Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 4 / 21 (50.000 ký tự/trang)
ོམ་པར་གྱུར། །བདག་འཇིགས་པ་དང་གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི། གང་ཟག་གང་ཡང་འདིའི་ནུས་པས་ནད་བཞི་བརྒྱ་ རྩ་བཞི་དང་འཇིགས་པ་བརྒྱད་དང་བྲལ་བའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ་སོགས་པ་ནི་གོང་བཞིན་དུ་ཤེས་པར་བྱའོ། །དེ་ཡན་ཆད་ནི་འབྱུང་པོའི་གནས་སྐབས་བཤད་པ་སྟེ་བཞི་པའོ།། །།དེ་ནས་ཞེས་བྱ་བ་ནི། འབྱུང་པོའི་ཆོ་ག་བཤད་པའི་དེ་ནས་སོ། །བཅོམ་ལྡན་ འདས་འདི་སྙམ་དུ་དགོངས་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་ལ་སྙོམས་པར་ཞུགས་ཏེ། ཡང་ན་ཐུགས་རྗེས་གཟིགས་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་དོན་བྱ་སེམས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། གངྒཱའི་ཀླུང་ གི་བྱེ་མ་སྙེད་ཙམ་མོ། །ཡང་འདི་ནས་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་བ་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་སེང་གེ་རྣམས་ཞེས་བྱ་བ་ནི། རྒྱལ་སྲིད་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་ལ་ དགོངས་ནས་ཆོས་ཀྱི་རྒྱལ་སྲིད་བྱེད་པའོ། །ཅིའི་ཕྱིར་འཇིག་རྟེན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི། ཤཱཀྱ་སེང་གེའི་བསྟན་པ་ལས་བྱུང་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སྔོན་དུ་སོང་བའི་སངས་རྒྱས་རྣམས་ཀྱིས་བྱས་པའི་ཕྱིར་ཞེས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་ བྱ་བ་ནི། འདས་པ་དང་ད་ལྟར་བཞུགས་པ་དང་། མ་བྱོན་པ་རྣམས་སོ། །གྲོང་ཁྱེར་ནི་ཞེས་བྱ་བ་ནི། ས་གཅིག་ཏུ་བཤད་པ་ལ་བྱ། གྲོང་རྡལ་ནི་ཆེ་བའི་ཕྱིར་རོ། །ལྗོངས་ནི་ལྕགས་རི་དང་བཅས་པའོ། །གྲོང་དང་ཞེས་བྱ་བ་ནི་ཆུང་བ་ལ་སོགས་པའོ། །ཁྱིམ་ན་ཞེས་བྱ་བ་ནི། སེམས་ཅན་ ནོ། །སེམས་ཅན་གཅིག་གི་བར་གྱི་དོན་གྱི་ཕྱིར། འཇིག་རྟེན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི་སངས་རྒྱས་རྣམས་བྱུང་བའོ། །གང་གི་ཕྱིར་བྱུང་ཞེ་ན། འཇིག་རྟེན་གྱི་ལྷ་དང་བཅས་ནས་བྱུང་བའི་ཕྱིར་རོ། །བཅས་ནས་བྱུང་ཞེས་པ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་གྱི་དོན་དུ་བྱུང་ བའོ། །བདུད་དང་བཅས་པ་ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་དོན་དུ་ཞེས་བྱ་བ་ནི། འཇིག་རྟེན་མི་ལ་གང་ཡང་འབྱུང་བའི་ཕྱིར། དེའི་དོན་དུ་སངས་རྒྱས་རྣམས་ཀྱིས་ཐུགས་རྗེའི་སྤྱན་གྱིས་ལྟ་ བའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཞེས་བྱ་བ་ནི། སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཙམ་མོ། །འཇིག་རྟེན་དུ་བྱུང་སྟེ་ཞེས་པ་ནི། །གཅིག་གི་དོན་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་རྣམས་ཀྱིས་ལུང་བསྟན་པའི་ཕྱིར་རོ། །དེ་ནི་ཞེས་བྱ་བ་ནི་སངས་ རྒྱས་བཅོམ་ལྡན་འདས་སོ། །དཔེར་ན་ཞེས་བྱ་བ་ནི། སྨན་པ་མཁས་པའི་དཔེའོ། །སྨན་པ་མཁས་པ་མཆོག་ཏུ་ཕྱིན་པ་ཞེས་བྱ་བ་ནི། གཅིག་གི་དོན་དུ་ནི་མ་ཡིན་ནོ། །གང་གི་ཕྱིར་ཞེ་ན་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་རོ། །གསོ་བ་ལ་བརྩོན་པ་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་ པའོ། །སྨན་པས་ཤེས་པར་བྱ་བ་བཞིན་དུ་བསླབ་པ་ཞེས་བྱ་བ་ནི། ཡོན་ཏན་ནི་རིག་པ་བསླབས་པའོ། །རྒྱལ་པོ་གཅིག་གི་དོན་དུ་བྱུང་བ་མ་ཡིན་ཞེས་བྱ་བ་ནི། རྒྱལ་པོའི་དོན་དུ་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་རྒྱལ་སྲིད་བྱེད་པའི་ ཕྱིར་རོ། །ཡང་ན་སེམས་ཅན་གྱི་དོན་བྱེད་དོ། །ཡུལ་གཅིག་གི་དོན་དུ་བྱུང་བ་མ་ཡིན་པ་ནས་ཞེས་བྱ་བ་ནི། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་རྣམས་སུ་རྒྱུ་བའོ། །སེམས་ཅན་གཅིག་གི་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་ནོ། །རབ་ཏུ་ བྱུང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའོ། །མ་ཡིན་པ་དང་འདྲའོ་ཞེས་བྱ་བ་ནི། ཐེག་པ་ཆུང་ངུ་མ་ཡིན་པས། ཐེག་པ་ཆེན་པོ་ཡིན་པའི་ཕྱིར་རོ། །དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱིས་འཁོར་བ་ལ་གནས་པའི་སེམས་ཅན་རྣམས་འདོན་པའོ། ། ཕྱོགས་གང་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་སོ། །བཞུགས་པའི་ཕྱོགས་དེ་ཞེས་བྱ་བ་ནི། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའོ། །དེ་དག་ཏུ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ནོ། །མི་རྣམས་དང་། མི་མ་ཡིན་ པ་དག་ཀྱང་རྣམ་པར་འཚེ་བར་མི་བྱ་བར་སེམས་ཀྱིས་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་སེམས་ཀྱིས་དགོངས་ནས། གྲོང་ཁྱེར་ཡངས་པ་ཅན་གྱི་དོན་དུ་བཞེངས་སོ། །གང་གི་ཕྱིར་ཞེ་ན། མུན་ནག་བྱུང་བའི་ཕྱིར་རོ། །ང་ཡང་ཞེས་བྱ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པའོ། ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞེས་བྱ་བ་ནི། ཞེང་དང་ཆུ་རུ་དཔག་ཚད་ལྔ་བཅུའོ། །རྒྱ་ཆེ་བ་ཡངས་པ་སྐྱེ་བོ་མང་པོའི་ཚོགས་འདུ་བ། འོབས་རིམ་པ་བདུན་གྱིས་བསྐོར་བ། ཤིང་ལྗོན་པ་རྣམས་ཕྱོགས་ཕྱོགས་ན་ཡོད་པ། སྐྱེད་མོས་ཚལ་ཕྱོགས་ནས་བརྒྱན་པ། སྐྱེད་མོས་ཚལ་རེ་རེ་ཡང་ རྫིང་བུ་རེ་རེ་དང་བཅས་པ། རྫིང་བུའི་ནང་ན་མེ་ཏོག་པདྨ་དང་། པུཎྜ་རཱི་ཀ་དང་། ཨུཏྤ་ལ་དང་། ཀུ་མུ་ད་ལ་སོགས་ཏེ། དྲི་ཞིམ་པོའི་མེ་ཏོག་སྐྱེ་བ། ཆུ་དེ་ཡང་ཙནྡན་ལ་སོགས་པའི་དྲི་ཞིམ་པ་སྐྱེ་བ། རྫིང་བུ་དེ་རྣམས་ཀྱི་ནང་ན། བྱའི་ཚོགས་ཡོད་པ། ངང་པ་དང་། ངུར་པ་དང་། ཁྲུང་ཁྲུང་ དང་། ས་ར་ས་ལ་སོགས་པ་ཡོད་པ། སྐྱེད་མོས་ཚལ་དེ་རྣམས་ན་ཐང་ལས་སྐྱེས་པའི་མེ་ཏོག་དྲི་ཞིམ་པ་ཛཱ་ཏིའི་མེ་ཏོག་དང་ཀུ་མུ་ད་དང་། ཙམ་པ་ཀ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། སྔོན་པོ་དང་། མཐིང་ག་དང་། ལེ་བརྒན་ལ་སོགས་པའི་དྲི་ཞིམ་པོ་སྐྱེ་བ། སྐྱེད་མོས་ཚལ་ གྱི་འགྲམ་ནས་འབྲས་བུ་ཅན་གྱི་ཤིང་སྐྱེས་པ། ཨ་འབྲས་ཀྱི་ཤིང་དང་། འཇམ་འབྲས་ཀྱི་ཤིང་དང་། སྟར་ག་དང་། ཨུ་ནུའི་ཤིང་དང་། སེ་བ་དང་། རྒྱའི་སེ་བ་དང་། ཤུག་པ་དང་། རྒྱ་ཤུག་དང་། ཤིང་བལ་པོ་སེའུ་དང་། ཨུ་དུམྺཱར་དང་། ནེར་འགོའི་ཤིང་ལ་སོགས་པའི་ཤིང་ཡོད་དོ། །གྲོང་ཁྱེར་ ཡངས་པ་ཅན་གྱི་ཕྱོགས་ཕྱོགས་ན་མཆོད་རྟེན་གྱིས་བསྐོར་བ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་དར་བ། དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མའམ། དེ་དག་ཀྱང་སངས་རྒྱས་ཀྱིས་གསུངས་པ་དེ་བཞིན་སྲུང་བ། བྲམ་ཟེ་འམ། བྲམ་ཟེ་མོའམ། རྒྱལ་པོ་འམ། རྒྱལ་མོའམ། བཙུན་མོའམ། བཙན་མོའམ། རྗེ་རིགས་སམ། དམངས་རིགས་ལ་སོགས་པའམ། སྐྱེ་བོ་མང་པོ་འདུས་པའམ། བྱོལ་སོང་ངམ། ཕྱུགས་ལ་སོགས་པ་མང་པོ་ཡོད་པ། གྲོང་ཁྱེར་ཆེན་པོ་ཡངས་པ་ཅན་ནོ། །ག་ལ་བ་དེར་ཞེས་བྱ་བ་ནི་གྲོང་གི་ནང་ དུའོ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་སྐྱེ་བོའི་ཚོགས་ཞེས་བྱ་བ་ནི། ལི་ཙྪ་བཱི་ལ་སོགས་པའི་བྲམ་ཟེའོ། །ཕལ་པོ་ཆེའི་དོན་ཡང་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། གྲགས་པ་ཆེན་པོ་བྱུང་བའོ། །ཅིའི་ཕྱིར་ཞེ་ན། མུན་ནག་ཆེན་པོ་བྱུང་བ་དང་། མུ་གེ་བྱུང་བ་དང་། ནད་སྣ་ཚོགས་ བྱུང་བའོ། །སངས་རྒྱས་ཀྱི་མཛད་པ་ཡང་བྱས་པར་འགྱུར་རོ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་དོན་ཡིན་ནོ། །མཉམ་དུ་དགོངས་ཏེ་ཞེས་བྱ་བ་ནི། །སེམས་ཅན་ཐམས་ཅད་མཉམ་པ་ཉིད་དུ་བསྒོམ་པའོ། །དེ་ནས་ཞེས་བྱ་བ་ནི་མཉམ་པ་ཉིད་དུ་བསྒོམས་པའི་རྟིང་ལའོ། །བཅོམ་ལྡན་ འདས་སྔ་དྲོའི་དུས་ཀྱི་ཚེ་ཞེས་བྱ་བ་ནི་ཉི་མ་ཤར་བའི་དུས་སོ། །ཆོས་གོས་དང་། ཤམ་ཐབས་དང་། ལྷུང་བཟེད་བསྣམས་ཏེ་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་སྟན་ལས་ལངས་ཏེ་གསིལ་བྱེད་དང་ལྷུང་བཟེད་ཐོགས་ནས་བྱ་རྒོད་ཀྱི་ཕུང་པོའི་རི་ལས་བབས་ནས་གྲོང་ཁྱེར་ ཡངས་པ་ཅན་ལ་ཁ་བལྟས་པའོ། །དགེ་སློང་ཉིས་བརྒྱ་ལྔ་བཅུ་དང་ཐབས་ཅིག་ཏུ་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང་བཅས་པའོ། །བྱ་རྒོད་ཀྱི་ཕུང་པོའི་རི་ལས་ཤོད་དུ་གཤེགས་པ་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་ལ་སོགས་པས་མཆོད་པ་བྱེད་པའོ། །མི་མཇེད་ཀྱི་བདག་ པོ་ཚངས་པས་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི་ལྷའི་རྫས་དང་། མེ་ཏོག་དང་མཆོད་པ་ལ་སོགས་པ་འབུལ་ཏེ་ལྷའི་བུ་ཚངས་པ་དང་ཚངས་ཆེན་དང་། དགའ་ལྡན་གྱི་ལྷའི་བུ་ལ་སོགས་པས་མཆོད་པ་བྱེད་པའོ། །བཅོམ་ལྡན་འདས་ལ་གཡས་རོལ་ནས་ ཕུལ་ལོ་ཞེས་བྱ་བ་ནི་ལྷ་དང་མི་ལ་སོགས་པ་གུས་པ་བྱས་ནས་འབུལ་བའོ། །ཡང་ན་ནི་བཅོམ་ལྡན་འདས་གར་གཤེགས་པའི་སར། ལྷའི་ཟ་འོག་དང་། དར་དང་། ས་གཞི་ལ་བཏིང་ནས་གཤེགས་པའོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འདུག་པར་ གྱུར་ཏོ་ཞེས་བྱ་བ་ནི། དགའ་ལྡན་གྱི་ལྷའི་བུ་དང་། ཚངས་པ་དང་ཚངས་ཆེན་ལ་སོགས་པས། ལྷ་རྫས་ཀྱི་མེ་ཏོག་དང་དྲི་ལ་སོགས་པའི་ཆར་འབེབས་པའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་ནམ། ལྷའི་བུ་ དབང་ཕྱུག་ཆེན་པོའམ། ཁྱབ་འཇུག་གམ་འཁོར་དང་བཅས་པས་བཅོམ་ལྡན་འདས་ལ་ཕུལ་བའོ། །བཅོམ་ལྡན་འདས་ལ་གཡོན་རོལ་ནས་ཕུལ་ལོ་ཞེས་བྱ་བ་ནི། སུམ་ཅུ་རྩ་གསུམ་ལྷའི་བུ་དང་། བུ་མོ་རྣམས་ཀྱིས་ཀྱང་ཕུལ་ལོ། །ཕུལ་ནས་བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་ གཡོབ་ཅིང་འདུག་པར་གྱུར་ཏོ་ཞེས་བྱ་བ་ནི། ལྷའི་ཟ་འོག་དང་དར་ལ་སོགས་པ་དོག་ས་ལ་བཏིང་བའོ། །རྒྱལ་པོ་ཆེན་པོ་བཞིས་ཀྱང་རེ་རེ་ཞིང་ལྷའི་གདུགས་ལྔ་བརྒྱ་ཙམ་བླངས་ཏེ་ཞེས་བྱ་བ་ནི། རྒྱལ་ཆེན་གྱི་ལྷ་རྣམས་དང་ལྷའི་བུ་མོ་རེ་རེ་བླངས་ནས་ཕུལ་བའོ། །བཅོམ་ལྡན་འདས་ལ་སྣམ་ལོགས་ ནས་ཕུལ་ཞེས་བྱ་བ་ནི། །བཅོམ་ལྡན་འདས་ཀྱི་མདུན་དུ་ཡིན་ཏེ། མེ་ཏོག་གི་ཆར་ཕབ་པའོ། །བཅོམ་ལྡན་འདས་ལ་རྡུལ་ཡབ་ཀྱིས་གཡོབ་ཅིང་འཁོད་པར་གྱུར་ཏོ་ཞེས་བྱ་བ་ནི། རྒྱལ་ཆེན་བཞིའི་ལྷའི་བུ་དང་བུ་མོས་ལྷའི་ཟ་འོག་དང་། དར་ལ་སོགས་པ་དོག་ས་ལ་བཏིང་བའོ། །ལྷའི་བུ་དབང་ ཕྱུག་ཆེན་པོ་ལ་སོགས་པ་སོ་སོ་ནས་ལྷའི་གདུགས་དང་ཞེས་བྱ་བ་ནི། ལྷ་དང་ལྷ་མོ་དང་གནོད་སྦྱིན་དང་གནོད་སྦྱིན་མོ་ལ་སོགས་པས་སོ་སོའི་ལག་ནས་ཕུལ་བའོ། །ཉན་ཐོས་རྣམས་ལ་ཕུལ་ནས་ཞེས་བྱ་བ་ནི་སྔོན་དུ་བཅོམ་ལྡན་འདས་ལ་ཕུལ་ནས། ཉན་ཐོས་རྣམས་ལ་ཡང་བཀུར་སྟི་བྱས་པའོ། །དེ་ ལྟ་བུའི་གྲགས་པ་དང་བཀུར་སྟི་དང་བརྙེས་པར་བྱ་བ་བརྙེས་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་འཁོར་དང་བཅས་པ་རྣམས་ལའོ། །བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ལས་ཤོད་དུ་བབས་ཏེ་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་དུའོ། ། ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་ག་ལ་བ་དེར་གཤེགས་པ་དང་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་མི་རྣམས་ཀྱིས་མཐོང་ནས། གདུགས་དང་རྒྱལ་མཚན་དང་། བ་དན་དང་རོལ་མོའི་ཚོགས་ཀྱིས། བཅོམ་ལྡན་འདས་རྣམས་ལ་སྔུན་དུ་ཞུའོ། །གྲོང་ཁྱེར་ཡངས་པ་ཅན་གྱི་གྲོང་དང་། གྲོང་བར་དང་། གྲོང་གི་ཕྱི་རོལ་དང་། བ་དན་དང་། རྒྱལ་མཚན་དང་། གདུགས་དང་། མེ་ཏོག་གི་ཕྲེང་བ་དང་། མུ་ཏིག་དང་། མུ་ཏིག་གི་ཕྲེང་བ་དང་། དྲ་བ་དང་། དྲ་བ་ཕྱེད་བ་དང་། །བསིལ་ཡབ་དང་། རྔ་མ་དང་། རྔ་མ་དཀར་པོ་དང་། དར་དཔྱངས་དང་། བླ་རེ་དང་། དོག་ས་ལ་ཟ་འོག་དང་། དར་བཏིང་ བ་དང་། གྲོང་བར་དུ་ཟུར་ཟུར་བཀྲ་ཤིས་བུམ་པ་གང་བ་ཡང་དག་པར་གཞག་པའོ། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱིས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཤིན་ཏུ་བྱོན་པ་དགའ་ནས་ལི་ཙྪ་འམ་ལིཙྪའི་ཆུང་མ་འམ་ལི་ཙྪའི་བུའམ་བུ་མོའམ། ལིཙྪའི་འཁོར་ཕོའམ། འཁོར་མོའམ། ཉེ་བ་རྣམས་ལ་དགའ་བའི་སེམས་དང་ལྡན་ནོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བ་ནི། དཔེར་ན་མི་ཅིག་བཙོན་དུ་བཟུང་བ་དང་བཙོན་ཐོན་ནས་སྡུག་བསྔལ་དང་བྲལ་བ་ལྟ་བུའོ། །བཅོམ་ལྡན་འདས་ཤིན་ཏུ་མཛེས་པ་ཞེས་བྱ་བ་ནི། དཔེར་ན་བུ་མོ་གཞོན་ནུ་མ་བག་མར་འགྲོ་བ་ བཅས་པ་ལྟ་བུ་སྟེ་ཡང་ན་དབྱར་ཀའི་ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའོ། །སྐར་མ་རྣམས་ནི་ཉན་ཐོས་ལ་སོགས་པ་ལྟ་བུ་སྟེ། དེ་བཞིན་དུ་བཅོམ་ལྡན་འདས་ལ་མཛེས་པའོ། །དད་པར་འོས་པ་ཞེས་བྱ་བ་ནི། དཔེར་ན་བུ་གཅེས་པ་ཚོང་ལ་སོང་ནས། ཡུན་རིང་པོར་ལོན་ནས་མ་དང་ཕྲད་པ་ ལྟ་བུའོ། །དབང་པོ་ཞི་བ་ཞེས་བྱ་བ་ནི། མུ་སྟེགས་ཤིན་ཏུ་ང་རྒྱལ་ཆེ་བ་བཅོམ་ལྡན་འདས་ཀྱི་ཞལ་མཐོང་ནས་དད་པ་སྐྱེས་པ་དང་འདྲ་སྟེ། ཡང་ན་ནི་འདོད་པའི་ཡོན་ཏན་ལྔ་དང་བྲལ་བའོ། །ཐུགས་ཞི་བ་ཞེས་བྱ་བ་ནི་སེམས་མི་འཕྲོ་བ་ལྟ་བུའོ། །དབང་པོ་དུལ་བ་ཞེས་བྱ་བ་ནི་གཟུགས་ སྒྲ་དྲི་རོ་རེག་བྱ་དང་བྲལ་བའོ། །ཐུགས་དུལ་བ་ཞེས་བྱ་བ་ནི། བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་ལས་བྲལ་བའོ། །དུལ་བ་དང་ཞི་གནས་ཀྱིས་ཞེས་པ་ནི། ཉན་ཐོས་ཀྱི་ཚུལ་དུ་གནས་པའོ། །དམ་པའི་ཕ་རོལ་ཏུ་ཕྱིན་པ་བརྙེས་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་ པ་བཅུ་སྟེ་དེ་ལ་སྦྱིན་པ་ནི་སེམས་ཅན་རྣམས་ཡོངས་སུ་འཛིན་པ་སྟེ་དེ་ལ་ཡང་གསུམ། ཟས་སྐོམ་དང་ནོར་བུ་དང་། འབྲུ་ལ་སོགས་པས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ། མགུ་བར་བྱེད་པ་དང་། ཕན་སྐྱབས་དང་དཔུང་གཉེན་གྱིས་སེམས་ཅན་རྣམས་འཇིགས་སྐྲག་ལས་དབུགས་ཕྱུང་སྟེ་ མགུ་བར་བྱེད་པ་དང་དོན་དང་ཡི་གེ་དང་བརྡའི་སྒོ་ནས་སེམས་ཅན་རྣམས་ཉོན་མོངས་པ་ལས་གྲོལ་བར་བྱས་ཏེ་མགུ་བར་བྱེད་པའོ། །ཚུལ་ཁྲིམས་ནི་དེ་དག་ལ་མི་གནོད་ཅིང་ཕན་པར་སེམས་པ་སྟེ། དེ་ལ་གསུམ་བཅས་པ་དང་རང་བཞིན་གཙོ་བོའི་སྒོ་ནས་གཞན་ལས་གནོད་པ་ལས་ལྡོག་ པར་དམ་བཅས་པའི་སེམས་ཅན་ཐམས་ཅད་དང་། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པའི་སྒོ་ནས་དཀའ་བར་བྱེད་པའི་དམ་བཅས་པའི་སེམས་བསྡུ་བའི་དངོས་པོ་བཞི་ལ་སོགས་པས་སེམས་ཅན་གྱི་དོན་བྱེད་པར་དམ་བཅས་པའི་སེམས་བརྟན་པའོ། །བཟོད་པ་ནི་བསྲན་བྱའི་དངོས་པོ་ལ་ མི་སྐྲག་ཅིང་སྲན་ཚུགས་པ་སེམས་པའོ། །དེ་ལ་ཡང་གསུམ་སྟེ། ཆོས་ལ་སེམས་པའི་ཕྱིར་རྟག་ཏུ་སྡུག་བསྔལ་བ་ལ་སྲན་ཚུགས་པ་དང་། གཞན་གྱི་གནོད་པ་བྱས་པ་ལ་མི་སྐྲག་ཅིང་སྲན་ཚུགས་པའི་ཤེས་པ་དང་ཆོས་ཉིད་སྟོང་པ་ཉིད་སྤྲོས་བྲལ་དོན་ལ་མི་སྐྲག་ཅིང་སྲན་ཚུགས་པའོ། ། བརྩོན་འགྲུས་ནི་དགེ་བ་ལ་སྤྲོ་བའི་ཤེས་པའོ། །དེ་ལ་ཡང་གསུམ་སྟེ། བསྒྲུབ་བྱའི་དངོས་པོ་དེ་ལྟར་སྒྲུབ་པར་དམ་བཅས་པའི་སེམས་པ་དང་། དེ་ཉིད་ཉམས་སུ་ལེན་པའི་སེམས་པ་དང་། བསྒྲུབ་བྱ་དེ་ཉིད་མཐར་མ་ཕྱིན་པར་མི་གཏོང་བའི་སེམས་པའོ། །བསམ་གཏན་ནི་དམིགས་ པ་ལ་རྩེ་གཅིག་པའོ། །དེ་ལ་ཡང་གསུམ་སྟེ། མི་མཐུན་ཕྱོགས་ཀྱི་བྱིང་རྒོད་དངོས་པོར་ཡང་མ་བྱུང་ལ་དོགས་པ་ཡང་ཡོད་པའི་ཚེ་སྤོང་བའི་སེམས་མཉམ་པ་ཉིད་ལ་རྒྱུན་དུ་གཞག །བླན་ཏེ་བཞག་པའི་སྒོ་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་སྒྲུབ་པ་དང་། བྱིང་རྒོད་བྱུང་གི་དོགས་པ་ཡང་ཡོད་ཀྱང་། དངོས་སུ་མ་བྱུང་བའི་སེམས་རྣལ་དུ་ཞུགས་པའི་སྐབས་དང་། བྱིང་རྒོད་སེམས་བྱུང་ཡང་མ་བྱུང་གི་དོགས་པ་ཡང་མེད་པའི་སེམས་ལྷུན་གྱིས་གྲུབ་པའི་སྐབས་ན་ལུས་ཀྱི་འབྱོར་པ་སྟོད་ནས་མེ་བྱུང་སྨད་ནས་ཆུ་བྲུབ་པ་ལ་སོགས་པའི་སྒོ་ནས་ སེམས་ཅན་དོན་བྱེད་པའོ། །ཤེས་རབ་ནི་ཆོས་རབ་ཏུ་རྣམ་པར་འབྱེད་པའོ། །དེ་ལ་ཡང་གསུམ་སྟེ། སྒྲ་ཐོས་ནས་རྟོགས་པ་དང་། རིག་པ་ངེས་པའི་ཤེས་རབ་ཀྱིས་སྒྲ་དོན་ལ་སྤྱད་པས་དོན་རྟོགས་པ་དེ་ལྟ་བུའི་དོན་བསྒོམས་པས་བློ་ཕུལ་དུ་བྱུང་བ་སྐྱེས་པའོ། །ཐབས་ནི་དགེ་བ་ཆུང་ངུ་བྱས་ པ་ཡང་མི་ཟད་པར་ཆེན་པོར་བྱེད་པ་སྟེ། རང་གི་སྐྱོན་དགེ་བ་ཆེན་པོ་ཆུང་ངུར་འགྲོ་བ་དང་། མི་ཟད་པ་ཟད་བར་འགྱུར་བ་སྤོང་བ་དང་རང་གི་དགེ་བ་ལ་སེམས་འཇུག་པའི་ཐབས་ཤེས་པ་དང་། རང་གི་དགེ་བའི་འབྲས་བུ་མྱུར་དུ་སྨིན་པའི་ཐབས་ཤེས་པའོ། །སྨོན་ལམ་ནི་འདོད་པའི་གནས་ སུ་རང་གི་དགེ་བ་སྟོབས་པའོ། །དེ་ལ་ཡང་གསུམ་སྟེ། རང་གི་དགེ་བ་དེ་ཕྱི་མ་ལ་སོགས་པ་ལ་རྒྱུན་མི་འཆད་པར་སྨོན་ཅིང་དེ་ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། བདག་གང་དུ་སྐྱེ་བ་དེར་སེམས་ཅན་རྣམས་འདོད་ཆགས་མེད་པ་ཞེ་སྡང་མེད་པར་གྱུར་ཅིག་ཅེས་སེམས་སྦྱོང་བ་ དང་བདག་གང་དུ་སྐྱེ་བ་དེར་མ་བཏབ་པའི་ལོ་ཐོག་སྐྱེ་བ་སྨན་དང་མེ་ཏོག་ཕུན་སུམ་ཚོགས་པའི་ཞིང་ཁམས་རྣམ་པར་དག་པ་ཐོབ་པར་གྱུར་ཅིག་ཅེས་སྨོན་ལམ་གདབ་པའོ། །སྟོབས་ནི་མི་མཐུན་པའི་ཕྱོགས་ཟིལ་གྱིས་གནོན་པའོ། །དེ་ལ་ཡང་གསུམ་སྟེ། མི་དགེ་བའི་ལས་ཀྱི་ དབང་དུ་མི་འགྲོ་ཞིང་ཟིལ་གྱིས་གནོན་པར་མི་ནུས་ཤིང་ཕར་ལ་ཟིལ་གྱིས་གནོན་པ་དང་། བདུད་དང་རྒོལ་བ་རྣམས་ཀྱིས་ཚུར་ཟིལ་གྱིས་གནོན་པར་མི་ནུས་ལ་ཕར་ཟིལ་གྱིས་གནོན་པའོ། །ཡེ་ཤེས་ནི་དངོས་པོ་དེ་ཤེས་པའོ། །དེ་ལ་ཡང་གསུམ་སྟེ། གཉིས་སུ་སྣང་ཡང་མི་སྣང་ལ་ཞེན་ པ་མེད་པ་དང་སྣང་ནི་སྣང་ལ་ཞེན་པ་མེད་པ་དང་། ཉན་ཐོས་ལ་སོགས་པ་གང་གིས་འདུལ་བ་དང་། དེ་དང་དེར་སྟོན་པའོ། །དེ་ལྟར་བཅུ་པོ་དེ་རྣམས་རེ་རེ་ལ་ཡང་གཉིས་གཉིས་ཏེ། སྦྱིན་པ་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་དང་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའོ། །དེ་ ཡང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་བ་དང་། བྱམས་པ་དང་སྙིང་རྗེའི་རྣལ་འབྱོར་གྱིས་ཟིན་པ་དང་། བླ་ན་མེད་པའི་རྒྱུར་བསྔོས་པ་དེ་ནི། སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་ཡང་ཡིན་པའོ། །དེ་ལས་བཟློག་པ་ནི་སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པའོ། །དེ་ ལྟར་ཚུལ་ཁྲིམས་ལ་སོགས་པ་ཡང་སྦྱར་བར་བྱའོ། །སྦྱིན་པ་ཡང་ཡིན་ལ་ཕ་རོལ་ཏུ་ཕྱིན་པ་མ་ཡིན་པ་ལ་གཉིས་ཏེ། སྦྱིན་བྱའི་རྫས་ལ་སེམས་པ་མི་དམིགས་པ་དང་། སྦྱིན་བདག་མི་དམིགས་པ་དང་། ལེན་པ་མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པ་ནི་ལོ་ཀ་ལས་འདས་པ་གཡེང་བ་ ལས་འཕགས་པའི་ཕྱིར་འདས་པའོ། །འཁོར་གསུམ་ཡོངས་སུ་དག་པ་ནི་ལོ་ཀ་ལས་མི་གཡོ་བ་འཕགས་པའི་ཕྱིར་ན་འཇིག་རྟེན་པའི་དེ་ལྟར་ཚུལ་ཁྲིམས་ལ་སོགས་པ་ལ་ཡང་སྦྱར་རོ། །ངེས་པའི་ཚིག་ནི་སྦྱིན་པ་ཉིད་ཀྱིས་ཕ་རོལ་ཏུ་ཕྱིན་པར་བྱེད་པའི་ཕྱིར་ན་སྦྱིན་པའི་ཕ་རོལ་ཏུ་ ཕྱིན་པ་སྟེ། གཞན་ལ་ཡང་སྦྱར་བར་བྱའོ། །མིང་གི་རྣམ་གྲངས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་མཆོག་ཏུ་ཕྱིན་པ་ཞེས་བྱ། མཐར་ཕྱིན་པ་ཞེས་བྱའོ། །འོ་ན་འབྲས་བུ་སྐུ་གསུམ་མམ་ཆོས་ཀྱི་དབྱིངས་ཡེ་ཤེས་དང་རྒྱུ་ཕ་རོལ་ཏུ་ཕྱིན་པ་གཉིས་ཐ་དད་དུ་མི་འགྱུར་རམ་ཞེ་ན། ཕ་རོལ་ཏུ་ ཕྱིན་པ་བཅུ་ནི་ཆོས་ཅན་ལ་ཆོས་དབྱིངས་ཡེ་ཤེས་སམ་སྐུ་གསུམ་ནི་ཆོས་ཉིད་ཀྱི་ཚུལ་དུ་གནས་པའམ། ཆོས་དབྱིངས་ཡེ་ཤེས་ནི་རྟེན་ལ། ཕ་རོལ་ཏུ་ཕྱིན་པ་ནི་བརྟེན་པའི་ཚུལ་དུ་གནས་པ་ཐ་མི་དད་པའོ། །དབང་པོ་དབེན་ཞིང་ཞེས་བྱ་བ་ནི། དབང་པོ་ནི་མིག་གི་དབང་པོའོ། །ཡང་ན་ནི་ གོམ་པ་བདུན་གྱི་བར་དུ་སྤྱི་ལྟ་སྟེ། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །ཁུགས་པ་ཞེས་བྱ་བ་ནི་སེམས་ཡིན་ཏེ། ཉོན་མོངས་པ་ལ་སོགས་པ་ཡང་དག་པར་སྤངས་པའོ། །གླང་པོ་ཆེ་ལྟར་ཤིན་ཏུ་དུལ་བ་ཞེས་བྱ་བ་ནི། གླང་པོ་ཆེ་ནི་དཔེ་ཡིན་ཏེ་གླང་པོ་ཆེ་དུལ་བ་ལྟར་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱང་གཟུགས་ལ་སོགས་པ་འདུལ་བའོ། །མཚོ་ལྟར་དང་ཞིང་ཞེས་བྱ་བ་ནི། མཚོ་ནི་ཤིན་ཏུ་རྒྱ་ཆེ་བ་གཏིང་རིང་བ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་ཡང་དཔག་ཏུ་མེད་པའོ། །རྙོག་པ་མེད་པ་ཞེས་བྱ་བ་ནི། རྙོག་པ་ནི་དྲི་མས་ཏེ་དྲི་མ་ནི་ཉོན་ མོངས་པ་ལ་སོགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་དྲི་མ་དང་བྲལ་བའོ། །རྣམ་པར་གསལ་བ་ཞེས་བྱ་བ་ནི། ཏིང་ངེ་འཛིན་ལ་སོགས་པ་རྣམ་པར་གསལ་བ་སྟེ། ཡང་ན་ནི་ཡེ་ཤེས་ལྔ་རྣམ་པར་གསལ་བ་དང་ལྡན་པའོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ ཀྱིས་སྐུ་ལེགས་པར་བརྒྱན་པ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་གང་ཞེ་ན། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་ བ་དང་། སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ་དང་། ཞབས་ལེགས་པར་མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་དང་། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། ཕྱག་བརླ་དྲང་པོར་སླེབས་པ་དང་། གསང་བའི་གནས་སྦུབས་སུ་ནུབ་པ་དང་། གསེར་ གྱི་ཁ་དོག་དང་། མདོག་ཤིན་ཏུ་འཇམ་པ་དང་། སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་དང་། ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་དང་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་ གབ་པ་དང་། དབུ་སྤྱི་གཙུག་དང་ལྡན་པ་དང་། ལྗགས་ཤིན་ཏུ་ཡངས་པ་དང་། ཚངས་པའི་དབྱངས་དང་། སེང་གེའི་འགྲམ་པ་ལྟ་བུ་དང་། ཚེམས་ཤིན་ཏུ་དཀར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་དང་། སྤྱན་ དཀར་ནག་ཕྱེད་པ་དང་། བའི་རྫི་མ་ལྟ་བུ་སྟེ། དེ་ལ་དེ་བཞིན་གཤེགས་པའི་ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་འདི་ལྟར། རུས་པའམ་བ་སོ་ལ་གཟུགས་བརྐོས་པ་དང་འདྲ་བ་མངའ་བས་ཕྱག་ དང་ཞབས་འཁོར་ལོའི་མཚན་དང་ལྡན་པའོ། །ཞབས་ཀྱི་མཐིལ་གཉིས་མཉམ་པར་ས་ལ་འཇོག་ཅིང་ཞབས་ཞུམ་པ་མེད་པས་ཞབས་ཤིན་ཏུ་གནས་སོ། །ངང་པའི་རྒྱལ་པོ་ལྟར་ཕྱག་དང་ཞབས་ཀྱི་སོར་མོ་དྲ་བར་འབྲེལ་བས། ཕྱག་དང་ཞབས་དྲ་བར་འབྲེལ་བའོ། །ཤིང་བལ་གྱི་ གཡེང་བུ་ལྟར་ཤིན་ཏུ་འཇམ་ཞིང་གཞོན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པའོ། །ཞབས་དང་ཕྱག་དང་མགུར་གྱི་ལྷུན་ཤིན་ཏུ་མཐོ་བས། ཕྱག་དང་ཞབས་ཀྱི་སོར་མོ་རིང་བའོ། །རྟིང་པ་རིང་བས་རྟིང་པ་ཡངས་པའོ། །སྐུ་ལག་པ་མདུན་དུ་འཕགས་ལ་དྲང་བས་སྐུ་ ཆེ་ཞིང་དྲང་བའོ། །པུས་མོའི་ལྷ་ང་དང་ལོང་བུ་མཛེས་པར་ནུབ་པས། ཞབས་ལེགས་པར་མཐོ་བའོ། །སྤུ་གྱེན་དུ་གཡས་ཕྱོགས་སུ་འཁྱིལ་བས་ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བའོ། །རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་དང་། སྨིན་མ་དང་ལྡུམ་བུ་དར་བ་ལྟར་དྲང་ཞིང་མཉམ་པ་ལ་རིམ་ གྱིས་གཞོལ་བར་གྲུབ་ཅིང་བྱིན་པ་ཟླུམ་པས་རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུའོ། །བརླ་དྲང་པོར་བཞག་སྟེ་མ་བཏུད་ཀྱང་ཕྱག་གི་མཐིལ་གཉིས་ཀྱིས་པུས་མོ་གཡས་པའི་ལྷ་ང་ལ་རེག་པས། ཕྱག་བརླ་དྲང་པོར་སླེབས་པའོ། །གླང་པོ་དང་རྟ་ཅང་ཤེས་ལྟར་གསང་བའི་གནས་ཤིན་ཏུ་མཛེས་ པར་སྦུབས་སུ་ནུབ་པས། གསང་བའི་གནས་སྦུབས་སུ་ནུབ་པའོ། །ཤིན་ཏུ་སྦྱངས་པའི་གསེར་གྱི་ཁ་དོག་ལྟ་བུ་དང་ལྡན་པས་གསེར་གྱི་ཁ་དོག་གོ། །གསེར་དང་དངུལ་ཤིན་ཏུ་སྦྱངས་པ་ལྟར་འཇམ་ཞིང་སྙོམས་པའི་ཁ་དོག་ཏུ་འདུག་པ་སྐུ་ལ་རྡུལ་གྱིས་མ་གོས་པས་མདོག་ཤིན་ཏུ་འཇམ་ པའོ། །ཤིན་ཏུ་རྣམ་པར་ཕྱེ་བའི་སྤུ་རེ་རེ་སྐྱེས་ཤིང་། གཉིས་སུ་མེད་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བའོ། །མེ་ཏོག་ཀུནྡ་དང་ཟླ་བ་དང་འོ་མ་དང་བ་མོའི་མདོག་ལྟར་འདུག་ལ། ཉི་མ་དང་ཟླ་བ་རྒྱས་པས་ཀྱང་འཕགས་པས་འོད་གསལ་བའི་མཛོད་སྤུས་སྨིན་མཚམས་ཤིན་ཏུ་རྒྱས་ པས་ཞལ་མཛོད་སྤུས་བརྒྱན་པའོ། །རོ་སྟོད་ཆེ་བས་སེང་གེའི་རོ་སྟོད་དོ། །མགུལ་པ་རྒྱུ་ལེགས་པར་ལྷུ་འབྲེལ་ཞིང་ལྷུན་ཟླུམ་པས། ཕྲག་པའི་ལྷུན་མཛེས་པར་གྲུབ་པའོ། །གསེར་གྱི་གཏན་པ་ཤིན་ཏུ་ཕྱིས་པ་ལྟར་ཤིན་ཏུ་ཕྲག་སོ་ལེགས་པར་གྲུབ་པས་ཕྲག་སོ་ཤིན་ཏུ་རྒྱས་པའོ། །རླུང་དང་ མཁྲིས་པ་དང་བད་ཀན་གྱིས་མ་ཉམས་ཤིང་རྣམ་པར་ཤེས་པ་འདྲ་བ་མེད་པས་རོ་བྲོ་བའི་མཆོག་གོ། །སྐུ་ཆུ་ཞེང་འདོམ་དུ་མཉམ་པས། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །སྤྱི་གཙུག་ཟླུམ་ཞིང་ལེགས་པར་གཡས་ཕྱོགས་སུ་འཁྱིལ་བ་དང་ལྡན་ཞིང་དབུ་མཉམ་ཞིང་ལེགས་པར་གྲུབ་པ་ལ། མཛེས་པ་མངའ་བས་དབུའི་སྤྱི་གཙུག་དང་ལྡན་པའོ། །མེ་ཏོག་ཨུཏྤ་ལ་དམར་པོའི་འོད་མངའ་བའི་ཁ་དོག་ལྟར་འདུག་ཅིང་ཤིན་ཏུ་ཡངས་པས་ལྗགས་ཤིན་ཏུ་ཡངས་ཤིང་སྲབ་པའོ། །ཚངས་པ་དང་བྱ་ཀ་ལ་པིངྐ་ལྟ་བུའི་གསུང་མངའ་བས་ཚངས་པའི་དབྱངས་སོ། །འགྲམ་པ་མེ་ ལོང་གི་དཀྱིལ་འཁོར་ལྟར་ལེགས་པར་གྲུབ་ཅིང་། མཛེས་པར་སྐྱེས་ཏེ་ཡིད་དུ་འོང་བས་སེང་གེའི་འགྲམ་པ་ལྟ་བུའོ། །མེ་ཏོག་ཀུནྡ་དང་དུང་གི་བཅག་འཕྲོ་ལྟར་ཤིན་ཏུ་དཀར་བའི་ཚེམས་མངའ་བས་ཚེམས་ཤིན་ཏུ་དཀར་བའོ། །ཚེམས་ལ་མཐོན་དམན་མེད་པས་ཚེམས་མཉམ་པའོ། ། ཚེམས་ལ་བར་མཚམས་མ་དོད་པས་ཚེམས་ཐགས་བཟང་བའོ། །བླ་འོག་དགྱེ་དགུ་མེད་པས་ཚེམས་མཉམ་ཞིང་བཞི་བཅུ་ཚང་བའོ། །དཀར་ནག་ཆ་མ་འདྲེས་པ་ཤིན་ཏུ་རྣམ་པར་དག་པའི་མདོག་དམར་པོས་མ་གཡོགས་པས། སྤྱན་དཀར་ནག་ཕྱེད་པའོ། །རྫི་མ་བླ་འོག་ཤིན་ ཏུ་ལེགས་པར་གནས་ལ་མ་འཛིངས་པས་བའི་རྫི་མ་ལྟ་བུའོ། །དེ་ལ་བླ་མ་ལ་བསུ་སྐྱེལ་དང་ཆོས་ཉན་པ་ལ་སྡོད་པ་དང་། གཙུག་ལག་ཁང་དང་མཆོད་རྟེན་རྗེས་སུ་སྒྲུབ་པ་ལ་སོགས་པ་ལ་ཕུ་དུང་བྱས་པས། ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་སྟེ། དེ་ནི་འཁོར་ ཤིན་ཏུ་མང་བའི་སྔ་ལྟས་སོ། །ཡི་དམ་ལ་བརྟན་པས་ཞབས་ཤིན་ཏུ་གནས་པ་སྟེ་དེ་ནི་མི་གཡོ་ཞིང་ཤིན་ཏུ་བརྟན་པའི་སྔ་ལྟས་སོ། །སྦྱིན་པ་དང་ངག་སྙན་པ་དང་། དོན་སྤྱོད་པ་དང་དོན་མཐུན་པའི་བསྡུ་བ་རྣམ་པ་བཞི་གོམས་པར་བྱས་པས་ཞབས་དང་ཕྱག་དྲ་བས་འབྲེལ་པ་སྟེ། དེ་ནི་མྱུར་དུ་འདུ་བའི་ལྔ་ལྟས་སོ། །བཟའ་བ་དང་བཅའ་བ་དང་བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་བྱིན་པས་ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་ཤིན་ཏུ་མཐོ་བ་སྟེ་དེ་གཉིས་ནི་བཅའ་བ་དང་བཟའ་བ་དང་། བཏུང་བ་ཞིམ་ཞིང་ཉམས་སུ་བདེ་བ་མཐོང་བའི་སྔ་ལྟས་སོ། །བཅིང་ བ་བཀྲོལ་བ་དང་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་སྤངས་པས་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བས་ཏེ་དེ་ནི་སྐུ་ཚེ་རིང་པའི་སྔ་ལྟས་སོ། །དགེ་བའི་ཆོས་ཡང་དག་པར་བླངས་པ་དང་། གཟུང་བ་མངོན་པར་སྤེལ་ཞིང་འགྲིབ་པར་མ་བྱས་པས་ཞབས་ཀྱི་གོང་ མཐོ་བ་དང་། ཡན་ལག་གི་སྤུ་གྱེན་དུ་འཁྱིལ་བ་སྟེ་དེ་ནི་མི་མཉམ་པའི་ཆོས་དང་ལྡན་པའི་སྔ་ལྟས་སོ། །རིག་པ་དང་བཟོའི་ལས་རིམ་གྲོར་བྱས་ཤིང་གཞན་འབྱིན་པ་དང་། བདག་གིས་བླངས་པས། རི་དགས་ཨེ་ན་ཡའི་བྱིན་པ་ལྟ་བུ་སྟེ། དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ། །བདོག་ ཅིང་ཡོད་པའི་ནོར་བླངས་ནས་མི་འགོང་བར་གཏོང་ཞིང་མེད་ཅེས་མ་བྱས་པས་ཕྱག་བརླ་དྲང་པོར་སླེབས་པ་སྟེ། དེ་ནི་ཡོ་བྱད་ལ་མངའ་བ་དང་འདུལ་བའི་སྔ་ལྟས་སོ། །གྲོགས་པོ་དང་། མཛའ་བཤེས་དང་གཉེན་པ་མ་ཕྱེ་བ་དང་། བྱེ་བར་འགྱུར་བའི་སེམས་ཅན་རྣམས་ཚངས་པའི་སྤྱོད་པ་ལ་ ཡང་དག་པར་བསྐུལ་བ་དང་། གསང་བའི་ཚིག་ཡོངས་སུ་བསྲུངས་པས་གསང་བའི་གནས་སྦུབས་སུ་ནུབ་པ་སྟེ། དེ་ནི་བུ་མང་བའི་སྔ་ལྟས་སོ། །སྟན་དང་། གོས་དང་། ཁང་པ་དང་། གཞལ་མེད་ཁང་དང་། གཞལ་མེད་ཁང་བཟང་པོ་བྱིན་པས་གསེར་གྱི་ཁ་དོག་དང་། །མདོག་ ཤིན་ཏུ་འཇམ་པ་སྟེ། དེ་གཉིས་ནི་ན་བཟའ་དང་། གདན་དང་། ཁང་པ་དང་། གཞལ་མེད་ཁང་དང་། གནས་བཟང་པོ་ཐོབ་པའི་སྔ་ལྟས་སོ། །འདུ་འཛི་སྤངས་པ་དང་། མཁན་པོ་དང་། སློབ་དཔོན་དང་། ཕ་མ་དང་། ཕུ་ནུ་ལ་སོགས་པ་རྣམས་ལ། ཚུལ་དང་འདྲ་བའི་རིམ་གྲོ་ བྱས་པ་དང་། བཙུན་པར་བྱས་པ་དང་བཅོལ་བ་རྣ་བ་ལ་མ་གཟན་པས་སྤུ་རེ་རེ་ནས་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་སྟེ། དེ་ནི་མཉམ་པ་མེད་པའི་སྔ་ལྟས་སོ། །མི་སྙན་པ་ཟེར་ཞིང་མི་སྨོན་པ་དང་། སྙན་པར་སྨྲ་ཞིང་ལེགས་པར་བཤད་པ་མཐུན་པར་འཛིན་ པས་སེང་གེའི་རོ་སྟོད་ལྟ་བུ་དང་། ཕྲག་པའི་ལྷུན་མཛེས་པར་གྲུབ་པ་སྟེ། དེ་ནི་ཐུབ་པ་མེད་པའི་སྔ་ལྟས་སོ། །ན་བ་རྣམས་ལ་རྩི་དང་རིམ་གྲོ་དང་། སྨན་པ་དང་ཉམས་སུ་ཕན་པའི་ཟས་བྱིན་པ་དང་། རིམ་གྲོ་བྱས་པས་ཕྲག་སོ་ཤིན་ཏུ་རྒྱས་པ་དང་། རོ་བྲོ་བའི་མཆོག་སྟེ། དེ་ནི་ནད་ཉུང་ བའི་སྔ་ལྟས་སོ། །སྐྱེད་མོས་ཚལ་དང་། འཁོར་དང་། ལྟུང་བ་དང་། རྫིང་བུ་དང་། རྒལ་དཀའ་བའི་ཟམ་པ་དང་། ཁ་ཟས་དང་། ཕྲེང་བའི་གནས་དང་། སྟེགས་དང་། གཙུག་ལག་ཁང་བྱ་བ་ལ་སོགས་པ་ལ་གཞན་མོས་པར་བྱ་བ་སྔོན་དུ་གཏོང་ཞིང་བདག་གིས་གཞན་བྱིན་པ་སྟེ། ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་དབུའི་སྤྱི་གཙུག་དང་ལྡན་པ་སྟེ། དེ་ནི་མངའ་ཆེན་པོ་མངའ་བའི་སྔ་ལྟས་སོ། །ཡུན་རིང་པོར་ཚིག་སྙན་ཅིང་འཇམ་པ་དང་། ཉམས་སུ་བདེ་བའི་སྨྲ་བ་སྨྲས་པས་ལྗགས་ཤིན་ཏུ་སྲབ་པ་དང་། ཚངས་པའི་དབྱངས་ཏེ་དེ་གཉིས་ནི་ཡན་ལག་ལྔ་དང་ལྡན་ པའི་གསུང་མངའ་བའི་སྔ་ལྟས་སོ། །གསུང་ཡན་ལག་ལྔ་དང་ལྡན་པ་ཞེས་པ་ནི་ཡོངས་སུ་ཤེས་ཤིང་རྣམ་པར་ཤེས་པར་འགྱུར་བ་དང་། མཉན་ན་དགའ་ཞིང་མི་མཐུན་པ་མེད་པ་དང་། ཟབ་ཅིང་དབྱངས་རྗེས་སུ་འབྱུང་བ་དང་། གཏང་མི་བྲ་ཞིང་རྣར་སྙན་པ་དང་། མ་འཁྲུགས་ ཤིང་བཙལ་བའོ། །ཡུན་རིང་པོ་ནས་ཚིག་འཁྱལ་པ་སྤངས་ཤིང་། དུས་སུ་སྨྲས་པས་སེང་གེའི་འགྲམ་པ་ལྟ་བུ་སྟེ། དེ་ནི་ཚིག་ཀུན་གྱིས་མཉན་པའི་སྔ་ལྟས་སོ། །རིམ་གྲོར་བྱ་བ་དང་། བརྙས་པ་མེད་པས་གཉིས་འཚོ་བ་ཡོངས་སུ་དག་པས་ཚེམས་ཤིན་ཏུ་དཀར་བ་ དང་མཉམ་པ་སྟེ་དེ་འཁོར་སྔ་ནས་བསགས་པའི་སྔ་ལྟས་སོ། །ཡུན་རིང་པོ་ནས་བདེན་ཞིང་ཕྲ་མ་མེད་པའི་ཚིག་སྨྲ་བས་ཚེམས་ཐགས་བཟང་བ་དང་། ཚེམས་མཉམ་ཞིང་བཞི་བཅུ་ཚང་བ་སྟེ་དེ་ནི་འཁོར་དབྱེར་མི་ཕྱེད་པའི་སྔ་ལྟས་སོ། །པང་གིས་འཁྱུད་པ་བཞིན་དུ་ཉེ་བར་ བསམ་པ་མེད་ལ་མ་ཆགས་མི་སྡང་བ་དང་། རྨོངས་པ་མེད་པའི་མིག་གིས་ལྟ་བས་སྤྱན་དཀར་ནག་འབྱེས་པ་དང་། བའི་རྫི་མ་ལྟ་བུ་སྟེ་དེ་ནི་ཀུན་ནས་མཛེས་པའི་སྔ་ལྟས་སོ། །དེ་དག་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སོ།། །།དཔེ་བྱད་བཟང་པོ་བརྒྱད་ཅུས་ཤིན་ ཏུ་རྒྱས་པ་ཞེས་བྱ་བ་ནི་གང་ཞེ་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་མངོན་པར་འདུ་བྱ་བ་ཐམས་ཅད་ལས་དབེན་པ་སྟེ། སེན་མོ་ཟངས་ཀྱི་མདོག་ལྟར་འདུག་པའོ། །གཉེན་བཤེས་བྱམས་པ་དང་འདྲ་བར་སེམས་ཅན་ལ་ཕན་པ་དང་བདེ་བའི་ཐུགས་མངའ་བ་སྟེ། སེན་མོའི་མདོག་ སྣུམ་པ་ཡིན། རིགས་དང་རྒྱུད་མཐོན་པོར་བྱུང་བ་སྟེ། སེན་མོ་མཐོ་བ་ཡིན། ཚུལ་ལ་ཁ་ན་མ་ཐོ་བ་མི་མངའ་བ་སྟེ། སོར་མོ་ཟླུམ་པ་ཡིན་ནོ། །དགེ་བའི་རྩ་བ་ཤིན་ཏུ་ཚོགས་པ་སྟེ། སོར་མོ་རྒྱས་པ་ཡིན་ནོ། །དགེ་བའི་རྩ་བ་རིམ་གྱིས་གྲུབ་པ་སྟེ། སོར་མོ་རིམ་གྱིས་གྲུབ་པ་ གཞོན་པ་ཡིན་ནོ། །ཐུགས་དང་གསུང་དང་སྐུའི་ཕྲིན་ལས་དང་། འཚོ་བ་ཤིན་ཏུ་དབེན་པ་སྟེ་རྩ་མི་མངོན་པ་ཡིན་ནོ། །ཉོན་མོངས་པའི་མདུད་པ་འགྲོལ་བ་སྟེ། རྩ་བར་མདུད་པ་མེད་པ་ཡིན་ནོ། །ཤིན་ཏུ་དབེན་པའི་ཆོས་མངའ་བ་སྟེ། ལོང་བུ་མི་མངོན་པ་ ཡིན་ནོ། །མི་མཉམ་པ་ཐམས་ཅད་ལས་གྲོལ་བ་སྟེ། ཞབས་མི་མཉམ་པ་མེད་པ་ཡིན་ནོ། །མིའི་སེང་གེ་སྟེ་སེང་གེའི་འགྲོས་སུ་བཞུད་པ་ཡིན་ནོ། །མིའི་གླང་པོ་སྟེ་གླང་པོ་ཆེའི་འགྲོས་སུ་བཞུད་པ་ཡིན་ནོ། །ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལ་བཞུད་པ་སྟེ། ངང་པའི་སྟབས་སུ་བཞུད་པ་ ཡིན་ནོ། །མིའི་ཁྱུ་མཆོག་སྟེ་ཁྱུ་མཆོག་གི་འགྲོས་སུ་བཞུད་པ་ཡིན་ནོ། །མཐུན་པའི་ལམ་མངའ་བ་སྟེ། གཡས་ཕྱོགས་སུ་བཞུད་པ་ཡིན་ནོ། །ལྟ་ན་མཛེས་པ་སྟེ་མཛེས་པར་བཞུད་པ་ཡིན་ནོ། །རྟག་ཏུ་ཐུགས་ཡོན་པོ་མི་མངའ་བ་སྟེ། མ་ཡོ་བར་བཞུད་པ་ཡིན་ནོ། །ཚུལ་རྣམ་པར་དག་ པ་ཡོན་ཏན་སྟོན་པ་སྟེ་སྐུ་ཤིན་ཏུ་ལེགས་པ་ཡིན་ནོ། །སྡིག་པའི་ཆོས་རྣམས་ཤིན་ཏུ་སྦྱངས་པས་ཏེ། སྐུ་ཤིན་ཏུ་སྦྱངས་པ་ཡིན་ནོ། །ཆོས་རིམ་གྱིས་སྟོན་པས་ཏེ་སྐུ་རིམ་གྱིས་གཞོལ་བ་ཡིན་ནོ། །སྐུ་དང་གསུང་དང་ཐུགས་ཤིན་ཏུ་གཙང་བ་དང་ལྡན་པ་སྟེ། སྐུ་ཤིན་ཏུ་གཙང་བ་ཡིན་ནོ། །རང་བཞིན་གྱིས་ ཐུགས་འཇམ་པ་དང་ལྡན་པས་ཏེ་སྐུ་ཤིན་ཏུ་འཇམ་པ་ཡིན་ནོ། །རང་བཞིན་གྱིས་རྣམ་པར་དག་པ་མངའ་བ་སྟེ། སྐུ་ཤིན་ཏུ་རྣམ་པར་དག་པའོ། །ཆོས་དང་འདུལ་བ་ཤིན་ཏུ་རྫོགས་པ་སྟེ། དཔེ་བྱད་བཟང་པོ་ཤིན་ཏུ་རྫོགས་པ་ཡིན་ནོ། །ཡོན་ཏན་ཡངས་ཤིང་བཟང་བ་སྟོན་པ་སྟེ་སྐུ་ཆེ་ཞིང་ མཛེས་པ་ཡིན་ནོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་ཐུགས་མངའ་བ་སྟེ། སྐུ་ལེགས་པར་མཉམ་པ་ཡིན་ནོ། །མཆོག་ཏུ་འཇམ་པའི་ཆོས་སྟོན་པ་སྟེ། སྐུ་ཤིན་ཏུ་གཞོན་པ་ཡིན་ནོ། །རྟག་ཏུ་ཞུམ་པ་མེད་པའི་ཐུགས་མངའ་བ་སྟེ། སྐུ་ལ་ཞུམ་པ་མེད་པ་ཡིན་ནོ། །མི་དགེ་བའི་རྩ་བ་ཐམས་ ཅད་བྱང་བ་སྟེ། སྐུ་ཤིན་ཏུ་རྒྱས་པ་ཡིན་ནོ། །ཡང་འབྱུང་བ་ཤིན་ཏུ་བཅོམ་ཞིང་ཟད་པ་སྟེ་སྐུ་ཤིན་ཏུ་མཁྲེགས་པ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་དང་ཉིང་ལག་ལེགས་པར་སྟོན་པ་སྟེ། །ཡན་ལག་དང་ཉིང་ལག་གཙང་མར་མཛེས་པ་ཡིན་ནོ། །གཟིགས་པ་ཤིན་ཏུ་རྣམ་ པར་དག་པ་སྟེ། སྣང་བ་རབ་རིབ་མེད་ཅིང་རྣམ་པར་དག་པ་ཡིན་ནོ། །ཚུལ་དང་ལྡན་པའི་སློབ་མ་མངའ་བ་སྟེ། ཕྱལ་ཟླུམ་པ་ཡིན་ནོ། །འཁོར་བའི་ལེགས་ཉེས་ཐམས་ཅད་ཤིན་ཏུ་སྦྱངས་པ་སྟེ། ཕྱལ་ཤིན་ཏུ་བྱང་བ་དང་ལྡན་པ་ཡིན་ནོ། །ང་རྒྱལ་གྱི་དེའུ་བཅོམ་པ་སྟེ། ཕྱལ་མ་ཞུམ་པ་ ཡིན་ནོ། །ཆོས་ཟད་པ་རྣམ་པར་ཟློག་པས་ཏེ་ཕྱལ་ཕྱམ་མེར་འདུག་པ་ཡིན་ནོ། །ཆོས་ཟབ་མོ་ཤིན་ཏུ་ཐུགས་སུ་ཆུད་པ་སྟེ་ལྟེ་བ་ཟབ་པ་ཡིན་ནོ། །མཐུན་པར་འཛིན་པའི་སློབ་མ་མངའ་བ་སྟེ། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་ཡིན་ནོ། །སློབ་མ་ཀུན་ལ་མཛེས་པའི་དགེ་འདུན་མངའ་བ་ སྟེ། ཀུན་ནས་མཛེས་པ་ཡིན་ནོ། །ཐུགས་ཤིན་ཏུ་གཙང་བས་ཏེ། སྐུ་སྤྱོད་པ་ཤིན་ཏུ་གཙང་བ་ཡིན་ནོ། །ཆོས་ནག་པོ་བསྟན་པ་དང་བྲལ་བའི་ཆོས་དང་འདུལ་བ་མངའ་བ་སྟེ། སྐུ་ལ་སྨེ་བ་མེད་པ་ཡིན་ནོ། །ཤིང་བལ་ལྟར་ཡང་བ་རབ་ཏུ་འཐོབ་པའི་ཆོས་སྟོན་པས་ཏེ། ཕྱག་ཤིང་བལ་ལྟར་ འཇམ་པ་ཡིན་ནོ། །རང་གི་སྐྱེ་བོ་དང་ཕལ་བ་ལ་བྱམས་པས་དགེ་སྦྱོང་ཆེན་པོ་མཉེས་པ་སྟེ་ཕྱག་གི་རི་མོ་སྣུམ་པ་ཡིན་ནོ། །ཤིན་ཏུ་ཟབ་ཅིང་བརྟན་པར་བཞུགས་པས་བཞུགས་པ་སྟེ། ཕྱག་གི་རི་མོ་ཟབ་པ་ཡིན་ནོ། །བཟོད་པའི་ཡངས་པ་སྟོན་པ་སྟེ་ཕྱག་གི་རི་མོ་རིང་བ་ཡིན་ནོ། །བསླབ་ པའི་གནས་ཧ་ཅང་མི་རིང་བར་འཆར་བ་སྟེ་ཞལ་ཧ་ཅང་ཡང་མི་རིང་བ་ཡིན་ནོ། །གཟུགས་བརྙན་འཇིག་རྟེན་ཐམས་ཅད་དུ་དགྱེ་བ་སྟེ། ཞལ་གཟུགས་ཀྱི་གཟུགས་བརྙན་མ་ཡིན་ནོ། །འཇམ་པ་སྔོན་དུ་གཏོང་ཞིང་འདུལ་བ་སྟེ། ལྗགས་ཤིན་ཏུ་འཇམ་པ་ཡིན་ནོ། །ཡོན་ཏན་ཕྲ་བའི་ཚོགས་ དང་ལྡན་པ་སྟེ། ལྗགས་ཤིན་ཏུ་སྲབ་པ་ཡིན་ནོ། །བྱིས་པ་སོ་སོའི་སྐྱེ་བོ་འདོད་ཆགས་པ་རྣམས་ཀྱིས་ཆོས་དང་འདུལ་བ་གཏིང་དཔག་པར་དཀའ་བ་སྟེ། ལྗགས་ཤིན་ཏུ་དམར་བ་ཡིན་ནོ། །གླང་པོ་ཆེན་པོའི་སྒྲ་དང་འབྲུག་གི་སྒྲ་ལྟ་བུས་ཉེས་པ་མི་མངའ་བ་སྟེ། གླང་པོ་ཆེའི་ང་རོ་དང་འབྲུག་གི་ སྒྲ་དབྱངས་དང་ལྡན་པའོ། །སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བར་སྨྲ་བའི་སློབ་མ་མངའ་བ་སྟེ། སྙན་ཅིང་འཇམ་པ་དང་ཉམས་སུ་བདེ་བའི་གསུང་དང་ལྡན་པའོ། །སྲིད་པར་ཀུན་དུ་སྦྱོར་བ་ལས་འདས་ཏེ། ཚེམས་མཆེ་བ་ཤིན་ཏུ་ཟླུམ་པ་ཡིན་ནོ། །སྐྱེ་བོ་རྣོ་བ་རྣམས་འདུས་པས་ཏེ། ཚེམས་ མཆེ་བ་རྣོ་བ་དང་ལྡན་པ་ཡིན་ནོ། །ཆོས་དང་འདུལ་བ་ཤིན་ཏུ་དཀར་བ་སྟེ། ཚེམས་མཆེ་བ་ཤིན་ཏུ་དཀར་བ་ཡིན་ནོ། །ས་ཕྱོགས་མཉམ་པ་ལ་བཞུགས་པ་སྟེ། མཆེ་བ་མཉམ་པ་དང་ལྡན་པ་ཡིན་ནོ། །རིམ་གྱིས་མངོན་པར་རྟོགས་པའི་ཆོས་སྟོན་པ་སྟེ། ཚེམས་མཆེ་བ་ རིམ་གྱིས་གཞོལ་བ་ཡིན་ནོ། །ཤེས་རབ་ཀྱི་རི་བོ་མཐོན་པོ་ལ་བཞུགས་པ་སྟེ། ཤངས་ལེགས་པར་མཐོ་བ་དང་ལྡན་པ་ཡིན་ནོ། །འདུལ་བའི་སྐྱེ་བོ་གཙང་མ་མངའ་བ་སྟེ། ཤངས་ཤིན་ཏུ་གཙང་བ་ཡིན་ནོ། །སངས་རྒྱས་ཀྱི་ཆོས་ཕུལ་དུ་ཡངས་པ་མངའ་བ་སྟེ། སྤྱན་རིང་བ་དང་ལྡན་པ་ཡིན་ ནོ། །གཟིགས་པ་ཤིན་ཏུ་རྣམ་པར་དག་པ་སྟེ། སྤྱན་རྣམ་པར་དག་པ་ཡིན་ནོ། །སེམས་ཅན་གྱི་ཚོགས་ཤིན་ཏུ་བསགས་པ་སྟེ་རྫི་མ་སྟུག་པ་ཡིན་ནོ། །ལྷ་དང་ལྷ་མ་ཡིན་དང་སྐྱེས་བུ་དང་ན་ཆུང་མཆོག་གི་མིག་དཀར་ནག་ཕྱེད་པ་པདྨའི་འདབ་མ་ལྟར་འདུག་པ་རྣམས་ཀྱིས་མངོན་པར་དགའ་བར་ བྱས་ཏེ། སྤྱན་དཀར་ནག་ཕྱེད་ཅིང་པདྨའི་འདབ་མ་ལྟར་འདུག་པ་ཡིན་ནོ། །རྟག་ཏུ་ཡངས་པས་གཟིགས་པ་སྟེ་སྤྱན་རིང་བ་དང་ལྡན་པ་ཡིན་ནོ། །འཇམ་པ་དུལ་བ་ལ་མཁས་པ་སྟེ་སྨིན་མ་འཇམ་པ་དང་ལྡན་པ་ཡིན་ནོ། །སྐྱོན་ཐམས་ཅད་མཁྱེན་པ་སྟེ་སྨིན་མའི་སྤུ་མཉམ་པ་དང་ལྡན་ནོ། ། དགེ་བའི་རྩ་བའི་སྣུམ་གྱིས་སེམས་སྣུམ་པར་གྱུར་པས་སྐྱེ་བོ་འདུལ་བ་སྟེ་སྨིན་མ་སྣུམ་པ་དང་ལྡན་པ་ཡིན་ནོ། །ཆོས་མཆོག་ཏུ་ཡངས་ཤིང་དོན་དང་ལྡན་པ་མངའ་བ་སྟེ་སྙན་ལེགས་ཤིང་སྙན་ཤལ་རིང་བ་ཡིན་ནོ། །ཉོན་མོངས་པའི་རྒྱུ་ལས་རྣམ་པར་རྒྱལ་བ་སྟེ་སྙན་མཉམ་པ་ཡིན་ནོ། ། སེམས་ཅན་བསམ་པ་མཉམ་པ་འབུལ་བ་སྟེ་སྙན་གྱི་དབང་པོ་མཉམ་པ་དང་ལྡན་པ་ཡིན་ནོ། །ལྟ་བའི་རྣམ་པ་ཐམས་ཅད་ཡོངས་སུ་བྱང་བ་སྟེ། ཞལ་དཔྲལ་བ་ལེགས་པར་གྲུབ་པ་དང་ལྡན་པ་ཡིན་ནོ། །ཕས་ཀྱི་རྒོལ་བ་ཤིན་ཏུ་དུལ་བ་སྟེ། ཞལ་དཔྲལ་བ་ཡངས་པ་དང་ལྡན་པ་ཡིན་ནོ། ། སྨོན་ལམ་དམ་པ་ཤིན་ཏུ་རྫོགས་པ་སྟེ་དབུ་ཤིན་ཏུ་རྒྱས་པ་ཡིན་ནོ། །གཡུལ་གྱི་བུང་བ་རྣམ་པར་ཟློག་པ་སྟེ། དབུ་བུང་བ་ལྟར་གནག་པ་ཡིན་ནོ། །མཐོང་བ་དང་བསྒོམ་པ་སྤངས་པའི་བག་ལ་ཉལ་ཟད་པར་བྱ་བ་སྟེ་དབུ་སྟུག་པ་ཡིན་ནོ། །ཐུགས་འཇམ་པས་བསྟན་པའི་སྙིང་པོ་ཐུགས་ སུ་ཆུད་པ་སྟེ། དབུ་འཇམ་པ་ཡིན་ནོ། །རྟག་ཏུ་མི་འཁྲུགས་པའི་ཐུགས་དང་ལྡན་པ་སྟེ། དབུ་སྐྲ་མི་འཛིང་བ་ཡིན་ནོ། །བརླང་བའི་གསུང་ཡོངས་སུ་བྲལ་བ་སྟེ། དབུ་སྐྲ་མི་རྩུབ་པ་ཡིན་ནོ། །བྱང་ཆུབ་ཀྱི་ཡན་ལག་སྤོས་ཀྱི་མེ་ཏོག་གིས་སྐྱེ་བོ་མཐུན་པར་བསྒྲུབས་པ་སྟེ། དབུ་ལ་དྲི་ཞིམ་པ་ཡིན་ནོ། ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཕྱག་དང་ཞབས་དཔལ་གྱི་བེའུ་དང་བཀྲ་ཤིས་དང་དགའ་བ་འཁྱིལ་བས་བརྒྱན་པ་ཡིན་ནོ་ཞེས་བྱའོ། །ཤིང་སཱ་ལའི་རྒྱལ་པོ་ལྟར་ཞེས་བྱ་བ་ནི། ཤིན་ཏུ་སྐྱེ་ལེགས་པ་ཡལ་ག་མང་བ་ལོ་མ་རྒྱས་པ། དཔེར་ན་དབྱར་ཀ་ཚད་པ་ཆེ་བའི་དུས་སུ་ཚད་པ་ལ་ འཇིགས་ནས་ཤིང་དེས་ཀྱང་མི་ལ་ཕན་ཐོགས་ཏེ། དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་འགྲོ་བ་རིགས་དྲུག་སེམས་ཅན་རྣམས་ལ་ཕན་འདོགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི། དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་ པ་སྟེ། དེ་བཞིན་ཉིད་ནི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་སྟེ། དེ་ཡང་དང་པོ་བྱུང་ཡང་དེའི་ངང་ལས་བྱུང་བ། བར་དུ་གནས་ཀྱང་དེར། ཐ་མར་འགགས་པ་ཐིམ་ཡང་དེ་ལ་ཐིམ་པའི་ཕྱིར་ཏེ་ཆོས་སྐུའོ། །ཡང་ན་དེ་བཞིན་ཉིད་རྟོགས་པ་སྟེ། སྟོང་པ་ཉིད་སྤྲོས་བྲལ་རྟོགས་ཤིང་། རིག་པའི་ ཕྱིར་ལོངས་སྐུའོ། །ཡང་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པ་སྟེ། མར་མེ་མཛད་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་དོན་ལ་གཤེགས་པ་སྟེ་སྤྲུལ་པའི་སྐུའོ། །སྐུ་རྣམ་པར་སྤྲས་པ་ཞེས་བྱ་བ་ནི་ཤིང་ སཱ་ལའི་ལོ་མ་རྒྱས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱང་ཡོན་ཏན་གྱིས་སྤྲས་པའོ། །ཉི་མ་ལྟར་འོད་ཟེར་གྱི་དྲ་བས་ཀུན་དུ་འགྱེད་པ་ཞེས་བྱ་བ་ནི། འོད་ཟེར་ནི་ཉི་མ་བདུན་གྱི་འོད་ཟེར་དྲ་བ་སྟེ། ཉི་མ་དེ་བཞིན་དུ་འོད་ཟེར་ཁྱབ་པ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟི་བརྗིད་ ཀྱིས་ཁྱབ་པའོ། །འོད་ཟེར་ནི་དྲ་བ་ཀུན་དུ་འགྱེད་པ་ཅིའི་ཕྱིར་ཞེ་ན་དོན་མེད་པར་དྲ་བ་འགྱེད་པ་མ་ཡིན་ནོ། །འོན་ཀྱང་རྒྱལ་པོའི་ཁབ་ན་རྒྱལ་པོ་སྦྱིན་པ་སར་རི་རྒྱལ་ཁྲིམས་ཡིན་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེའི་དུས་ན་བཻཻ་ཌཱུརྱ་ཤེལ་ཞེས་བྱ་བའི་ལྷ་ཁང་ན་བཞུགས་ཏེ་དུས་ གཅིག་ན་བཅོམ་ལྡན་འདས་སེམས་ཅན་གྱི་དོན་བྱེད་ལ་དགོངས་ནས་བསོད་སྙོམས་མཛད་དེ་ཚོང་དཔོན་ཆེན་པོ་བཀྲ་ཤིས་དཔལ་དང་། ཡུམ་དཔལ་ལྡན་གྲགས་མ་ཞེས་བྱ་བ་སྟེ། ཡོ་བྱད་ཕུན་སུམ་ཚོགས་པ་མེ་ཏོག་གི་ར་བ་དང་སྐྱེད་མོས་ཚལ་ལ་སོགས་པ་ཁོའི་གནས་ནི་ ཤིན་ཏུ་ཡིད་དུ་འོང་བ་དང་། སེམས་དགའ་བ་དང་། ཚོང་དཔོན་དེའི་སློབ་དཔོན་མུ་སྟེགས་གཅེར་བུ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་དེའི་ཁྱིམ་དུ་བསོད་སྙོམས་ལ་གཤེགས་ཏེ། དེ་ནས་ཚོང་དཔོན་ཡབ་ཡུམ་དད་པ་སྐྱེས་ནས། ཡང་དག་པར་རྫོགས་ པའི་སངས་རྒྱས་མ་བྱོན་པ་དི་རིང་འདིར་བྱོན་པ་ཤིན་ཏུ་ལེགས་སོ། །ཆོས་སྟོན་དྲངས། བཀུར་སྟི་བྱས། ཡོ་བྱད་ལ་སོགས་པ་ཕུལ་ནས། དེ་ནས་ཚོང་དཔོན་གྱི་ཆུང་མ་ནད་པ་དེ་བཅོམ་ལྡན་འདས་ལ་གཟིགས་སུ་ཕུལ་ལོ། །ཚོང་དཔོན་གྱིས་དེ་སྐད་སྨྲས་སོ། །བཅོམ་ལྡན་འདས་ནི་ མངོན་པར་ཤེས་པ་མཛད་དེ་འདིའི་ལུས་ལ་ཅི་སྐྱེ་ཞེ་ན། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་དཔོན་འདིའི་ལུས་ལ་སྐྱེས་བུ་དམ་པ་སྐྱེའོ། །སངས་རྒྱས་ཀྱི་བསྟན་པ་བསྲུང་བ། དགྲ་བཅོམ་པའི་འབྲས་བུ་ཐོབ་པ། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་པ་མྱུར་དུ་ཐོབ་ པ་སྐྱེའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང་ཚོང་དཔོན་དགའ་བའི་སེམས་དང་ལྡན་ནོ། །བཅོམ་ལྡན་འདས་ལ་ཕྱག་ལན་གསུམ་བཙལ་ནས་ཡང་བཀུར་སྟི་ལ་སོགས་པ་བྱས་སོ། །དེ་ནས་བཅོམ་ལྡན་འདས་གཤེགས་སོ། །གཤེགས་པའི་དུས་སུ་མུ་སྟེགས་ གཅེར་བུ་དང་འཕྲད་དོ། །གཅེར་བུའི་སེམས་ལ་ངའི་ཡོན་བདག་གཽ་ཏ་མས་ཕྲོགས་སོ་སྙམ་ནས། ནང་དུ་ཕྱིན་ནས་ཚོང་དཔོན་ལ་སྨྲས་སོ། །ཀྱེ་ཚོང་དཔོན་གཽ་ཏ་མ་ཅི་ལ་བྱོན་སྨྲས་པས། ཚོང་དཔོན་གྱི་ཞལ་ནས། བཅོམ་ལྡན་འདས་བསོད་སྙོམས་ལ་བྱོན་པ་ལགས། དད་པ་སྐྱེས་ ནས་བཀུར་སྟི་བྱས་པ་ཡིན་ངའི་འདིའི་ནད་པ་གཟིགས་སུ་ཕུལ་བ་ལགས། བཅོམ་ལྡན་འདས་ཀྱི་ཞལ་ནས་འདིའི་ལུས་ལ་སྐྱེས་བུ་དམ་པ་དགྲ་བཅོམ་པའི་འབྲས་བུ་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། རྫུ་འཕྲུལ་གྱི་རྐང་པ་མྱུར་དུ་འཐོབ་པ་སྐྱེའོ་གསུངས་སོ། །གཅེར་ བུའི་མཚན་ཉིད་ནི་མངོན་པར་ཤེས་པ་གཅེར་བུ་རའི་འཕོངས་ལ་ཐལ་ལྕག་བརྒྱབ་པས་གཅེར་བུ་ར་དང་འདྲ་བ་བཞི་བཞི་ལྔ་ལྔ་འཐོན་པ་དེ་བཞིན་དུ་མཚན་ཉིད་དང་འདྲ་བའི་གཅེར་བུས་བརྫུན་པོ་སྨྲས་སོ། །ཀྱེ་ཚོང་དཔོན་གཽ་ཏ་མའི་འདོད་པ་ཡིན། ཀྱེ་བུ་དང་སྐྱེ་སྟེ་སྐྱེས་མ་ཐག་ནས་ མ་གསོད་པ་དེའི་རྟིང་ལ་ཁྱོད་ཀྱི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་ཟད་པར་བྱེད་པ་དེའི་རྟིང་ལ་ཕ་བསད་ནས་ཁོ་རང་རབ་ཏུ་བྱུང་བ་ཡིན། དེ་ལྟ་བུ་སྐྱེ་བ་ཡིན། ཁྱེད་ཀྱིས་མྱུར་དུ་མ་བསད་ན། དེ་བཞིན་དུ་ཁྱོད་ལ་དེ་དག་མྱུར་དུ་འོང་ངོ་། །དེ་ནས་ཚོང་དཔོན་གྱིས་ནུབ་མོའི་དུས་སུ་ཆུང་མའི་གསུས་ པ་ཕྱག་གཉིས་ཀྱིས་མཉེས་སོ། །མཉེས་པས་མོ་མ་བཟོད་ནས་སྐད་ངན་ཆེན་པོ་བྱུང་ངོ་། །དེ་ནས་ཁྱིམ་མཚེས་དང་ཉེ་བ་ལ་སོགས་པས་ཐོས་ནས། ར་མདའ་བྱས་པས་དེའི་ནུབ་མོ་དབུགས་དང་མ་བྲལ་ལོ། །ཡང་ཕྱི་དེ་ནུབ་མོའི་དུས་སུ་མེ་ཏོག་གི་ར་བ་ཡོད་པའི་སྐྱེད་མོས་ཚལ་གྱི་དབུས་སུ་ཁང་ པ་ཅིག་གི་ནང་དུ་ཡང་ཁྲིད་ནས་ཆུང་མའི་གསུས་པ་མཉེས་སོ། །མཉེས་པ་དང་བུད་མེད་དེ་ན་ཚ་ཆེན་པོ་བྱུང་བས་དབུགས་ཆད་དོ། །དེ་ནས་ཚོང་དཔོན་གྱིས་ཁ་སྐད་བསྒྱུར་ནས་སྨྲས་སོ། །ངའི་ཆུང་མ་དེ་ཡང་བྱིས་པ་མ་ཐོན་པར་གུམ་མོ་ཞེས་སྨྲས་སོ། །མྱ་ངན་གྱི་ཚུལ་ཡང་བྱས་དེ་ནས་མུ་སྟེགས་ གཅེར་བུའི་ཚོགས་རྣམས་ཀྱང་རྒྱལ་པོའི་ཕོ་བྲང་ངམ། སྲང་གའམ་སྲང་ག་ཆེན་པོའམ། གྲོང་ངམ་གྲོང་ཁྱེར་ཆེན་པོའམ། གྲོང་རྡལ་ལ་སོགས་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རྒྱལ་པོ་སྐྱེས་བུ་རྣམས་གཽ་ཏ་མའི་བརྫུན་པོ་ལ་ཚོང་དཔོན་དེའི་བུད་མེད་ལ་བུ་ཁྱེའུ་ག་རེ་མོ་ཡང་ཤི། གཽ་ཏ་ མའི་བརྫུན་པོ་ལ་སེམས་ཅན་ཐམས་ཅད་དད་པ་སྐྱེད་དེ་སྐད་བཞིན་དུ་གཅེར་བུའི་ཚོགས་རྣམས་ཡང་ནས་ཡང་དུ་སྨྲ་ཞིང་དྲིལ་བུ་དཀྲོལ་ཞིང་བ་དན་ཕྱར་ཞིང་ཡར་འགྲོ་མར་འགྲོ་བྱས་སོ། །གཅེར་བུའི་ཚོགས་རྣམས་ཀྱང་རང་དོང་སྐྱེས་སོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་བཻ་ཌཱུརྱའི་རི་ཤེལ་གྱི་ གཙུག་ལག་ཁང་གི་ནང་དུ་སེང་གེའི་གདན་ལ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་ཏེ། བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པའི་ཉན་ཐོས་དང་དགེ་སློང་ངམ་དགེ་སློང་མའམ། དགེ་བསྙེན་ནམ་དགེ་བསྙེན་མའམ། འཁོར་གྱི་དབུས་སུ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་དག་པར་ རྫོགས་པའི་སངས་རྒྱས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་ཉི་མའི་འོད་དང་ལྡན་པ་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཆེན་པོ་ཁྱབ་བོ། །ཀུན་དུ་ཁྱབ་པོ། །ཡང་འོད་ཟེར་གྱི་དྲ་བ་དེ་བ་སྤུ་རེ་རེ་ལ་འདུའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བ་སྤུ་རེ་རེའམ་མཛོད་སྤུ་ནས་འོད་ ཟེར་གྱི་དྲ་བ་ཉི་མ་བདུན་ཤར་བ་དང་འདྲ་བ་ནམ་མཁའ་ལ་འཕྲོའོ། །དེ་ནས་འོད་ཟེར་དེ་ཡང་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་དགའ་ལྡན་ནམ་སུམ་ཅུ་རྩ་གསུམ་མམ་རྒྱལ་ཆེན་གྱི་ལྷའམ། འོད་ཟེར་གྱི་དྲ་བས་ཀུན་དུ་ཁྱབ་པོ། །འོད་ཟེར་གྱི་དྲ་བ་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ ཀྱི་མཛོད་སྤུ་ལ་འདུའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྟན་ལས་ལངས་ཏེ་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ལ། མགོ་བོས་ཕྱག་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་ཞུས་པའོ། །བཅོམ་ལྡན་འདས་ཀྱེ་ ལགས། གང་གི་སེམས་ཅན་གྱི་དོན་ལགས། མཚན་ཉིད་གང་ལགས། རྒྱུ་གང་ལགས། རྐྱེན་གང་ལགས། བཅོམ་ལྡན་འདས་ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་དེ་ལས་ལངས་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། ། ཚེ་དང་ལྡན་པ་ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དགྲ་བཅོམ་པ་ཉན་ཐོས་དང་། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ་དགེ་བསྙེན་མའི་འཁོར་རྣམས་དུར་ཁྲོད་བསིལ་བའི་ཚལ་དུ་འགྲོ་བ་ལགས། གཞོན་ནུ་འོད་ཟེར་སྐྱེས་དགྲ་བཅོམ་པ་ཡང་དག་པར་བྱུང་བས་ གཤེགས་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་སེང་གེའི་སྟན་ལས་ལངས་ཏེ། གཙུག་ལག་ཁང་ནས་ཕྱིར་གཤེགས་སོ། །དེ་བཞིན་དུ་དགྲ་བཅོམ་པ་རྣམས་ཀྱང་གཤེགས་སོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་ཆེན་གྱི་ལྷ་དང་ལྷའི་དབང་པོ་བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་ཆེན་གྱི་ལྷ་རྣམས་དང་། ལྷ་མ་ཡིན་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་ལྷའི་རོལ་མོས་བཅོམ་ལྡན་འདས་ལ་སྔུན་དུ་བསུ་སྟེ། ལྷ་རྫས་ཀྱི་དྲི་བཟང་པོ་དང་། མེ་ཏོག་གི་ཆར་ཕབ་བོ། །དེ་ནས་རྒྱལ་པོ་ཆེན་པོ་གཟུགས་ཅན་སྙིང་པོས་ཐོས་ ནས་རྒྱལ་པོ་དང་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་ཡང་གཤེགས་སོ། །དེའི་རྟིང་ལ་གཅེར་བུའི་མཚན་མའམ་ཚོང་དཔོན་གྱི་འཁོར་རམ། རོ་དེ་གླ་ལ་གཤེགས་སོ། །དེ་བཞིན་དུ་རྒྱལ་པོའི་ཁབ་ཀྱི་སྐྱེ་དགུ་འམ་སྐྱེ་དགུའི་བདག་པོ་ལ་སོགས་པ་དུར་ཁྲོད་བསིལ་བའི་ཚལ་དུ་གཤེགས་སོ། ། བསིལ་བའི་ཚལ་དུ་སླེབས་ནས། ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་དང་ཉན་ཐོས་ལ་སོགས་པ་བཞུགས་སོ། །ཕྱོགས་གཅིག་ཏུ་གཅེར་བུ་དང་མུ་སྟེགས་པ་བསྡད་དོ། །དེ་ནས་རོ་བསྲེགས་པའི་ས་ནས་སྐད་བྱུང་ངོ་། །སྐད་བྱུང་བ་དང་པདྨ་སྐྱེས་སོ། །པདྨའི་སྟེང་ན་གཞོན་ནུ་འོད་ ཟེར་སྐྱེས་ཞེས་བྱ་བ་སྐྱེས་སོ། །ཤིན་ཏུ་སྐྱེ་ལེགས་པ་དགྲ་བཅོམ་པའི་ཆ་བྱད་དང་ལྡན་པ་དེ་མེའི་ནང་དུ་དེ་ལྟ་བུ་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚོང་དཔོན་ལ་སྨྲས་པ། ཀྱེ་ཚོང་དཔོན་ཁྱོད་ཀྱི་བུ་འདི་ལགས་སོ་ཞེས་སྨྲས་སོ། །ཚོང་དཔོན་གྱིས་གཅེར་བུ་ལ་ཁ་ བལྟས་ནས་ལངས་དོགས་བྱེད་དོ། །དེ་ནས་གཅེར་བུས་ཚོང་དཔོན་ལ་སྨྲས་སོ། །ཀྱེ་ཚོང་དཔོན་མེའི་ནང་དུ་གང་ཡང་། ཤི་ནས་མེ་ལ་བསྲེགས་པ་ལ། །ཁྱོད་ཀྱི་བུ་ནི་གང་ལས་སྐྱེས། །མེ་ཡི་ནང་དུ་འགྲོ་ན་ནི། །ཁྱོད་ནི་ངེས་པར་ཚིག་པར་འགྱུར། །ཞེས་བརྗོད་པས་འགྲོ་མ་ནུས་སོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་བཀའ་སྩལ་ཏོ། །ཀྱེ་རྒྱལ་པོ་ཆེན་པོ་གཞོན་ནུ་ལོང་ལ་སྤྱོན་ཅིག་ཅེས་བརྗོད་པ་དང་། རྒྱལ་པོ་ཆེན་པོས་བླངས་ནས། མེའི་ནང་ནས་ཁྱེར་ནས་འོངས་སོ། །མེ་དེ་ཡང་ཤིན་ཏུ་བསིལ་བ་ཚ་བའི་དངོས་པོ་མེད་དོ། །ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་བླངས་ནས། བྱིན་གྱིས་བརླབས་ནས། དགྲ་བཅོམ་པ་གཞོན་ནུ་འོད་ཟེར་སྐྱེས་ཞེས་བྱ་བར་མཚན་བཏགས་སོ། །དེ་ནས་གཟུགས་ཅན་སྙིང་པོས་བླངས་ཏེ། ལྷ་དང་ལྷ་མ་ཡིན་ལ་སོགས་པས་ཀྱང་བལྟས་སོ། །ངོ་མཚར་ཆེའོ། །མི་ རྣམས་ཀྱིས་ཀྱང་ངོ་མཚར་ཆེའོ་ཞེས་ལྟད་མོ་བལྟས་སོ། །ཡང་བཅོམ་ལྡན་འདས་ལ་དད་པ་སྐྱེས་ནས། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས། ལྷ་རྫས་ཀྱི་མེ་ཏོག་གི་ཆར་ཕབ་བོ། །ལྷའི་རོལ་མོས་མཆོད་པ་བྱས་སོ། །མུ་སྟེགས་གཅེར་བུའི་ཚན་པ་དེ་ཕམ་མོ། །བདུད་ཕམ་མོ། །འོད་ ཟེར་གྱི་དྲ་བ་ཀུན་དུ་འགྱེད་པ་ཞེས་བྱ་བའི་ངེས་ཚིག་གོ། །མཚན་མོ་མུན་པའི་ནང་ན་ཞེས་བྱ་བ་ནི། མཚན་མོ་ནི་དཔེ་ཡིན་ཏེ། དེ་བཞིན་དུ་མཚན་མོའི་མེ་ནི་ཤིན་ཏུ་གསལ་བས་མཚན་མོ་ཞེས་བྱའོ། །རི་བོའི་སྤོ་ལ་མེའི་ཕུང་པོ་ཆེན་པོ་རབ་ཏུ་འབར་བ་དང་འདྲ་ཞིང་ཞེས་བྱ་བ་ནི། དཔེར་ན་མི་ཞིག་གིས་རི་བོ་ཆེན་པོ་ལ་འབར་བ་མཐོང་བཞིན་དུའོ། །བཅོམ་ལྡན་འདས་གསེར་གྱི་རི་བོ་ནས་གཤེགས་པ་མཐོང་ངོ་ཞེས་བྱ་བ་ནི། གསེར་ཞེས་བྱ་བ་ནི། ཡོན་ཏན་དང་ལྡན་པའོ། །རི་བོ་ཆེན་པོ་ལྟར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུའོ། །ལྷམ་མེ་ལྷན་ནེ་ཞེས་བྱ་བ་ནི་འོད་ཟེར་ སྣ་ཚོགས་སོ། །རྒྱང་རིང་པོ་ནས་གཤེགས་པ་མཐོང་ངོ་ཞེས་བྱ་བ་ནི། མུན་ནག་གི་ནང་ནས་མེ་འབར་བ་མཐོང་བ་བཞིན་དུ་མཐོང་ངོ་། །གཤེགས་པ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུའོ། །མཐོང་བ་ནི་ལི་ཙྪ་བཱི་རྣམས་ཀྱིས་སོ། །མཐོང་མ་ཐག་ཏུ་ཞེས་བྱ་བ་ནི་གུས་པའི་སེམས་ཀྱིས་ བཅོམ་ལྡན་འདས་ལའོ། །ཡངས་པ་ཅན་གྱི་ལི་ཙྪ་བཱི་རྣམས་བཅོམ་ལྡན་འདས་ལ་སེམས་དད་པར་གྱུར་ནས་ཞེས་བྱ་བ་ནི་ཉོན་མོངས་པ་དང་ལྡན་པའི་སེམས་ཅན་རྣམས་སངས་རྒྱས་བཅོམ་ལྡན་འདས་མཐོང་ནས་སེམས་དེ་འཁྲིལ་བར་འགྱུར་བའོ། །སེམས་དད་པར་གྱུར་པ་དེ་དག་ཅེས་བྱ་ བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་མི་རྣམས་སོ། །བྱི་དོར་བྱེད་པ་ཞེས་བྱ་བ་ནི་དད་པས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་པའོ། །བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར། ལམ་གང་ནས་གཤེགས་པའི་ལམ་དེ་འཕྱག་ཅིང་ཆག་ཆག་འདེབས་ཞེས་བྱ་བ་ནི། སངས་རྒྱས་ གཤེགས་པའི་ལམ་ལ་གཞན་རྣམས་ཀྱིས་ཀྱང་ཙནྡན་ལ་སོགས་པའི་དྲི་ཞིམ་པོའི་ཆུས་ས་གཞི་རྣམ་པར་དག་པར་བྱས་སོ། །བྱི་དོར་ལེགས་བྱས་མེ་ཏོག་འཐོར། །ཞེས་བྱ་བ་ནི་ས་གཞི་མཐོན་དམན་མེད་པར་བྱས་ལ་མེ་ཏོག་སྣ་ཚོགས་ཀྱིས་སིལ་མར་བཀྲམ་ལ་མེ་ཏོག་གི་ཕྲེང་བའི་དྲ་ བས་བརྒྱན་པའོ། །དར་གྱི་ལྡ་ལྡི་དང་། དྲིལ་བུ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་སྣ་ཚོགས་ཀྱིས་བརྒྱན་ཏེ་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་ཕྱོགས་བཞིར་ཡང་བར་སྣང་གི་ཕྱོགས་སུ་དེ་རྣམས་འཕྱར་བའོ། །བདུག་སྤོས་སྣ་ཚོགས་ཀྱིས་བདུགས་ནས་ཞེས་བྱ་བ་ནི། གྲོང་ཁྱེར་གྱི་ཕྱོགས་དང་མཚམས་སུ་བདུག་སྤོས་སྣ་ཚོགས་ཀྱི་བོག་ཕོར་གཞག་པ་དང་བུམ་པ་གང་བ་བཞག་པའོ། །ག་ལ་བ་དེར་སོང་སྟེ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུའོ། །ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། གྲོང་ ཁྱེར་ཡངས་པ་ཅན་གྱི་མི་རྣམས་དང་ལི་ཙྪ་བཱི་རྣམས་ཀྱིས་ཕྱག་འཚལ་བའོ། །དེ་ནས་ཞེས་བྱ་བ་ནི་ཕྱག་འཚལ་གྱི་རྟིང་ལའོ། །བཅོམ་ལྡན་འདས་ཀྱི་ཕྱག་གི་མཐིལ་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་རི་མོ་ཅན་མེ་ཏོག་པདྨའི་སྙིང་པོ་ལྟར་འཇམ་པ་ཞེས་བྱ་བ་ནི་ལི་ཙྪ་བཱིའི་མགོ་ལ་རེག་ པའོ། །སྔོན་ལེགས་པར་སྤྱད་པའི་མཚན་གྱིས་བརྒྱན་པ་ཞེས་བྱ་བ་ནི་སྐྱེས་བུའི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ལེགས་པར་བརྒྱན་པའོ། །གཞོན་ཤ་ཆགས་ཤིང་ཞེས་བྱ་བ་ནི་ལོ་བཅུ་གཉིས་པའི་ཤ་ལྟ་བུའོ། །འཇམ་པ་ནི་ལུས་ངག་ཡིད་གསུམ་འཇམ་ པོས་ཉི་མའི་འོད་ཟེར་བས་ལྷག་པའི་འོད་དང་ལྡན་པ་ཞེས་བྱ་བ་ནི་ཉི་མ་བདུན་གྱི་འོད་ཟེར་དང་ལྡན་པའོ། །འོད་ཟེར་བརྒྱ་ཕྲག་མང་པོ་ཀུན་དུ་འཕྲོ་བ་ཞེས་བྱ་བ་ནི། མཛོད་སྤུ་འམ་བ་སྤུའི་བུ་གའམ་ལྟེ་བའི་གནས་སམ་དབུའི་གཙུག་ཏོར་རམ་ལྗགས་སམ་སྣའི་བུ་གའམ། སྙན་ནམ་ སྤྱན་གྱི་སྒོ་ནས་སེམས་ཅན་གྱི་དོན་ལ་འཕྲོ་བའོ། །དྲི་མ་མེད་པའི་ཕྱག་གིས་ཞེས་བྱ་བ་ནི། ཉོན་མོངས་པའི་དྲི་མ་དང་བྲལ་བའོ། །ལི་ཙྪ་བཱི་རྣམས་ཀྱི་མགོ་ལ་བྱུགས་ཏེ་ཞེས་བྱ་བ་ནི་བྲམ་ཟེ་ཆེན་པོས་གསོལ་བ་བཏབ་པས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཕྱག་སྤྱི་བོར་བཞག་ནས་ བྱིན་གྱིས་བརླབས་པའོ། །རྗེས་སུ་བསྟན་པ་མཛད་དོ་ཞེས་བྱ་བ་ནི་རྗེས་སུ་དྲན་པ་དྲུག་གོ། །དེ་ནས་ཞེས་བྱ་བ་ནི་ལི་ཙྪ་བཱི་བྱིན་གྱིས་བརླབས་ཞེས་བྱའོ། །བཅོམ་ལྡན་འདས་ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོའི་ནང་དུ་གཤེགས་པ་ནི། གྲོང་ཁྱེར་གྱི་དབུས་སུ་ནམ་གྱི་གུང་ཐུན་ལ་ཞེས་ བྱ་བ་ནི་ཡི་དགས་རྒྱུ་བའི་དུས་སུའོ། །སྒོ་སྐྱེས་ཀྱི་གཞི་ཞབས་ཀྱིས་མནན་ནས་ཞེས་བྱ་བ་ནི། དབང་པོའི་ཕུར་པ་ལ་ཞབས་ཡང་དག་པར་བཞག་པའོ། །ཕྱོགས་བཞིར་གཟིགས་ཏེ་ཞེས་བྱ་བ་ནི་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པའོ། །ཕྱག་གསེར་གྱི་མདོག་ཅན་བརྐྱང་ནས་ཞེས་ བྱ་བ་ནི། སྔོན་དུ་སོང་བ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པའོ། །ན་བཟའ་བླ་གོས་གསོལ་ཏེ་ཞེས་བྱ་བ་ནི། མཛེས་པའི་ཆོས་གོས་ཕྲག་ལ་གཟར་ནས་ཞེས་བྱ་བ་ཡིན་ནོ། །བཀའ་སྩལ་ཏོ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་ པའོ། །ཕྱི་མའི་དུས་ན་ཞེས་བྱ་བ་ནི། སྐུ་མྱ་ངན་ལས་འདས་པའོ། །དགེ་སློང་མ་ལ་སོགས་པ་ཞེས་བྱ་བ་ནི། བསྟན་པ་སྲུང་དགོས་པའི་དུས་སུ་སྟེ་བཀུར་སྟི་བྱེད་པའོ། །གང་སུ་ཡང་རུང་བ་དག་ཅེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་ལྕང་ལོ་ཅན་རྣམས་ཀྱིས་བཀུར་སྟི་བྱེད་པར་འགྱུར་རོ། ། དེ་བཞིན་གཤེགས་པའི་སྐུ་གདུང་རིང་བསྲེལ་ཡུངས་འབྲུ་ཙམ་ལ་མཆོད་པ་བྱེད་པ་དང་ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པ་རྣམས་ཀྱི། སྐུ་གཟུགས་དང་གདུང་དང་རིང་བསྲེལ་ལྟ་བུའོ། །རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་གདོན་ཐམས་ཅད་ ལས་ཐར་བར་བྱེད་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་བདུད་བཞི་པོ་ཕམ་པར་བྱེད་པ། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་ཡང་དག་པར་འགྲུབ་པ། སྡུག་བསྔལ་ཐམས་ཅད་འཇོམས་པར་བྱེད་མ། མ་རུངས་པའི་འབྱུང་པོ་རྣམས་རླག་པར་བྱེད་མ། ཆོས་ཐམས་ཅད་ཀྱི་འབྱུང་གནས་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྐུར་སྣང་བའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱིས་སངས་རྒྱས་ཀྱི་ཕྱག་རྒྱ་འདི་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་ཡང་འདས་པའི་ སངས་རྒྱས་འོད་སྲུངས་ལ་སོགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞིས་བསྲུང་ཞིང་། ཕྱག་རྒྱའི་རྒྱས་བཏབ་པ་དེ་བཞིན་དུ་མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡིན་ནོ། །དེ་ལྟར་ཡང་ཤཱཀྱ་ཐུབ་པ་ལ་སོགས་པས་བསྲུང་ཞིང་ཕྱག་རྒྱའི་རྒྱས་ བཏབ་པའོ། །འཛིན་ཅིང་འཆང་བ་དང་། ཀློག་ཅིང་སྟོན་པ་དང་ཞེས་བྱ་བ་ནི། བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་བསྒོམ་པ། ཏིང་ངེ་འཛིན་དང་ཁ་ཏོན་དུ་སྔགས་དང་མདོ་འདོན་པ་དང་། ཀུན་ཆུབ་པར་བྱེད་པ་དེ་དག་ལ་ཞེས་བྱ་བ་ནི། རྒྱ་ཆེར་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། གུས་པར་འདི་ལས་རྒྱ་ཆེར་སྤེལ་ནས་བླ་མར་བྱས། མཆོད་པར་བྱས་པའོ། །ཡམས་ཀྱི་ནད་དང་འཇིགས་པ་དང་། འཚེ་བ་དང་། ནད་འགོ་བ་དང་། འཁྲུག་པ་དང་། འཐབ་པ་དང་། འཆིང་བ་དང་། ཁ་མཆུ་དང་། ཤགས་དང་། ཐ་ན་ཕྲ་མ་དང་སྡིག་པ་མི་དགེ་བ་སྡུག་བསྔལ་བའི་ ལས་ཀྱིས་མི་ཚུགས་ཤིང་འཚེ་བར་བྱེད་པ་ཐམས་ཅད་ཀྱིས་མི་ཐུབ་པར་འགྱུར་རོ་ཞེས་བྱ་བ་ནི་གྲེང་ཡངས་པ་ཅན་གྱི་དབུས་སུ་འཁོར་གྱི་ནང་དུ་བཀའ་སྩལ་པའོ། །བཅོམ་ལྡན་འདས་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། མཉམ་པ་ཉིད་དུ་ཁྱབ་པའི་ སངས་རྒྱས་ལ། འཇིག་རྟེན་གྱི་མེས་པོས་ཞུས་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། སྐུ་གསུང་ཐུགས་བཙུན་པ་དཀའ་ཐུབ་མཛད་པ། བདུད་རྣམས་བཅོམ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་ཉོན་མོངས་པ་ལྔ་ལས་འདས་པའོ། །རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་ འཇོམས་མ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་རིང་བསྲེལ་ལྟ་བུ་ཕྱག་རྒྱ་བཞིའི་ངོ་བོའི་གདོན་ཐམས་ཅད་ལས་ཐར་བར་བྱེད་པའི་ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་བར་ཆོད་མེད་པ་བདུད་རྣམས་ཀྱིས་མི་ཚུགས་པ་སྟེ། འདིའི་ལམ་ནས་ཐར་པ་ཐོབ་པ། དམིགས་པ་ མེད་པའི་ཡེ་ཤེས་སྟོང་པ་ཉིད་དུ་སྣང་བའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་སངས་རྒྱས་ཀྱི་ཕྱག་རྒྱ་དེ་གང་ལགས་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདས་པ་དང་མ་འོངས་པ་དང་། ད་ལྟར་ཡོད་ པས་གསུངས་པ་གསང་སྔགས་ཀྱི་ཚིག་ཞུས་པའོ། །དེ་སྐད་ཅེས་གསོལ་པ་དང་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་ཞུས་པའོ། །བཅོམ་ལྡན་འདས་ཀྱིས་མི་མཇེད་ཀྱི་བདག་པོ་ཚངས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། མཚན་ སུམ་ཅུ་རྩ་གཉིས་དང་ལྡན་པ་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་སྤྲུལ་པའི་སྐུས་བཀའ་སྩལ་པའོ། །ཚངས་པ་དེའི་ཕྱིར་ཁྱོད་ལེགས་པར་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་ཁྱོད་ལ་བཤད་དོ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པའི་རང་བཞིན་སྡུག་བསྔལ་ཐམས་ཅད་འཇོམས་ པར་བྱེད་པའི་གསང་སྔགས་སངས་རྒྱས་ཀྱིས་སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ནས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་གུས་པར། བཅོམ་ལྡན་འདས་ལ་གསོལ་བ་བཏབ་ པའོ། །མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་ཞེས་བྱ་བ་ནི། འཁོར་རྣམ་བཞི་དང་ཚངས་པས་དབུ་མཛད་པ་མི་དང་མི་མ་ཡིན་པའི་ཚོགས་རྣམས་འཇོམས་པའོ། །དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། དེ་ བཞིན་གཤེགས་པའི་རིགས་དང་མཚན་མ་སྟོན་ཏེ་མཚན་མ་ནི་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དོ། །དེའི་མཚོན་ཆ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །སྐུ་མདོག་ནི་དཀར་པོ་ཞལ་བཞི་པ་གཡས་ཞལ་སྔོན་པོ་ལྟག་པའི་ཞལ་དམར་སེར་གཡོན་ལྗང་གུ་སྤྱན་གསུམ་དང་ ལྡན་པའོ། །དབུ་ལ་རིགས་ལྔས་བརྒྱན་པའོ། །ཕྱག་བརྒྱད་པ་དང་། གཡས་ན་འཁོར་ལོ་རལ་གྲི །རྡོ་རྗེ་དང་རྩེ་གསུམ་མོ། །གཡོན་གྱི་ཕྱག་ན་འཛིན་པ་ནི་བུམ་པའི་སྟེང་ན་རྡོ་རྗེ་དང་རིན་པོ་ཆེ་དང་ཞགས་པ་དང་ནི་ལྕགས་ཀྱུའོ། །པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེ་སྐྱིལ་ཀྲུང་མཛད་པ། སྐུ་ མེ་འོད་ཀྱི་དཀྱིལ་ན་བཞུགས་པའོ། །རྡོ་རྗེ་རིགས་ཀྱི་དེ་བཞིན་གཤེགས་པའི་རིགས་སོ། །དེ་བཞིན་དུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་རྩ་བའི་སྔགས་སོ། །སྱད་ཡ་ཐེ་དན་ཨ་ཙ་ལེ་ལ་སོགས་པའོ། །སྟོང་ཆེན་མོ་རྩ་བའི་སྔགས་དེ་ལ། འདི་སྐད་ཅེས་བྱ་སྟེ། ལུས་སུ་རྟོགས་པ་དང་ དྲན་པ་དང་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །ཞི་གནས་དང་ལྷག་མཐོང་ཞེས་བྱ་བ་ནི། ཐབས་དང་ཤེས་རབ་སྟེ་ལྷའི་གཟུགས་སུ་བསྒོམ་པ་ནི་ཐབས་སོ། །རིག་སྔགས་སྟོང་པ་ཉིད་བསྒོམ་པ་ནི་ཤེས་རབ་སྟེ། དེས་ན་ཐབས་ཤེས་རབ་ཟུང་དུ་འབྲེལ་ པའོ། །ཏིང་ངེ་འཛིན་གསུམ་གང་ཞེ་ན། རྣམ་པར་ཐར་པའི་སྒོ་གསུམ་སྟེ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ནི་སྟོང་པ་ཉིད་ཀྱི་རྣམ་པ་དང་། དབེན་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ་དེ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །མཚན་མ་མེད་པའི་ཏིང་ངེ་འཛིན་ནི། ཞི་བའི་རྣམ་པ་ དང་མཚན་མ་མེད་པའི་རྣམ་པར་སེམས་རྩེ་གཅིག་པ་སྟེ་དེ་ནི་མཚན་མ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །སྨོན་པ་མེད་པའི་ཏིང་ངེ་འཛིན་གང་ཞེ་ན། མི་རྟག་པའི་རྣམ་པ་དང་སྡུག་བསྔལ་བའི་རྣམ་པར་སེམས་རྩེ་གཅིག་པ་སྟེ། དེ་ནི་སྨོན་པ་མེད་པའི་ཏིང་ངེ་འཛིན་ཅེས་བྱའོ། །རྫུ་འཕྲུལ་ གྱི་རྐང་པ་བཞི་ཞེས་བྱ་བ་ནི་མོས་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་ ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །ཡང་དག་པར་སྤོང་བ་བཞི་ཞེས་བྱ་བ་ནི། སྡིག་ཏོ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པའི་ཕྱིར་མོས་པ་སྐྱེད་པ་དང་། སྐྱེས་པ་རྣམས་སྤང་བའི་ཕྱིར་མོས་པ་སྐྱེད་པ་དང་། དགེ་བའི་ཆོས་མ་སྐྱེས་པ་ རྣམས་སྐྱེད་པའི་ཕྱིར་མོས་པ་སྐྱེད་ཅིང་བརྩོན་འགྲུས་རྩོམ་པ་དང་། སྐྱེས་པ་རྣམས་འཕེལ་ཞིང་ཤིན་ཏུ་རྒྱས་པར་བྱ་བ་དང་བསྒོམ་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་མོས་པ་བསྐྱེད་པའོ། །དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ནི། ལུས་དྲན་པ་ཉེ་བར་གཞག་པ་ནི། ཡན་ལག་ འདུས་པ་སྣ་ཚོགས་ཀྱི་ལུས་གཟུང་འཛིན་ལ་སོགས་པ་སྟོང་ཞིང་མི་དམིགས་པ་བསྒོམ་པའོ། །ཚོར་བ་ནི་ཕྱི་ན་ཡང་མེད་ནང་ན་ཡང་མེད་གཉིས་ཀ་མེད་པར་མི་དམིགས་པ་བསྒོམ་པའོ། །སེམས་ནི་མིང་ཙམ་སྟེ་མི་དམིགས་པ་བསྒོམ་པའོ། །ཆོས་ནི་ཆོས་ལ་མི་དམིགས་པ་བསྒོམ་ པའོ། །དེ་ནི་ཐེག་པ་ཆེན་པོའི་དབང་དུ་བྱས་པའོ། །བསམ་གཏན་བཞི་ཞེས་བྱ་བ་ནི་བསམ་གཏན་དང་པོ་ནས་ཡན་ལག་ལྔ་སྟེ། རྟོག་པ་དང་དཔྱོད་པ་གཉིས་ཉོན་མོངས་པའི་ཡན་ལག་གོ། །དགའ་བ་དང་བདེ་བ་གཉིས་ཕན་པའི་ཡན་ལག་གོ། །སེམས་རྩེ་གཅིག་པ་གཉིས་ ཀའི་ཡན་ལག་གོ། །བསམ་གཏན་གཉིས་པ་ནི་ཡན་ལག་ཀུན་ལ་བསྡུས་ནས་བཞིར་བཤད་དོ། །ནད་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གོ། །ཚོར་བ་ཡིད་དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག །སེམས་རྩེ་གཅིག་པ་གཉིས་ཀ་གནས་ཀྱི་ཡན་ལག་གོ། །བསམ་གཏན་ གསུམ་པ་ལ་ཡན་ལག་ལྔ་སྟེ། བཏང་སྙོམས་དྲན་པ་ཤེས་བཞིན་གསུམ་གཉེན་པོའོ། །ཚོར་བ་བདེ་བ་ཕན་ཡོན་གྱིའོ། །སེམས་རྩེ་གཅིག་པ་གཉིས་ཀ་གནས་ཀྱི་ཡན་ལག་གོ། །བཞི་པ་ན་ཡང་ཡན་ལག་ལྔ་སྟེ་བཞིར་བཤད་དོ། །བཏང་སྙོམས་ཡོངས་ སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའོ། །ཤེས་བཞིན་ཡོངས་སུ་དག་པ་ནི་གཉེན་པོའི་ཚོར་བ་དང་ཕན་ཡོན་གྱི་ཡན་ལག་གོ། །སེམས་རྩེ་གཅིག་པ་ནི་གཉིས་ཀའི་གནས་ཀྱི་ཡན་ལག་གོ། །འཕགས་པའི་ བདེན་པ་བཞི་ཞེས་བྱ་བ་ནི། གང་གི་འདུ་བྱེད་ཐམས་ཅད་མ་སྐྱེས་པར་མཐོང་བ་དེས་སྡུག་བསྔལ་ཡོངས་སུ་ཤེས་པའོ། །ཆོས་ཐམས་ཅད་འབྱུང་བ་མེད་པར་མཐོང་བ་དེས་ཀུན་འབྱུང་བ་རབ་ཏུ་སྤངས་སོ། །ཆོས་ཐམས་ཅད་མྱ་ངན་ལས་འདས་པར་མཐོང་བ་དེས། འགོག་པ་ མངོན་དུ་བྱས་སོ། །ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས། ལམ་བསྒོམས་སོ། །དབང་པོ་ལྔ་ཞེས་བྱ་བ་ནི། དད་པའི་དབང་པོ་ནི། ལས་དང་། འབྲས་བུ་དང་། བདེན་པ་དང་། དཀོན་མཆོག་རྣམས་ལ་མངོན་པར་ཡིད་ཆེས་པ་སྟེ་དབང་པོ་ནི་འདིའོ་ཞེས་མངོན་པར་ འཛིན་པའོ། །བརྩོན་འགྲུས་ཀྱི་དབང་པོ་ནི་བྱ་བ་དེ་ལ་ངེས་པར་འཇུག་པའོ། །དྲན་པའི་དབང་པོ་ནི་དྲན་པ་ཉམས་པ་མེད་པ་སྟེ་དེས་མ་རིག་པའི་སྐབས་མི་བྱེད་པའོ། །ཏིང་ངེ་འཛིན་གྱི་དབང་པོ་ནི་སེམས་རྩེ་གཅིག་པ་སྟེ་དེས་དབང་བྱེད་པའོ། །ཤེས་རབ་ཀྱི་དབང་པོ་ནི་བླང་ བ་དང་དོར་བ་གཉིས་རྣམ་པར་འབྱེད་པའོ། །སྟོབས་ལྔ་ཞེས་བྱ་བ་ནི། དད་པའི་སྟོབས་ལ་སོགས་པ་བཤད་པ་ནི། དབང་པོ་ལྔ་ཉིད་རབ་ཀྱི་མཐར་གྱུར་པ་ལ་གཞག་གོ། །དེ་དག་ཀྱང་དད་པའི་སྟོབས་དང་བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་ སྟོབས་དང་། ཤེས་རབ་ཀྱི་སྟོབས་ཞེས་མངོན་པར་བརྗོད་པར་འགྱུར་རོ། །རྗེས་སུ་དྲན་པ་དྲུག་ཅེས་བྱ་བ་ནི། རྟེན་དཀོན་མཆོག་གསུམ་རྗེས་སུ་དྲན་པ། ཡུལ་ཚད་མེད་པ་བཞི་རྗེས་སུ་དྲན་པ། ཤེས་བྱ་བདེན་པ་གཉིས་རྗེས་སུ་དྲན་པ། ཐབས་ཤེས་རབ་རྗེས་སུ་དྲན་པ་དང་། རྒྱུ་རིགས་ ལྔའི་དམ་ཚིག་རྗེས་སུ་དྲན་པ་དང་། འབྲས་བུ་སངས་རྒྱས་རྗེས་སུ་དྲན་པའོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་བྱ་བ་ནི། ཆོས་རྣམ་པར་འབྱེད་པ་བྱང་ཆུབ་ཀྱི་ཡན་ལག་གིས་ས་དང་པོ་ལ་ཆོས་ཀྱི་དབྱིངས་སྐྱེ་བ་མེད་པར་རང་གི་མཚན་ཉིད་མངོན་སུམ་དུ་སྐྱུ་རུ་ར་ལག་མཐིལ་དུ་བཞག་ པ་བཞིན་རྟོགས་པའོ། །དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་གང་དུ་ཆོས་རང་དང་སྤྱིའི་མཚན་ཉིད་རྟོགས་པ་མ་བརྗེད་པའོ། །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གིས་བདག་མངོན་པར་རྫོགས་པར་སངས་རྒྱས་པ་ལ་ཐོགས་པ་མེད་པར་འཇུག་པས་སམ་དགེ་བ་གོང་ནས་ གོང་དུ་འཕེལ་བར་བྱེད་པའོ། །ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི་ཉོན་མོངས་པ་སྤོང་བའི་གཞི་སྟེ། །དེ་ལ་ལུས་ཤིན་ཏུ་སྦྱངས་པ་ནི་ལུས་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་རེག་ན་བདེ་བ་ལ་སོགས་པའོ། །སེམས་ཤིན་ཏུ་སྦྱངས་པ་ནི་དམིགས་པ་ལ་རྩེ་གཅིག་པ་སྟེ། རྫུ་འཕྲུལ་ཡེ་ཤེས་ཀྱི་མངོན་པར་ཤེས་པ་དང་ལྡན་པའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ནི། ཉོན་མོངས་པ་སྤོང་བ་གནས་ཀྱི་ཡན་ལག་སྟེ་ཏིང་ངེ་འཛིན་ལ་གནས་ནས་གནས་ངན་ལེན་གནས་འགྱུར་བའི་ཕྱིར་རོ། །བཏང་སྙོམས་ཡང་དག་ནི། ངོ་བོ་ཉིད་ཀྱི་ཡན་ལག་ སྟེ། ཉོན་མོངས་པ་དངོས་སུ་ཡང་མི་འབྱུང་མོད་ཀྱི། དག་པ་ཡང་མེད་དེ་གཉེན་པོའི་འབད་རྩོལ་མེད་པའོ། །དགའ་བ་ཡང་དག་ནི་ཆོས་བདག་མེད་པའི་དོན་མཐོང་བས། ལུས་ཀྱི་དགའ་བ་དང་སེམས་ཀྱི་བདེ་བ་ཕུལ་དུ་བྱུང་བ་སྐྱེས་པ་སྟེ་ཕན་ཡོན་གྱི་ཡན་ལག་གོ། །འཕགས་པའི་ ལམ་ཡན་ལག་བརྒྱད་ཅེས་བྱ་བ་ནི། ཡང་དག་པའི་ལྟ་བ་ནི་མཉམ་གཞག་གི་དོན་རྗེས་ཐོབ་ཀྱིས་གཅོད་པའོ། །ཡང་དག་པའི་རྟོག་པ་ནི་ཀུན་སློང་བའི་འཕེན་པ་ནུས་པ་ཡོད་པ་སྟེ། ཁ་དོག་ནི་ལེགས་པར་བྱང་བ་བཞིན་ནོ། །ཡང་དག་པའི་ངག་ནི་ལྟ་བ་ལ་ཡིད་ཆེས་པར་བྱེད་པ་ སྟེ་བཤད་པ་དང་འབེལ་གཏམ་ལ་སོགས་པའི་སྒོ་ནས་ཡིད་ཆེས་པས་སོ། །ཡང་དག་པའི་ལས་ཀྱི་མཐའ་ནི། ལས་ཀྱི་མཐའ་ཚུལ་ཁྲིམས་རྣམ་པར་དག་པ་ལ་ཡིད་ཆེས་པ་སྟེ་ལུས་དང་ངག་དང་ཡིད་རྣམས་དང་། ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་གཟུང་བའི་ཕྱིར་རོ། ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ཞེས་བྱ་བ་ནི། འདི་ལ་འདོད་པས་དབེན་ཞིང་སྡིག་ཏོ་མི་དགེ་བའི་ཆོས་ཀྱིས་དབེན་པ་རྟོག་པ་དང་བཅས་པ་དཔྱོད་པ་དང་བཅས་པ། དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་དང་པོ་ལ་ཉེ་བར་ བསྒྲུབས་ཏེ་གནས་སོ། །དེ་ལ་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་ཉེ་བར་ཞི་ནས་ནང་ཡོངས་སུ་དང་སྟེ། སེམས་ཀྱི་རྒྱུད་གཅིག་ཏུ་གྱུར་པས་རྟོག་པ་མེད་པ་དཔྱོད་པ་མེད་པ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་ཅན་བསམ་གཏན་གཉིས་པ་ལ་ཉེ་བར་བསྒྲུབས་ཏེ་ གནས་སོ། །དེ་དག་དགའ་བ་ལས་འདོད་ཆགས་དང་བྲལ་བས་དྲན་པ་དང་ལྡན་པས་ཤེས་བཞིན་དང་བཏང་སྙོམས་སུ་གནས་ཏེ། བདེ་བ་ལུས་ཀྱིས་མྱོང་བ་དང་། འཕགས་པ་རྣམས་ཀྱིས་དེ་ལ་དྲན་པ་དང་ལྡན་པ་བདེ་བ་རྣམ་པར་སྤྱོད་ཅིང་བཏང་སྙོམས་པའོ་ཞེས་བརྗོད་པའོ། །དེ་དགའ་ བ་མེད་པའི་བསམ་གཏན་གསུམ་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བདེ་བ་ཡང་སྤངས་སྡུག་བསྔལ་བ་ཡང་སྤངས་ཤིང་ཡིད་བདེ་བ་དང་ཡིད་མི་བདེ་བ་སྔ་ནས་ཀྱང་ནུབ་པས་བདེ་བ་ཡང་མེད་སྡུག་བསྔལ་བ་ཡང་མེད་བཏང་སྙོམས་དང་དྲན་པས་ཡོངས་སུ་དག་པ། བསམ་གཏན་ བཞི་པ་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་ལས་ཡང་དག་པར་འདས་ཏེ་ཐོགས་པའི་འདུ་ཤེས་རྣམས་ནུབ་པར་འགྱུར་ཞིང་སྣ་ཚོགས་ཀྱི་འདུ་ཤེས་ཡིད་ལ་མི་བྱེད་པས་ནམ་མཁའ་མཐའ་ཡས་སོ་ཞེས་ཏེ་ནམ་མཁའ་མཐའ་ཡས་ སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་ལ་ཡང་རྣམ་པ་ཐམས་ཅད་དུ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་ཤེས་མཐའ་ཡས་སོ་ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། ཅུང་ཟད་ཀྱང་མ་ཡོད་དོ་ཞེས། ཅུང་ཟད་མེད་པའི་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་ཅུང་ཟད་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་ཡང་མེད་དོ་ ཞེས་འདུ་ཤེས་མེད་མིན་སྐྱེ་མཆེད་ལ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་རྣམ་པ་ཐམས་ཅད་དུ་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ་འདུ་ཤེས་དང་ཚོར་བ་འགོག་པ་ལ་ཉེ་བར་བསྒྲུབས་ཤིང་གནས་ཏེ་དེ་ནི་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་ དགུ་ཞེས་བྱའོ། །སྟོབས་བཅུ་ཞེས་བྱ་བ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། རྣམ་པར་བྱང་བ་ མཁྱེན་པའི་སྟོབས་དང་། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་། སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་ སྟོབས་སོ། །རྣམ་པར་གྲོལ་བའི་སྐྱེ་མཆེད་བཅུ་གཅིག་དང་ཞེས་བྱ་བ་ནི། མཐའ་དག་ས་དང་། མཐའ་དག་ཆུ་དང་། མེ་དང་། རླུང་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། མཐའ་དག་རྣམ་པར་ཤེས་པ་དང་། མཐའ་དག་ནམ་མཁའོ། །རྟེན་ཅིང་འབྲེལ་ བར་འབྱུང་བའི་ཡན་ལག་བཅུ་གཉིས་དང་ཞེས་བྱ་བ་ནི། དེ་ཡང་རྒྱུ་དང་རྐྱེན་འབྲེལ་པ་སྟེ་ཕྱི་དང་ནང་གིའོ། །ཕྱིའི་རྒྱུ་ནི་ས་བོན་དང་། མྱུ་གུ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་དྲུག་གོ། །རྐྱེན་ནི་སའི་ཁམས་དང་། ཆུའི་ཁམས་དང་། མེའི་ཁམས་དང་། རླུང་ གི་དང་། ནམ་མཁའི་དང་། དུས་ཀྱི་ཁམས་དྲུག་གོ། །ནང་གི་རྒྱུ་ནི་མ་རིག་པ་ནས་རྒ་ཤིའི་བར་དུ། རྟེན་ཅིང་འབྲེལ་པ་ཡན་ལག་བཅུ་གཉིས་ཏེ། དེ་ལ་མ་རིག་པ་ནི་ལས་ལེགས་ཉེས་དང་དེའི་འབྲས་བུ་མི་ཤེས་པ་དང་། ཡང་དག་པའི་དོན་མི་ཤེས་པས་རྨོངས་པའོ། ། འདུ་བྱེད་ནི་ལས་ལེགས་ཉེས་བྱེད་པའོ། །རྣམ་པར་ཤེས་པ་ནི་ལས་ཀྱིས་བསྒོས་པའི་ཀུན་གཞི་རྣམ་པར་ཤེས་པའོ། །སྐྱེ་བ་ནི་ཐོག་མར་མཚམས་སྦྱོར་བའོ། །མིང་དང་གཟུགས་ནི་ཕུང་པོ་ལྔར་གྱུར་པའོ། །སྐྱེ་མཆེད་དྲུག་ནི་དབང་པོ་རྣམས་དོད་པའོ། །རེག་པ་ནི་ཡུལ་དབང་ པོ་རྣམ་ཤེས་གསུམ་འདུས་ནས་ཡོངས་སུ་གཅོད་པའོ། །ཚོར་བ་ནི་རེག་པ་ལས་བྱུང་བ་རྣམ་པ་གསུམ་མྱོང་བའོ། །སྲེད་པ་ནི་ཚོར་བ་བདེ་བ་ལ་ཞེན་ཅིང་མི་ངོམས་པའོ། །ལེན་པ་ནི་སྲེད་པ་གཡེན་སྤྱོས་ནས་འཛིན་ཅིང་ཡོངས་སུ་གཏོང་བའོ། །སྲིད་པ་