནས་ཏེ། གང་ནས་གང་དུ་གནས་པའི་ས་ནས་ཀྱང་བཀྲ་ཤིས་པར་འགྱུར་ཞིང་འཇིགས་པ་མེད་ཅིང་། རིམས་འགོ་པའི་ནད་ རྣམས་དང་། རིམས་དྲག་པོ་དང་། ནད་དང་། མཛེ་དང་། ཕོལ་མིག་དང་། ཤ་བཀྲ་དང་། ལྷོག་པ་དང་། འབྲས་དང་། གཡན་པ་དང་། མེ་དབལ་དང་། འབྱུང་པོ་རྣམས་ཀྱིས་ཀྱང་མི་ཚུགས་སོ། །རྒྱགས་པས་མྱོས་ནས་རབ་ཏུ་རྨོངས་ཤིང་བརྒྱལ་བ་དང་ཞེས་བྱ་བ་ནི། མྱོས་པས་བྱས་ཤིང་འདི་འཆང་བ་ནི། རྒྱལ་བར་འགྱུར་བ་ནི་ཐེ་ཚོམ་མེད་དེ། དེ་བཞིན་དུ་ཕྱོགས་གང་ལ་བལྟས་ནས་ཀྱང་བཀྲ་ཤིས་ཤིང་རྒྱལ་བ་སྟེ། འབྱུང་པོའི་ཚོགས་རྣམས་ཀྱིས་ཀྱང་ཉེ་བར་མི་ནུས་སོ། །རབ་ཏུ་ཞེན་ཏེ་ནགས་ཀྱི་རྨ་བྱ་གཞོན་ནུ་མང་པོ་དང་ལྷན་ཅིག་ཏུ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཅིང་། བྱའི་རྒྱལ་པོ་རྨ་བྱའི་གཟུགས་སུ་སྣང་སྟེ། རྨ་བྱའི་ནང་ནས་གསེར་དུ་སྣང་བའི་རིག་སྔགས་སུ་གནས་པའོ། །ཅིའི་ཕྱིར་ཞེ་ན་སེམས་ཅན་གྱི་དོན་གྱིས་སེམས་ཅན་སེམས་མི་གཅིག་པའི་རང་བཞིན་ གྱིས་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ཞིང་། བྱའི་རྒྱལ་པོ་རྨ་བྱའི་གཟུགས་སུ་སྣང་སྟེ། རྨ་བྱའི་ནང་ནས་གང་ལ་གང་གི་གཟུགས་སྟོན་ཏེ། སེམས་ཅན་དེ་དག་གི་གཟུགས་སུ་བྱས་ནས་འདུལ་བའོ། །སེམས་ཅན་བྱའི་གཟུགས་སུ་བྱས་ཤིང་འདུལ་བ་སྟེ། དེ་དག་གི་གཟུགས་ ཀྱིས་སེམས་ཅན་འདུལ་བའོ། །སེམས་ཅན་ལྷའི་གཟུགས་སུ་བྱས་ནས། དེ་དག་གི་གཟུགས་ཀྱིས་སེམས་ཅན་འདུལ་བའོ། །སེམས་ཅན་འབྱུང་པོའི་གཟུགས་སུ་བྱས་ནས། དེ་དག་འདུལ་བ་སྟེ་དེ་བཞིན་དུ་སེམས་ཅན་ཐམས་ཅད་འདུལ་བའོ། །ཀུན་དགའི་ར་བ་ནས་ཀུན་ དགའི་ར་བའི་བར། སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ། རིའི་ངོས་ནས་རིའི་ངོས་སུ་རྒྱུ་ཞིང་སོང་སོང་བ་ལས་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གསེར་དུ་སྣང་བ་ལས་བྱའི་གཟུགས་སུ་མང་དུ་སྤྲུལ་ཅིང་། དེའི་དབུས་སུ་རྨ་བྱ་གསེར་གྱི་མདོག་ཅན་བལྟ་ན་སྡུག་ པ། མཆུ་བཻ་ཌཱུརྱ་ལས་བྱས་པ་འདྲ་བ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པའི་བ་སྤུ་དང་གཤོག་པ་སྣང་བ་དེ། དེ་བཞིན་དུ་མཇུག་མ་ཡང་བལྟ་ན་སྡུག་པའོ། །སེམས་ཅན་གྱི་དོན་ལ་རྨ་བྱ་རྣམས་ཀྱི་དབུས་སུ་གནས་པའོ། །རི་ཁྲོད་སྡིག་ཅན་གྱི་མི་རྣམས་ཀྱིས་མཐོང་ནས། བལྟ་ན་ སྡུག་པའི་ཕྱིར་བལྟས་སོ། །དེའི་ཕྱིར་ན་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར་གནས་སོ། །སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་གནས་སོ། །དེ་བཞིན་དུ་རིའི་ངོས་ནས་རིའི་ངོས་སུ་རྒྱུ་བའོ། །དེ་བག་མེད་པར་གྱུར་པས་རིའི་སེར་ཀ་ཞིག་ཏུ་ཆུད་ནས་ཞེས་བྱ་བ་ནི། རིགས་ ངན་དེ་རྣམས་ཀྱིས་དེད་པས་རྨ་བྱ་དེ་རྣམས་སེར་ཀ་ལ་ཆུད་དོ། །དེ་དེར་རིགས་ངན་གཞོན་ནུ་ཡུན་རིང་དུ་ཕྱིར་རྒོལ་བ་ཞེས་བྱ་བ་ནི། རིགས་ངན་གྱི་རི་ཁྲོད་པ་སྙིང་རྗེ་མེད་པ་རྣམས་ཀྱིས་སླེབ་པོ། །དགྲར་གྱུར་པ་ཞེས་བྱ་བ་ནི་གསོད་སྙིང་ཆེ་ཞིང་སྡིག་ལ་མི་ལྟ་བའོ། །འཚེ་བར་གྱུར་པས་ ཞེས་བྱ་བ་ནི། གཏུམ་མོའི་རིགས་ཅན་སེར་སྣ་ལ་སྲེད་པའོ། །གླགས་ལྟ་བ་རྣམས་ཀྱིས་རྨ་བྱའི་རྙིས་གཟུང་སྟེ་ཞེས་བྱ་བ་ནི། མི་བདུད་ཀྱི་རིགས་ཅན། གླགས་ཚོལ་ཞིང་སེམས་ཅན་ལ་གནོད་པ་སྐྱེལ་བ་དེ་ལྟ་བུའི་སྡིག་ཅན་གྱིས་རིག་སྔགས་ཀྱི་རྒྱལ་མོ་གསེར་དུ་སྣང་བ་བཟུང་ངོ་། །དེ་མི་ མཛའ་བའི་ནང་དུ་སོན་པ་དང་ཞེས་བྱ་བ་ནི། བདུད་ཀྱི་རིགས་ཅན་རིགས་ངན་དེ་ཡང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གསེར་དུ་སྣང་བ་དེའི་བྱིན་རླབས་ཀྱིས་སྙིང་རྗེའི་སྟོབས་རྙེད་པའོ། །དྲན་པ་སླར་རྙེད་ནས་ཞེས་བྱ་བ་ནི་དགེ་བའི་སེམས་དང་ལྡན་ཞིང་མི་དགེ་བ་བོར་ཏེ། ཡང་དག་ པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་བདེན་པ་དང་རིག་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་དྲན་པ་རྙེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཉིད་ཡིད་ལ་བྱས་སོ་ཞེས་བྱ་བ་ནི། དེ་དྲན་པ་ཙམ་གྱིས་སྙིང་རྗེ་རྙེད་ཅིང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཞིང་རིག་སྔགས་ རྗེས་སུ་དྲན་པའོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི་རྣམ་པར་དག་པ་ངོ་བོ་དང་བྲལ་བའོ། །ཆོས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་སྟེ། སེམས་ཅན་རྣམས་ལ་སྐྱོབ་ཅིང་དྲན་པ་ཉེ་བར་གཞག་པའོ། །དགེ་འདུན་ལ་ཕྱག་འཚལ་ ལོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཟག་པ་ཟད་པ་ཕྱིར་མི་ལྡོག་པའི་འབྲས་བུ་དང་། ཡང་དག་པར་རྫོགས་པའི་འབྲས་བུ་ཐོབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། མིང་དེ་དྲན་པ་དེ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ཀུན་གཞི་རྣམ་པར་ དྲན་ནོ། །ཀུན་གཞི་རྣམ་པར་དག་པ་དེ་ནི་རིན་པོ་ཆེའི་དེ་བཞིན་གཤེགས་པའི་རིགས་སོ། །དེ་མཚོན་པ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའོ། །དེའི་སྐུ་མདོག་དང་ཕྱག་མཚན་ནི། ཞལ་བཞི་ལ་ཕྱག་བརྒྱད་པ་སྐུ་ མདོག་དཀར་བ་དབུ་ལ་སངས་རྒྱས་ལྔས་བརྒྱན་པ། སྤྱི་བོའི་གཙུག་ཏུ་འཁོར་ལོས་མཚན་པ། སྤྱན་གསུམ་པ། ཞལ་དང་པོ་ཞི་བ་གཡས་ཁྲོ་བོ། །གཡོན་དྲེགས་ཚུལ་དང་ལྡན་པ། རྒྱབ་སྒེག་པའོ། །གཡས་མཐིང་གཡོན་དམར་རྒྱབ་སེར་བའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་བརྐྱང་གཡོན་བསྐུམ་པའི་ཞབས་ཀྱིས་ཟླ་བའི་དཀྱིལ་འཁོར་ལ་མནན་ཅིང་། པདྨའི་གདན་ལ་བཞུགས་པའོ། །ཕྱག་གཡས་པ་རྣམས་ན་ནི། རལ་གྲི་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། མདའ་བསྣམས་པའོ། །གཡོན་པ་རྣམས་ན་ནི་ལྕགས་ཀྱུ་དང་། ཐོ་བ་དང་། རྩེ་གསུམ་པ་དང་། པདྨ་བསྣམས་པའོ། །གཟུགས་ཀྱི་ཕུང་པོའི་རང་བཞིན་སའི་ཁམས། སྐྱེ་མཆེད་མིག །ཡེ་ཤེས་ལྔའི་རང་བཞིན་ཉི་མའི་འོད་དང་བཅས་པའོ། །དེ་ལྟ་བུའི་རིགས་དང་བཅས་ཤིང་། ཡིད་ལ་བྱས་ཏེ་བསམ་པ་དང་། ཚོར་བ་དང་། རེག་པ་དང་། ཁ་རླངས་ཀྱི་ དུག་བཅོམ་ཞིང་། སེམས་ཅན་ཐམས་ཅད་ལ་བདེ་བར་གནས་པའི་རིག་སྔགས་སོ། །རིག་སྔགས་ནི་གང་ཞེ་ན། འདི་ལྟ་སྟེ། ཧུ་ཧུ་ཧུ་ཧུ་ཧུ་ཧུ། ནཱ་ག་ལེ་ལེ་ལེ་ལ་སོགས་པའོ། །དེ་ནས་སྡུག་བསྔལ་དེ་ལས་ཐར་ཏེ་ཞེས་བྱ་བ་ནི་མ་རིག་པའི་རང་བཞིན་གྱིས་གཏུམ་པ་དང་སེར་སྣ་དང་། ཞེ་སྡང་དང་འདོད་ཆགས་དང་གཏི་མུག་དང་། ཕྲག་དོག་ལ་སོགས་པའི་སྡུག་བསྔལ་དང་བྲལ་བའོ། །དེ་ནས་སྡུག་བསྔལ་དང་བྲལ་བ་ཙམ་གྱིས། དེའི་ཡུལ་ཙམ་ལ་བཀྲ་ཤིས་ཤིང་། མི་ནད་དང་། ཕྱུགས་ནད་དང་། འབྲུམ་བུ་ལ་སོགས་པའི་ནད་དང་། ཡུལ་དེ་ཡང་བདེ་ལེགས་ ཤིང་བཀྲ་ཤིས་ཤིང་ཞི་བར་གནས་པའོ། །དགའ་བ་དང་། བདེ་བ་དང་། བདག་གི་ཡུལ་དུ་ཕྱིན་ནས་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་བཟླས་སོ་ཞེས་བྱ་བ་ནི། མི་དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གསེར་དུ་སྣང་བའི་གཟི་བརྗིད་དང་། སྟོབས་དང་། བྱིན་ གྱི་རླབས་ཀྱིས། རིན་པོ་ཆེའི་རིན་ཆེན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ཚིག་སྨྲས་པའོ། །ཞི་བ་དང་རྒྱས་པར་འདོད་པར་གྱུར་ན་འདི་གཞུང་བཞིན་དུ་ཞག་ཉི་ཤུ་རྩ་གཅིག་འཁོར་ལོ་བྲིས་ལ་རྒྱལ་མཚན་གྱི་རྩེ་མོའམ། མཆོད་རྟེན་གྱི་རྩེ་མོ་འམ་ཡུལ་ལྷའི་རྩེ་མོར་བཏགས་ ན་དེ་ན་གནས་པའི་ལྷ་འདྲེ་རྣམས་ཞི་བར་འགྱུར་ཞིང་། མི་ནད་དང་ཕྱུགས་ནད་ཐམས་ཅད་ཞི་བར་འགྱུར་རོ། །ཡང་ན་གང་ཟག་རང་གི་ཉལ་བའི་སའི་སྟེང་ངམ། ཡ་ཐེམ་ལ་བཏགས་ན་བཀྲ་ཤིས་ཤིང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །འཆང་བ་དང་ཀློག་ པ་བྱས་ན་ཚེ་ད་ལྟའི་སྡུག་བསྔལ་དང་བྲལ་ཏེ། ཚེ་ཕྱི་མ་ཡང་དེ་བཞིན་ནོ། །ཀུན་གཞི་རྣམ་པར་དག་པ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་རིན་པོ་ཆེའི་རིན་ཆེན་རིགས་ཡིན་ཏེ། དེ་མཚོན་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའོ། ། ཕུང་པོ་ནི་ཚོར་བའི་ཕུང་པོ་སྟེ། ཆུའི་ཁམས་སོ། །སྐྱེ་མཆེད་ནི་སྣའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་རང་བཞིན་ནོ། །དེའི་སྐུ་མདོག་དང་ཕྱག་མཚན་ནི། ཞལ་བཞི་པ་ཕྱག་བརྒྱད་པ་སྐུ་མདོག་སེར་མོའོ། །དབུ་ལ་རིགས་ལྔའི་དབུ་རྒྱན་ཅན། སྤྱི་བོའི་གཙུག་རིན་པོ་ཆེས་བརྒྱན་ པ། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་དང་པོ་དྲེགས་ཚུལ་དང་ལྡན་པ། གཡས་ཁྲོ་བོ། །གཡོན་བགད་པ། རྒྱབ་ཞི་བའི་ཚུལ་དང་ལྡན་པའོ། །གཡས་དཀར་བ་གཡོན་དམར་བ་རྒྱབ་མཐིང་བའོ། །ཞབས་གཡས་བརྐྱང་བ་གཡོན་བསྐུམ་པ་པདྨའི་སྟེང་ དུ་ཟླ་བའི་གདན་ལ་བཞུགས་པའོ། །ཕྱག་གཡས་དང་པོ་ན་རལ་གྲི་བར་མ་གཉིས་ནི་རིན་པོ་ཆེའི་འཁོར་ལོ། །ཐ་མ་ན་རྨ་བྱའི་སྒྲོ། །གཡོན་དང་པོ་ན་རྡོ་རྗེ། བར་མ་གཉིས་པདྨ་དང་རྡོ་རྗེ་རྒྱ་གྲམ། ཐ་མ་ན་རྨ་བྱའི་སྒྲོ། །ཉི་མའི་འོད་དང་ལྡན་ཞིང་སེམས་ཅན་ཐམས་ཅད་ལ་དོན་བྱེད་ པའོ། །རིག་སྔགས་བཀླགས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་བདེ་བར་གནས་པའོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། སྔོན་དུ་མི་གནས། ཕྱིས་མི་གནས། ད་ལྟར་མི་གནས་པ་བསམ་གྱིས་མི་ཁྱབ་པའོ། །ཆོས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། མི་གཟུང་ མི་གནས་རྒྱ་ཆེར་ཁྱབ་པ། རྟོག་པའི་རང་བཞིན་སེམས་ཉིད་ལའོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། དགེ་བ་མང་པོ་དེ་འདུས་པ་དེས་སྡིག་པ་བཤགས་པ་སྟེ། འཕགས་པ་དགྲ་བཅོམ་པ་དག་པའོ། །རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ ནི། རྨ་ནི་སྒྱུ་མ་ལྟ་བུའི་རང་བཞིན་ཆོས་ཐམས་ཅད་མི་དམིགས་པའོ། །བྱ་ནི་ཡེ་ཤེས་ཀྱི་རང་བཞིན་མ་རིག་མུན་པ་རང་བསལ་གཉུག་མའི་རང་བཞིན་ནོ། །འདི་ནི་གནས་མེད་ཅིང་གང་གིས་མི་འགྲུབ་མི་སྐྱེ་བ་མེད་པའོ། །ཡང་ན་རྨ་བྱ་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་། བྱང་ ཆུབ་སེམས་དཔའ་རྣམས་ཀྱི་ཡུམ་མོ། །གསེར་དུ་སྣང་བ་ནི་གསེར་བཞིན་དུ་ཁ་དོག་གསལ་ཞིང་བལྟ་ན་སྡུག་པའོ། །རྒྱལ་མོ་ནི་བདུད་བཞི་ལས་རྒྱལ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རིག་པ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་ཤེས་རབ་བོ། ། ཤེས་རབ་ནི་མི་དམིགས་པའི་རང་བཞིན། རང་བཞིན་གྱིས་འོད་གསལ་བའི་ཡེ་ཤེས་སོ། །སྔགས་ནི་མ་མནྟྲའི་དོན་གྱིས་བསྐྱབ་པ་དང་། སྐྱོབ་པའི་རང་བཞིན་སྟོང་པ་ཉིད་དུ་གནས་པའོ། །རྒྱལ་མོ་ནི་མ་རིག་པ་ལས་རྒྱལ་བ་སྟེ་མ་རིག་པ་དེ་ནི་འཁོར་བའི་རྒྱུའོ། །འཁོར་བའི་རྒྱུ་དེ་ནི་བདུད་བཞིའོ། །དེ་ ལས་རྒྱལ་བས་ན་རྒྱལ་མོའོ། །ཆེན་མོ་ནི་བསམ་གྱིས་མི་ཁྱབ་ཅིང་ནམ་མཁའ་བཞིན་དུ་འཇིག་རྟེན་གྱི་ཁམས་རྣམས་ལ་ཁྱབ་པའོ། །རིག་སྔགས་ཀྱི་གསང་སྔགས་ཀྱི་ཚིག་གང་ཞེ་ན། འདི་ལྟ་སྟེ། སིདྡྷེ་སུ་སིདྡྷེ་ལ་སོགས་པའོ། །སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རིག་སྔགས་ ཀྱི་རྒྱལ་མོ་ཕྱག་རྒྱས་བཏབ་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་སོ། །བདག་ལ་དགེ་བ་དང་། བསྲུང་བ་མཛད་དུ་གསོལ་ཞེས་བྱ་བ་ནི། གང་ཟག་སེམས་ཅན་ཐམས་ཅད་དང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་བསྲུང་བའོ། །ལོ་བརྒྱ་འཚོ་ བར་གྱུར་ཅིག་ཅེས་བྱ་བ་ནི། འདི་ལ་འཆང་བ་དང་གུས་པར་བྱེད་པ་ཚེ་རིང་ཞིང་བཀྲ་ཤིས་ཏེ། ནད་ཐམས་ཅད་དང་བྲལ་བའོ། །སྟོན་བརྒྱ་མཐོང་བར་ཤོག་ཅིག་ཅེས་བྱ་བ་ནི། ཇི་སྲིད་མ་ཤིའི་བར་དུ་བདེ་བར་གནས་ཤིང་ཡང་ནས་ཡང་དུ་ཚེ་བསྣན་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་ མོ་འདི་ཀུན་གཞི་རྣམ་པར་དག་པས་ཐབས་ཤེས་རབ་གཉིས་སུ་མེད་པ་མཚོན་པར་བྱེད་པ་ནི། སོ་སོར་རྟོག་པའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོའོ། །རིགས་ནི་རིན་པོ་ཆེ་དང་པདྨའི་རིགས་སོ། །འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས་ལྕེའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་ རང་བཞིན་གསལ་ཞིང་། ཕྱག་བརྒྱད་སྐུ་མདོག་དམར་མོའོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། དབུ་ལ་པདྨས་བརྒྱན་པ། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་དང་པོ་ཅུང་ཟད་ཁྲོ་བ། གཡས་ཞི་བ་གཡོན་དྲེགས་ཚུལ་དང་ལྡན་པ། རྒྱབ་ཁྲོ་མོར་བསམ་མོ། ། གཡས་དཀར་པོ། །གཡོན་མཐིང་ག །རྒྱབ་ལྗང་གུའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་དུ་ཟླ་བའི་གདན་ལ་བཞུགས་པའོ། །ཕྱག་གཡས་པ་རྣམས་ན་རལ་གྲི་དང་། པདྨ་དང་། འཁོར་ལོ་དང་། རིན་པོ་ཆེའོ། །ཕྱག་གཡོན་པ་རྣམས་ན། ཞགས་པ་དང་། ལྕགས་ཀྱུ་དང་། རྨ་བྱའི་སྒྲོ་དང་། དགྲ་སྟ་རྣམས་བསྣམས་པའོ། །འོད་ཉི་མའི་འོད་དང་ལྡན་ཞིང་། སེམས་ཅན་ཐམས་ཅད་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པའི་རིག་སྔགས་ཀྱི་གསང་སྔགས་འདིས་ཆར་འབེབས་པའི་ཐབས་ནི་རིག་སྔགས་ཀྱི་གཞུང་དུ་ བྱས་ནས། རིའམ་ཆུ་མིག་གཉེན་པོར། སྔགས་འདི་བྲིས་ནས་མནན་པར་བྱའོ། །དེ་བཞིན་དུ་ཀླུ་གང་གནས་པའི་མིང་བྱང་བྲིས་ལ། གུ་གུལ་ནག་པོའམ། མུ་ཟི་ནག་པོའམ། ལྡོང་རོས་སམ། མི་ཞུན་བསྲེས་ལ་སྡོང་བུ་བྱས་ཏེ། དེ་མནན་པ་དང་བསྲེག་པར་བྱའོ། །རིག་ སྔགས་ཀྱི་གསང་སྔགས་ནི་འདི་ཡིན་ཏེ། དྲག་པོར་བཟླས་ཤིང་། ཀླུ་མཐའ་ཡས་ལ་སོགས་པ་བསྐུལ་བར་བྱའོ། །འདི་ལྟ་སྟེ། ཧུ་ཙི་གུ་ཙི། གྷུ་ཙི། མུ་ཙི་སྭཱ་ཧཱ། ཞེས་བྱ་བ་བཟླས་སོ། །དེ་བཞིན་དུ་བྱས་ན་ཐེ་ཚོམ་མེད་ཅིང་། ཆར་འབེབས་པར་འགྱུར་རོ། །རིན་ཆེན་ རིགས་ཀྱི་པདྨའི་རིག་སྔགས་འདིས་དུག་ཟ་བར་གྱུར་ན། ཟས་ལ་བཏབ་ལ་སྦྱིན་ནོ། །འབྱུང་པོ་རྣམས་བྱུང་ན་སྙིང་ག་ལ་བཏབ་པོ། །རིམས་ནད་བྱུང་ན་སྤྱི་བོའི་གཙུག་ཏུ་སྔར་བཤད་པའི་སྨན་དང་སྔགས་གདབ་བོ། །དེ་ལྟར་བྱས་ན་ཐེ་ཚོམ་མེད་དོ། །ཡང་དག་པར་རྫོགས་ པའི་སངས་རྒྱས་རྣམས་ཀྱི་བཀའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་ཀུན་དགའ་བོ་ལ་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་ཞེས་བྱ་བ་ནི་སྔོན་མི་དེའི་དུས་ན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་བྱུང་ བའི་དུས་སོ། །རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ཞེས་བྱ་བ་དེ་ཞེས་བྱ་བ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་གསུང་ཞིང་། རྗེས་སུ་ཡི་རང་བ་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པ། ཕྱིའི་དུག་དང་ནང་གི་དུག་འཇོམས་པའོ། ། གཞན་ཡིན་པ་སྙམ་དུ་ཁྱོད་སེམས་ན། དེ་ལྟར་མི་ལྟའོ་ཞེས་བྱ་བ་ནི། སྔོན་ཡང་གངྒཱའི་ཀླུང་གི་བྱེ་མ་སྟོང་ཕྲག་བརྒྱད་ཁྲི་བརྒྱད་ཅུ་རྣམས་དེ་བཞིན་གཤེགས་པས་གསུངས་ཏེ། དེ་ལྟར་ཡང་ངས་གསུངས་པའོ། །དེ་བཞིན་དུ་མ་འོངས་པ་རྣམས་ཀྱིས་ཀྱང་གསུང་བར་འགྱུར་རོ། །དེ་ ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། རིག་སྔགས་ཀྱི་རང་བཞིན་བསམ་གྱིས་མི་ཁྱབ་པ་བརྗོད་དུ་མེད་པའོ། །རིག་སྔགས་ཀྱི་རང་བཞིན་སློབ་དཔོན་ལས་ཀྱི་རྡོ་རྗེས་ཚིགས་སུ་བཅད་དེ་གསུངས་པ། སེམས་ནི་སེམས་ཀྱིས་རིག་མ་ཡིན། ཇི་སྲིད་སྒྲོ་བཏགས་ཐམས་ཅད་ནི། །དེ་ཀུན་ཐམས་ཅད་ མེད་པས་ན། །རིག་པའི་དོན་ལ་སྒྲོ་བཏགས་མེད། །དེས་ནི་དགག་དང་སྒྲུབ་པ་མེད། །ཤེས་པ་གང་ཞིག་ལྷུན་གྲུབ་པ། དེ་ལ་བསམ་གྱིས་མི་ཁྱབ་བརྗོད། །བསམ་བཞིན་དུ་ནི་མི་ཁྱབ་པ། །དེ་ལ་བསམ་གྱིས་མི་ཁྱབ་བརྗོད། །གང་ཞིག་འགྲོ་བ་མ་སྐྱེས་ཞེས། །བློ་ནི་རྟག་པ་རྟོག་པ་ ཉིད། །འགྲོ་བའི་གཉུག་མ་བདེ་བ་ཉིད། །བློ་དང་ལྡན་པས་འབད་པ་མེད། །སྒྲོ་བཏགས་ཀུན་ལས་ངེས་གྲོལ་བ། །བདག་གི་དེ་ཉིད་དུ་ནི་བརྗོད། །སྟོང་པ་ལ་སོགས་མངོན་བརྗོད་པ། །དེ་ལ་སྒྲོ་བཏགས་བརྗོད་པ་ཡིས། །ཞེས་བསྟན་པའོ། །དབུ་མའི་ལམ་ནས་རིག་པའི་དོན་ བསྟན་པའོ། །དེ་བས་ན་ཀུན་དགའ་བོ་ཞེས་བརྗོད་པའོ། །ང་ཉིད་དེའི་ཚེ་དེའི་དུས་ན་རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་ཏོ་ཞེས་བྱ་བ་ནི། དེའི་ངོ་བོ་ཉིད་རིག་པའི་རྒྱལ་མོར་སྣང་སྟེ། དེ་ནི་ཀུན་རྫོབ་ཀྱི་རང་བཞིན་གྱིས་སེམས་ཅན་གྱི་དོན་ལ་སྣང་བར་གྱུར་པའོ། ། ཀུན་དགའ་བོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྙིང་པོ་འདི་ཡང་དག་པར་བཟླས་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་གྱི་དོན་གྱི་གླགས་པ་དེ་ཉིད་ཡིན་ཏེ། སྟོང་པ་ཉིད་ཀྱིས་མ་གྲུབ་པས། མ་མནྟྲའི་དོན་དུ་སྐྱབས་དང་ སྐྱོབ་པའི་དོན་གྱིས་རིན་ཆེན་རིགས་ཀྱི་ལས་ཀྱི་སྤྲུལ་པའོ། །དེ་ཡང་ཀུན་གཞི་རྣམ་པར་དག་པ་ནི་སྟོང་པ་ཉིད་ཡིན་ཏེ། ཐབས་དང་ཤེས་རབ་བྲལ་བའི་ཡེ་ཤེས་ནི་འཆིང་བའོ། །ཤེས་རབ་དང་ཐབས་དང་འཛོམ་པའི་ཡེ་ཤེས་ནི་གྲོལ་བའོ། །སུས་གསུངས་ཤེ་ན་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱིས། འཕགས་པ་དྲི་མ་མེད་པར་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ནས་ཀྱང་གསུངས་སོ། །ཤེས་རབ་བྲལ་བའི་ཐབས་ཀྱང་འཆིང་ངོ་། །ཐབས་དང་བྲལ་བའི་ཤེས་རབ་ཀྱང་འཆིང་བའོ། །ཤེས་རབ་དང་བཅས་པའི་ཐབས་ནི་ཐར་པའོ། ། ཐབས་དང་བཅས་པའི་ཤེས་རབ་ནི་ཐར་པའོ་ཞེས་གསུངས་སོ། །འདི་དག་དེའི་བདག་ཉིད་ནི་བླ་མའི་མན་ངག་ཉིད་ནས་སྒྲོན་མ་དང་སྣང་བ་བཞིན་དུ་ལྷན་ཅིག་སྐྱེས་པ་ལྟར་བསྒྲུབ་པ་བཞིན་དུ་རྟོགས་པར་བྱའོ། །དེ་བས་ན་སྟོང་པ་ཉིད་དང་སྙིང་རྗེ་དབྱེར་མེད་པའོ། །འདིར་ཡང་སྟོང་ པ་ཉིད་ནི་ཡེ་ཤེས་ཏེ་མཚོན་པར་བྱེད་པ་དེ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །བདག་ཉིད་ལྟ་བུའི་མཚོན་བྱེད་ནི་རིན་ཆེན་ལས་ཀྱི་རིགས་ཀྱི་རྨ་བྱ་ཆེན་མོའོ། །ཞལ་བཞི་སྟོན་པ་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་སྒོ་ནས་རྣམ་པར་དག་པའོ། །སྐུ་ མདོག་ལྗང་གུར་བསྟན་པ་ནི། རིག་སྔགས་འདིས་ལས་ཐམས་ཅད་འགྲུབ་པར་བསྟན་པའོ། །རྣམ་པར་དག་པའོ། །ལྗང་གུ་དང་། སེར་པོ་དང་། དཀར་པོ་དང་། དམར་པོའི་ཞལ་ནི་ཞི་བ་ལ་སོགས་པའི་ལས་རྣམ་བཞི་བསྟན་པའོ། །དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ ཅན་ནི། ཡེ་ཤེས་ལྔའི་རང་བཞིན་བསྟན་པའོ། །དབུ་ལ་སྣ་ཚོགས་ཀྱི་རྡོ་རྗེས་བརྒྱན་པ་ནི། རིགས་མ་ངེས་པ་ལས་ཀྱི་རིགས་ཀྱི་མཚན་ཉིད་དོ། །སྤྱན་གསུམ་པ་ནི། ཏིང་ངེ་འཛིན་ཉེ་བར་བསྟན་པའོ། །ཁྲོ་མོར་སྒོམ་པ་ནི་ཐེག་པ་སྣ་ཚོགས་ཡོད་པས་ཐེག་པ་ཆེན་པོའི་རང་བཞིན་ བསྟན་པའོ། །སྦྲུལ་གྱིས་ཡན་ལག་བརྒྱན་པ་ནི། མ་རུངས་པའི་གདུག་པ་ཅན་ཀླུ་དང་གནོད་སྦྱིན་ལ་སོགས་པ་འདུལ་བའི་ཕྱིར་རོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གི་རྣམ་པར་དག་པའོ། །ཕྱག་བརྒྱད་དུ་བསྟན་པ་ནི། རྣམ་པར་ ཐར་པ་བརྒྱད་དོ། །གཡས་དང་པོ་ན་རལ་གྲི་བསྣམས་པ་ནི། ཤེས་རབ་ཀྱི་རང་བཞིན་ནོ། །དེའི་འོག་མ་ན་རྡོ་རྗེ་འཛིན་པ་ནི་ཡེ་ཤེས་ལྔའི་རང་བཞིན་ཐབས་སོ། །གཡོན་དང་པོ་སྡིགས་མཛུབ་ཞགས་པ་ནི་འགྲོ་བ་མ་ལུས་པའི་སེམས་ཅན་ཐམས་ཅད་བཅིངས་པའོ། །དེའི་འོག་མ་རྩེ་གསུམ་ འཛིན་པ་ནི། ངེས་པར་སྲིད་པ་གསུམ་འཇོམས་པའོ། །བར་མ་གཡས་གཡོན་གཉིས་ན་མདའ་གཞུ་འགེངས་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པའི་བརྡ་བསྟན་པའོ། །འོག་མ་གཡས་གཡོན་གཉིས་ན་རྨ་བྱའི་སྒྲོ་བསྣམས་པ་ནི། ནང་གི་དུག་དང་ཕྱིའི་དུག་ངེས་པར་འཇོམས་པའོ། ། ཞབས་གཡས་བརྐྱང་པས་ཀླུ་མནན་པ་ནི། སྲིད་པ་འཇོམས་པའོ། །གཡོན་བསྐུམ་པས་གནོད་སྦྱིན་མྱ་ངན་གྱི་ཚུལ་གྱིས་མནན་པའོ། །པདྨ་སྣ་ཚོགས་ཀྱི་གདན་ནི་ཐེག་པ་སྣ་ཚོགས་བསྟན་པའོ། །ཉི་ཟླ་གདན་ལ་བཏིང་བ་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའོ། །འོད་ཟེར་སྣ་ ཚོགས་དང་ལྡན་པ་ནི་ཁྲོ་བོའི་ཚུལ་གྱིས་གདུག་པ་ཅན་རྣམས་འདུལ་བའོ། །ཡེ་ཤེས་ལྔའི་རང་བཞིན་ནི་རིགས་ལྔ་རྣམ་པར་དག་པའོ། །རིན་ཆེན་རིགས་ཀྱི་རྨ་བྱ་ཆེན་མོ་ནི། ལས་ཐམས་ཅད་གྲུབ་ཅིང་དུག་ཐམས་ཅད་བཅོམ་པའོ། །སེར་བ་སྲུང་བར་འདོད་ན། རིག་སྔགས་བཟླས་ ཤིང་གདོང་བཟློག་སྟེ། རིག་སྔགས་ཀྱི་རང་བཞིན་བྱས་ནས་གཡས་ན་ཟོར་བ་འཛིན་པ་གཡོན་ན་ཞགས་པ་འཛིན་པ། རིག་སྔགས་བཟླས་ཤིང་དྲག་པོར་གདོང་བཟློག་པར་བྱའོ། །བདག་ཉིད་བསྲུང་བར་འདོད་ན། གྲོ་ག་འམ་ཤིང་ཤུན་ནམ་རས་ལ་བྲིས་ལ། མགུལ་ལམ་ལག་པ་གཡས་ པ་ལ་གདགས་སོ། །ནད་པ་གསོ་བར་འདོད་ན་རིག་སྔགས་ཀྱི་སྙིང་པོ་འདི་བཟླས་པར་བྱའོ། །གུ་གུལ་ནག་པོ་དང་། ལྡོང་རོས་དང་། མུ་ཟི་དང་། ཤུ་དག་དང་། གླ་རྩི་དང་། བཙན་དུག་དང་། བྲག་ཞུན་དང་། མི་ཤ་དང་། ཁྱི་ཤ་དང་། རྟ་ཤ་དང་། ཡུངས་ཀར་དང་། ཟི་ར་ནག་པོ་ དང་། མིའི་ཞུན་གྱིས་སྦྱར་བར་བྱའོ། །བདུག་པ་དང་། བྱུག་པ་ཡིན་ཏེ། དེས་བྱས་ན་ནད་རྣམས་མེད་པར་འགྱུར་རོ། །དུག་འཐུངས་ན་ཆུ་ལ་བཏབ་ལ་སྦྱིན་ནོ། །ལས་ཐམས་ཅད་གྲུབ་པའི་རིག་སྔགས་ཀྱི་གསང་སྔགས་གང་ཞེ་ན། འདི་ལྟ་སྟེ། ཨི་ཏི་མི་ཏི་ལ་སོགས་པའོ། །ཡང་ལས་ ཀྱི་རྡོ་རྗེས་ཚིགས་སུ་བཅད་དེ་གསུངས་པ། གང་ཞིག་གང་ཟག་འདི་གྲུབ་ན། །དངོས་གྲུབ་ཐམས་ཅད་འདི་ཡིས་འགྲུབ། །རྣམ་པར་ཐར་པ་འདི་ཡིས་འགྲུབ། །དྲི་མ་ཐམས་ཅད་འདིས་བྲལ་ལོ། །སྐད་ཅིག་མས་ནི་བསྒོམ་བྱས་ན། །རིག་སྔགས་འཆང་ནི་འདིར་འགྲུབ་པོ། །རྫོགས་ པའི་སངས་རྒྱས་རྣམས་གསུངས་པ། །གཉིས་པའི་སེམས་ནི་འདིར་མེད་དོ། །དེ་སྐད་དུ་གསུངས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཞལ་ནས་སེམས་ཅན་དོན་དུ་བཀའ་སྩལ་པའོ། །འདི་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྙིང་པོ་ཡིན་ནོ་ཞེས་བྱ་བ་ནི། བསྲུང་བའི་དམ་པ་ལས་ཀྱི་སྙིང་པོ་གང་དུ་ཡང་དྲན་པར་གྱུར་ན་གྲུབ་པར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་ནས་ཡང་དུ་སངས་རྒྱས་ཀྱིས་འགྲོ་བ་རིགས་དྲུག་གི་དོན་དུ་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་གྲོང་ན་འདུག་ན་ཡང་ཡིད་ལ་བྱའོ་ཞེས་བྱ་བ་ནི། ཡིད་བཞིན་གྱི་ནོར་བུ་འདི་འདུག་པར་གྱུར་ནས་རྗེས་སུ་ཡི་རང་ནས། རྨི་ལམ་ངན་པ་དང་ལྟས་ངན་པ་བཟློག་པར་འགྱུར་རོ། །དགོན་པ་ན་འདུག་གམ་ཞེས་བྱ་བ་ནི་བསྒོམ་པ་ལ་བར་ཆོད་མེད་ཅིང་མྱུར་དུ་བསྒོམ་པ་འགྲུབ་པའོ། །ལམ་ན་འདུག་གམ་ཞེས་བྱ་བ་ནི་འགྲོ་བའི་བསམ་པ་ གྲུབ་ཅིང་། མྱུར་དུ་བཀྲ་ཤིས་པར་སླེབ་པའོ། །ལམ་གོལ་བ་ན་འདུག་གམ་ཞེས་བྱ་བ་ནི་འགྲོ་བའི་དུས་སུ་དགྲ་དང་མི་ཕྲད་ཅིང་འགྲོ་བའི་བསམ་པ་གྲུབ་ཅིང་། མྱུར་དུ་ཁྱིམ་དུ་སླེབ་པའོ། །རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་གམ་ཞེས་བྱ་བ་ནི། རྒྱལ་པོས་ཆད་པས་མི་གཅོད་ ཅིང་བྱམས་པའི་གཏམ་ཐོབ་པར་འགྱུར་རོ། །ཆོམ་རྐུན་གྱི་ནང་ན་འདུག་གམ་ཞེས་བྱ་བ་ནི། དེ་རྣམས་ཀྱིས་མི་མཐོང་ཞིང་རང་གི་ཡུལ་དུ་ཉེ་བར་སླེབ་སྟེ། གལ་ཏེ་མཐོང་བར་གྱུར་ན་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འཇོམས་པར་མི་འགྱུར་རོ། །མེའི་ནང་ན་འདུག་གམ་ཞེས་ བྱ་བ་ནི། ཁྱིམ་མམ་ཡུལ་ལམ་ནགས་ཚལ་མེས་ཚིག་པར་གྱུར་ན། དེའི་ནང་དུ་ཆུད་ནས་ཀྱང་མེའི་འཇིགས་པ་དང་བྲལ་བར་འགྱུར་རོ། །ཆུའི་ནང་ན་འདུག་གམ་ཞེས་བྱ་བ་ནི། རྒྱ་མཚོའི་ནང་ན་རྫིང་ཆེན་པོ་ལས་རྒལ་བའམ། གྲུའི་ནང་ན་ཆུད་པའམ། རབ་རྒལ་ལ་ སོགས་པའི་ཆུའི་ནང་དུ་ཆུད་པས་ཀྱང་། ཆུ་དེ་རྣམས་ཀྱི་འཇིགས་པ་མེད་ཅིང་། བཀྲ་ཤིས་པས་རང་གི་ཁྱིམ་དུ་སླེབ་བོ། །དགྲའི་ནང་ན་འདུག་གམ་ཞེས་བྱ་བ་ནི། གཞན་ཡང་གླགས་ཚོལ་ཞིང་དགྲ་བོར་གྱུར་པའམ། ངོ་མི་ཤེས་ཤིང་དགྲའི་ཡུལ་དུ་སོང་བ་ལ། རིག་སྔགས་དྲན་པ་ཙམ་ གྱིས་དགྲ་བོའི་ནང་ནས་ཡང་ཐར་བར་འགྱུར་རོ། །ཕྱིར་རྒོལ་བ་དང་དགྲ་བོའི་ནང་ན་འདུག་གམ་ཞེས་བྱ་བ་ནི། སྐུངས་ཀྱི་ནང་དུ་ཆུད་པའམ། ཕྱི་རོལ་གྱི་དམག་འདྲེན་པའམ། འདི་ཡིད་ལ་བྱས་པས་ན་དེ་རྣམས་ཀྱི་ནང་དུ་ཆུད་ན་ཡང་གྲོལ་བར་འགྱུར་རོ། །འཁོར་གྱི་ནང་ན་ འདུག་གམ་ཞེས་བྱ་བ་ནི། འཁོར་དེ་ཡང་ངན་སེམས་སྐྱེད་པར་འགྱུར་བས་ན། དེའི་སེམས་དེ་བཟློག་པར་འགྱུར་རོ། །དེ་བས་ན་རིག་པ་དེ་ཡང་ཡིད་ལ་བྱའོ། །རྩོད་པའི་ནང་ན་འདུག་གམ་ཞེས་བྱ་བ་ནི། རྩོད་པ་ལ་ཡང་གཉིས་ཏེ། ཕྱི་རིག་པ་ལ་སྦོས་པས་རྩོད་པ་དང་། ནོར་གྱི་ ཁྱིམ་ལ་མི་མཐུན་པས་རྩོད་པའོ། །དེ་ལ་ཡིད་ལ་བྱེད་པར་གྱུར་ན་ཡང་རྒྱལ་བར་འགྱུར་རོ། །སྦྲུལ་གྱིས་ཟིན་ཏམ་ཞེས་བྱ་བ་ནི། གདུག་པ་ཅན་རྣམས་འཆི་བའི་དུག་གིས་ཟིན་པ་རིག་སྔགས་ཀྱི་རྒྱལ་མོ་འདི་ཡིད་ལ་དྲན་པ་ཙམ་གྱིས་ཀྱང་དུག་དེས་ཀྱང་མི་ཚུགས་པར་འགྱུར་རོ། ། དུག་འཐུངས་སམ་ཞེས་བྱ་བ་ནི། སྦྱོར་བའི་དུག་དང་བསྡད་པའི་དུག་འཐུང་བར་གྱུར་པ་རྣམས་ཀྱང་རིག་སྔགས་ཀྱི་སྙིང་པོ་འདི་ཚར་བདུན་ནམ། ལན་གྲངས་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་དམ་དེ་ཆུ་ལ་བཏབ་ནས་འཐུངས་ན་ཡང་མི་ཚུགས་སོ། །འཇིགས་པ་ཐམས་ཅད་འདུས་ པ་ན་ཡང་ཡིད་ལ་བྱའོ་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པའི་རིག་སྔགས་ཀྱི་སྙིང་པོ་ནི་ཡིད་བཞིན་གྱི་ནོར་བུ་བཞིན་དུ་ཤིན་ཏུ་དཀོན་པ་འདི་ཡིད་ལ་བྱས་པར་གྱུར་ན། དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཆེན་པོ་བརྒྱད་ལས་ཀྱང་ཐར་བར་འགྱུར་རོ། །གཞན་ཡང་འཇིགས་པ་ ཕྲ་མོ་ལས་ཐར་བར་འགྱུར་ཏེ། རླུང་ལས་གྱུར་པ་དང་ཞེས་བྱ་བ་ནི། རླུང་གི་ནད་བཞི་བརྒྱ་རྩ་བཞི་ཡང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཞི་བར་འགྱུར་རོ། །མཁྲིས་པ་ལས་གྱུར་པ་དང་ཞེས་བྱ་བ་ནི། དེ་བཞིན་དུ་མཁྲིས་པའི་ནད་བཞི་བརྒྱ་རྩ་བཞི་ལས་ཀྱང་ཐར་བར་འགྱུར་རོ། །བད་ཀན་ལས་ གྱུར་པ་དང་ཞེས་བྱ་བ་ནི། བད་ཀན་ཀྱང་བཞི་བརྒྱ་རྩ་བཞི་ཡིན་ཏེ། རིག་སྔགས་ཀྱི་གཟི་བརྗིད་དང་ཡིད་ལ་བྱས་པར་གྱུར་ན་དེ་རྣམས་ཀྱིས་ཀྱང་མི་ཚུགས་སོ། །འདུས་པ་ལས་གྱུར་པ་དང་ཞེས་བྱ་བ་ནི། རླུང་དང་མཁྲིས་པ་དང་། བད་ཀན་དང་། དེ་གསུམ་འདུས་པས་ན་འདུས་པ་ཞེས་བྱ་སྟེ། ། ལྡན་པ་ནི་གང་དག་གཉིས་ལྡན་པས་ན་ལྡན་པའོ། །དེ་ལྟ་བུའི་ནད་ལ་ཡང་ཡིད་ལ་བྱེད་པར་གྱུར་ན། ནད་དེ་ཀུན་གྱིས་ཀྱང་མི་ཚུགས་སོ། །ནད་བཞི་བརྒྱ་རྩ་བཞི་ལས་ནད་གང་ཡང་རུང་བས་བཏབ་པར་གྱུར་པ་དང་ཞེས་བྱ་བ་ནི། གཞན་མི་གཅིག་པ་རེ་རེ་ལ་ཡང་མི་གཅིག་པ་བཞི་བརྒྱ་ རྩ་བཞི་གནས་ཏེ། ནད་དེ་རྣམས་ཀྱིས་ཀྱང་མི་ཚུགས་སོ། །ཕོངས་པར་གྱུར་ན་ཡང་ཤིན་ཏུ་ཡིད་ལ་བྱའོ་ཞེས་བྱ་བ་ནི། ཕོངས་པ་ལ་རྣམ་པ་གསུམ་སྟེ། མིས་ཕོངས་པ་དང་། ནོར་གྱིས་ཕོངས་པ་དང་། རིག་པས་ཕོངས་པའོ། །དེ་ཀུན་གྱིས་ཕོངས་ན་ཡང་རིག་སྔགས་འདི་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ ཞེ་ན། ཀུན་དགའ་བོ་ལ་སྨྲས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ལན་དུ་གསུངས་པའོ། །གསད་པའི་རིགས་པ་ནི་ཆད་པས་བྲལ་བར་འགྱུར་ཞེས་བྱ་བ་ནི། རྒྱལ་པོའམ་གཞན་ཡང་འབྱུང་པོ་ལ་སོགས་པས་གསད་པའི་སེམས་ཡོད་ པ་ལ་དེ་རྣམས་ཀྱིས་ཀྱང་མི་ཚུགས་པར་འགྱུར་རོ། །ཆད་པས་གཅད་པའི་རིགས་པ་ནི་གཞུ་བཙོག་གིས་སོ་ཞེས་བྱ་བ་ནི། སེམས་ངན་ཞིང་ཆད་པ་གཅོད་འདོད་པའི་སེམས་དེ་ལ་ཡང་བྱམས་པའི་སེམས་དང་ལྡན་པའོ། །གཞུ་བཙོག་གི་རིགས་པ་ནི་བརྒྱད་པས་སོ་ཞེས་བྱ་བ་ནི། གཞུ་བཙོག་ཅིང་སྐུར་པ་གདབ་འདོད་པ་དེ་ཡང་བཀག་ཅིང་སྙིང་རྗེའི་སེམས་དང་ལྡན་པར་འགྱུར་རོ། །བརྒྱད་བཀག་པའི་རིགས་པ་ནི་དམ་བཅས་པས་སོ། །བརྒྱད་དེ་བྱེད་པར་འདོད་པའི་སེམས་དང་ལྡན་པར་བྱེད་པ་ཡང་བརྒྱ་ཁྲོལ་ཞིང་མི་སྣང་བར་བྱེད་པའོ། །དམ་བཅས་ པའི་རིགས་པ་ནི་སྤུ་ཟིང་ཞེས་བྱ་བས་སོ་ཞེས་བྱ་བ་ནི། གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་དང་། སེར་སྣ་དང་། ཕྲག་དོག་གོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི། དེ་བཞིན་དུ་ཐར་པར་འགྱུར་ཏེ་ཞེས་བྱ་བ་ནི། དུག་ལྔའི་རང་བཞིན་གྱིས་བཀག་པའི་མུན་པ་ནི། རང་བསལ་ཡེ་ཤེས་ཀྱིས་སྣང་བར་འགྱུར་བའོ། །དེ་ཅིའི་ཕྱིར་ཞེ་ན། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་རིག་པས་སྣང་བའོ། །དེའི་ནད་ཐམས་ཅད་ཀྱང་ལྡོག་པར་འགྱུར་རོ་ཞེས་བྱ་བ་ནི། མ་རིག་པའི་མུན་པས་བཀག་ནས། འཁོར་བའི་སྡུག་བསྔལ་གྱི་ནད་ཡིན་ཏེ། རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟི་བརྗིད་ཀྱིས་མེ་མར་གྱིས་ཀྱང་ནད་ཐམས་ཅད་ཀྱང་ཐར་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་རིན་ཆེན་རིགས་ཀྱི་རིགས་ལྔ་ཕྱེ་བའི་གནས་སྐབས་ཏེ་ལྔ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། སེམས་ཅན་ལ་ཐུགས་རྗེ་ཆེ་བའི་ཕྱིར་ ཀུན་དགའ་བོ་ལ་སྨྲས་པའོ། །རིག་སྔགས་དང་། གསང་སྔགས་ཀྱི་གཞི་འདི་ཡང་ཡིད་ལ་བྱའོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདི་ཀུན་གཞི་རྣམ་པར་དག་པ། ཐབས་ཤེས་རབ་ཟུང་དུ་འཇུག་པ་རིན་པོ་ཆེའི་རིགས། མཚོན་བྱ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཚོན་ བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའོ། །ཚོར་བའི་ཕུང་པོ་ནི་ཆུའི་ཁམས། སྣའི་སྐྱེ་མཆེད་དོ། །སྐུ་མདོག་དང་ཕྱག་མཚན་གསལ་བ་ནི། ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་མོ། །དབུ་ལ་རིགས་ལྔས་བརྒྱན་པ། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། ལོ་བཅུ་གཉིས་པའི་ཆ་བྱད་ཅན། ཕྱག་གཡས་པ་ན་མཆོད་སྦྱིན་མཛད་པ། གཡོན་པ་ན་རྨ་བྱའི་སྒྲོ་བསྣམས་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན། ཉི་མའི་འོད་ཟེར་དང་ལྡན་པ། ཡེ་ཤེས་ལྔའི་རང་བཞིན་དེ་ལྟ་བུའི་རིག་སྔགས་ཡིད་ ལ་བྱའོ། །འདི་ཡིད་ལ་བྱས་པར་གྱུར་ན་གླགས་ཚོལ་བ་རྣམས་ཀྱིས་ཀྱང་གླགས་མི་རྙེད་དོ། །རིག་སྔགས་ཀྱི་གསང་སྔགས་གང་ཞེ་ན། འདི་ལྟ་སྟེ། ཙི་ལི་མི་ལི་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་འགྲོ་བ་ རིགས་དྲུག་གི་དོན་དུ་ཀུན་དགའ་བོ་ལ་གསུངས་པའོ། །དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ཞེས་བྱ་བ་ནི། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་སྲུང་བ་སྟེ། དེ་བཞིན་དུ་མ་འོངས་པ་རྣམས་ཀྱིས་ཀྱང་སྲུང་བར་ འགྱུར་རོ། །ད་ལྟར་ཡོད་པ་རྣམས་ཀྱིས་ཀྱང་སྲུང་བའོ། །དེ་བཞིན་དྲུག་པ་ལ་སོགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྟོང་ཕྲག་བརྒྱད་ཁྲི་རྣམས་ཀྱིས་ཀྱང་སྲུང་སྟེ། དེ་ཡང་རང་རང་གི་གཟི་བརྗིད་ཀྱིས་སྲུང་བའོ། །རང་གི་གཟི་བརྗིད་ནི་གང་ཞེ་ན། སངས་རྒྱས་རྣམས་ཀྱི་གཟི་བརྗིད་ དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །གསེར་ཐུབ་ཀྱི་ནི་ཡེ་ཤེས་དང་། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་ལོ། །ཤཱཀྱ་སེང་གེའི་བརྩོན་འགྲུས་ཀྱིས། །བྱམས་པ་མགོན་པོས་ཤེས་རབ་བསྟན། ། འདས་དང་མ་འོངས་ད་ལྟར་དང་། །དེ་བཞིན་རིག་སྔགས་རིམ་བཞིན་སྲུངས། །རིག་སྔགས་ཀྱི་རྒྱལ་མོ་འདི་ཡང་མཐུ་ཆེ་ཞིང་སེམས་ཅན་རྣམས་ལ་ཐུགས་རྗེས་ཁྱབ་པའོ། །སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་སེམས་ཅན་ཐམས་ཅད་ལའོ། །ཡོངས་སུ་སྦ་བ་དང་ཞེས་བྱ་ བ་ནི། རིག་སྔགས་ཀྱི་དོན་གསང་བར་བྱས་པ་སྦ་བའོ། །གར་སྦ་ཞེ་ན། འཇིགས་པ་ཐམས་ཅད་ལས་སྦས་པའོ། །ཡོངས་སུ་བསྐྱབ་པ་ཞེས་བྱ་བ་ནི། འཇིག་རྟེན་འདིའི་སྡུག་བསྔལ་ལས་ཡོངས་སུ་བསྐྱབ་པ་དང་། ངན་སོང་གསུམ་ལས་ཡོངས་སུ་བསྐྱབ་པ་དང་། འཁོར་བའི་སྡུག་བསྔལ་ གྱི་འཇིགས་པ་ལས་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། མ་རིག་པའི་ཞེན་པས་མི་དགེ་བ་བཅུའི་ལམ་ལ་འཇུག་པ་སྟེ། དེར་འགྲོར་མ་སྟེར་བས་ན་ཡོངས་སུ་གཟུང་བའོ། །ཡང་ན་འཁོར་བར་འགྲོ་འདོད་པ་རྣམས་གཟུང་བར་བྱའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་ཡེ་ཤེས་ཀྱིས་མ་རིག་པའི་མུན་པ་བསལ་བ་སྟེ། རང་བཞིན་འོད་གསལ་གྱི་ཡེ་ཤེས་ཀྱིས་བསལ་བའོ། །ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། ནད་རྣམས་ཞི་བ་དང་། འཇིག་རྟེན་གྱི་སྡུག་བསྔལ་ཞི་བའོ། །ནོར་ཕུན་སུམ་ཚོགས་པ་དང་། མི་ཕུན་ སུམ་ཚོགས་པ་དང་། འབྲུ་ཕུན་སུམ་ཚོགས་པའོ། །ནད་ཐམས་ཅད་དང་བྲལ་ཞིང་འབྱུང་པོའམ་མིའམ་ཅབ་ཅོབ་ཀྱི་འཇིགས་པ་མི་འབྱུང་ཞིང་ཚེ་ཕྱི་མ་ལ་ཡང་དེ་བཞིན་ནོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། རྒྱལ་པོའམ། འབྱུང་པོའམ། གཤིན་རྗེ་ལ་སོགས་ པའི་ཆད་པ་སྤང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། དམག་གམ་དགྲ་འཁྲུག་གམ། གཞན་ཡང་ལོང་མེད་པར་འབྱུང་བའམ། དེ་རྣམས་ཐམས་ཅད་སྤང་བར་འགྱུར་རོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་འགྲོ་བའི་དུག་དང་ བསྡད་པའི་དུག་དང་བྱས་པའི་དུག་དང་གསུམ་ཞི་བར་འགྱུར་རོ། །དུག་གསད་པ་དང་ཞེས་བྱ་བ་ནི། འཇིག་རྟེན་པའི་དུག་གསུམ་སྟེ། དེ་ཡང་ནང་གི་དུག་དང་ཕྱིའི་དུག་གོ། །ནང་གི་དུག་ནི་གཏི་མུག་དང་། འདོད་ཆགས་དང་། ཞེ་སྡང་གསུམ་མོ། །ཕྱིའི་དུག་ནི་མཆེ་བ་རྩ་བ་ལ་ སྦྱོར་བའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། ཕྱོགས་མཚམས་བརྒྱད་དང་བཅུ་གཅད་དེ། དེ་ལས་གཅད་པས་ན་མཚམས་གཅད་པའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི། ས་ལ་རྒྱུ་བའི་འབྱུང་པོ་ལ་སོགས་པ་རྣམས་ལ་ཡང་བཅིང་བའོ། །ལོ་བརྒྱ་འཚོ་བར་གྱུར་ ཅིག་ཅེས་བྱ་བ་ནི། སྡུག་བསྔལ་དང་བྲལ་ཞིང་ཕུན་སུམ་ཚོགས་པས་ལོ་བརྒྱར་འཚོ་བར་འགྱུར་བའོ། །སྟོན་བརྒྱ་མཐོང་བར་ཤོག་ཤིག་ཅེས་བྱ་བ་ནི། ནད་མེད་ཅིང་ཚེ་རིང་བ་སྟེ། བཀྲ་ཤིས་ཤིང་ཕོངས་པ་མེད་པ། ཤི་བའི་དུས་སུ་ཡང་རྒས་པ་མ་ཚོར་བར་འཆི་བའོ། །ཀུན་ དགའ་བོ་ཞེས་བྱ་བ་ནི། བསྲུང་བའི་དོན་དུ་སེམས་ཅན་གྱི་སྡུག་བསྔལ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །གང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་སྲུང་བ་བྱས་ཤིང་སྦས་པ་དང་ཞེས་བྱ་བ་ནི། འདི་ལ་གུས་ནས་འཆང་བའི་གང་ཟག་དེ་ཀློག་པ་དང་། སྒོམ་ པ་དང་། བཤད་པ་དང་། རྗེས་སུ་ཡི་རང་བ་དང་། མཆོད་པ་དང་། སྨོན་ལམ་གདབ་པ་དང་། བླ་མར་བྱེད་པ་དང་། དཀྱིལ་འཁོར་བཞེངས་པ་ལ་སོགས་པ་བྱས་ནས་ཡོངས་སུ་སྦ་བ་ལ་སོགས་པ་བྱེད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཐུགས་རྗེ་ཆེ་ཞིང་མཐུ་ཆེ་བ་སྟེ། གཟི་བརྗིད་དང་། སྟོབས་དང་། ཁ་དོག་དང་། གྲགས་པ་དང་ལྡན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ཕྱག་རྒྱའི་རྒྱས་གདབ་ཅིང་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །འཇིག་རྟེན་འདིའི་ལྷ་རྣམས་དང་ཞེས་བྱ་བ་ནི། དམྱལ་བའི་གནས་ ནས་གཟུགས་མེད་པའི་ཁམས་རྣམས་སོ། །དམྱལ་བ་ལ་ཚ་བའི་དམྱལ་བ་དང་། གྲང་བའི་དམྱལ་བ་དང་གཉིས་གཅིག་ཏུ་བརྩིས་ཏེ་བརྒྱད་དོ། །བྱོལ་སོང་དང་ཡི་དགས་གཉིས་ཏེ་བཅུའོ། །མི་ཡུལ་གླིང་བཞི་ལ་སོ་སོར་བགྲངས་པས་བཞི། ལྷ་ལ་དྲུག་གོ། །དེ་ནི་ འཇིག་རྟེན་འདོད་པའི་ཁམས་སོ། །བསམ་གཏན་དང་པོ་ནས་བཟུང་ནས། གཙང་མའི་རིས་ཀྱི་ལྷ་མན་ཆད་ནི་གཟུགས་ཁམས་ཀྱི་འཇིག་རྟེན་ནོ། །སྐྱེ་མཆེད་མུ་བཞི་གཟུགས་མེད་པའི་འཇིག་རྟེན་གྱི་ཁམས་སོ། །དེ་བས་ན་འཇིག་རྟེན་འདིའི་ལྷ་རྣམས་དང་ཞེས་པའོ། ། བདུད་རྣམས་དང་ཞེས་བྱ་བ་ནི། ག་ར་དབང་ཕྱུག་གི་འཁོར་བདུད་ཀྱི་ལྷ་རིགས་སྟོང་ཕྲག་བརྒྱད་ཅུའོ། །ཚངས་པར་སྤྱོད་པ་ཞེས་བྱ་བ་ནི། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་བདག་པོ་ཚངས་པ་ནས་གཟུགས་ཁམས་ཀྱི་ལྷ་མན་ཆད་དོ། །དགེ་སློང་དང་ཞེས་བྱ་བ་ནི། རབ་ཏུ་བྱུང་ཞིང་ ཚངས་པར་སྤྱོད་པའི་གཟུགས་སྣང་བའོ། །བྲམ་ཟེའི་ལུས་སུ་སྐྱེས་པའམ་ཞེས་བྱ་བ་ནི། མིའི་འཇིག་རྟེན་གྱི་ཁམས་སུ་རིགས་བཟང་པོར་སྐྱེས་ནས་གནས་པ་རྣམས་སོ། །སྐྱེ་དགུའི་བདག་པོ་རྣམས་ཞེས་བྱ་བ་ནི། ལྷ་དང་མིའི་བྱེ་བྲག་ཏུ་སྨྲ་བ་རྣམས་སོ། །ལྷ་དང་མི་དང་ལྷ་མ་ཡིན་ རྣམས་སོ་ཞེས་བྱ་བ་ནི། གཞན་ཡང་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་གུས་པར་བྱས་ནས། དེ་རྣམས་ལ་ཡང་བསྲུང་བ་དང་། སྦ་བ་དང་། བསྐྱང་བར་བྱ་བར་འགྱུར་རོ། །ས་བཅིང་བ་ལས་རྣམ་པར་འཚེ་བའི་ཕྱིར་འོང་བ་ཞེས་བྱ་བ་ནི། འབྱུང་པོ་དེ་རྣམས་ དགེ་བ་ལ་བར་དུ་གཅོད་ཅིང་གླགས་ཚོལ་བ་རྣམས་ཡིན་ཏེ། དེ་ནི་བདུད་ཀྱི་རང་བཞིན་འཁོར་བ་ལ་གནས་པར་བྱེད་པའི་རྒྱུ་ནད་རྣམས་སྣ་ཚོགས་བཏང་བའི་བདག་པོ་དང་སེམས་ཅན་རྣམས་ལ་གནོད་པ་སྐྱེལ་ཞིང་ས་དང་བར་སྣང་ས་འོག་ཆུ་ལ་རྒྱུ་བ་རྣམས་སོ། །དེ་རྣམས་ཀྱི་སྟོབས་ནི་རི་ རབ་ཙམ་སྒུལ་ཞིང་ས་གཡོ་བར་བྱེད་དོ། །དེ་ནི་གཟུགས་ཀྱི་རང་བཞིན་ཅན་ཡིན་ཏེ། ཡིད་ཀྱི་རང་བཞིན་ཅན་ནོ། །དེ་རྣམས་ཀྱིས་སེམས་ཅན་རྣམས་ལ་གླགས་ཚོལ་ཞིང་འཚེ་བར་བྱས་པའོ། །ལྷའམ་ཞེས་བྱ་བ་ནི་ལྷའི་འབྱུང་པོ་སྟོང་ཕྲག་བརྒྱད་ཅུའོ། །ལྷ་མོའམ་ཞེས་ བྱ་བ་ནི་ལྷ་མོའི་གཟུགས་སྟོང་ཕྲག་བརྒྱད་ཅུའོ། །ལྷའི་བུའམ་ཞེས་བྱ་བ་ནི་ལྷའི་བུ་སྟོང་ཕྲག་བརྒྱད་ཅུའོ། །ལྷའི་བུ་མོའམ་ཞེས་བྱ་བ་ནི་ལྷའི་བུ་མོའི་གཟུགས་སྟོང་ཕྲག་བརྒྱད་ཅུའོ། །ལྷ་རྒན་པོའམ་ཞེས་བྱ་བ་ནི། ལྷ་རྒན་པོའི་གཟུགས་སྟོང་ཕྲག་བརྒྱད་ཅུའོ། །ལྷ་རྒན་མོའམ་ཞེས་ བྱ་བ་ནི། ལྷ་རྒན་མོའི་གཟུགས་སྟོང་ཕྲག་བརྒྱད་ཅུའོ། །ལྷའི་འཁོར་ཕོའམ་ཞེས་བྱ་བ་ནི། ལྷའི་འཁོར་ཕོའི་གཟུགས་སྟོང་ཕྲག་བརྒྱད་ཅུའོ། །ལྷའི་འཁོར་མོ་ནས་གནོན་པོའི་འཁོར་མོའམ་ཞེས་བྱ་བ་ལ་སོགས་པ་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུ་རྣམས་སོ། །དེ་རྣམས་ཀྱིས་གླགས་ ཚོལ་བ་ནི་ཅིའི་ཕྱིར་ཞེ་ན། འབྱུང་པོ་མ་རུངས་པ་རྣམས་གཟུགས་སྣ་ཚོགས་སུ་སྤྲུལ་ཞིང་གླགས་ཚོལ་བའོ། །དེ་དག་གི་ནི་མདུན་རྒྱུག་པ། །འབྱུང་པོ་གནོད་སྦྱིན་ལུས་པོ་ཆེ། །ལག་པ་བཞི་པ་མ་རུངས་པ། །རྐང་མངས་དང་ནི་རྐང་གཅིག་པ། །རྐང་བཞི་པ་ལ་རྐང་གཉིས་པ། ། རྐང་པ་བསྒྲེང་བ་སྤྱིའུ་ཚུགས་དང་། །ལུས་མང་མགོ་བོ་གཅིག་པ་དང་། །ལུས་གཅིག་པ་ལ་མགོ་བཞི་པ། །མིག་མང་པོ་ལ་ལུས་གཅིག་དང་། །མིག་གཅིག་ལྟོ་ནི་བཅུ་གཉིས་དང་། །བོང་བུ་རྔ་མོ་གླང་ཆེན་མགོ། །རྐང་པ་བསྒྲེང་ལ་མགོ་བཏུད་དང་། །མཚོན་ཆའི་སོ་དང་མཚོན་ ཆའི་ལག །མཚོན་ཆའི་རྐང་པའི་སྲིན་པོ་རྣམས། །ཟངས་ཀྱི་སྐྲ་དང་ཟངས་ཀྱི་སོ། །ཟངས་ཀྱི་མིག་དང་ཟངས་ཀྱི་ལག །ཟངས་ཀྱི་ཐོ་བའི་རྐང་པ་དང་། །ཟངས་ཀྱི་སྣ་དང་ལྕགས་ཀྱི་ཁ། །རྐང་ལག་ཀུན་དུ་འབར་བ་དང་། །མི་ཡི་ལུས་སུ་གནས་པ་རྣམས། །སྒུར་ཞར་ལྦ་ བ་གསུམ་ཡོད་པ། །མིག་མི་སྡུག་ལ་ཁ་གླལ་བ། །ཆུ་སྲིན་སྟག་གི་གཟུགས་དང་ནི། །གཟུགས་མི་སྡུག་དང་ཁ་རལ་བོ། །མཆུ་འཕྱངས་པོ་དང་སོ་ཡོན་པོ། །རབ་ཏུ་གཏུམ་པོ་ཁྲོ་གཉེར་ཅན། །གསུས་པོ་ཆེ་དང་བུམ་སྣའོ། །སྣ་འཕྱངས་པོ་དང་རྣ་བ་མེད། །ལག་རིངས་པོ་དང་ རྣ་བ་རིང་། །སྣ་ཡི་རྩེ་དང་ལག་རྩེ་རིང་། །ལུས་སྐམས་ལུས་ནི་རིང་བ་དང་། །སྐྲ་རིང་རབ་ཏུ་བརྒྱན་པ་དང་། །རྐང་པ་མིད་པ་ཕྲ་བ་དང་། །དྲི་ང་བ་དང་བུམ་ལྟོ་བོ། །ཡན་ལག་ཆུ་སྲིན་འདྲ་བ་དང་། །གཏུན་ཤིང་ཐོ་བ་འདྲ་བའི་ལྟོ། །གནམ་ལྟོ་བོ་ལ་རྣ་བོ་ཆེ། །གྱེན་དུ་སྐྲ་བརྫེས་རབ་ཏུ་དམར། ། མགོ་བོ་ཆེ་ལ་གཞུ་མགྲིན་པོ། །སྐེམ་པོ་སྒུར་པོ་བུམ་ལྟོ་བོ། །རི་རབ་རྩེ་མོ་བསྒུལ་ནས་སུ། །མེ་མདག་གི་ནི་ཆར་པ་འབེབས། །ལྗོན་ཤིང་རི་ཡི་རྡོ་བ་དང་། །སྤྲིན་གྱི་ཚོགས་ཀྱི་མདོག་འདྲ་བ། །དུང་དང་རྔ་ཆེན་རྫ་རྔ་དང་། །གྲུལ་བུམ་རྔ་ཆེན་རྣམས་ཀྱི་སྒྲ། །འཇིགས་པའི་སྒྲ་ནི་རབ་ཏུ་འབྱིན། ། མིག་པོ་ཆེ་ལ་བོང་བུའི་སྒྲ། །ནག་པོ་སྔོན་པོ་སེར་པོ་དང་། །དམར་སེར་མེ་དང་དམར་སེར་དང་། །ཁབ་འདྲའི་སྤུ་དང་རལ་གྲིའི་སྐྲ། །དམར་པོའི་ཁྲག་གིས་བསྐུས་པ་རྣམས། །མི་རོ་དག་ནི་ཁྱེར་ནས་སུ། །ཟ་བཞིན་དུ་ནི་རྣམ་པར་རྒྱུག །སོ་རྣོན་ལག་པ་དམར་བ་དང་། །མཆུ་ནི་ཁྲག་ གིས་བསྐུས་པ་དང་། །ལུས་ཕྱེད་དག་ནི་ཟོས་པ་དང་། །མཁལ་མ་སྙིང་དང་ནང་གྲོལ་གྱིས། །སྙིམ་པ་ཤིན་ཏུ་བཀང་བ་དང་། །བྱིས་པ་དག་ནི་ཟ་བཞིན་དུ། །མེར་མེར་པོ་དང་སྲོག་ཆགས་ཀྱི། །རྐང་ལག་རྣམས་ཀྱི་སྟོབས་ཀྱང་འཕྲོག །ཀེང་རུས་ཀྱི་ནི་ལུས་ཀྱིས་སུ། །སྐྱེ་བོ་མང་པོ་ སྐྲག་པར་བྱེད། །ཁྲག་གིས་རབ་ཏུ་བཀང་བ་ཡི། །མི་ཡི་པགས་པ་ཐོགས་ནས་སུ། །མི་བཟད་དུག་གིས་ཀུན་བསྐུས་ཏེ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུག །གྲོང་ཁྱེར་རྣམས་ཀྱི་སྒོ་དག་དང་། །ཁྱིམ་ནས་ཁྱིམ་དུ་རྣམ་པར་འཐོར། །རླུང་དང་བད་ཀན་མཁྲིས་པ་ རྣམས། །ཕྱོགས་བཞི་དག་ཏུ་འཁྲུག་པར་བྱེད། །དེ་ལྟར་དེ་ནི་རྒྱལ་པོ་ཡི། །གདོན་དང་འཇིགས་པ་ཆེན་པོ་རྣམས། །ལྷགས་པ་དེ་དག་ཐམས་ཅད་ཀྱང་། །འབྱུང་པོ་དེ་དག་རྣམས་ཀྱིས་ཀྱང་། །གླགས་ཚོལ་བ་ཡི་དུས་སུ་ཡང་། །མིའི་འཇིག་རྟེན་འདི་ལ་རྨི་ལམ་དང་རྟགས་ བསྟན་པའོ། །ཕྱོགས་བཅུ་དག་ཏུ་འཇིགས་པ་སྐྱེད། །བུད་མེད་དག་དང་སྐྱེས་པ་དང་། །དེ་བཞིན་ཁྱེའུ་བུ་མོ་དང་། །མངལ་ན་གནས་པའང་འཇིགས་པ་སྐྱེད། །དུད་འགྲོའི་སྐྱེ་གནས་གཏོགས་ལའང་འཚེ། །སྐར་མ་དག་དང་ཉི་ཟླ་དང་། །གཏུམ་པའི་གཟའ་རྣམས་གནོད་པར་བགྱིད། ། ལོ་ཏོག་ས་བོན་འབྲས་བུ་དང་། །མེ་ཏོག་སྨན་དང་ཟས་སྐོམ་དང་། །མི་རྣམས་ཀྱི་ནི་དཔལ་འཕྲོག་ཅིང་། །མཐོན་པོ་རྣམས་ཀྱང་དམའ་བར་བགྱིད། །འཇིག་རྟེན་དག་ན་ནོངས་པ་རྣམས། །དམག་དང་འཐབ་མོ་ཤ་གཉེར་དང་། །ཚིག་གམ་ཞིག་གམ་གསད་བྱ་བ། །དེ་ཀུན་ འབྱུང་པོའི་རྣམ་པས་གྱུར། །སྦེད་ཅིང་སླར་ཡང་བགྱིད་པ་དང་། །བཟློག་པར་བགྱིད་ཅིང་དགོད་པར་བགྱིད། །འཇིགས་པར་བགྱིད་ཅིང་ལྟ་བར་བགྱིད། །དགྲར་འགྱུར་བ་ཡང་སྟོན་པར་བགྱིད། །སྡིག་པའི་རྨི་ལམ་མཐོང་བར་བགྱིད། །ཉལ་བ་དག་ལ་གནོད་པར་བགྱིད། །སྒོ་ནས་སེ་གོལ་སྒྲ་ འབྱུང་ཞིང་། །མི་སྙན་བརྗོད་དེ་ཟ་བར་བགྱིད། །མཛའ་བོ་གཉེན་བཤེས་གཟུགས་དག་ཏུ། །གདའ་ཞིང་བཀའ་མཆིད་སྨྲ་བར་བགྱིད། །བུ་མོ་སྡུག་གུའི་གཟུགས་དག་ཏུ། །འདོད་ལ་སྤྱོད་ལ་དགའ་བར་བགྱིད། །ཉི་མ་སྐར་མའི་གཟུགས་དག་དང་། །ཟླ་བའི་གཟུགས་སུ་གདའ་བར་བགྱིད། ། རླུང་དང་སྐར་མདའ་ལྕེ་གཟུགས་སུ། །དེ་ལ་གནོད་པ་དེ་དག་གདའ། །སྐར་མའི་ཚོགས་དང་འདྲ་བ་དག །འཇིགས་པར་བགྱིད་པ་ཝ་དང་ཁྱི། །རྣམ་པར་སྤྲུལ་ནས་ལྗོན་ཤིང་དང་། །མཆོད་རྟེན་དག་གི་གནས་ན་གདའ། །སྐྱེས་པ་གཞོན་ནུའི་གཟུགས་མཛེས་པས། །འབར་ཞིང་ཤིང་རྟའི་སྒྲ་ ཡང་འབྱིན། །གནས་རྣམས་དང་ནི་ཤུལ་དག་ཏུ། །རྣམ་པ་སྣ་ཚོགས་རྗེས་ཀྱང་སྟོན། །གྲོང་ཁྱེར་དག་ན་ཁྱིམ་རྣམས་ཀྱི། །སྒོ་ཡང་གདོན་ཆེན་དེ་དག་འབྱེད། །སྲོག་དང་ལུས་ཀྱང་བླང་བགྱིས་ཤིང་། །ལམ་ངན་ཀུན་དུ་བསྐོར་བར་བགྱིད། །རྣམ་པ་སྣ་ཚོགས་གཟུགས་དག་དང་། །རྣམ་ པ་སྣ་ཚོགས་སྒྲ་རྣམས་དང་། །རྣམ་པ་སྣ་ཚོགས་ནད་ཀྱི་རྣམས། །ལུས་ནི་ན་བར་གནས་པར་སྟོན། །ནད་རྣམས་ཀུན་གྱི་མཚན་ཉིད་ཀྱང་། །ཕྱིན་ཅི་ལོག་ཏུ་སྟོན་པར་བགྱིད། །ཇི་སྙེད་འཇིག་རྟེན་རང་བཞིན་དག །ཐམས་ཅད་ལོག་པར་དེ་དག་སྟོན། །ཡང་ན་འབྱུང་པོ་དེ་རྣམས་མིའི་འཇིག་རྟེན་ ལ་གནོད་པར་བྱས་ནས་གླགས་ཚོལ་ཞིང་གྲོང་ངམ་གྲོང་ཁྱེར་དུ་རྒྱུ་ན། མཚན་ཉིད་དེ་བཞིན་དུ་ཡིན་ཏེ། །གྲོང་ཁྱེར་གྲོང་རྡལ་ཡུལ་འཁོར་དང་། །ཕོ་བྲང་འཁོར་དུ་རྒྱུ་བ་ནི། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །ལུས་ཆེ་འཇིགས་པ་ཆེན་པོ་སྟེ། ། སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་བཏང་སྟེ། །ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་པགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་ དབྱུག་པ་ཐོགས། །རྡོ་རྗེ་མདུང་རྩེ་དབྱུག་པ་ཐོགས། །རབ་ཏུ་དྲག་པའི་དམག་རྒལ་ནས། །ཕྱོགས་ཀུན་དུ་ནི་སྐྲག་པར་བྱེད། །སྡང་བའི་གནས་ན་འཁོད་པ་ཡི། །གསང་བ་པོ་ནི་དད་ཀུན་ཀྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་གཞན་ཡང་འཛིན། །ཤ་ ཁྲག་དྲོན་པོར་བཅས་པ་ལ། །རྣམ་པར་འཕྲུལ་ཞིང་འདོད་པའི་གཟུགས། །སེང་གེ་དང་ནི་སྟག་དང་རྟ། །མ་ཧེ་བ་ལང་བོང་བུ་རྔ། །གླང་པོ་ཆེ་ཡི་གཟུགས་འདྲ་དང་། །དོམ་དང་གཟིག་དང་སྤྱང་ཀི་དང་། །ཁྱི་དང་ཝ་དང་ར་དག་དང་། །བྱི་ལ་བྱི་བ་སྦྲེའུ་ཡི་གཟུགས། །བསེ་དང་ཕག་ དང་སྲེ་མོ་དང་། །ཉ་དང་རུས་སྦལ་དག་གི་གཟུགས། །ཁ་ཅིག་དག་ནི་སྲམ་གྱི་གཟུགས། །ཁྭ་དང་འུག་པ་ཁུ་བྱུག་དང་། །བྱ་རྒོད་ཁྲ་དང་ཉ་མིད་བཅས། །རྨ་བྱ་ངང་པ་ཐི་བ་དང་། །ཁྲུང་ཁྲུང་དང་ནི་བྱ་རྣམས་དང་། །ཁ་ཅིག་བྱ་གག་གཟུགས་རྣམས་སུ། །གནོད་སྦྱིན་རྣམས་ནི་མི་ ཡིས་མཐོང་། །འདབ་བཟངས་བྱ་ཡི་ཚུལ་གྱིས་ཀྱང་། །སྐྱེ་བོ་མང་པོ་སྐྲག་པར་བྱེད། །ཁ་ཅིག་མི་ཡི་མགོ་ཅན་ལ། །ལུས་ནི་བྱ་གག་བོང་བུ་འདྲ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་བྲལ་བ་དག་ཏུ་སྣང་། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་ བས་ཀུན་དུ་དཀྲིས། །རྩེ་གསུམ་མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟད་པ་ཡི་དབུགས་འབྱིན་ཞིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །སྲོག་ཆགས་རྒྱུད་ནི་ཇི་སྙེད་པ། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། །ཁ་ཅིག་དག་ནི་རི་ཡང་ ཐོགས། །ལ་ལ་རལ་གྲི་འཁོར་ལོ་ཐོགས། །གྲངས་ནི་བརྒྱ་ཕྲག་སྟོང་གནས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོའི་གཟུགས་ནི་སྔོ་བ་དང་། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་བཅད་གདོང་ནི་གཉེར་མ་ཅན། །རྐང་ལག་ དག་ནི་གཏུབས་པ་དང་། །མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་ཚོལ་བར་བྱེད། །སྡིག་པ་ཅན་རྣམས་གཟི་བརྗིད་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་སུ། ། ལྷགས་པ་དེ་དག་ཐམས་ཅད་ཀྱང་། །དེ་བཞིན་དུ་ལྷ་ཕོ་མོ་དང་། ཀླུ་ཕོ་མོ་དང་གནོད་སྦྱིན་ཕོ་མོ་ལ་སོགས་པས་སྐད་ཅིག་ཐང་ཅིག་ལ། སེམས་ཅན་ལ་འཚེ་བར་བྱེད་པ་ནད་སྣ་ཚོགས་གཏོང་ཞིང་འབྱུང་པོ་རྣམས་ཀྱིས་ཀྱང་གླགས་ཚོལ་བའོ། །གླགས་ཚོལ་བར་འདོད་ཅིང་གླགས་ལྟ་ན་ ཡང་གླགས་མི་རྙེད་དེ་ཞེས་བྱ་བ་ནི། ལྷའི་གདོན་དང་བཅས་པའི་འབྱུང་པོ་རྣམས་ཀྱིས་ཀྱང་གནོད་པར་བྱེད་མི་ནུས་ཤིང་། རྩར་ཡང་འོང་མི་ནུས་ཀྱི། གླགས་ཚོལ་བ་ལྟ་ཅི་སྨོས་སོ། །དེ་ཅིའི་ཕྱིར་ཞེ་ན། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི། ཡང་དག་པར་རྫོགས་པའི་ སངས་རྒྱས་རྣམས་ཀྱིས། རྗེས་སུ་ཡི་རང་ཞིང་གསུངས་པ། །གཟི་བརྗིད་ཆེ་བ་སྟོབས་དང་ལྡན་པ། འབྱུང་པོ་རྣམས་ཀྱི་གཉེན་པོར་གསུངས་པའོ། །དེ་བས་ན་གླགས་ཚོལ་བས་མི་རྙེད་པའོ། །ལྷ་ནི་ལྷ་འདུ་བའི་གནས་སུ་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནས། གནོན་པོ་ནི་གནོན་པོ་ འདུ་བའི་གནས་སུ་མ་ཡིན་ནོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འདུ་བར་མི་ནུས་ཤིང་འབྱུང་པོ་རྣམས་ཀྱང་སོ་སོར་འཁྱམས་ཏེ། གནོད་པར་མི་ནུས་ཤིང་། རྩར་ཉེ་བར་མི་ནུས་པའོ། །གང་ལ་ལ་ཞིག་རིག་སྔགས་འདི་ལས་འགལ་བར་བྱེད་ན་ཞེས་བྱ་བ་ནི། གལ་ཏེ་ གླགས་ཚོལ་བ་རྣམས་རིག་སྔགས་ཀྱི་བཀའ་ལས་འདས་པར་གྱུར་ན། སྡུག་བསྔལ་དཔག་ཏུ་མེད་པ་འཐོབ་སྟེ། དམྱལ་བ་མནར་མེད་དུ་སྐྱེ་བར་འགྱུར་རོ། །དམྱལ་བ་དེ་ལས་ཐོན་ནས་ཡང་ནས་ཡང་དུ་གཞན་དུ་དམྱལ་བར་འཕོའོ། །དེའི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ ཚལ་པ་བདུན་དུ་འགས་སོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་དམོད་མོས་མཛེའམ་ཕོལ་མིག་གམ། ལྷོག་པའམ་འབྲས་ལ་སོགས་པ་རྣམས་ཀྱིས་བཏབ་ནས། ཤི་བའི་དུས་སུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་ཀྱི་གཞི་དག་ཀྱང་ཡིད་ལ་བྱའོ་ཞེས་བྱ་བ་ནི་འབྱུང་པོ་རྣམས་ ཀྱི་གཉེན་པོ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གཞན་གྱིས་མི་ཐུབ་པའི་གསང་སྔགས་ཀྱི་ཐབས་བཤད་པར་བྱའོ། །སློབ་དཔོན་ལས་ཀྱི་རྡོ་རྗེས་ཚིགས་སུ་བཅད་པ་འདི་གསུངས་སོ། །དང་པོར་དགུག་པ། གཉིས་པ་བསྐྲད་པ། གསུམ་པ་མནན་པ། བཞི་པ་བསྲེག་པའོ། ། གང་གནོད་པའི་འབྱུང་པོ་རྣམས། རིག་སྔགས་ཀྱི་ང་རྒྱལ་བྱས་ནས། ཕྱག་གཡས་གཡོན་གྱིས་དགུག་པའི་ཕྱག་རྒྱ་བྱ་སྟེ། རྡོ་རྗེ་ཁུ་ཚུར་ཡང་དག་པར་བཅས་ལ། མཛུབ་མོ་གཉིས་ཀྱིས་དགུག་པའི་ཚུལ་དུའོ། །རིག་སྔགས་ཀྱི་གསང་སྔགས་ལ། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿལ་རིག་ སྔགས་ཀྱི་གསང་སྔགས་བཏགས་ལ་དགུག་པར་བྱའོ། །མ་རུངས་པའི་འབྱུང་པོ་རྣམས། ཨོཾ་དང་རྡོ་རྗེ་ཧཱུཾ་མཛད་ཀྱི། །རིག་སྔགས་སྨོན་གྱིས་འདུག་མི་ནུས། །རི་རབ་དུར་ཁྲོད་ཕོ་བྲང་དང་། །རྒྱ་མཚོ་ལུང་སྟོང་ཤིང་གཅིག་དང་། །ནགས་ཚལ་དག་དང་རྒྱ་གྲམ་དང་། །རི་ཡི་ རྩེ་མོ་མཆོད་རྟེན་རྩ། །ཁྲོན་པ་དག་དང་ཆུ་མིག་དང་། །མཚོ་ཆེན་དང་ནི་ཚལ་གནས་དང་། །དེ་བཞིན་གྲོང་ཁྱེར་གྲོང་གནས་དང་། །གྲོང་རྡལ་དང་ནི་ཕོ་བྲང་དང་། །རི་ཡི་རྩེ་མོ་ནམ་མཁའ་དང་། །བར་སྣང་ཆུ་དང་ས་ལ་གནས། །དེ་བཞིན་ས་འོག་ལམ་ལ་གནས། །ཛཿཧཱུཾ་བཾ་ཧོཿའི་ ཕྱག་རྒྱ་ཡིས། །འབྱུང་པོ་མང་པོ་རིག་སྔགས་དགུག །འབྱུང་པོ་མ་རུངས་པ་རྣམས་རིག་སྔགས་ཀྱི་ཕྱག་རྒྱས་དགུག་པའོ། །ཡང་བསྐྲད་པ་ནི། ཡུངས་ཀར་སྐེ་ཚེ་དང་བསྲེས་ལ། ར་བར་ཚེར་མ་ཅན་གྱི་ཤིང་བུ་སྟེ། མཛོད་དང་ཁྱིམ་གྱི་ཕྱོགས་མཚམས་ཀྱི་ས་བླངས་ལ་སྐེ་ཚེ་དང་ ཡུངས་ཀར་བསྲེས་ལ་ཡང་བདེན་པའི་ཚིགས་བཅད་བཏོན་ལ། བདེ་གཤེགས་རྣམས་ཀྱི་གཟི་བརྗིད་ཀྱིས། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཐམས་ཅད་སྐྱོབ་པའི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །གསེར་ཐུབ་ཀྱི་ནི་ཡེ་ཤེས་ཀྱིས། །འོད་སྲུངས་ཀྱི་ནི་ རྫུ་འཕྲུལ་ལོ། །ཤཱཀྱ་སེང་གེའི་བརྩོན་འགྲུས་སོ། །འབྱུང་པོ་དེ་དག་བརླག་པར་ཤོག །ཨུ་ཙ་ཏ་ཡ་ཕཊ་རྣམས་ཀྱིས། །རིག་སྔགས་སྙིང་པོ་དེ་བཏགས་ལ། །རྔ་བོ་ཆེ་དང་འཁར་རྔ་དང་། །དེ་ལ་སོགས་པ་སྒྲ་ཡི་ཚོགས། །དེ་བརྡུངས་འབྱུང་པོ་བསྐྲད་པར་བྱ། །མེ་ཏོག་སྣ་ཚོགས་ གཏོར་མ་དང་། །རྩ་བ་སྣ་ཚོགས་ལོ་མ་དང་། །འབྲུ་སྣ་ཆུ་དང་བཅས་པ་དང་། །འོངས་པའི་ཕྱོགས་སུ་བསྐྱལ་བར་བྱ། །དེ་བཞིན་བསྐྲད་ནས་མནན་པར་བྱའོ། །གྲོ་ག་ལ་སོགས་ཤིང་ལོ་ལ། །འབྱུང་པོའི་གཟུགས་དང་འཁོར་ལོ་བཅས། །དེ་ཡི་ནང་དུ་མིང་བྱང་བྲི། །ཡུངས་ ཀར་ལན་ཚྭ་སྐེ་ཚེ་དང་། །ཤང་ཚེ་དུག་རྫས་རོ་ཐང་དང་། །དེ་རྣམས་བཅུག་ལ་དྲིལ་བར་བྱ། །རབས་ཆད་མཛེ་ཐོད་ནང་དུ་གཞུག །སྔར་བཤད་དགུག་གཞུག་འབྱུང་པོ་ལ། །རིག་སྔགས་ལ་ནི་སྟམྦྷ་ཡ་གདགས། །ལམ་མམ་རྒྱ་གྲམ་མཆོད་རྟེན་འོག །ཕོ་ཁྲོམ་སར་ནི་མནན་པར་བྱ། །དེ་བཞིན་ མནན་ལ་བསྲེག་པར་བྱ། །ཙནྡན་ལ་སོགས་དྲི་རྣམས་ཀྱི། །དེ་ཡི་ཆུས་ནི་ལུས་རྣམས་བཀྲུ། །སྨྱུང་བར་བྱས་ནས་གོས་གཙང་གྱོན། །སེང་ལྡེང་ཤིང་ལ་ཞུགས་ཕུལ་ལ། །འབྲུ་དང་རྩ་བ་སྣ་ཚོགས་དང་། །གནོད་བྱེད་གང་ལ་མིང་བཏགས་ལ། །ཞུགས་ཀྱི་ནང་དུ་གཏོར་བར་བགྱི། ། གསང་སྔགས་ལ་ནི་མེ་སྔགས་གདགས། །འབྱུང་པོའི་རྣམ་པ་མ་ལུས་བསྲེག །གཏོར་མ་མེ་ཏོག་ལོ་མ་དང་། །ཆོས་སྐྱོང་ལ་ནི་སྦྱིན་པར་བྱ། །དེ་ནས་བདེན་པའི་ཚིག་བཤད་འདི། །ཡང་དག་གིས་ནི་བརྗོད་པར་བྱ། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཀྱིས། །རང་རྒྱལ་དག་གི་གཟི་བརྗིད་དང་། ། དགྲ་བཅོམ་པ་ཡི་མཐུ་དག་གིས། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང་། །ཀཽཎྜི་ནྱའི་སྔར་ཐོས་དང་། །ཀུན་དགའ་བོ་ཡི་ཐོས་པ་ དང་། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་ཐོབ། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །དེད་དཔོན་རྣམས་ཀྱི་མཐུ་དག་གིས། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་ལྡན། །དེ་དག་རྣམས་ཀྱི་མཐུ་དག་གིས། ། བདག་གི་གནོད་བྱེད་བསྲེག་པར་ཤོག །འབྱུང་པོ་དུག་དང་དགྲ་བོ་དང་། །བདག་གི་འཇིགས་པ་ཐམས་ཅད་དང་། །སངས་རྒྱས་བདེན་པ་དེ་རྣམས་ཀྱིས། །སེམས་ཅན་དག་དང་བདག་རྣམས་དང་། །སྡིག་པ་ཐམས་ཅད་བསྲེག་པར་ཤོག །གསང་སྔགས་ཚིག་རྣམས་བདེན་ པར་ཤོག །དེ་བཞིན་དུ་ཡང་ནས་ཡང་དུ་གསང་སྔགས་ལ་མེའི་སྔགས་བཏགས་ལ་བསྲེག་པར་བགྱིའོ། །དེ་ནས་རིག་སྔགས་ནི་གང་ཞེ་ན་ཀུན་གཞི་རྣམ་པར་དག་པ་སྟེ། ཐབས་དང་ཤེས་རབ་གཉིས་སུ་མེད་པའོ། །མཚོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཚོན་བྱེད་ནི་ རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའོ། །རྡོ་རྗེའི་རིགས་སོ། །རྣམ་པར་ཤེས་པའི་ཕུང་པོའོ། །ནམ་མཁའི་ཁམས་སོ། །ཡིད་ཀྱི་སྐྱེ་མཆེད་དོ། །ཞེ་སྡང་གི་རང་བཞིན་ནོ། །སངས་རྒྱས་རིགས་ལྔའི་དབུ་རྒྱན་ནོ། །སྤྱན་གསུམ་པ་ཞལ་གཅིག་ཕྱག་བཞི་པ། ཁྲོ་གཉེར་ ཅན་ཁ་གདངས་པ། མཆེ་བ་གཙིགས་པ། འཇིགས་སུ་རུང་བ། སྐུ་མདོག་ནག་མོ། །ཡན་ལག་ཐམས་ཅད་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། ཤམ་ཐབས་སྟག་གིས་བྱས་པ། གཡས་དང་པོ་ན་རྡོ་རྗེ་རྩེ་ལྔ་གདེངས་པ། དེའི་འོག་མ་ན་ནི་རལ་གྲི། གཡོན་དང་པོ་ན་སྡིགས་མཛུབ་ དང་ཞགས་པ། དེའི་འོག་མ་ན་ལྕགས་ཀྱུ། ཞབས་གཡས་བསྐུམ་པ་གཡོན་བརྐྱང་བ་གཉིས་ན་མ་རུངས་པའི་འབྱུང་པོ་ཐམས་ཅད་མནན་པའོ། །ཉི་མའི་གདན་ལ་མེ་ཡི་འོད། སྐྲ་སེར་པོ་གྱེན་དུའོ། །མེ་ལྟར་འབར་བ་རིགས་ལྔའི་དབུ་རྒྱན་དེ་ནི་ཐོད་པས་བརྒྱན་པའོ། ། དབུའི་སྤྱི་བོའི་གཙུག་ན་རྨ་བྱའི་སྒྲོ་ལྔས་བརྒྱན་པ། དེ་ནི་ཡེ་ཤེས་ལྔའི་རང་བཞིན་ནོ། །པདྨའི་གདན་ལ་བཞུགས་ཤིང་ཁྲོ་མོར་བསམ་མོ། །དེ་བཞིན་དུ་རིག་སྔགས་ཀྱི་གསང་སྔགས་ཡིད་ལ་བྱའོ། །རིག་སྔགས་ཀྱི་གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། ཨི་ལི་མི་ལི་ ཀི་ལི་ལ་སོགས་པའོ། །གསང་སྔགས་འདིའི་ཚིག་ལ་འགལ་ན། ཤི་བའི་དུས་སུ་མགོ་བོ་ཚལ་པར་འགས་ཤིང་། ཤི་མ་ཐག་མནར་མེད་པར་འགྲོ་བའོ། །བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་གང་ཟག་སེམས་ཅན་རྣམས་ལའོ། །སྦ་བ་དང་ཡོངས་སུ་བསྐྱབ་པ་དང་ཞེས་བྱ་ བ་ནི། ཁམས་གསུམ་ན་རྒྱུ་བའི་འབྱུང་པོ་ཐམས་ཅད་སྦ་བའོ། །དེ་བཞིན་དུ་བསྐྱབ་པ་ཡང་ཡིན་ནོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། དཔེར་ན་རང་གི་ནོར་གཞན་དུ་མི་སྟེར་བ་བཞིན་ནོ། །འབྱུང་པོ་དེ་རྣམས་ལ་ཡང་མི་སྟེར་བའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། རིག་ སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། གླང་ཆེན་སྨྱོན་པ་བཞིན་དུ་ཐུབ་པ་མེད་པའོ། །ཞི་བ་དང་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་དང་ནད་ཞི་བར་བྱེད་པའོ། །བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། བཀྲ་ཤིས་ཤིང་ནད་རྣམས་བཅོམ་པའོ། །ཆད་པ་སྤང་བ་དང་ ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱིས་གླགས་ཚོལ་བར་འདོད་པས་གླགས་མི་རྙེད་པའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། །རིག་སྔགས་ཀྱི་དམོད་མོས་འབྱུང་པོ་དེ་རྣམས་ལ་ནུས་པ་མེད་དེ་གཟི་བརྗིད་འཕྲོག་པའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་ཁ་རླངས་ཀྱི་ དུག་རེག་པ་དང་མཐོང་བ་རྣམས་སོ། །དུག་གསད་པ་དང་ཞེས་བྱ་བ་ནི། དེའི་རང་བཞིན་གྱི་དུག་ཕྱུང་སྟེ། རིག་སྔགས་ཀྱི་དམོད་མོས་དུག་གསད་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི་འབྱུང་པོ་དེ་རྣམས་ལ་གཅད་དེ། རིག་སྔགས་འདིའི་གཟི་བརྗིད་ཀྱིས་དཔག་ཚད་གཅིག་གི་བར་ དུ་འོང་བར་མི་ནུས་པའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི། ས་འོག་ཏུ་མནན་ཅིང་དཔག་ཚད་གཅིག་ཏུ་འོང་བར་མི་ནུས་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི་འབྱུང་པོ་དེ་རྣམས་ཀྱི་སྡུག་བསྔལ་བྲལ་ཞིང་། དུས་མ་ཡིན་པར་འཆི་བ་མེད་པའོ། །སྟོན་བརྒྱ་མཐོང་བར་ ཤོག་ཤིག་ཅེས་བྱ་བ་ནི། ཡང་ནས་ཡང་དུ་ཚེ་བསྣན་ཅིང་ནད་རྣམས་ཀྱིས་མི་ཚུགས་ཏེ། བཀྲ་ཤིས་ཤིང་ཚེ་རིང་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་འབྱུང་པོ་རྣམས་གླགས་ཚོལ་འདོད་པ་མ་རྙེད་པའི་སྐབས་ཏེ་དྲུག་པའོ།། །།འདི་ལྟ་སྟེ་ཞེས་བྱ་བ་ནི་འོག་ཏུ་ལྟ་སྟེ་འོག་ ཏུ་གང་བལྟས་ཤེ་ན། འདས་པ་དང་། མ་འོངས་པ་དང་ད་ལྟར་ཡོད་པའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབས་པ། དགྲ་བཅོམ་ཉན་ཐོས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བའོ། །འཇིག་རྟེན་གྱི་ལྷ་དང་བཅས་པ་ཡང་། ཚངས་པ་དང་བརྒྱ་བྱིན་དང་། གནོད་ སྦྱིན་གྱི་སྡེ་དཔོན་ཆེན་པོ་མཐུ་ཆེན་སུམ་ཅུ་རྩ་གཉིས་དང་མཐུ་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་། རྒྱལ་པོ་ཆེན་པོ་བཞི་དང་། འཇིག་རྟེན་སྐྱོང་བ་བཅུ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་སོར་མོ་ལྔ་པ་དང་། འཕྲོག་མའི་བུ་ལྔ་བརྒྱ་དང་བཅས་པ་ཡང་ལྷའི་གདོན་ལ་སོགས་པ། བགེགས་ དང་འབྱུང་པོའི་རིགས་སུ་གྱུར་པ་སྟོང་ཕྲག་བརྒྱད་ཅུ་ཕྲག་ཉི་ཤུ་རྩ་བཞིའོ། །གཞན་ཡང་དེ་ལྟ་བུ་རྣམས་ཀྱི་རྗེས་སུ་ཡི་རང་ཞིང་གཉེན་པོར་གནས་པའོ། །རིག་སྔགས་ཀྱི་གསང་སྔགས་ཀྱིས་གསོ་བའི་སྨན་དང་། གསང་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདིར་ནི་དུག་གི་རང་བཞིན་གྱིས་ཟས་མ་ ལེགས་པ་འབྱུང་བ་སྟེ། ཟས་མ་ལེགས་པ་ནི་རྣམ་པར་རྟོག་པ་ལས་འབྱུང་བའོ། །རྣམ་པར་རྟོག་པ་ནི་དུག་ལྔའོ། །དུག་ལྔ་ནི་གཏི་མུག་ཡིན་ཏེ། གཏི་མུག་གི་རང་བཞིན་གྱིས་ཞེ་སྡང་བྱུང་ངོ་། །ཞེ་སྡང་ལས་འདོད་ཆགས་བྱུང་ངོ་། །འདོད་ཆགས་ལས་ང་རྒྱལ་བྱུང་ངོ་། །ང་རྒྱལ་ལས་ ཕྲག་དོག་བྱུང་ངོ་། །དེ་ལྔ་འདུས་པས་འཇིག་རྟེན་གྱི་དུག་གསུམ་ལ་འདུས་ཏེ། འཇིག་རྟེན་གྱི་དུག་གསུམ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་གསུམ་མོ། །དེའི་རང་བཞིན་གྱིས་འཁོར་བའི་རྒྱུ་སྟེ། འཁོར་བ་ལ་ཕྱིའི་དུག་གསུམ་བྱུང་ངོ་། །ཕྱིའི་དུག་གསུམ་ནི་འཇིག་རྟེན་ པའི་ལས་ལས་བྱུང་བའོ། །དེ་ཡང་འགྲོ་བ་དང་བསྡད་པ་དང་བྱེད་པའོ། །འགྲོ་བའི་དུག་ནི་བསམ་པ་དང་། མཐོང་བ་དང་རེག་པ་དང་ཁ་རླངས་སོ། །བསམ་པ་ལ་ཡང་གཉིས་ཏེ། རེག་པས་བསམ་པ་དང་། མཐོང་ནས་བསམ་པའོ། །རེག་པ་ལ་ཡང་གཉིས་ཏེ། ང་རྒྱལ་གྱིས་ རེག་ཏུ་འགྲོ་བ་དང་། རང་བཞིན་གྱིས་དབང་དུ་མེད་པར་རེག་ཏུ་འཇུག་པའོ། །མཐོང་བ་ལ་ཡང་གཉིས་ཏེ། རང་དད་པས་མཐོང་བ་དང་། རེག་ནས་མཐོང་བའོ། །ཁ་རླངས་ལ་ཡང་གཉིས་ཏེ། མཆེ་བ་དང་། དབུགས་རང་བཞིན་གྱིས་དཔག་ཚད་གཉིས་གཉིས་ལ་སླེབས་པའོ། ། དེའི་རིམ་པ་བཞིན་དུ་རིགས་ལ་ཡང་། བྲམ་ཟེ་དང་། རྒྱལ་རིགས་དང་རྗེའུ་རིགས་དང་དམངས་རིགས་སོ། །དེ་བཞིན་དུ་ཡང་བྲམ་ཟེའི་བྲམ་ཟེ་དང་། རྒྱལ་པོའི་རྒྱལ་པོ་དང་། རྗེའུའི་རྗེའུ་དང་། དམངས་རིགས་ཀྱི་དམངས་རིགས་ནི་གདོལ་པའོ། །དུས་ནི་སྔ་དྲོ་དང་། ཉི་མ་ཕྱེད་ དང་། སུམ་ཆ་གཅིག་དང་དགོངས་མོའོ། །སྲོད་དང་ནམ་ཕྱེད་དང་། སུམ་ཆ་གཅིག་དང་ཐོ་རངས་སོ། །རིམ་པ་བཞིན་ཀླུ་རྣམས་རྒྱུ་བའོ། །བྲམ་ཟེའི་རིགས་ཀྱིས་སྔ་དྲོ་ཟིན་ན་ནི། ནད་བད་ཀན་གྱི་དུས་ཡིན་ཏེ། གཅོང་དང་ཚིགས་རྣམས་ན་ཞིང་མིག་སེར་ཏེ། སྐྱུག་པར་འདོད་ཅིང་དང་ ག་མི་བདེའོ། །རྒྱལ་པོའི་དུས་ནི་ཉི་མ་ཕྱེད་ཡིན་ཏེ། མཁྲིས་པའི་དུས་སོ། །མཆིན་པ་ལ་ནད་བབས་ཤིང་མིག་དམར་བའོ། །རོ་སྟོད་མི་བདེ་ཞིང་མགོ་ན་བ་སྟེ། ལྷོག་པ་དང་འབྲས་དང་ཚད་པ་སྐྱེ་བར་འགྱུར་རོ། །ཉི་མ་སུམ་ཆ་ནི་རྗེའུ་རིགས་ཀྱི་དུས་ཡིན་ཏེ། ནད་ཆུ་སེར་གྱི་དུས་སོ། །གྲང་ཤུམ་བྱེད་ཅིང་ལུས་པོ་ཐམས་ཅད་འདར་བའོ། །སྲོད་ལ་ཕོལ་མིག་དང་། ཤ་བཀྲ་དང་ཚིགས་ན་ཞིང་མཁལ་མ་སྐྲང་བའོ། །དམངས་རིགས་ཀྱི་དུས་ནི་དགོངས་མོ་སྟེ། མགོ་མཇིང་རེངས་ཤིང་ན་བ་སྟེ། རྐན་འཁལ་ཞིང་སྐད་འགགས་ཏེ་རྣ་བ་འོན་ ཞིང་མིག་དམར། ཁ་དོག་སྐྱ་བ། མིག་འགུལ་ཞིང་ལུས་པོ་ཐམས་ཅད་འགུལ་བའོ། །ལུས་པོ་སྐབས་སྐབས་སུ་སྦྲིད་ཅིང་རྐང་ལག་ལྗི་བ་སྟེ། སྙིང་མི་དགའ་ཞིང་ལུས་པོ་གྲང་། ཤ་རོར་སོང་ཞིང་ཤུ་བ་འབྱུང་སྟེ། སྐྲ་རྣམས་འབྱི་ཞིང་ལུས་པོ་སྐྲངས་པའོ། །རུས་པ་དང་རྐང་ ལས་བྱུང་བ་ནི། ཡང་དམངས་རིགས་ཀྱི་ནད་ཡིན་ཏེ། ལུས་པོ་སྐམ་ཞིང་དང་ག་འགགས་པ་སྟེ། སྨེ་བ་འབྱུང་ཞིང་གཡན་པའི་ནད་ཀྱིས་ཐེབས་པའོ། །དེ་བཞིན་དུ་རིགས་གཞན་ལ་ཡང་ཤེས་པར་བྱའོ། །འགྲོ་བའི་དུག་ནི་ཀླུའི་རིགས་ཡིན་ཏེ། མཆེ་བའི་དུག་ཀྱང་ཀླུའི་རིགས་ ཤེས་ཏེ། སེམས་ཅན་ལས་ཤེས་པར་བྱའོ། །ཡང་བསྡད་པའི་དུག་ལ་རྩ་བ་དང་ལོ་མ་ལས་བྱུང་བའོ། །རྩ་བ་ལས་བྱུང་བ་ནི་བཙན་དུག་དང་། བོང་ང་ནག་པོ་དང་། ར་དུག་དང་། ཐར་ནུ་དང་། རེའུ་ལྕག་དང་། ཐང་ཕྲོམ་དང་། བོང་དུག་དང་། རི་ཤོ་མ་དང་། འཇི་དུག་ལ་ སོགས་པའོ། །དེ་ལ་ལོ་མའི་དུག་ནི་དེ་རྣམས་ཀྱི་ལོ་མའོ། །དེ་ཟོས་པའི་ནད་ནི་ཤི་བ་དང་། གྲང་བ་དང་། སྨྱོ་བ་དང་། བརྒྱལ་བ་དང་། ནར་ནུས་པས་སོ། །དེ་ནི་བསྡད་པའི་དུག་གི་ནུས་པའོ། །ད་བྱེད་པའི་དུག་ནི་རྒྱ་ཚ་ཤིང་ཀུན་དང་སུམས་པའི་ཤའོ། །དེའི་ནད་ཀྱིས་སྙིང་མི་ དགའ་སྟེ། སྙིང་ལ་བྱུང་བའོ། །བོང་ཕྲུག་གི་ཤ་དང་འུག་པའི་ཤ་ཤིང་ཀུན་དང་ངོ་། །དེ་ཡན་ལག་ལ་བབས་ཏེ། གྲང་ཤུམ་བྱེད་ཅིང་ཚ་བ་སྐྱེ་སྟེ། རྟའི་མཆིན་པ་དང་། ཆུ་བྱའི་ཤ་དང་། ཐར་ནུ་རྣམས་སོ། །དེ་ལུས་ལ་བབས་ཏེ་རུས་པ་འགགས་པར་འགྱུར་རོ། །ཡང་ན་ཟས་ མི་ལེགས་པ་ཡང་སྦྱོར་བའི་དུག་ཡིན་ཏེ། སྦྲང་རྩི་དང་མར་གཉིས་མཉམ་པོར་བྱས་ནས་འཁར་ཕོར་གྱི་ནང་དུ་ཞག་བདུན་བཞག་སྟེ། དེ་ཡང་བྱེད་པའི་དུག་གོ། །མཁྲིས་པ་ལ་ཚ་བ་བཏང་ན་དེ་ཡང་དུག་ཡིན་ཏེ། རླུང་ལ་གྲང་བ་གཏང་བ་ཡང་དུག་གོ། །འཇིག་རྟེན་པའི་དུག་འདི་ནི་རང་བཞིན་ རང་ལས་འབྱུང་སྟེ། མ་རིག་པའི་རང་བཞིན་གྱིས་རང་ལ་རང་གནོད་པའོ། །སློབ་དཔོན་ལས་ཀྱི་རྡོ་རྗེས་ཚིགས་སུ་བཅད་དེ་གསུངས་པ། གཏི་མུག་དང་ནི་འདོད་ཆགས་དང་། །ཞེ་སྡང་རང་བཞིན་རང་དུག་སྟེ། །འཇིག་རྟེན་པ་ཡི་དུག་གསུམ་འདི། །ཕྱི་ཡི་དུག་ཀྱང་དེ་ལས་བྱུང་། །འགྲོ་ དང་བསྡད་དང་སྦྱོར་བ་དང་། །སངས་རྒྱས་ཆོས་དང་དགེ་འདུན་གྱིས། །ཕྱི་ཡི་དུག་ནི་འཇོམས་པར་ནུས། །རིག་སྔགས་གཟི་བརྗིད་དེ་འཇོམས་ནུས། །གཏི་མུག་འདོད་ཆགས་ཞེ་སྡང་དང་། །རང་གི་སེམས་ཀྱིས་བཅོམ་པ་ལ། །གཞན་གྱིས་དེ་ནི་མི་ཆོམས་སོ། །བདག་གིས་ དེ་ནི་བོར་བར་བགྱི། །དེ་སྐད་ཅེས་གསུངས་སོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དུག་གི་གཉེན་པོ་འདི། དུག་གསུམ་གསོ་བ་ལ་ཡང་དག་པར་ནུས་པའོ། །གསང་སྔགས་དང་སྨན་དང་ཏིང་ངེ་འཛིན་གྱི་བྱེ་བྲག་གིས་གསོ་བར་བྱ་བའོ། །འགྲོ་བའི་དུག་གསོ་བ་ནི། ནད་པ་ ལ་རིག་སྔགས་ཀྱི་རྒྱལ་མོའི་ཏིང་ངེ་འཛིན་ལ་ཞུགས་ལ། རིག་སྔགས་ཀྱི་གསང་སྔགས་ལ་འཇུག་པའོ། །ལྟོར་བཏང་བའི་སྨན་ནི། མུ་ཟི་དང་། འབྲས་བུ་གསུམ་དང་། རམ་ཉེ་བའི་རྩ་བའི་ཁུ་བ་དང་། དེ་རྣམས་ལྟོར་བཏོང་བའོ། །གྲང་བ་ཆེ་ན་ཚ་བ་གསུམ་དང་། ཚ་ དང་བསྲེས་པ་སྦྲང་རྩིས་སྦྱར་ལ་བཏང་ངོ་། །ཆུ་སེར་བབས་ན་ཐལ་ཀ་རྡོ་རྗེ་དང་། བ་ཀུ་ལ་དང་། སེ་འབྲུམ་གྱི་ཕྱི་སྐོགས་དང་བསྲེས་ལ་བཏང་ངོ་། །རིག་སྔགས་ཀྱི་གསང་སྔགས་ཞག་བདུན་བསྒྲུབ་པར་བྱའོ། །ཕོལ་མིག་དང་ལུས་པོ་གས་པར་གྱུར་ན་མུ་ཟི་དང་མར་ནག་བསྐོལ་ ལ་དུག་དང་འབྲས་བུ་གསུམ་དང་བསྲེས་ལ་སེར་ཀ་རྣམས་ལ་བྱུག་གོ། །བྱབ་པར་འདོད་ན་དང་པོ་ཕྱག་གིས་བགྱི་སྟེ། གཉིས་པ་རྩྭ་དཱུར་བས་བྱའོ། །གསུམ་པ་རྩྭ་ཀུ་ཤས་ཏེ། བཞི་པ་རྨ་བྱའི་སྒྲོའོ། །ལྔ་པ་རང་གི་སོས་དུག་དབྱུང་ངོ་། །རིག་སྔགས་ཀྱི་རྒྱལ་མོ་རྨ་ བྱ་ཆེན་མོའི་ང་རྒྱལ་གྱིས་བྱས་ལ། ཤུ་བ་དང་། གཡའ་བ་དང་། མཛེ་དང་། ཕོལ་མིག་དང་། གཡན་པ་དང་། མེ་དབལ་དང་། ལྷོག་པ་དང་། འབྲས་དང་། ཤ་བཀྲ་དང་། དམུ་ཆུ་དང་། འབྲུམ་བུ་དང་། ཤ་རོ་ལ་སོགས་པའི་མཛེའི་རིགས་ཐམས་ཅད་ ལ་དེ་བཞིན་དུ་བྱའོ། །བྱུག་པ་དང་། བདུག་པ་འདོད་ན། སྔར་བཤད་པའི་ནག་པོའི་སྦྱོར་བ་ལ་བྱའོ། །ཏིང་ངེ་འཛིན་མཉམ་པར་བཟླས་པ་དྲག་པོ་ལ་འཇུག་གོ། །དེ་བཞིན་དུ་འགྲོ་བའི་དུག་གསོ་བའི་བྱ་ཐབས་སོ། །བསྡད་པའི་དུག་གསོ་བ་ནི། སྔོ་མ་ཧཱ་ར་ཙ་དང་། ཆུ་གྲང་མོ་ལ་སྦྱར་ནས། སྔགས་ལན་བདུན་ནམ། ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཏབ་ལ་འཐུང་དུ་གཞུག་གོ། །འདི་ནི་བཙན་དུག་དང་བོང་ང་ནག་པོའི་གཉེན་པོའོ། །ར་དུག་ལ་འབྲས་བུ་གསུམ་དང་ལྕགས་ཕྱེ་བཏབ་ལ། བུ་ཆུང་འོ་མ་འཐུང་བའི་ ཆུའམ། རང་གི་ཆུ་ལ་བཏབ་ལ་འཐུང་དུ་གཞུག་གོ། །དེས་ནི་བཙན་དུག་ཀྱང་ཐུབ་བོ། །སྲིབས་ཤིང་གི་འབྲུ་གུ་ལ་འབྲས་བུ་གསུམ་གྱིས་བྱའོ། །སྨྱོ་བར་གྱུར་ན་སྐྱུར་མོའི་ཆུ་རྩའམ་ཁུ་བ་བླུད་དོ། །དེ་ནི་ཐང་ཕྲོམ་གྱི་གཉེན་པོའོ། །གས་པར་གྱུར་ན་མར་ ནག་དང་། གུ་གུལ་དཀར་པོ་དང་སྦྱར་ལ་བྱུག་གོ། །སྐྲངས་པར་གྱུར་ན་ཐང་ཕྲོམ་གྱི་རྩ་བ་དང་། རི་ཤོ་བའི་རྩ་བ་དང་། དུག་རང་དང་སྦྱར་ལ་མནན་ནོ། །གཞན་ཡང་ཐམས་ཅད་ཆུ་གྲང་ལ་བཏབ་ལ་བཏུང་བར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་རིག་སྔགས་ཀྱི་ གསང་སྔགས་བཏོན་ལ་བྱའོ། །དེ་ནི་བསྡད་པའི་དུག་གསོ་བའི་བཅོས་ཐབས་སོ། །ད་ནི་བྱེད་པའི་དུག་གསོ་བ་སྟེ། བྱེད་པའི་དུག་ནི་སྦྱོར་བའི་དུག་གོ། །ཡུངས་ཀར་མ་ཚིག་པར་བརྔོས་ལ། བརྡུང་བ་བྱས་ལ་ལྟོ་སྟོང་ལ་གཏང་ངོ་། །དེ་བཞིན་དུ་ཞག་གསུམ་བཞི་བཏང་ བར་གྱུར་ན། ལོ་གཅིག་བར་དུ་ཐུབ་པའོ། །ཤ་ཚན་གསུམ་དང་སྐྱེར་བ་དང་། སེ་རྒོད་པའི་བར་ཤུན་དང་། ཨ་རུ་ར་དང་། ར་དམར་མོའི་ཁྲག་དང་རི་ལུ་བྱས་ལ་བཏང་ངོ་། །འདིས་ནི་ལོ་གསུམ་གྱི་བར་དུ་ཐུབ་སྟེ། ལོ་གཅིག་ཐེ་ཚོམ་མི་ཟ་བར་ཐུབ་བོ། །ཤ་དུག་བྱུང་ན་སྒ་ཆུང་ དང་ཚ་ལ་ཆུ་གྲང་མོ་ལ་བཏབ་ལ་བཏུང་ངོ་། །རིན་པོ་ཆེའི་དུག་བྱུང་ན་ལྕགས་ཕྱེ་དང་། འབྲས་བུ་གསུམ་དང་། ལྡུམ་བུ་རེ་རལ་དང་། སྒོག་གཅིག་མ་དང་། དྷ་དུ་རས་སྦྱར་ལ་བྱའོ། །འདི་ནི་སྦྱོར་བའི་དུག་གསོ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ འདི་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པ། མ་འོངས་པ་རྣམས་ཀྱང་དེ་བཞིན་ནོ། །ད་ལྟར་གྱི་ཤཱཀྱ་ཐུབ་པས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །ཐབས་ཤེས་རབ་དབྱེར་མེད་པའོ། །ཀུན་གཞི་རྣམ་པར་དག་པའོ། ། སྟོང་པ་ཉིད་ཀྱི་རང་བཞིན་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཐབས་ཀྱི་ངོ་བོ་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་པདྨའི་རིགས་སོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་པོ་སྟེ། ཁམས་ནི་མེའི་ཁམས་སོ། །སྐྱེ་མཆེད་ནི་ལྕེའི་སྐྱེ་མཆེད་དོ། །རང་བཞིན་ནི་འདོད་ཆགས་ཀྱི་རང་བཞིན་ནོ། །སངས་ རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་དམར་བ། ཅུང་ཟད་ཁྲོ་བ། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ་དང་པོའི་ཕྱག་གཡས་གཡོན་ན་མཐའ་ཡས་དང་འཇོག་པོའི་ངོ་བོར་སྦྲུལ་བསྣམས་པ། རིག་སྔགས་ཀྱི་རང་བཞིན་རྨ་བྱ་གསེར་ དུ་སྣང་བ་གཉིས་ཕྱག་འོག་མ་གཉིས་ན་བསྣམས་པའོ། །ཞབས་གཡས་བསྐུམ་པ་གཡོན་བརྐྱང་པའི་ཞབས་ཀྱིས་པདྨ་དང་ཀ་ར་རུ་ཏྲ་མནན་པའོ། །པདྨའི་སྟེང་ན་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་ཟེར་དང་ལྡན་པ། ཡེ་ཤེས་ལྔའི་རང་བཞིན་ནོ། །ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པས། ཐུགས་ཀྱི་དཀྱིལ་འཁོར་ལས་སྤྲོས་པས། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི། དུག་གི་གཉེན་པོ་ཀླུའི་རྒྱལ་པོ་རྣམས་ཀྱི་བདག་པོའོ། །དུག་གི་གཉེན་པོའི་སྙིང་པོ་ནི་གང་ཞེ་ན། རིག་སྔགས་ཀྱི་གསང་སྔགས་འདི། གཞན་རྣམས་ཀྱིས་ ཀྱང་མི་ཐུབ་ཅིང་། འབྱུང་པོ་རྣམས་ཀྱི་ཡང་གཉེན་པོའོ། །སྔགས་ཀྱི་ཚིག་འདི་ལྟ་སྟེ། ཙིད་ཏྲེ་ཙིད་ཏྲ་མུ་ལེ་ལ་སོགས་པའོ། །རྒྱལ་བ་རྣམས་གཟིགས་མྱ་ངན་འཚང་ལ་གནས། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་དེ་ཡང་འཁྲུངས་པའི་ དུས་སུ་ཡང་། ཤིང་བྱང་ཆུབ་ཀྱི་ཤིང་མྱ་ངན་འཚང་གི་འོག་ཏུའོ། །སེམས་ཅན་གྱི་དོན་ལ་ཡུལ་མ་ག་དྷཱ་ལ་རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ། །བྱང་ཆུབ་ཀྱི་འོག་ཏུའོ། །སྲོད་ལ་བདུད་བཏུལ་ཏེ། ཐོ་རངས་སངས་རྒྱས་པའི་དུས་སུ། རིག་སྔགས་ཀྱི་རྒྱལ་མོ་ འདི་དྲན་པར་རྙེད་པའོ། །དེའི་བདེན་པས་འགྲོ་བའི་དུག་དང་། བསྡད་པའི་དུག་དང་། བྱེད་པའི་དུག་ངེས་པར་བཅོམ་མོ། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང་། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ནི། བྱང་ཆུབ་ཀྱི་ཤིང་པདྨ་དཀར་པོའི་ཚལ་ གྱི་འོག་ཏུ་འཁྲུངས་ཏེ། དེ་བཞིན་དུ་རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ། བྱང་ཆུབ་ཀྱི་ཤིང་པདྨ་དཀར་པོའི་འོག་ཏུ་སྲོད་ལ་བདུད་བཏུལ་ཏེ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཡིད་ལ་བྱས་ཏེ། དེའི་བདེན་པས་ འགྲོ་བའི་དུག་དང་། བསྡད་པའི་དུག་དང་བྱེད་པའི་དུག་རྣམས་ངེས་པར་བཅོམ་མོ། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་དེ་ཡང་འཁྲུངས་པའི་དུས་སུ་ཡང་ཤིང་སཱ་ལའི་འོག་ཏུ་འཁྲུངས་ཏེ། སེམས་ཅན་གྱི་དོན་ལ་ཡུལ་མ་ག་དྷཱར། རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ་བྱང་ཆུབ་ཀྱི་ཤིང་སཱ་ལའི་འོག་ཏུ་སྲོད་ལ་བདུད་བཏུལ་ཏེ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་དེའི་དུས་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དྲན་པ་ཉེ་བར་གཞག་ནས། སངས་ རྒྱས་ཐམས་ཅད་སྐྱོབ་པས་ཀྱང་རིག་སྔགས་གྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་རྗེས་སུ་ཡི་རངས་ཤིང་དེའི་དུས་སུ་འགྲོ་བའི་དུག་དང་བསྡད་པའི་དུག་དང་། བྱེད་པའི་དུག་ངེས་པར་བཅོམ་མོ། །བྲམ་ཟེ་འཁོར་བ་འཇིག་ནི་ཤིཪྵའི་དྲུང་། །ཞེས་བྱ་བ་ནི་ཡུལ་མ་ག་དྷཱའི་ཆུ་བོ་གངྒཱའི་ ལྷོ་ཕྱོགས་ཀྱི་འགྲམ་ན་བྲམ་ཟེ་མོ་འཁོར་བ་འཇིག་ཅེས་བྱ་བ་ནི་ཡུམ་ཡིན་ཏེ། དེའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱང་ཆུབ་ཀྱི་ཤིང་ཤིཪྵའི་འོག་ཏུ་སྐུ་འཁྲུངས། རྡོ་རྗེའི་གདན་ལ་བཞུགས་པའི་དུས་སུ་ཡང་བྱང་ཆུབ་ཀྱི་ཤིང་ཤིཪྵའི་འོག་ཏུའོ། །སེམས་ ཅན་གྱི་དོན་དུ་སྲོད་ལ་བདུད་བཏུལ་ཏེ། ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་ཡང་སྐད་ཅིག་མས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་རྗེས་སུ་ཡི་རངས་ཏེ། སངས་རྒྱས་འཁོར་བ་འཇིག་སེམས་ཅན་གྱི་དོན་ལ་འགྲོ་བའི་དུག་དང་། བསྡད་པའི་དུག་དང་བྱེད་པའི་ དུག་ངེས་པར་བཅོམ་མོ། །སངས་རྒྱས་གསེར་ཐུབ་ཨུ་དུམྺཱ་རའི་དྲུང་། །ཞེས་བྱ་བ་ནི་ཡུལ་མ་ག་དྷཱའི་དྲང་སྲོང་གི་རིགས་སུ་སྐྱེས་ནས། བྱང་ཆུབ་ཀྱི་ཤིང་ཨུ་དུམྺཱ་རའི་འོག་ཏུ་འཁྲུངས་ཏེ། དེ་བཞིན་དུ་རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ་ཡང་སྲོད་ལ་བདུད་བཏུལ་ཞིང་ཐོ་རངས་མངོན་པར་ རྫོགས་པར་སངས་རྒྱས་སོ། །དེའི་དུས་སུ་ཡང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་རྗེས་སུ་ཡི་རངས་ཤིང་བདེན་པའི་ཚིག་གིས་ཀྱང་འགྲོ་བའི་དུག་དང་། བསྡད་པའི་དུག་དང་བྱེད་པའི་དུག་ངེས་པར་བཅོམ་མོ། །འོད་སྲུངས་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཞེས་བྱ་བ་ནི་ཡང་དག་པར་ རྫོགས་པའི་སངས་རྒྱས་འོད་སྲུངས་འཁྲུངས་པའི་དུས་སུ་ནྱ་གྲོ་དྷའི་རྩ་བར་འཁྲུངས་ཏེ། རྡོ་རྗེ་གདན་ལ་བཞུགས་པའི་དུས་སུ་ཡང་དེ་བཞིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ལ་རྗེས་སུ་ཡི་རངས་ཤིང་རིག་པའི་ནུས་པས་སངས་རྒྱས་འོད་སྲུངས་ཀྱིས་ཀྱང་འགྲོ་བ་དང་བསྡད་པ་དང་། བྱེད་པའི་ དུག་གསུམ་ངེས་པར་བཅོམ་མོ། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཞེས་བྱ་བ་ནི་གྲོང་ཁྱེར་སེར་སྐྱའི་ནང་ན་རྒྱལ་པོ་ཟས་གཙང་གི་སྲས་སེམས་ཅན་གྱི་དོན་ལ་དགའ་ལྡན་ནས་ཡུམ་སྒྱུ་མ་ཆེན་མོའི་ལྷུམས་སུ་ཞུགས་ནས་འཁྲུངས་པའི་དུས་སུ་བྱང་ཆུབ་ཀྱི་ཤིང་དྲུང་གི་ འོག་ཏུ་འཁྲུངས་ཏེ། འཁྲུངས་མ་ཐག་ཏུ་པདྨ་བདུན་སྐྱེས