Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 2 / 21 (50.000 ký tự/trang)
གཞག་པའོ། །དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ་ཞེས་བྱ་བ་ནི། ཆོ་ག་བྱ་བའི་ས་གཞི་ལའོ། །ཞུན་མར་བུས་ལ་ཞེས་བྱ་བ་ནི། མར་ལས་བྱས་པའི་མེ་མར་རོ། །མཆོད་རྟེན་དེ་ལ་མཆོད་ པར་བགྱི། །ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྒྱལ་པོ་ཆེན་པོ་བཞི་ལ་སོགས་པ་སྟེ། དེ་ཡང་སངས་རྒྱས་རབས་བདུན་ཡང་མཆོད་པའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་ཚིག་གོ། །བདག་གི་འཁོར་དང་ཞེས་བྱ་བ་ནི་ རྣམ་ཐོས་སྲས་ཀྱི་འཁོར་རོ། །གནོད་སྦྱིན་གྱི་གདོན་གྱིས་བཏབ་པའི་མཚན་མ་ནི་ཞེས་བྱ་བ་ནི་གནོད་སྦྱིན་ནི་བྱང་ངོས་ཀྱི་གདོན་ནོ། །གནོད་སྦྱིན་གྱི་གདོན་ཉི་ཤུ་རྩ་བརྒྱད་ཡིན་ཏེ། བྱང་ངོས་དག་ལ་གནོད་པར་བྱེད་དེ། གནོད་སྦྱིན་དེ་དག་གི་དཔོན་པོར་གྱུར་ པའོ། །གནོད་སྦྱིན་གཟུགས་ནི་སྣ་ཚོགས་གཟུགས་ཡིན་ཏེ། གནོད་པ་རང་ཡང་སྣ་ཚོགས་སུ་སྐྱེལ་ལོ། །རྒྱལ་པོ་དང་མི་དང་བྱོལ་སོང་ལ་ཡང་གནོད་པ་སྐྱེལ་བ་སྟེ། ནད་སྣ་ཚོགས་གཏོང་བ་ལ་སོགས་པའོ། །མཚན་མ་འདི་ལྟ་བུ་ཡིན་ཏེ་ཞེས་བྱ་བ་ནི། གཟུགས་ནི་སྣ་ཚོགས་ ཡིན་པའོ། །གནོད་སྦྱིན་སྲིན་པོ་མ་མོ་རྣམས། །ལ་ལ་ཁ་ནས་མེ་འབར་དང་། །སྦྲུལ་གྱི་ཞགས་པ་འཛིན་པ་དང་། །རལ་གྲི་མདའ་གཞུ་མདུང་ཐུང་རྣམས། །འཁོར་ལོ་ལྟོ་དམར་མདུང་རྣམས་ཐོགས། །སྣ་བཅད་པ་དང་རྣ་བ་བཅད། །ཤོ་རེ་དང་ནི་སོ་གཅིག་པ། །ལ་ལ་སྦྲུལ་གྱི་སྣ་དང་ཆུ་སྲིན་ དང་། །མགོ་གཅིག་པ་དང་མགོ་གཉིས་པ། །མགོ་གསུམ་པ་དང་མགོ་དྲུག་པ། །མགོ་མེད་བྲང་ནི་ཁ་ཡོད་ཅན། །མགོ་གཅིག་པ་ལ་སྣ་ཀྲོད་པ། །མི་ཡི་པགས་པ་གོན་པ་དང་། །མི་ཡི་མགོ་བོའི་ཕྲེང་བ་བྱེད། །མི་ཡི་རུས་པའི་རྒྱན་ཆ་དང་། །སེམས་ཅན་ལ་ནི་གནོད་པ་བྱེད། །སྒྲ་སྒྲོགས་པ་དང་རྔ་བོ་ཆེ། ། སེང་གེའི་སྒྲ་དང་མཚུངས་པར་བྱེད། །བྱ་དང་ཁྱི་དང་ཝ་དག་དང་། །སྣ་ཚོགས་གཟུགས་ནི་རྨི་ལམ་བསྟན། །བཞིན་འགྱུར་དང་ནི་མཁྲིས་པའི་ནད། །རླུང་དང་བད་ཀན་ལྡན་པ་དང་། །མཛེ་དང་ཕོལ་མིག་ལྷོག་པ་དང་། །མེ་དབལ་དང་ནི་ཤ་བཀྲ་དང་། །ཤུ་བ་གཡན་པ་འབྲུམ་བུའི་ནད། ། དེ་དག་ནད་ནི་བཏང་བའི་བདག །ཅེས་བྱ་བ་བསྟན་པའོ། །ཕྱིར་ཕྱིར་དགོད་ཅིང་འཇིགས་པར་བྱེད། །ཅེས་བྱ་བ་ནི་ནད་པའི་མཚན་ཉིད་དོ། །ཕྱིར་ཕྱིར་དགོད་པ་བུད་མེད་དང་སྐྱེས་པ་ཡང་རུང་བ་ལ། གནོད་སྦྱིན་གྱིས་བཏབ་པའི་ཕྱིར་ན་དགོད་པར་འདོད་པའོ། །འཇིགས་པར་བྱེད་ཅེས་བྱ་བ་ནི་ རྨི་ལམ་མམ་དངོས་པོར་མཐོང་བའམ། སེམས་ལ་འདི་འབྱུང་ཞེས་བྱ་བའམ། ཉལ་ནས་རྨིས་སད་ནས་བྱུང་བའམ། འཇིགས་པར་བྱེད་པའོ། །སྨ་བར་བགྱིད་ཅིང་ཞེས་བྱ་བ་ནི་དོན་མེད་པར་ལབ་ལོབ་སྨྲ་བ་སྟེ། ཡང་ན་ནད་པ་སྨྲ་བར་བྱེད་པའོ། །ཁྲོ་བར་བྱེད་ཅེས་བྱ་བ་ནི་དོན་ མེད་པར་ཁྲོ་བ་སྟེ། །ཡང་ན་རང་གི་ལུས་ལ་སྨྱོན་པ་བཞིན་དུ་བྱས་པས་ཏེ། རང་ལ་ལྕེབ་པ་དང་། ཁྲོ་ཞིང་གཞན་ལ་རྡེག་པའོ། །དེ་ནི་གཉིད་ཀྱང་ལོག་པར་འགྱུར། །ཞེས་བྱ་བ་ནི། དེ་གཉིད་ཅེས་བྱ་བ་ནི་ནད་པ་སྟེ། གཉིད་ལོག་པའི་དུས་སུ་འཛིན་པའོ། །ཡང་ན་ཤིན་ཏུ་བྲོ་ འཚལ་འགྱུར། །ཞེས་བྱ་བ་ནི། ཡན་ལག་ལ་སོགས་པ་ན་བར་འགྱུར་བའོ། །རྟག་ཏུ་གྱེན་དུ་ལྟ་བར་འགྱུར། །ཞེས་བྱ་བ་ནི། གདོང་ངམ་ནམ་མཁའ་ལ་སོགས་པ་ལ་ལྟ་བའོ། །ཡང་ན་ཤིན་ཏུ་མི་དགའ་བའོ། །སྐར་མ་དག་ལ་སྙེགས་པར་བགྱིད། །ཅེས་བྱ་བ་ནི་ནུབ་མོ་དག་ ཡིན་ཏེ། སྐར་མ་ལ་ཁྲོ་བའོ། །ནུབ་མོ་ཤིན་ཏུ་དགའ་བར་འགྱུར། །ཞེས་བྱ་བ་ནི་ནུབ་མོ་བསམ་པ་ལྡང་ངོ་། །དགའ་བར་བྱེད་པ་ཕྱིན་ཅིང་ནུབ་མོ་ལ་སོགས་པ་ལ་རྒྱུ་བའོ། །དཔེར་ན་དུར་ཁྲོད་དམ་ལམ་རྒྱ་གྲམ་མམ་སྙན་པའི་དུས་སུ། བུད་མེད་སྐྱེས་པ་ལ་མི་དགའ་བ་ཁྱོ་ཚོལ་ བའི་ཕྱིར། བུད་མེད་ཀྱིས་ཁྱོ་བཏང་ནས་ཕྱིར་དགའ་བའོ། །རྟག་ཏུ་འདར་ཞིང་སྒྲ་འབྱིན་ཏེ། །ཞེས་བྱ་བ་ནི་ནད་པ་དེ་ཤིན་ཏུ་འདར་བའོ། །སྒྲ་འབྱིན་པ་ནི་འཇིགས་པའི་སྒྲ་འབྱིན་པའོ། །དེ་ལ་སྔགས་ཀྱི་ཚིག་མཆིས་ཀྱིས། །ཞེས་པ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་ཞལ་ ནས་གསུངས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གཟི་བརྗིད་ཀྱི་མཐུ་དང་སྟོབས་ཀྱིས་བྱིན་གྱིས་བརླབས་པ་སྨྲ་བར་བྱེད་པའོ། །འཇིག་རྟེན་མགོན་པོ་བདག་ལ་གསོན། །ཞེས་བྱ་བ་ནི། འཇིག་རྟེན་མགོན་པོ་ནི་སངས་རྒྱས་སོ། །བདག་ནི་རྣམ་ཐོས་ཀྱི་བུའོ། །གསོན་ ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་བྱིན་རླབས་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་པའི་རིག་སྔགས་ཀྱིས་གནོད་སྦྱིན་གྱི་གདོན་གཅོད་པའོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི་འདི་ལྟ་སྟེ། རིག་སྔགས་འདིའོ། །སིདྡྷི་ཞེས་བྱ་བ་ནི་སྔགས་སོ། །བདག་གི་སྔགས་ཀྱི་ཞེས་བྱ་བ་ ནི་རྣམ་ཐོས་ཀྱི་བུའོ། །ཚིག་རྣམས་གྲུབ་པར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་འགྲུབ་པར་གྱུར་ཅིག་ཅེས་བྱ་བའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་མིང་དང་ཞེས་བྱ་བ་ནི། ནད་པ་ལ་སོགས་པ་དེའི་མཚན་ཉིད་ཀྱིས་བདེ་བའོ། །སྟོབས་དང་ནི་སྟོབས་ཀྱིས་མི་ནུས་ པའོ། །དབང་ཕྱུག་དང་ནི་གནོད་སྦྱིན་ཐམས་ཅད་དབང་དུ་བསྡུས་ཏེ། དབང་བསྐུར་བའི་ཕྱིར་གནོད་པ་མི་སྐྱེད་པའོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་རིག་སྔགས་དང་སངས་རྒྱས་དང་རྣམ་ཐོས་ཀྱི་བུས་བྱིན་གྱིས་བརླབས་པའོ། །དེ་ནས་ཞེས་བྱ་བ་ནི་ལུས་ངན་གྱི་ ཚིག་གི་རྟིང་ལའོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །ཞེས་བྱ་བ་ནི། ཞལ་གཅིག་ཕྱག་ཀྱང་བཞི་པ་སྟེ། །སྐུ་མདོག་དཀར་པོ་འོད་ཟེར་ལྡན། །གཡས་ན་འཁོར་ལོ་མདའ་གནས་པ། །གཡོན་ན་པི་ཝང་གཞུ་འཛིན་པ། །གདན་ཡང་གླང་ཆེན་དག་ལ་ཞོན། །གནས་ནི་རི་རབ་ཤར་ངོས་ན། ། དྲི་ཟ་ཐམས་ཅད་མངའ་མཛད་པ། །ཤར་ཕྱོགས་ངོས་ཀྱི་མངའ་བདག་ཡིན། །དྲི་ཟ་ཕོ་མོ་གཟི་ལྡན་པ། །དྲི་ཟའི་རྒྱལ་པོ་དེ་ཡང་བརྗོད། །གཟི་བརྗིད་དང་ནི་སྟོབས་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །ལྷ་དང་ལྷ་མིན་འཁྲུག་རྩོད་ལྡན། །ཞེས་བྱ་བ་ཡིན་ནོ། །སྟན་ལས་ ལངས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་པའོ། །བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་འཁོར་བཞིའི་མདུན་ནོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་བྱ་བ་ནི་གུས་པས་ཏེ། བཅོམ་ལྡན་ འདས་ལ་དགེ་སློང་གི་ཕྱག་ཅེས་བྱ་བའོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི་རྒྱལ་པོ་ཡུལ་འཁོར་སྲུང་གིས་གསུངས་པའོ། །ག་ལ་བ་དེ་ཞེས་པ་ནི་མདུན་དུའོ། །ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི་མགོ་བོས་ཕྱག་བཙལ་ནས་གུས་པའོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི་ བཅོམ་ལྡན་འདས་ཀྱི་མཐུ་དང་གཟི་བརྗིད་དང་སྟོབས་ཀྱིས་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་བདག་གིས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ངོ་། །འཁོར་དྲི་ཟའི་གདོན་གྱིས་བཏབ་པའི་ཚུལ་ཞེས་བྱ་བ་ནི་འདི་ལྟ་བུ་སྟེ། གཟུགས་བཟང་དང་ནི་སྐྱེ་ལེགས་དང་། །བྱད་མཚར་ དྲི་ཞིམ་གླུ་ལ་དགའ། །མེ་ཏོག་དྲི་དང་དྲི་མ་སོགས། །སེམས་ཅན་ཐམས་ཅད་གནོད་པ་སྐྱེལ། །མེར་མེར་པོ་དང་ནུར་ནུར་པོ། །བུ་ཡི་ས་བོན་མ་ལུས་དག །སྐྱེས་ནས་གཟི་བརྗིད་འཕྲོག་པ་དག །བྱིས་པ་རྣམས་ནི་འཇིགས་པར་བྱེད། །ཟས་སུ་ཟ་བ་བུ་རམ་ཞོ། །ཤར་གྱི་ངོས་ན་གནོད་པར་ བྱེད། །དྲི་ཟ་ཉི་ཤུ་རྩ་བརྒྱད་རྣམས། །དེ་ཀུན་ཤར་ཕྱོགས་རྒྱུ་བ་དག །དྲི་ཟ་འཁོར་གཡོག་ས་ཡ་འབུམ་ཕྲག་དག་བསྟན་པའོ། །མཚན་མ་ནི་འདི་ལྟ་བུ་དག་ཡིན་ཏེ་ཞེས་བྱ་བའོ། །གླུ་ལེན་ཅིང་ཞེས་བྱ་བ་ནི་གླུ་ལ་ཤིན་ཏུ་དགའ་བའོ། །ཡང་ན་ནད་པས་སྨྱོ་བའི་ཚུལ་དུ་གླུ་ལེན་པའོ། །བྲོ་བརྡུང་ ཞིང་ཞེས་བྱ་བ་ནི། རོལ་མོའི་ཚོགས་ལ་ཤིན་ཏུ་དགའ་བ་སྟེ། ཡང་ན་ནད་པ་སྨྱོ་ཞིང་གར་བྱེད་པའོ། །རྒྱན་རྣམས་ལ་ཡང་དགའ་བར་བགྱིད། །ཅེས་པ་ནི་རྒྱན་རྣམས་ལ་སོགས་དགའ་བ་སྟེ། དྲི་དང་དྲི་མ་ལ་སོགས་པ་ལ་ཤིན་ཏུ་དགའ་བའོ། །ཡང་ན་ནད་པ་ཞོ་དང་བུ་རམ་ལ་སོགས་པ་ ལ་དགའ་བའི་མཚན་ཉིད་དོ་ཞེས་བྱ་བའོ། །བརྐམ་པ་མ་མཆིས་ཞེས་བྱ་བ་ནི་མི་བདེན་པའི་ཚིག་ཡིན་ཏེ་བདེན་པར་སྨྲ་བའོ། །མང་བར་སྨྲ་ཞེས་བྱ་བ་ནི། མེད་པ་ནི་མི་བརྟན་པ་སྟེ། ཕྲ་མའི་ཚིག་སྨྲ་བར་འདོད་པའོ། །དགོད་པར་བྱེད་ཅིང་ཞེས་བྱ་བ་ནི། སྨྱོ་བའི་ཚུལ་དུ་ཡིན་ཏེ། དོན་ མེད་པར་དགོད་པའོ། །ཁྲོ་བར་འགྱུར་ཞེས་བྱ་བ་ནི་གཞན་ལ་མ་མགུ་སྟེ། རང་གི་ཚུལ་སྨྱོན་པ་ལྟ་བུའི་ཚུལ་དུ་ཁྲོ་བའོ། །སྐོམ་པར་འགྱུར་ལ་ཞེས་བྱ་བ་ནི་དཔེར་ན་ཡི་དགས་ཡིན་ཏེ། ཡི་དགས་བཞིན་དུ་སྐོམ་པའོ། །མིག་དམར་ཏ་ཞེས་བྱ་བ་ནི་བད་ཀན་ལ་སོགས་པ་ནད་ཀྱིས་ བཏབ་སྟེ་དམར་བའོ། །ཡང་ན་རིམས་ཀྱིས་བཏབ་པ་བཞིན་དུའོ། །རྟག་ཏུ་རིམས་ཀྱིས་འདེབས་པར་འགྱུར། །ཞེས་བྱ་བ་ནི་མ་ཤི་བར་གྱི་ཚེ་ན་ནད་ཀྱིས་ཐེབས་པའོ། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །ཞེས་བྱ་བ་ནི། མིག་ནད་ནི་རྒས་རྒས་སུ་འབྱུང་བའོ། །རྒྱབ་ཀྱིས་ ཕྱོགས་ཤིང་ཉལ་བར་བྱེད་པ་ནི་དཔེར་ན་མདུན་ན་ཡོད་པ་བཞིན་དུ། གན་རྒྱལ་དུ་ཉལ་བའོ། །དེ་ལ་ཞེས་པ་ནི་དྲི་ཟ་རྣམས་ལའོ། །སྔགས་ཀྱི་ཚིག་ཅེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །འཇིག་རྟེན་མགོན་པོ་ནི་བཅོམ་ལྡན་འདས་ལའོ། །བདག་ནི་དྲི་ཟའི་རྒྱལ་ པོའོ། །གསོན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་སོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི། འདི་ལྟ་སྟེ། སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །རིག་སྔགས་ནི་ཨ་ཁེ་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་སྟོབས་དང་ཞེས་པ་ནི། སངས་ རྒྱས་དང་སྟོང་ཆེན་མོ་དང་རྒྱལ་པོ་ཆེན་པོ་རྣམས་ཀྱིས་སྲུང་བའོ། །བྱིན་གྱིས་ཞེས་པ་ནི་སངས་རྒྱས་སོ། །བདག་གདོན་ཐམས་ཅད་དང་ཞེས་པ་ནི་སྟོང་ཕྲག་བརྒྱད་ཅུའོ། །གནོད་པ་ཐམས་ཅད་ལས་ཞེས་བྱ་བ་ནི་འདིར་དྲི་ཟ་ལ་སོགས་པའོ། །ཐར་བར་གྱུར་ཅིག་ སྭཱ་ཧཱ་ཞེས་པ་ནི། བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་ཞི་བར་གྱུར་ཅིག་ཅེས་པའོ། །དེ་ནས་ཞེས་བྱ་བ་ནི་ཡུལ་འཁོར་སྲུང་གིས་བཤད་པའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱ་བ་ནི་ཞལ་གཅིག་པ་ལ་ཕྱག་བཞི་པ། གཡས་པ་གཉིས་ན་བསྣམས་པ་ནི། །དབྱུག་ ཏོ་དང་ནི་མདའ་འཛིན་པའོ། །གཡོན་པ་གཉིས་ན་བསྣམས་པ་ནི། །རིན་ཆེན་དང་ནི་གཞུ་བསྣམས་པའོ། །སྐུ་མདོག་སེར་པོ་མེ་ཡི་འོད། །སྟག་གི་གདན་ལ་བཞུགས་པའོ། །ཉི་ཤུ་རྩ་བརྒྱད་གྲུལ་བུམ་གདོན། །མ་མོ་ལ་སོགས་དེ་བཞིན་འཁོར། །གཙོ་བོར་གྱུར་པ་དེ་རྣམས་ནི། ། གྲུལ་བུམ་གདོན་ནི་བསམ་མི་ཁྱབ། །རི་རབ་རྩེ་མོའི་ལྷོ་ཕྱོགས་ན། །གྲུལ་བུམ་གདོན་རྣམས་གནས་པ་ཡིན། །ལྷོ་ཕྱོགས་མི་ལ་གནོད་པར་བྱེད། །ལྷོ་ཕྱོགས་ངོས་ནི་གྲུལ་བུམ་གདོན། །སྣ་ཚོགས་ནད་ནི་གཏོང་བར་བྱེད། །རླུང་དང་བད་ཀན་འདུས་པ་དང་། །མཛེ་དང་ལྷོག་པ་ཤུ་བ་ དང་། །ཕོལ་མིག་དང་ནི་གཡན་པ་དང་། །ཤ་བཀྲ་དང་ནི་མེ་དབལ་དང་། །འབྲུམ་བུའི་ནད་རྣམས་གཏོང་བར་བྱེད། །སྐེ་བོང་ཆེ་ལ་སྐད་ཆེ་བ། །མེ་རི་ཆེན་པོའི་འོད་དང་མཚུངས། །མིག་གཅིག་པ་དང་མིག་གསུམ་པོ། །མཇུག་གཅིག་པ་དང་མཇུག་གཉིས་པ། །མགོ་གཅིག་པ་དང་ མགོ་གཉིས་པ། །མགོ་བཞི་པ་དང་གདོང་གསུམ་མ། །རྐང་གཅིག་པ་དང་རྐང་གསུམ་པ། །རྐང་པ་དག་ནི་གནམ་ལ་ལྟ། །མི་ཡི་པགས་པ་གོན་པ་དང་། །མི་མགོའི་ཕྲེང་བའི་དོ་ཤལ་ཅན། །མི་ཡི་རུས་པས་བརྒྱན་པ་དང་། །འཇིགས་པ་ཆེན་པོའི་འོད་འབར་བ། །རྫུ་འཕྲུལ་ ཆེན་པོའི་སྟོབས་ལྡན་པ། །སེམས་ཅན་རྣམས་ལ་འཚེ་བར་བྱེད། །དེ་དག་མཐོང་ན་ཐམས་ཅད་འཇིགས། །མངལ་ན་གནས་པ་རླག་པར་བྱེད། །སྐྱེས་པ་ན་ཡང་གཟི་བརྗིད་འཕྲོག །ཕྲད་ན་དཀའ་ཐུབ་ཅན་གྱི་སྲོག་ཀྱང་འཕྲོག །རྨི་ལམ་ན་ནི་ཝ་དང་སྤྱང་ཀི་སྤྲེའུ་དང་། །བྱ་དང་བུ་ཆུང་ བུད་མེད་དང་། །རྨི་ལམ་དུ་ནི་བསྟན་པའོ། །གྲུལ་བུམ་གྱི་གདོན་གྱི་མཚན་མ་བསྟན་པའོ། སྟན་ལས་ལངས་ཏེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་པའོ། །བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་པ་ནི། བཅོམ་ལྡན་འདས་དང་དགྲ་བཅོམ་པ་ དང་བྱང་ཆུབ་སེམས་དཔའ་དང་འཁོར་རྣམ་བཞིའི་མདུན་དུ་ཕྱག་བཙལ་ཏེ། པུས་མོ་གཡས་པའི་ལྷ་ངས་ལ་བཙུགས་ཏེ་ཞེས་པ་ནི། བཅོམ་ལྡན་འདས་ཀྱི་མདུན་དུ། དགེ་སློང་གི་ཕྱག་གི་ཚུལ་དུའོ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་ཞེས་པ་ནི། །རྒྱལ་པོ་ཆེན་ པོ་འཕགས་སྐྱེས་པོས་བཅོམ་ལྡན་འདས་ཀྱི་མདུན་དུ་ཐལ་མོ་སྦྱར་བའོ། །བཅོམ་ལྡན་འདས་ཉིད་ལ་ཕྱག་འཚལ་ཞིང་ཞེས་པ་ནི། ཤཱཀྱ་ཐུབ་པ་ལ་ཕྱག་བཙལ་བའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་པ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་བཅོམ་ལྡན་འདས་ཀྱི་མཐུ་དང་གཟི་ བརྗིད་ཀྱིས་བྱིན་གྱིས་བརླབས་པའོ། །བཅོམ་ལྡན་འདས་བདག་གི་འཁོར་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་ཞེས་བྱའོ། །ཡི་དགས་གྲུལ་བུམ་གྱིས་ཟིན་པའི་ཚུལ་ཞེས་བྱ་བ་ནི། ཤིང་བཞིན་མི་སྡུག་པ་དང་། བོང་སྐེ་ཐུང་བ་དང་། གསུས་པ་ཆེ་བ་དང་། མིག་ གཡོ་བ་དང་། མགོ་བོ་ཆེ་བ་དང་། སྐྲ་རིང་བ་དང་། ཁ་ཡོ་བ་དང་། ལ་ལ་ནི་ཤ་ཆེ་བ། ལ་ལ་ནི་ཤ་སྐམ་པ། རྟག་ཏུ་སེམས་ཅན་ལ་གནོད་པ་བྱེད་པའོ། །མཚན་མ་ནི་འདི་ལྟ་བུ་ལགས་ཏེ་ཞེས་བྱ་བ་ནི་འདི་ལྟ་སྟེ། ནད་པའི་མཚན་ཉིད་དོ། །ཤིན་ཏུ་སྐོམ་པས་འདེབས་པར་འགྱུར། ། ཞེས་བྱ་བ་ནི། བུ་ཆུང་ལ་སོགས་པ་ཡིན་ཏེ། མ་ཡི་མངལ་ནས་བཟུང་ནས་ནི། །སྐྱེས་མ་ཐག་ཏུ་ནད་ཀྱིས་འདེབས། །གཡེང་བས་བཏབ་ཅིང་ལྟ་བར་འགྱུར། །ཞེས་བྱ་བ་ནི་གཡེང་བས་ནི་བྱས་པས་འཇིགས་པའོ། །བཏབ་ཅིང་ནི་འདར་བས་འཇིགས་པའོ། །ལྟ་བར་འགྱུར་ནི་ མིག་ལྡོག་ཅིང་གྱེན་དུ་ལྟ་བའོ། །བཞིན་ཡང་ནི་མིག་དང་ལུས་ནི་དམར་བའོ། །དམར་པོར་ལྟ་བར་འགྱུར་ཞེས་བྱ་བ་ནི་སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། ཁ་ནས་ཁྲག་ཏུ་སྐྱུགས་པའོ། །བསྐུམ་ནས་ཞེས་བྱ་བ་ནི་ནད་པའི་རྐང་ལག་འཁུམས་པའོ། །འཁུམས་པའི་ ནད་ཀྱིས་མ་ཤི་ཡང་གླེན་པར་འགྲོ་བའོ། །ས་ལ་ཉལ་བར་འགྱུར་ཞེས་བྱ་བ་ནི། འགུལ་མི་ནུས་པའོ། །གལ་ཏེ་འགྲོ་ན་རྐང་ལག་ས་ལ་མི་ཚུགས་པའོ། །ཁ་དོག་ངན་ཞིང་ཞེས་བྱ་བ་ནི་མཛེ་དང་ཕོལ་མིག་བཏབ་པའོ། །ལུས་ཀྱང་སྐེམ་པ་ཞེས་བྱ་བ་ནི་གློའི་ནད་ཀྱིས་ བཏབ་པ་སྟེ། དབུགས་ཀྱང་ཕྱི་རུ་འགྲོ་བའོ། །སྐྲ་དང་སེན་མོ་རིང་བ་སྟེ། །ཞེས་བྱ་བ་ནི་མངལ་ནས་སྐྱེས་མ་ཐག་ཏུ་ན་བ་མ་ཚོར་བར་དུ་སྐྲ་དང་སེན་མོ་རིང་བའོ། །དྲི་མ་ཅན་ལ་ཞེས་བྱ་བ་ནི་རིམས་ཀྱིས་བཏབ་ནས་འཁྲུ་བའོ། །དྲི་མི་བདའ་ཞེས་བྱ་བ་ནི་ཕྱི་ས་བཀག་པའོ། །བརྫུན་ནི་ དོན་མེད་པར་སླུ་བའོ། །ཀྱལ་པར་སྨྲ་བ་ཞེས་བྱ་བ་ནི་མཛའ་བཤེས་རྣམས་ལ་ཕྲ་མ་འཇུག་པའོ། །དེ་ལ་ཞེས་བྱ་བ་ནི་གྲུལ་བུམ་གྱི་གདོན་འདུལ་བའོ། །གང་གིས་འདུལ་ཞེ་ན། སྟོང་ཆེན་མོའི་རིག་སྔགས་ཀྱིས་གཅོད་པའོ། །སྔགས་ཀྱི་ཚིག་མཆིས་ཞེས་པ་ནི་རྒྱལ་པོ་འཕགས་ སྐྱེས་པོའི་ཚིག་གོ། །འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བདག་ཅེས་བྱ་བ་ནི་གྲུལ་བུམ་རྒྱལ་པོ་འཕགས་སྐྱེས་པོའོ། །གསོན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟི་བརྗིད་དང་སངས་རྒྱས་ཀྱི་མཐུ་དང་སྟོབས་ཀྱིས་བྱིན་གྱིས་བརླབས་པའོ། །སྱཱད་ཡ་ཐེ་ དན་ཞེས་བྱ་བ་ནི་འདི་ལྟ་སྟེ། ཡང་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་རིག་སྔགས་སོ། །སྔགས་ནི་ཁ་ཁ་ཁ་མེ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །ཞེས་བྱ་བ་ནི་གྲུལ་བུམ་གྱི་གདོན་གྱི་བདག་པོའོ། མིང་དང་ཞེས་བྱ་བ་ནི་སངས་རྒྱས་དང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ དང་། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའོ། །སྟོབས་དང་ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་འོ། །དབང་ཕྱུག་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་དབང་ཕྱུག་གིས་སོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི། སེམས་ཅན་ནོ། །བདག་གི་གདོན་གནོད་པ་ནི་གྲུལ་བུམ་གྱི་གདོན་ནོ། །གནོད་ པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཅེས་པ་ནི་ནད་པ་ལ་སོགས་པ་སྟེ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་བྱིན་གྱིས་བརླབས་པའོ། །དེ་ནས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཚིག་གོ། །རྒྱལ་པོ་ཆེན་པོ་མིག་མི་བཟང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་མིག་མི་བཟང་། །ཞལ་གཅིག་ ཕྱག་ཀྱང་བཞི་པ་སྟེ། །སྐུ་མདོག་དམར་པོ་མེ་ཡི་འོད། །གཡས་པ་སྦྲུལ་ཞགས་མདའ་ཡང་བསྣམས། །གཡོན་པ་པདྨ་གཞུ་ཡང་བསྣམས། །གདན་ལ་བཞུགས་ཏེ་ཆུ་སྲིན་ལ། །ཀླུ་ཡི་གདོན་ལ་མངའ་མཛད་པ། །ནུབ་ཀྱི་ངོས་ནས་བྱིན་བརླབས་མཛད། །ཀླུ་ཡི་གདོན་ནི་ཉི་ཤུ་བརྒྱད། །ཀླུ་རྣམས་ ཀྱི་ནི་དཔོན་པོའོ། །ནད་རྣམས་ཐམས་ཅད་གཏོང་བྱེད་པ། །དུག་གི་བདག་པོ་ཀླུ་རྣམས་ཡིན། །འགྲོ་བའི་དུག་དང་སྡོད་པའི་དུག །སྦྱོར་བའི་དུག་དང་རྣམ་གསུམ་མོ། །བསམ་པ་དང་ནི་རེག་པ་དང་། །ཁ་རླངས་དང་ནི་ཚོར་བའི་དུག །མཆེ་བ་དང་ནི་མཐོང་བ་དང་། །སྤྲིན་པའི་དུག་དང་ཆུ་ཡི་ དུག །སད་དང་རླུང་དང་མེ་ཡི་དུག །བད་ཀན་མཁྲིས་པ་རླུང་དང་ནི། །ལྡན་པ་བཞི་སྦྱོར་ཕོལ་མིག་དང་། །གཡན་པ་མེ་དབལ་ཤ་བཀྲ་དང་། །ཤུ་བ་མཛེ་དང་འབྲུམ་བུ་དང་། །མིག་ནད་སྣ་ནད་ཁ་ནད་དང་། །རྣ་བ་སྣ་དང་གག་པ་དང་། །རྨ་ནད་ཀླད་པ་འབྲས་རྣམས་དང་། །སྦོས་ཤིང་ སྐམ་པ་ཆུ་སེར་དང་། །དམུ་ཆུ་སྐྲན་དང་རྒྱུ་ནད་དང་། །གློ་ནད་དབུགས་དང་སྙིང་ནད་དང་། །མཚེར་པ་མཁལ་མ་བུ་སྣོད་ལ། །བུད་མེད་བུ་ཡང་ཆགས་མི་སྟེར། །སྐྱེས་ནས་འོད་འཕྲོག་མངལ་ནས་སྐམ། །མེར་མེར་པོ་ཡང་མི་སྟེར་རོ། །ནུར་ནུར་པོ་ན་ཅ་ལེ་ཆགས། །གྲང་ཞིང་དྲོད་ མེད་ལུས་པ་ཡིན། །ཀླུ་རྣམས་འདབ་བཟངས་ས་བདག་དང་། །ས་སྲིན་བསེན་མོ་ཀླུ་བཙན་དང་། །ཀླུ་ཡི་ཕོ་མོ་ཀླུ་རྒྱལ་དང་། །ས་ལ་རྒྱུ་བ་མཐོང་མི་འགྱུར། །རྨི་ལམ་མཐོང་ཞིང་འདར་བར་བྱེད། །རྨི་ལམ་མཚོ་དང་ཆུ་རྣམས་འགྱུར། །བ་གླང་བྱིས་པ་བུད་མེད་འགྱུར། །ཕག་དང་ ར་ལུག་རྟ་དང་ནི། །རང་གི་མ་མོ་ཉེ་བར་བསྡུ། །སྡིག་པ་སྦྲུལ་དང་ཉ་རྣམས་དང་། །ཆུ་ལ་གནས་པའི་སེམས་ཅན་འགྱུར། །དངོས་པོ་སྦྲུལ་དག་མཐོང་བ་ནི། །ས་བདག་དངོས་པོ་ཡིན་པར་ཤེས། །མགོ་གཅིག་པ་དང་མགོ་གཉིས་པ། །མགོ་གསུམ་པ་དང་མགོ་ལྔ་པ། །བྲམ་ཟེ་ རྒྱལ་རིགས་རྗེ་རིགས་དང་། །དམངས་རིགས་དང་ནི་གདོལ་པའི་རིགས། །ལ་ལས་ཁྲོ་བ་ཕྱེད་ཁྲོ་བ། །གཟུགས་བཟང་ཞི་བ་སྦྲུལ་མཇུག་ཅན། །དེ་དག་ནི་ཀླུ་ཡི་གདོན་གྱི་ཆོ་འཕྲུལ་ལོ། །སྟན་ལས་ལངས་ཏེ་ཞེས་བྱ་བ་ནི་སངས་རྒྱས་དང་དགྲ་བཅོམ་པ་དང་། བྱང་ཆུབ་སེམས་ དཔའ་ལ། བསྐོར་བ་ལན་གསུམ་བྱས་ནས་མགོ་བོས་ཕྱག་འཚལ་བའོ། །བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ། །པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་མདུན་དུ་སྟེ། ཡང་ན་ནི་དགེ་སློང་ གི་ཕྱག་ཅེས་བྱ་བའོ། །བཅོམ་ལྡན་འདས་ག་ལ་དེར་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རོ། །ཐལ་མོ་སྦྱར་ནས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལ་གུས་པས་སོ། །བཅོམ་ལྡན་འདས་ཉིད་ལ་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་མིག་མི་བཟང་གིས་ཕྱག་འཚལ་ལོ། །འདི་སྐད་ཅེས་ གསོལ་ཏོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་མཐུ་དང་བྱིན་གྱི་རླབས་དང་། སྟོབས་དང་གཟི་བརྗིད་དང་བྱིན་གྱི་རླབས་ཀྱིས་སོ། །གསོལ་ཏོ་ཞེས་པ་ནི་བཅོམ་ལྡན་འདས་ལ་མིག་མི་བཟང་གིས་གསོལ་བ་བཏབ་པའོ། །བཅོམ་ལྡན་འདས་བདག་གི་འཁོར་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ གི་འཁོར་རོ། །ཀླུ་འདབ་བཟངས་ཀྱི་གདོན་གྱིས་བཏབ་པའི་ཚུལ་ཞེས་བྱ་བ་ནི། མི་ཡི་ལུས་ལ་སྦྲུལ་གྱི་མགོ། །ལ་ལ་མི་ཡི་ལུས་འདྲ་བ། །ལ་ལ་བྱ་ཡི་གཟུགས་སུ་སྟོན། །མཚན་མ་ནི་འདི་ལྟ་བུ་ལགས་ཏེ་ཞེས་བྱ་བ་ནི་ནད་པའི་མཚན་ཉིད་འདི་ལྟ་སྟེ། འོག་མའི་ཚིག་གོ། །སྐྱིགས་བུས་ འདེབས་ཤིང་ཞེས་བྱ་བ་ནི་དགྲ་རིམས་ནད་ཀྱིས་བཏབ་ཅིང་རླབ་ཅོལ་ཟེར་བའོ། །དབུགས་ཀྱང་འབྱིན་ཞེས་བྱ་བ་ནི་གློ་འབྱིན་ཞིང་དབུགས་ནང་དུ་སྡུད་མི་ཤེས་པའོ། །དེ་བཞིན་དབུགས་ཀྱང་གྲང་བར་འགྱུར། །ཞེས་པ་ནི། རིམས་ཀྱིས་བཏབ་ཅིང་ལུས་གྲང་ཞིང་། །ལྕེ་ལྐུགས་རྐང་ལག་རེངས་ པའོ། །རྡུལ་ཞིང་ཞེས་བྱ་བ་ནི་དཔེར་ན་ཉི་ཚན་གྱིས་རྡུལ་བཞིན་ནོ། །སྦུ་བ་ཁ་ཆུ་འབྱུང་ཞེས་པ་ནི་ར་དུག་ཟོས་པས་སྐྱུགས་པ་བཞིན་ནོ། །ཡང་ན་ཆང་འཐུངས་ནས་ན་ཞིང་སྐྱུགས་པ་བཞིན་དུའོ། །ཕྱི་ཕྱིར་གཉིད་ནི་ལོག་པར་འགྱུར། །ཞེས་བྱ་བ་ནི་ཡང་ནས་ཡང་གཉིད་ཀྱིས་ལོག་ཅིང་རྒྱུ་ནད་ ཀྱིས་བཏབ་པའོ། །ཁ་དོག་ལྡན་ཞིང་དཔའ་བ་སྟེ། །ཞེས་བྱ་བ་ནི་ནད་ཀྱི་མཚན་ཉིད་དེ་ལྡོག་པ་དང་འབྲུམ་བུ་དང་ཤ་རོའོ། །དེ་བཞིན་འདར་ཞིང་ཞེས་བྱ་བ་ནི་ཁོང་ན་ཚད་པ་ཡོད་པའོ། །རྒྱུག་པར་འགྱུར་ཞེས་པ་ནི་སྨྱོ་ཞིང་ཕྱི་རུ་འབྲོས་པའོ། །སེན་མོ་དག་ཀྱང་སྟོན་པར་བགྱིད། །ཅེས་པ་ནི་ཁོང་ གཅོང་ནད་ཀྱིས་བཏབ་ནས་སེན་མོ་གཞན་ལ་སྟོན་པའོ། །དོག་སར་མཆིས་ཤིང་ཞེས་པ་ནི་ས་གཞི་ལྟ་ཞིང་སྙིང་མི་དགའ་བའོ། །ངུ་བར་བགྱིད་པ་ནི་སྙོད་ཅིང་སྙིང་དུ་འདྲེ་འཇུག་ཅིང་ལྕེབ་འདོད་པའོ། །དེ་ལ་ཞེས་བྱ་བ་ནི་ཀླུའི་གདོན་ཚར་གཅོད་པའོ། །གང་གིས་ཚར་གཅོད་ཅེ་ན། སྟོང་ཆེན་མོའི་ རིག་སྔགས་ཀྱིས་གཅོད་པའོ། །སྔགས་ཀྱི་ཚིག་མཆིས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གི་ཚིག་གོ། །འཇིག་རྟེན་མགོན་པོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །བདག་ཅེས་བྱ་བ་ནི་རྒྱལ་པོ་སྤྱན་མི་བཟང་ངོ་། །གསོན་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གཟི་བརྗིད་དང་ སངས་རྒྱས་ཀྱི་མཐུ་དང་། སྟོབས་ཀྱིས་བྱིན་གྱིས་བརླབས་པ་དང་། ཞུ་བ་ཕུལ་བའོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི། འདི་ལྟ་སྟེ། སྟོང་ཆེན་མོའི་རིག་སྔགས་སོ། །ཀྲ་ཀ་མི་ཞེས་བྱ་བ་ལ་སོགས་པའོ། །རྒྱལ་པོ་ཆེན་པོ་མིག་མི་བཟང་ཞེས་བྱ་བ་ནི་ཀླུའི་གདོན་གྱི་རྒྱལ་པོའོ། །མིང་དང་ ཞེས་བྱ་བ་ནི་སངས་རྒྱས་དང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ངོ་། །སྟོབས་ཞེས་བྱ་བ་ནི་རིག་སྔགས་འདིའི་མཐུའོ། །དབང་ཕྱུག་དང་ཞེས་བྱ་བ་ནི་སངས་རྒྱས་ཀྱི་དབང་ཕྱུག་བརྒྱད་ཀྱི་ཕྱིར་རོ། །བྱིན་གྱིས་བརླབས་ཞེས་བྱ་བ་ནི་སེམས་ཅན་ལའོ། ། བདག་གི་གདོན་གནོད་པ་ནི་ཀླུའི་གདོན་ནོ། །གནོད་པ་ཐམས་ཅད་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི། ནད་པ་ལ་སོགས་པ་སྟེ། རྒྱལ་པོ་སྤྱན་མི་བཟང་གིས་བྱིན་གྱིས་བརླབས་པའོ། །དེ་ནས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའི་བཤད་པ་དེ་ནས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ ཚེ་ཞེས་པ་ནི་ཏིང་ངེ་འཛིན་ལས་བཞེངས་ནས། འཁོར་ཐམས་ཅད་ཀྱི་མདུན་དུ་ཞེས་བྱ་བ་ནི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། རྒྱལ་པོ་བཞི་དང་ལྷ་རུ་བཅས་པའི་མདུན་དུའོ། །སེང་གེའི་སྒྲ་བསྒྲགས་པ་ཞེས་བྱ་བ་ནི་བདག་མེད་པ་ལ་གསུམ་སྟེ། དེ་ཡང་མཚན་ཉིད་ མེད་པས་མེད་པ་ནི་ཀུན་དུ་བརྟགས་ཏེ། དེ་ལྟར་བརྟགས་པའི་དུས་ཉིད་ན། །དེས་སྟོང་པའི་ཕྱིར་རོ། །དེ་ན་མི་མཐུན་པའི་མཚན་ཉིད་ཀྱིས་བདག་མེད་པ་ནི་གཞན་གྱི་དབང་སྟེ། དེ་ལྟར་བརྟགས་པ་དང་མི་མཐུན་པ་སྟེ། རྐྱེན་གཞན་ལ་རག་ལས་ཤིང་སྐྱེ་བའོ། །རང་དང་སྤྱིའི་མཚན་ ཉིད་ཀྱིས་བདག་མེད་པ་ནི་ཡོངས་སུ་གྲུབ་པ་སྟེ། ཐོག་མ་ཉིད་ནས་བརྟགས་པ་དེས་སྟོང་པའི་ཕྱིར་རོ། །དེ་ལྟར་བདག་མེད་པ་གསུམ་པོ་དེ་ཉིད་ཀྱིས་ཀུན་སྐྲག་པར་བྱེད་པ་བདག་ཉིད་དམ། ཉམ་མི་ང་བའི་ཕྱིར་སེང་གེའི་སྒྲའོ། །བསྒྲགས་པ་ནི་འཁོར་ལ་བཤད་པའོ། །ད་ནི་ སྟོབས་བཅུ་ཞེས་བྱ་བ་ནི་དེ་ཡང་གནས་དང་གནས་མ་ཡིན་པའི་སྟོབས་ནི། དགེ་བ་སྤྱད་པས་མཐོ་རིས་ཀྱི་གནས་ཡིན་ལ། ངན་སོང་རྣམས་མིན་པ་ནི་འདོད་པ་གཞན་གྱི་དབང་ངོ་། །ལོག་པར་སྤྱད་པ་ནི་ངན་སོང་གི་གནས་ཡིན་གྱི་མཐོ་རིས་ཀྱི་གནས་མ་ཡིན་པ་ནི་མི་འདོད་པ་གཞན་གྱི་དབང་ངོ་ ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ། །དབང་པོ་མཆོག་དང་མཆོག་མ་ཡིན་པའི་མཁྱེན་པའི་སྟོབས་འདི་ནི་དབང་པོ་རྣོན་པོ་དེའི་རིགས་ཅན་ཡིན། འདི་ནི་རྟུལ་པོ་ཉན་ཐོས་ཀྱི་རིགས་ཅན་ཡིན་པ་ལ་སོགས་པ་མཁྱེན་པའོ། །ཁམས་སྣ་ཚོགས་མཁྱེན་པ་ནི་ས་བོན་གྱི་དོན་ཏེ། འདི་ ནི་ཉན་ཐོས་ཀྱི་རིགས་སམ་སྐལ་པའམ་བག་ཆགས་ཅན་ནོ། །འདི་ནི་རང་སངས་རྒྱས་ཀྱི་ཐེག་པ་ཆེན་པོ་ལ་སོགས་པ་མཁྱེན་པའོ། །མོས་པ་སྣ་ཚོགས་པ་མཁྱེན་པ་ནི་གང་ཟག་གི་ཉན་ཐོས་ལ་མོས་པ། འདི་ནི་ཐེག་པ་ཆེན་པོ་ལ་མོས་པ་ལ་སོགས་པ་མཁྱེན་པའོ། །བསམ་གཏན་ དང་། ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པ་བཞི་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མཁྱེན་པའི་སྟོབས་ནི་བསམ་གཏན་བཞི་དང་། རྣམ་པར་ཐར་པ་བརྒྱད་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་། མཐར་གྱིས་ གནས་པའི་སྙོམས་པར་འཇུག་པ་དགུ་དང་། འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་ལ་མ་ལུས་པའི་ལམ་མཁྱེན་པ་སྟེ། གོ་རིམས་ལྟར་སྦྱར་རོ། །ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་དང་མི་གཡོ་བའི་ལས་ཀྱི་འབྲས་བུ་རྣམ་ པར་སྨིན་པ་འདི་ལྟ་བུ་དང་འདི་ལྟ་བུ་ཐོབ་པ་ལ་སོགས་པ་མཁྱེན་པའོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་ནི་འདིས་ནི་མངོན་པར་མཐོ་བ་ཐོབ་པས་ཐམས་ཅད་ཀྱི་ལམ་མོ། །འདི་ནི་ཉན་ཐོས་ལ་སོགས་པའི་ངེས་པར་ལེགས་པ་ཐོབ་ཅིང་བགྲོད་པར་བྱེད་པའི་ལམ་ལ་སོགས་ པ་མཁྱེན་པའོ། །སྔོན་གྱི་གནས་རྗེས་སུ་དྲན་པ་ནི་སྔོན་གྱི་ཡུལ་འདིར་ལས་འདི་ལྟ་བུར་བླངས་ཏེ་ཕ་ནི་འདི་ལ་མ་ནི་འདི། འདི་ལྟ་བུ་ལ་སོགས་པ་ཞིབ་ཏུ་མཁྱེན་པའོ། །འཆི་འཕོ་བ་དང་སྐྱེ་བ་མཁྱེན་པ་ནི་གང་ཟག་འདི་དུས་འདི་མི་ཚེ་རྒྱུ་འདི་ལྟ་བུ་ཞིག་གིས་ཤི་འཕོས་ནས་ ཡུལ་འདིའི་རིགས་འདི་ལྟ་བུ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་མཁྱེན་པ་ཟག་པ་ཟད་པ་མཁྱེན་པ་ནི་བདག་གིས་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་བ་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་རྒྱུད་ལ་སྐྱེས་སོ་ཞེས་བྱ་བ་ལ་སོགས་པ་མཁྱེན་པའོ། །མི་འཇིགས་པ་ བཞིས་འཇིགས་པ་མེད་པ་ཞེས་བྱ་བ་ནི་མི་འཇིགས་པ་བཞི་གང་ཞེ་ན། བདག་གིས་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་ཞེས་དམ་བཅས་ནས་དེ་ལ་ཆོས་འདི་རྣམས་མངོན་པར་སངས་མ་རྒྱས་སོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་ པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་ པར་སྤྱོད་པ་དང་། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅས་པའོ། །འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པ་བསྐོར་བར་ མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་མ་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་ སུ་ཡང་རུང་སྟེ། ཆོས་དང་ལྡན་པ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །བདག་ཟག་པ་ཟད་དོ་ཞེས་དམ་བཅས་ནས། དེ་ལ་ཟག་པ་འདི་རྣམས་ཡོངས་སུ་ཟད་པར་གྱུར་ཏོ་ཞེས་བྱ་བར་བདག་ལ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། སྐྱེ་དགུའི་ཚོགས་གཞན་ སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་ པོ་ཆེའི་གནས་སུ་དམ་བཅས་པའོ། །འཁོར་གྱི་ནང་ན་སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་ བྱའོ། །གང་ཡང་བདག་གིས་བར་ཆད་ཀྱི་ཆོས་ཡོངས་སུ་བསྟན་པ་དེ་དག་ལ་བརྟེན་ནས། བར་ཆད་ཀྱི་ཆོས་སུ་འགྱུར་རོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པ་རྒོལ་ བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པས། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པར་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་ སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུས་ཀྱང་རུང་སྟེ། ཆོས་དང་ལྡན་པ་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ། །གང་ཡང་བདག་གིས་ལམ་འཕགས་པ་བྱུང་ བ་རྟོགས་པར་གྱུར་པ་དེ་བྱེད་པའི་སྡུག་བསྔལ་ཡང་དག་པར་གྱུར་པ་དེ་དག་ལ་ནན་ཏན་བྱས་ནས་སྡུག་བསྔལ་ཡང་དག་པར་ཟད་པར་འགྱུར་བ་མི་འབྱུང་ངོ་ཞེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། འཇིག་རྟེན་ན་ཆོས་དང་ལྡན་པར་ རྒོལ་བར་འགྱུར་རོ་ཞེས་བྱ་བའི་རྒྱུ་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། དེ་ལ་བདག་བདེ་བ་ཐོབ་པ་དང་། བག་ཚ་བ་མེད་པ་ཐོབ་པ་དང་། མི་འཇིགས་པ་ཐོབ་པ་རྣམ་པར་སྤྱོད་དེ། ཁྱུ་མཆོག་རླབས་པོ་ཆེའི་གནས་སུ་དམ་བཅའོ། །འཁོར་གྱི་ནང་དུ་ སེང་གེའི་སྒྲ་བསྒྲག་གོ། །ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་ངམ། བྲམ་ཟེའམ། ལྷའམ། བདུད་དམ། ཚངས་པའམ། གཞན་སུ་ཡང་རུང་སྟེ། ཆོས་དང་ལྡན་པར་བསྐོར་བར་མི་ནུས་པ་བདག་གིས་རབ་ཏུ་བསྐོར་བར་བྱའོ་ཞེས་བྱ་སྟེ་བཞི་པོ་དེ་དག་ནི་མི་འཇིགས་པའོ། ། འཁོར་གྱི་ཞེས་བྱ་བ་ནི་དགྲ་བཅོམ་པ་ལྔ་བརྒྱའོ། །ནང་དུ་སེང་གེའི་སྒྲ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སྟོང་པའི་སྒྲའོ། །ཁྱུ་མཆོག་ལྟ་བུ་ནི་འཕགས་པ་ཀུན་དགའ་བོའོ། །རྒྱ་ཆེན་པོ་ཞེས་བྱ་བ་ནི་ནམ་མཁས་ཇི་ལྟར་ཁྱབ་པར་སྟོང་པའི་སྒྲས་ཁྱབ་པའོ། །སྟོང་པའི་སྒྲ་དེས་ཅིའི་དོན་བྱེད་ཅེ་ན། སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའོ། །ཡང་དག་པར་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པ་སྟེ་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་སྟེ་དཔེར་ན་ཅི་དང་འདྲ་ན། རི་བོང་གི་རྭ་བཞིན་ནོ། །བརྗོད་དུ་ནི་མི་རུང་། དངོས་པོར་ནི་མེད་པའི་ཕྱིར་རོ། །དེ་ནི་ཆོས་ཀྱི་སྐུའི་དཔེའོ། །བསྒྲགས་སོ་ཞེས་བྱ་བ་ནི་དངོས་ སུ་སྟེ། གཟུགས་སྐུ་གཉིས་ཀྱིས་དོན་བྱེད་པའོ། །གཟུགས་སྐུ་གཉིས་ནི་དཔེར་ན་གཡག་གི་རྭ་བཞིན་ནོ། །གཡག་གི་རྭས་ནི་དངོས་པོར་ཡང་སྣང་ལ་འབིགས་པར་བྱེད་པའི་དོན་གྱི་ཕྱིར་རོ། །དེའི་ཕྱིར་ན་གཟུགས་སྐུ་རྣམ་གཉིས་ཀྱིས་ནི་ཡོད་པའི་དོན་བྱས་སོ། །ཆོས་སྐུས་ནི་མེད་ པའི་དོན་བྱས། ཡོད་པ་དང་མེད་པའི་དོན་བྱས་པའི་ཕྱིར་ན་སྟོང་པ་ཉིད་ཀྱི་སྒྲ་བསྒྲགས་པའོ། །ཚངས་པའི་ཞེས་བྱ་བ་ནི་འོད་སྲུངས་ཀྱིས་སྤྱོ་བ་བརྒྱད་ཀུན་དགའ་བོ་ལ་བྱས་པས་ཚངས་པའི་ཕྱིར་ན་ཚངས་པའོ། །འཁོར་ལོ་བསྐོར་ཞེས་བྱ་བ་ནི་བཀའི་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །སྡེ་ ཞེས་བྱ་བ་ནི་བདུད་ཀྱི་རིགས་བཞིའོ། །མཐུ་དང་ཞེས་བྱ་བ་ནི་སོ་སོའི་ནུས་པའོ། །གཞོན་པ་ལ་ནི་ལྷ་མིའི་བུའི་ཆ་བྱད་དོ། །བཅས་པ་ནི་བདུད་ཀྱི་རིགས་བྱེ་བ་དུང་ཕྱུར་ཕྲག་བཅོ་ལྔའོ། །བདུད་ཀྱང་གཅིག་གིས་རབ་ཏུ་བཏུལ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །དེ་ ལ་དང་པོ་བཞི་ལ་ལྷའི་བདུད་ནི་གཞན་འཕྲུལ་དབང་བྱེད་ཀྱི་གནས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་ཅེས་བྱ་བ་དང་། བདུད་མོ་པདྨོ་གཟི་ལྡན་མ། འཁོར་འཇིག་རྟེན་སྐྱོང་བ་བཞི། བདུད་ཀྱི་རིགས་བྱེ་བ་དུང་ཕྱུར་ཕྲག་བཅོ་ལྔ་ཡོད་དེ། དེ་ལ་ལྷའི་རིགས་སུ་སྐྱེས་པས་ལྷའི་ བུ་ཡིན་ལ་ཞི་བ་དེ་ཐར་པའི་སྲོག་གཅོད་པ་འཕགས་པའི་ནོར་འཕྲོགས་པས་ཀྱང་བདུད་ཡིན་ནོ། །དེ་ལྟ་ན་བདུད་ཀྱི་རིགས་བྱེ་བ་ཕྲག་དུང་ཕྱུར་བཅོ་ལྔ་ཡོད་པས་བར་དུ་གཅོད་དོ། །དེས་ཆོད་ན་འཁོར་འཇིག་རྟེན་སྐྱོང་བ་བཞིས་བར་དུ་གཅོད་དོ། །དེ་ཡང་གཅིག་སྦྱིན་ པའི་བར། གཅིག་གིས་བཟོད་པའོ། །གཅིག་གིས་བརྩོན་འགྲུས་ཀྱི་བར་དུ་གཅོད་པའོ། །དེས་ཀྱང་མ་ཆོད་ན་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་དང་། བདུད་མོ་པདྨ་གཟི་ལྡན་མ་ཆགས་པའི་མདའ་ལྔ་འཕེན་ཏེ། གདུང་སྐེམ་ར་རོ་མྱོས་དང་སྨྱོ། །མདའ་ལྔ་ཡིན་པར་ཤེས་པར་ བྱ། །དེ་ལྟ་བུའི་ཚུལ་གྱིས་བར་དུ་གཅོད་པའི་ཕྱིར་ན་བདུད་དོ། །ཉོན་མོངས་པའི་བདུད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་སྟེ། དེ་རྣམས་མ་ཞི་བའི་རྣམ་པ་བསྐྱེད་པས། ཉོན་མོངས་པ་ཡིན་ལ། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་བགེགས་བྱེད་པས་འཕགས་པའི་ནོར་ འཕྲོག་པའི་བདུད་ཀྱང་ཡིན་ནོ། །ཕུང་པོའི་བདུད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་བྱ་སྟེ། དེ་ཉིད་སྤུངས་པས་ན་ཕུང་པོའོ། །དེ་ཉིད་ན་བ་དང་རྒས་པ་འཁོགས་པ་ལ་སོགས་པའི་བར་དུ་གཅོད་པས་བདུད་དོ། །འཆི་བདག་གི་བདུད་ནི་དངོས་སུ་རང་གི་ཚེ་འདིའི་འཕེན་པ་ཟད་ནས་འཆི་བ་ཡིན་ པ་ལ་དེའི་ཕྱག་རྒྱ་མ་འམ་རྟགས་སུ་འགྲོ་བ་རྣམས་ཀྱི་བདུད་རང་གི་ལྷག་པའི་ཕྱོགས་ན་གནས་ཞེས་པ་སྟེ། གཤིན་རྗེའི་རྒྱལ་པོ་བེ་བ་སྭ་ཏ་ཞེས་བྱ་བ། ལུས་པོ་མིའི་ལུས་ལ་མགོ་བོ་སེང་གེའི་མགོ་བོ་ཅན། མིག་རྩ་དམར་པོ་གཅིག་གནས་ཏེ། དེ་འཆི་བ་ལ་དབང་བྱེད་པས་ན་འཆི་བདག་ ཀྱང་ཡིན་ལ་དེར་ཨཱརྱའི་ནོར་འཕྲོག་པ་ཐར་པ་ལ་བགེགས་བྱེད་པས་བདུད་ཀྱང་ཡིན་ནོ། །དེ་ལྟར་ཡང་འགྲོ་བ་རྣམས་ནི་དོ་ནུབ་འདི་བྱ་ནང་པར་འདི་བྱེད་ལས་གཞན་ཡང་འདི་བྱ་སེམས་པས་ན། གཤིན་རྗེའི་རྒྱལ་པོ་མིག་རྩ་དམར་བས་མ་རུངས་སྙམ་པ་དགོད་པར་བྱེད་ཅེས་པས་སོ། །དེ་རྣམས་ བཏུལ་བ་དང་ལྡན་པ་སྟེ། དེ་ཡང་ཀུན་རྫོབ་དང་དོན་དམ་པ་སྟེ། དེ་ཡང་དང་པོ་ནི་རྡོ་རྗེ་གདན་གྱི་སྤོ་ལ་སངས་རྒྱས་པའི་ཚེ་བདུད་དགའ་རབ་དབང་ཕྱུག་གིས་རིག་ནས་བདུད་མོ་པདྨ་གཟི་ལྡན་མ་དང་བཅས་པ་མྱ་ངན་གྱི་ཁང་པར་ཞུགས། དེའི་ཚེ་འཁོར་རྣམས་ཀྱིས་སྨྲས་པ་གཙོ་བོ་ཅིའི་ཕྱིར་ན་ མྱ་ངན་གྱི་ཁང་པར་ཞུགས་མྱ་ངན་བྱེད་ཅེས་པ་དང་། གཙོ་བོས་སྨྲས་པ་འཇིག་རྟེན་འཛམ་བུའི་གླིང་འདི་ན། གཞོན་ནུ་དོན་གྲུབ་མངོན་པར་རྫོགས་པར་སངས་རྒྱས་པས། དེ་སངས་རྒྱས་ནས་འདོད་པའི་ཁམས་སྟོང་པར་འགྱུར་རོ། །བདག་ཅག་མངའ་རིས་གང་ལ་བྱ་སྟེ། དེའི་ ཕྱིར་ན་མྱ་ངན་བྱེད་ཟེར་ཏེ། འཁོར་རྣམས་ཀྱིས་སྨྲས་པ། མྱ་ངན་མ་བྱེད་དེ་བས་བར་དུ་གཅོད་ཅེས་སྨྲས་སོ། །དང་པོ་བདུད་ཀྱི་བུ་མོ་ཤིན་ཏུ་མཛེས་པ་བཞི་སྤྲུལ་ཏེ། བྷ་ག་བཱན་ལ་ཆགས་པ་སྐྱེ་བའི་ཕྱིར་ན་གཏང་བས། བྷ་ག་བཱན་མི་སྡུག་པའི་ཕྱིར་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས། རྒན་མོ་ མི་སྡུག་པ་སྤྲང་མོ་ཞར་མ་ལྟ་བུ་བཞི་རུ་གྱུར་ཏོ། །དེ་ནས་འཁོར་འཇིག་རྟེན་པ་ལ་སོགས་པ་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་པས། བྷ་གས་བྱམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། མེ་ཏོག་གི་ཆར་དུ་གྱུར་ཏོ། །དེ་ནས་སྤྲུལ་པའི་ཚོགས་ཁྲོ་བོ་དཔག་ཏུ་མེད་པ་རྣམས་ཀྱིས། ཨོཾ་ ཡ་མཱནྟ་ཀ་ཧཱུཾ་ཞེས་བརྗོད་པས། འཚེ་བ་རྟོགས་ཤིག་པའི་སྒྲ་ནམ་མཁའ་ཁྱབ་པར་བསྒྲགས་པས་བདུད་འཁོར་ཐམས་ཅད་དབང་དུ་བསྡུས་སོ། །མཐོང་ཙམ་ཅིག་ནས་བདུད་དགའ་རབ་དབང་ཕྱུག་དང་པདྨ་གཟི་ལྡན་ཤོར་རོ། །དེ་ནས་ལྷའི་བུའི་བདུད་བཏུལ་བར་གྱུར་ཏེ། དེ་ནས་ཐོ་ རངས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་པ་རྐང་ལ་གནས་པ་དང་། སྤྱི་ལ་གནས་པ་ཐམས་ཅད་སྤངས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས་ཉོན་མོངས་པའི་བདུད་བཏུལ་བར་གྱུར་ཏོ། །དེ་ནས་ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་དཀའ་ཐུབ་ལོ་དྲུག་མཛད་པས་རྫུད་ཅིང་རིད་ པར་གྱུར་པ་ལ་ཚོང་དཔོན་གྱི་བུ་མོ་ལེགས་སྐྱེས་མས་བ་ལྔ་བརྒྱའི་འོ་མ་གདུས་པ་དྲངས་པས། སྐུ་གསེར་གྱི་བརྟན་པ་ཕྱིས་པ་ལྟར་སོང་། ཤ་མེད། ཁྲག་མེད། རྒས་པ་མེད་པར་གྱུར་ཏོ། །དེ་ལྟར་ན་ཕུང་པོའི་བདུད་བཏུལ། དེ་ནས་ལོ་བརྒྱད་ཅུ་ན་སྐུ་མྱ་ངན་ལས་འདས་པ་ལ་བྲམ་ ཟེ་སུ་ཀ་ཏོས་གསོལ་བ་བཏབ། སྐུ་ཚེ་རིང་བར་དབང་མངའ་བརྙེས་པའི་རྟགས་སུ་ལོ་གཉིས་བཞུགས་པས་འཆི་བདག་གི་བདུད་བཏུལ་ལོ། །དེ་ནས་དོན་དམ་པར་བཏུལ་བ་ནི། དེ་ལྟར་ན་བདུད་བཞི་སྣང་བ་ཉིད་རང་གི་ཡེ་ཤེས་དེ་དེ་ལྟ་བུར་སྣང་སྟེ། སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ། དེ་ལྟ་བུར་དེ་ཡང་རང་རིག་པར་རིག་པ་ལོངས་སྐུ། དེ་ཉིད་བཙལ་ན་གང་དུ་ཡང་མ་རྙེད་པས། སྟོང་པ་འོད་གསལ་བ་ཆོས་ཀྱི་སྐུའོ། །སེམས་ཅན་ཐམས་ཅད་བསྲུང་བའི་ཕྱིར་ཞེས་བྱ་བ་ནི། སྙིང་རྗེའི་སྒོ་ནས་སོ། །རིག་སྔགས་ཞེས་བྱ་བ་ནི་སྟོང་པ་ཉིད་དེ། དེ་ཡང་ཀུན་གཞི་རྣམ་པར་ ཤེས་པས་ཉེ་བར་ལེན་པའི་རྒྱུ་བྱས། སྟོབས་རྣམ་པ་ལྔས་ལྷན་ཅིག་སྐྱེས་པའི་རྐྱེན་བྱས། ཀུན་གཞི་རྣམ་པར་ཤེས་པ་གནས་འགྱུར་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྟོང་པ་མཐའ་དག་དང་བྲལ་བའི་དོན་རྟོགས་པས། རིག་སྔགས་མཚན་ཉིད་པ་སྟེ། དེའི་མཚོན་ཆ་མེ་ལོང་ལྟ་བུའི་ཡེ་ ཤེས། མཚོན་པ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ། སྐུ་མདོག་དང་ཞལ་ཕྱག་གི་རྣམ་པར་བྱུང་བའོ། །དེ་སྐུ་མདོག་ནི་མཐིང་ག་ཞལ་གསུམ་པ་སྟེ་གཡས་ཀྱི་ཞལ་ཞི་བ་དཀར་མོ་དྲེགས་པའི་ཚུལ་དང་ལྡན་པའོ། །གཡོན་དམར་མོ་རྒོད་པ་དབང་གི་ཚུལ་དང་ལྡན་པའོ། །དང་པོའི་ ཞལ་མཐིང་ཀ་ཁྲོ་མོ་སྟེ། དྲག་པོའི་ཚུལ་དང་ལྡན་པའོ། །ཞལ་གསུམ་པ་ནི་སྐུ་གསུང་ཐུགས་ཀྱི་རྣམ་པར་དག་པའོ། །ཕྱག་དྲུག་ཞབས་གཉིས་ན་གནོད་སྦྱིན་ཕོ་མོ་གནོན་པའོ། །གནོད་སྦྱིན་ཕོ་ནི་སྲིད་པའི་ངོ་བོའོ། །མོ་ནི་འདས་པ་ཡིན་ཏེ་སྲིད་པ་དང་འདས་པ་རྣམ་པར་འཇོམས་ པའོ། །ཕྱག་དྲུག་པ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །གཡས་ཀྱི་དང་པོ་ནི་རྡོ་རྗེ་རྩེ་ལྔ་པ། བར་མ་ན་རལ་གྲི། ཐ་མ་ན་དགྲ་སྟའོ། །གཡོན་གྱི་དང་པོ་ནི་སྡིགས་མཛུབ་ཞགས་པ། བར་མ་ན་རྩེ་གསུམ། ཐ་མ་ན་ལྕགས་ཀྱུའོ། །གཡས་ན་རྡོ་རྗེ་ཞེས་བྱ་བ་ནི་ ཡེ་ཤེས་རྣམ་པར་དག་པའོ། །རལ་གྲི་ཞེས་བྱ་བ་ནི། ཤེས་རབ་ཡིན་ཏེ་ཉོན་མོངས་པ་གཅོད་པའོ། །སྐུ་གསུང་ཐུགས་ཀྱི་ཉེས་པ་རྣམས་ཐུབ་པའི་ཕྱིར་དགྲ་སྟའོ། །རྡོ་རྗེ་ཞགས་པ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་བཅིངས་པའོ། །སྡིགས་མཛུབ་ནི་མ་ལུས་སེམས་ཅན་སྡང་བ་རྣམས་ལ་ སྡིགས་མཛུབ་བོ། །སྲིད་པ་གསུམ་དུ་སོང་བའི་ཉོན་མོངས་པ་འབིགས་པར་བྱེད་པས་ན་མདུང་རྩེ་གསུམ་མོ། །མཆེ་བ་གཙིགས་པ། ཁ་གདངས་པ། དབུ་སྐྲ་གྱེན་དུ་འབར་བ། སྤྱན་གསུམ་པ། དབུ་ལ་ཐོད་པ་ལྔས་བརྒྱན་པ། རྒྱན་ཐམས་ཅད་ནི་རིན་པོ་ཆེ་དང་། སྦྲུལ་གྱིས་ བརྒྱན་པ། སྟོད་གཡོགས་དང་སྨད་གཡོགས་སུ་བཅས་པ། སྨད་གཡོགས་ནི་སྟག་གི་ཤམ་ཐབས་ཅན། ཉི་མའི་གདན་དང་ཉི་མའི་འོད་དང་བཅས་པའོ། །ཐམས་ཅད་ཅེས་བྱ་བ་ནི་རིགས་ལྔའི་རང་བཞིན་ནོ། །ང་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ལའོ། །ཉོན་ཞེས་བྱ་བ་ནི་ བཅོམ་ལྡན་འདས་ཀྱི་ཚིག་གོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི་འདི་ལྟ་སྟེ་ཞེས་བྱ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་རིག་སྔགས་སྟོན་པའི་ཚིག་གོ། །རིག་སྔགས་ཞེས་བྱ་བ་ནི་ཨ་སཾ་གེ་ལ་སོགས་པའོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་ གཤེགས་པ་སྟེ། དེ་བཞིན་ཉིད་ནི་སྟོང་པ་ཉིད་སྤྲོས་པ་དང་བྲལ་བ་སྟེ། དེ་ཡང་དང་པོ་བྱུང་ཡང་དེའི་ངང་ལས་བྱུང་ལ། བར་དུ་གནས་ཀྱང་དེར་གནས། ཐ་མར་འགགས་པའམ་ཐིམ་པ་ཡང་དེའི་ངང་ལས་ཐིམ་པའི་ཕྱིར་ཏེ་ཆོས་ཀྱི་སྐུའོ། །ཡང་དེ་བཞིན་ཉིད་རྟོགས་པས་ཏེ་སྟོང་པ་ཉིད་ སྤྲོས་བྲལ་རྟོགས་ཤིང་རིག་པའི་ཕྱིར་ཏེ་ལོངས་སྐུའོ། །ཡང་དེ་བཞིན་དུ་གཤེགས་པས་ནི་དེ་བཞིན་གཤེགས་པ་སྟེ། མར་མེ་མཛད་ལ་སོགས་པ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས། མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་གྱི་དོན་ལ་གཤེགས་པས་དེ་ བཞིན་གཤེགས་པ་སྟེ། སྤྲུལ་པའི་སྐུའོ། །མཚན་དང་ཞེས་བྱ་བ་ནི་སུམ་ཅུ་རྩ་གཉིས་སོ། །སྟོབས་དང་ནི་སྟོབས་བཅུའོ། །དབང་ཕྱུག་དང་ཞེས་བྱ་བ་ནི་འཇིགས་པ་བརྒྱད་དམ་གསུམ་ལ་དབང་ཐོབ་པ་སྟེ། མི་འགྱུར་བའི་སྡུག་བསྔལ་དང་། ལྷའི་འཆི་འཕོ་བ་དང་སྐྱེ་བའི་ སྡུག་བསྔལ་ལ་དབང་ཐོབ་པའི་ཕྱིར་རོ། །བྱིན་གྱིས་ཞེས་བྱ་བ་ནི་སྟོང་ཆེན་མོས་བྱིན་གྱིས་བརླབས་སོ། །བདག་ལ་ཞེས་བྱ་བ་ནི་ཉེ་བར་མཚོན་པའོ། །བདེ་ལེགས་སུ་གྱུར་ཅིག་སྭཱ་ཧཱ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག །དེ་དག་རྒྱལ་པོ་ཆེན་ པོ་བཞིའི་ཆོ་གའི་སྐབས་ཏེ་གསུམ་པའོ།། །།སངས་རྒྱས་ཀྱི་ནི་གསུང་ཐོས་ནས། །ཞེས་བྱ་བ་ནི་སེང་གེའི་སྒྲ་ཡིན་ཏེ་སེང་གེའི་སྒྲ་ཞེས་བྱ་བ་ནི་སྟོང་ཆེན་མོའི་རིག་སྔགས་འདིའི་སྒྲའོ། །ཐོས་ཞེས་བྱ་བ་ནི་འབྱུང་པོ་ཐམས་ཅད་ཀྱིས་སོ། །ཕྱོགས་བཞིའི་འཇིག་རྟེན་སྐྱོང་ བདག །ཅེས་པ་ནི་བརྒྱ་བྱིན་དང་། དྲི་ཟ་དང་། མེ་ལྷ་དང་། གཤིན་རྗེ་དང་། སྲིན་པོ་དང་། ཆུ་ལྷ་དང་། རླུང་ལྷ་དང་། གནོད་སྦྱིན་དང་། དབང་ལྡན་དང་། ཚངས་པ་དང་། སའི་ལྷ་མོའོ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། རླུང་ ལྷའི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། ཤ་ཟའི་གདོན་དང་། འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་། སྐེམ་བྱེད་ཀྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། མ་མོའི་གདོན་དང་། ཙ་མི་ཀའི་གདོན་དང་། ནམ་གྲུའི་གདོན་དང་། མེ་ལྷའི་གདོན་དང་། ནག་པོའི་གདོན་དང་། ནག་ པོ་ཆེན་པོའི་གདོན་དང་། རི་ཁྲོད་ཀྱི་གདོན་དང་། ཟས་སུ་ཤ་ཟའི་གདོན་རྣམས་སོ། །དེ་དག་ནི་གཙོ་བོར་གྱུར་བ་རྣམས་སོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུའོ། །འཇིགས་དང་སྐྲག་དང་དངངས་འགྱུར་ཏེ། །ཞེས་བྱ་བ་ནི་རིག་སྔགས་ཀྱིས་སྐྲག་པའི་ཕྱིར་རོ། །ཐལ་མོ་སྦྱར་ནས་འཁོད་ པར་གྱུར། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐྱབས་སུ་འགྲོ་བ་དང་། འཇིགས་པ་དང་། སྐྲག་པར་འགྱུར་བས་ན་ཐལ་མོ་སྦྱར་བའོ། །འབྱུང་པོའི་ཚོགས་ནི་ལྷག་མ་རྣམས། །དངངས་འཁྲུགས་རོད་རོད་པོར་གྱུར་ནས། །ཞེས་བྱ་བ་ནི། སྟོང་ཕྲག་དང་ནི་བརྒྱད་ཅུ་དང་། ། དེ་འཚམ་དག་ནི་ཉི་ཤུ་བརྒྱད། །དངངས་ཞེས་བྱ་བ་ནི། དབུགས་མ་ཐོན་པའོ། །འཁྲུགས་པ་ཞེས་བྱ་བ་ནི་དྲན་པ་སྟོར་བའོ། །རོད་རོད་པོར་གྱུར་ཞེས་བྱ་བ་ནི་རེངས་པའོ། །རབ་ཏུ་འབྱེར་བྱེད་ཅིང་ཞེས་བྱ་བ་ནི་ཁྲོས་པའོ། །ཕྱོགས་བཅུར་ཞེས་བྱ་བ་ནི་སོ་སོར་གཅིག་ལ་མི་སྡོད་པར་ འབྲོས་པའོ། །སྒྲ་བོ་ཆེ་ཡང་སྒྲོགས་པར་བྱེད། །ཅེས་བྱ་བ་ནི། བྲེད་པའི་སྐད་ཆེན་པོ་འདོན་པར་བྱེད་པའོ། །རྒྱལ་པོ་ཆེན་པོས་ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞིའོ། །དེ་ཤེས་ནས་ཞེས་པ་ནི་མངོན་པར་ཤེས་པས་འབྱུང་པོ་བྲེད་པ་མཐོང་བའོ། །གསང་བ་གསུམ་ནི་དམ་ཚིག་སྟེ། རྡོ་ རྗེ་ལྟ་བུའི་དམ་ཚིག་ཆེན་པོའོ། །ཡང་དག་སྨྲ་ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པར་འབྱུང་པོ་ལ་སྨྲས་པའོ། །ཀྱེ་མ་ཞེས་བྱ་བ་ནི་ངོ་མཚར་བའོ། །མ་ནི་རྒྱུ་བའོ། །རིག་སྔགས་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཁྱབ་པའོ། །རིག་སྔགས་ཆེ་ཞེས་བྱ་བ་ནི་སྟོང་པའི་ལམ་ཏིང་ངེ་འཛིན་རྡོ་རྗེ་ལྟ་ བུ་ཐོབ་པས་ཆེ་བའོ། །སྟོང་ཆེན་ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་རང་བཞིན་ནམ། ཉན་ཐོས་དང་རང་སངས་རྒྱས་སྐྱེད་པར་བྱེད་པའི་ཡུམ་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །རབ་ཏུ་འཇོམས་བྱེད་ཅེས་པ་ནི། འབྱུང་པོ་ལ་སོགས་ པ་བར་དུ་གཅོད་པ་ཐམས་ཅད་འདུལ་བའོ། །སངས་རྒྱས་ཀྱིས་ནི་གསུངས་པ་དེ། །ཞེས་བྱ་བ་ནི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བརྒྱ་ཕྲག་སྟོང་གིས་གསུངས་པའོ། །ཐོས་ནས་འབྱུང་པོ་སྐྲག་གྱུར་ཏེ། །ཞེས་བྱ་བ་ནི། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་ཀྱི་སྒྲ་ཐོས་ནས་ སྐྲག་པའོ། །དཔེར་ན་རབ་ཏུ་འབར་བའི་མེ། །ཞེས་བྱ་བ་ནི་བསྐལ་པ་ཆེན་པོ་དུས་ཀྱི་མེ། ཡང་ན་ནི་མེ་ཆེན་པོ་འབར་བའི་ནང་དུ་ཏིལ་གྱི་མར་བླུགས་པ་ལྟ་བུའོ། །ཏིལ་མར་ངར་བཏགས་རལ་གྲི་བཞིན། །ཞེས་བྱ་བ་ནི་དཔེར་ན་ཉི་ཚན་ལ་རལ་གྲིའི་སྣེ་མོ་ཉི་མ་ལ་བསྲེགས་ནས་ཏིལ་མར་ བྱུགས་ནས་བརྒྱབ་པས་ཐམས་ཅད་གཅོད་པ་བཞིན་དུ། སྟོང་ཆེན་མོའི་རིག་སྔགས་འདིས་ཀྱང་། འགྲོ་བ་རིགས་དྲུག་གི་སྡུག་བསྔལ་གཅོད་པའི་ཕྱིར་རོ། །རིག་སྔགས་སྤུ་གྲིའི་སོ་འདྲ་བ། །ཞེས་པ་ནི་དཔེར་ན་སྤུ་གྲིས་སྐྲ་རྣམས་རྩ་བ་ནས་བཞར་བ་བཞིན་དུ་བགེགས་ཐམས་ ཅད་ཕྱིར་ཕུད་པའི་ཕྱིར་རོ། །ཡང་ན་ནི་རིག་སྔགས་འདིའི་བྱིན་གྱི་རླབས་ཀྱིས་འགྲོ་བ་རིགས་དྲུག་གི་རྒྱུན་བཅད་ནས་བྱང་ཆུབ་ལ་དགོད་པའི་ཕྱིར་རོ། །གཽ་ཏ་མ་ཞེས་བྱ་བ་ནི་དྲང་སྲོང་གཽ་ཏ་མའི་ཚ་བོ་ཡིན་པའི་ཕྱིར་གཽ་ཏ་མར་བཏགས་སོ། །རབ་བཤད་པ་ཞེས་བྱ་བ་ནི་རྒྱ་ཆེ་བའོ། དྲང་སྲོང་གིས་ནི་ལེགས་བཤད་པ། །ཞེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའོ། །སངས་རྒྱས་ཞལ་ནས་གསུངས་པ་ལ། །ཞེས་བྱ་བ་ནི་བདེན་པའི་ཚིག་གིས་བརྒྱན་པའོ། །དེ་ལ་གང་ཞིག་མ་དད་པ། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ཞིང་ལྟ་བ་ལོག་པའོ། ། དེ་ཡི་བུ་ཐུ་བོ་ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་མ་དད་པ་གང་ཡིན་པ་དེའི་བུ་ཐུ་བོ་ཆེའོ། །ཚངས་པའི་ཞགས་པས་ཞེས་བྱ་བ་ནི་དུས་ཀྱི་ཞགས་པའོ། །མེད་པར་འགྱུར་ཞེས་བྱ་བ་ནི་དུས་ཀྱི་ཞགས་པས་བཟུང་ནས་འཆི་བའོ། །མེ་ནི་རབ་ཏུ་འབར་བྱས་ལ། །ཞེས་བྱ་བ་ནི་དཔེར་ ན། སྦྱིན་སྲེག་མཁན་པོས་མེ་སྦར་བཞིན། །བླ་དང་འོག་དང་ཕྱོགས་བཞི་ཡང་། །ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་གནས་སོ། །སྦྱིན་སྲེག་གི་ནི་ཆུས་གཏོར་ཏེ། །ཞེས་བྱ་བ་ནི་སྦྱིན་སྲེག་གི་ཆུས་ཞེས་བྱ་བ་ནི་མེ་ལོང་ལྟ་བུའི་ཡང་དག་པའི་ཡེ་ཤེས་ཀྱི་ཆུས་རིགས་དྲུག་གི་ཚ་བའི་ སྡུག་བསྔལ་ཞི་བར་བྱེད་པའོ། །གཏོར་ཏེ་ཞེས་བྱ་བ་ནི་རིགས་དྲུག་གི་སེམས་ཅན་ལ་ཡེ་ཤེས་ཀྱི་འོད་ཟེར་གྱིས་བྱིན་གྱིས་བརླབས་པའོ། །ནས་དང་ཡུངས་ཀར་བླངས་ནས་སུ། །མར་གྱི་སྙིང་པོ་དང་སྦྱར་ནས། །མེ་ཡི་ནང་དུ་བླུག་པར་བྱ། །ཞེས་བྱ་བ་ནི་དཔེར་ན་ནས་དང་ཡུངས་ཀར་དང་འདྲ་བའི་ གནོད་པར་བྱེད་པའི་གདོན་རྣམས་སོ། །བླངས་པས་སུ་ནི་སྦྱིན་སྲེག་མཁན་པོས་ལག་པར་རྫས་བླངས་པ་དང་འདྲ་བར་བཅོམ་ལྡན་འདས་ཀྱི་བྱིན་གྱི་རླབས་ཀྱིས་གནོད་བྱེད་ཀྱི་མི་རྣམས་བཀུག་པའོ། །མར་གྱི་སྙིང་པོ་དང་སྦྱར་ནས། །ཞེས་བྱ་བ་ནི་མར་གྱི་སྙིང་པོ་ནི་སྟོང་ཆེན་མོའི་རིག་སྔགས་སོ། ། སྦྱར་ནས་ཞེས་བྱ་བ་ནི་རིག་སྔགས་དང་ཏིང་ངེ་འཛིན་གྱི་མཐུའོ། །མེ་ཡི་ནང་དུ་བླུག་པར་བྱ། །ཞེས་བྱ་བ་ནི་གནོད་པའི་གདོན་རྣམས་ཏིང་ངེ་འཛིན་གྱི་མེས་བླངས་ནས། ཡེ་ཤེས་ཀྱི་མེས་བསྲེགས་པའི་ཕྱིར་རོ། །ལེགས་པར་གསུངས་པ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པའོ། ། འདི་ཞེས་བྱ་བ་ནི་སྟོང་ཆེན་མོའི་རིག་སྔགས་སོ། །ཐོས་ནས་ཞེས་བྱ་བ་ནི་འབྱུང་པོ་རྣམས་སོ། །གལ་ཏེ་མྱུར་དུ་མི་གཏོང་ན། །ཞེས་བྱ་བ་ནི། ཆད་པ་དག་གིས་གཅོད་པར་བྱེད། །ཆད་པ་གང་ཡིན་ཞེ་ན་མནར་མེད་པར་སྐྱེ་བའོ། །ཐམས་ཅད་འབར་བར་འགྱུར་ཞེས་བྱ་བ་ནི་དཀོན་མཆོག་ གསུམ་གྱི་བཀའ་ལས་འདས་པ་གང་ཡིན་པ་དེ་ལུས་ལ་མེ་འབར་བའོ། །དཔེར་ན། མར་དང་ཡུངས་ཀར་མེར་བླུགས་བཞིན། །ཞེས་བྱ་བ་ནི་དཔེའོ། །དེ་དག་བདེ་བ་མི་རྙེད་དེ། །ཞེས་པ་ནི་དེ་དག་ནི་བཀའ་ལས་འདས་པའོ། །བདེ་བ་མི་རྙེད་ཅེས་བྱ་བ་ནི་མནར་མེད་པའི་སྡུག་བསྔལ་ ལོ། །གནོད་སྦྱིན་ཆད་པ་ནི་ཞེས་བྱ་བ་ནི་ནད་ཆེན་པོ་སྣ་ཚོགས་སོ། །སྡིག་པ་ནི་སེམས་ཅན་ཐམས་ཅད་ལའོ། །དེ་ཡི་རྩིབ་ལོགས་གཡས་པར་ནི། །འབྲས་ཆེན་ནད་ཀྱང་འབྱུང་བར་འགྱུར། །ཞེས་བྱ་བ་ནི་བཀའ་ལས་འདས་པ་དེ་ལའོ། །ཡང་ན་ནི་གང་གིས་གནོད་པར་བྱེད་པ་དེ་ལའོ། །གནོད་ སྦྱིན་ནད་ཀྱིས་བཏབ་པ་ན། །ཤ་བཀྲའི་ནད་ཀྱིས་བཏབ་པར་འགྱུར། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་ལ་མ་དད་པའི་གང་ཟག་དེ་ལ་གནོད་པ་བྱས་པས། དེའི་ལས་ཀྱི་རྣམ་པར་སྨིན་པས་གནོད་སྦྱིན་ཀུ་བེ་རས་ཆད་པ་ཆེན་པོ་བཞི་བཅད་པའི་ཕྱིར་རོ། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །གཞར་ཡང་ འགྲོ་བར་མི་འགྱུར་རོ། །ཞེས་བྱ་བ་ནི་རིག་སྔགས་འདིའི་བཀའ་ལས་འགལ་གྱུར་ན། རྣམ་ཐོས་ཀྱི་བུའི་ཕོ་བྲང་དུ་འོང་མི་སྟེར་ཏེ། གནོད་སྦྱིན་རྣམས་ཀྱིས་ཆད་པས་གཅོད་པར་འགྱུར་རོ། །ལུས་ངན་གྲོགས་དང་ལྡན་པ་ཡི། །ཁྱིམ་ཡང་མཐོང་བར་མི་འགྱུར་ཏེ། །ཞེས་པ་ནི་འགྲོ་བ་ ལྟ་ཅི་སྨོས་ཏེ། མཐོང་བར་ཡང་མི་སྟེར་ཞིང་། གནོད་སྦྱིན་རྣམས་ཀྱིས་ཀྱང་རིང་པོ་ནས་བཀག་པའོ། །འབྱུང་པོ་མང་པོ་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །ཞེས་པ་ནི་གལ་ཏེ་ཕོ་བྲང་དུ་འོངས་པར་འགྱུར་ན། བསྡད་ས་མེད་པར་སྐྱེས་ཏེ། འབྱུང་པོ་རྣམས་ཀྱིས་ བརྙས་པར་བྱེད་དེ། སྡུག་བསྔལ་མང་པོ་མྱོང་བའོ། །གནོད་སྦྱིན་དག་གི་དཀྱིལ་འཁོར་དུ། །ཟས་སྐོམ་དང་ཡང་བྲལ་བར་འགྱུར། །ཞེས་བྱ་བ་ནི་རིག་སྔགས་ཀྱི་བཀའ་ལས་འདས་པའི་འབྱུང་པོ་རྣམས་ནི་འོངས་པར་གྱུར་ཀྱང་མི་སྟེར་ཏེ། གལ་ཏེ་སྦྱིན་ཡང་ལྕགས་ཀྱི་རྡོག་པོ་དང་། ། མེའི་ཕུང་པོར་མཐོང་བའོ། །དེ་བས་ན་ལྷ་དང་། མི་དང་། ཡི་དགས་དང་། འབྱུང་པོ་ལ་སོགས་པ་ཡང་། རིག་སྔགས་འདིའི་བཀའ་ལས་མི་འདའ་བའོ། །སྟོང་ཆེན་རབ་འཇོམས་མདོ་སྡེ་ལ། །ཞེས་བྱ་བ་ནི་སྒྲུབ་པ་པོ་རྟེན་གྱི་གང་ཟག་ལ་ལ་ཞིག་དཀོན་མཆོག་གསུམ་ལ་ སྐྱབས་སུ་སོང་བ། སྟོང་ཆེན་མོ་རབ་ཏུ་འཇོམས་མ། རྡོ་རྗེའི་རིག་སྔགས་འདི་འཆང་བ་དང་། ཀློག་པ་དང་། ཡིད་ལ་བྱེད་པ་དང་། ཁ་ཏོན་བྱེད་པ་དང་། བསྒོམ་པ་དང་། མཆོད་པ་དང་། ཉན་པ་དང་། བཤད་པ་དེ་ལ། གནོད་སྦྱིན་འབྱུང་པོའི་བར་ཆད་བྱེད་པ་དེ་ལ། སྤྱི་བོ་ དག་ནི་ཞེས་བྱ་བ་ནས། དེ་ཉིད་དུ་ནི་འཁོར་བར་འགྱུར། །ཞེས་བྱ་བའི་བར་ན་ཆད་པ་ཆེན་པོ་བདུན་གཅོད་པའོ། །སུས་གཅོད་ཅེ་ན་རྡོ་རྗེ་འཆང་གིས་གཅོད་པའོ། །གནོད་སྦྱིན་འབྱུང་པོས་བར་ཆད་བྱེད་པ་དེ་ལ་ཞེས་བྱ་བ་ནི་རིག་སྔགས་འདིའི་བཀའ་ལས་འདའ་བ་ དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་རྣམས་ལ་བར་ཆད་བྱས་ན་སྡུག་བསྔལ་ཐམས་ཅད་དེའི་ལུས་ལ་འབྱུང་ངོ་། །དེ་ལ་རྡོ་རྗེ་འཆང་ཁྲོས་ཏེ། །སྤྱི་བོ་དག་ནི་འགེམས་པར་འགྱུར། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་ཁྲོས་ཏེ། དེའི་སྟོབས་ཀྱིས་འབྱུང་པོ་རྣམས་ལ་ཆད་པ་ བཅད་པའོ། །ཅིའི་ཕྱིར་ཆད་པ་གཅོད་ཅེ་ན། དེའི་རྣམ་པར་སྨིན་པས་ཨ་རྫ་ཀའི་དོག་པ་བཞིན་དུ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །སྤུ་གྲིའི་སོ་ནི་རྩུབ་མོ་ཡིས། །དེ་ཡི་ལྕེ་ནི་གཅོད་པར་འགྱུར། །ཞེས་བྱ་བ་ནི་དཀོན་མཆོག་གསུམ་གྱི་བཀའ་ལས་འདས་པ་དང་། ལག་ན་རྡོ་རྗེའི་ཡེ་ ཤེས་ཀྱི་སྤུ་གྲིས་དེའི་ལྕེ་གཅོད་པའོ། །མཚོན་ཆ་ཤིན་ཏུ་རྣོན་པོ་ཡིས། །དེ་ཡི་སྣ་དང་རྣ་བ་གཅོད། །ཞེས་བྱ་བ་ནི་གོང་མ་བཞིན་དུ། དེའི་རྣམ་སྨིན་གྱིས་སྣ་དང་ལྕེ་གཅོད་པའོ། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །ཀླད་པ་རབ་ཏུ་གཤེགས་པར་བྱེད། །ཅེས་བྱ་བ་ནི་ནམ་མཁའ་ནས་ལས་ ཀྱི་འཁོར་ལོ་འབྱུང་བས། སྤྱི་བོ་ནས་ལྟེ་བའི་བར་དུ་གཅོད་པའོ། །ཐོ་བ་ལྕགས་ཀྱིས་དཀྲིས་པ་ཡིས། །དེ་ཡི་སྙིང་ལ་འཇོམས་པར་བྱེད། །ཅེས་བྱ་བ་ནི་བར་སྣང་ནས་ལྕགས་ཀྱི་འཁྲུལ་འཁོར་གྱིས། བཀའ་ལས་འདས་པ་དེའི་སྙིང་ནི་འཇོམས་པའོ། །རྣག་དང་ཁྲག་ནི་དྲོན་མོ་དག ། དེ་ཡི་ཁ་ནས་འཛག་པར་འགྱུར། །ཞེས་བྱ་བ་ནི། དོན་སྙིང་ལྔ་ལ་ནད་ཞུགས་ཤིང་། རྣག་དང་ཁྲག་རྟག་ཏུ་འཛག་པའོ། །རིག་སྔགས་ཞགས་པའི་ཆད་པ་ཡིས། །རྟག་ཏུ་འཁོར་བར་འགྲོ་བ་ན། །ཞེས་བྱ་བ་ནི་ཡང་དང་ཡང་དུ་རིག་སྔགས་ཀྱིས་དམོད་པའི་ཞགས་པའི་ལས་དེས་རྟག་ཏུ་ འཁོར་བར་འཁྱམ་པའོ། །འཁོར་བ་གནོད་སྦྱིན་དཀྱིལ་འཁོར་དུ། །དེ་ཉིད་དུ་ནི་འཁོར་བར་འགྱུར། །ཞེས་བྱ་བ་ནི་དེ་བས་ན་འདིའི་བཀའ་ལས་འདའ་བར་མི་བྱ་ཞིང་། །སེམས་ཅན་རྣམས་ལ་གནོད་པ་མི་བྱའོ། །ཕྱོགས་བཞི་དག་ཏུ་སོང་གྱུར་ནས། །ཞེས་བྱ་བ་ནི་རིག་སྔགས་འདི་ལ་གུས་ པའི་གང་ཟག་སྐྱོང་བ་སྟེ། རྒྱལ་པོ་བཞི་པོ་དག་གིས་ནི་ཕྱོགས་ཕྱོགས་ནས་སྲུང་བའོ། །ཆོས་ཀྱི་གོ་ཆ་བགོས་གྱུར་ཏེ། །བཟང་པོའི་ཁྲི་ལ་འདུག་པ་ནི། །ཞེས་པ་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་གོ་ཆ་གྱོན་པ། སེང་གེའི་གདན་ལ་བཞུགས་ནས་ སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ཞེས་བྱ་བ་ནི་དྲི་ཟའི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་ལྡན་པས། ཤར་ཕྱོགས་སྐྱོང་བའོ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ཞེས་བྱ་བ་ནི་གྲུལ་བུམ་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་ལྡན་པས་ལྷོ་ཕྱོགས་ སྐྱོང་བའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །ཞེས་བྱ་བ་ནི་ཀླུའི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་ལྡན་པས། ནུབ་ཕྱོགས་སྐྱོང་བའོ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་བཅས་པས། བྱང་ཕྱོགས་སྐྱོང་བའོ། །དཔལ་དང་ གཟི་བརྗིད་འབར་བ་ཡི། །རྒྱལ་པོ་དག་ནི་ཕྱིན་པ་དང་། །ཞེས་བྱ་བ་ནི་འཇིག་རྟེན་དུ་དཔལ་དང་ལྡན་ཞིང་། སྡེ་བོ་ཆེ་དཔུང་བཞིའི་བདག་པོ་སྟེ། དེའི་གཟི་བརྗིད་ཀྱིས་གླིང་བཞི་ཁྱབ་པའོ། །ཕྱིན་པ་ནི་ཁྱབ་པའོ། །དེའི་ཚེ་སྟོན་པ་ཐམས་ཅད་མཁྱེན། །བར་སྣང་གནས་ལ་རབ་ཏུ་ འཕགས། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་། སེམས་ཅན་གྱི་དོན་ལ་གནས་པ་སྟེ། ནོར་བུ་རིན་པོ་ཆེ་དང་འདྲ་བར་འཇིག་རྟེན་གྱི་ཁམས་རང་གི་ལག་མཐིལ་དུ་ཤེས་པ། སེམས་ཅན་རྣམས་ལས་འཕགས་པའོ། །ཚངས་པས་སྤྲུལ་པའི་གཞལ་ མེད་ཁང་། །དེར་ནི་རྡོ་རྗེའི་གདན་ལ་བཞུགས། །ཞེས་བྱ་བ་ནི་ཚད་མེད་པ་བཞི་བསྒོམས་པས་ཚངས་པ་སྟེ། གཞལ་མེད་ཁང་ནི་སྐུ་གསུང་ཐུགས་ཀྱི་རང་བཞིན་ལྷའི་སྐུའོ། །ཡང་ན་གཞལ་མེད་ཁང་ནི་རི་རབ་ཆེན་པོར་སྣང་བ་འཇིག་རྟེན་གྱི་ཁམས་ཙམ་མོ། །དེ་ལྟ་བུའི་གཞལ་ཡས་ ཁང་གི་ནང་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་སྣང་བའོ། །དེ་ནས་ཚངས་དང་ཚངས་ཆེན་རྣམས། །ཐལ་མོ་སྦྱར་འཁོད་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཚངས་ཆེན་རྣམས་ཀྱིས་གུས་པར་ཕྱག་འཚལ་བའོ། །དཔལ་ལྡན་གསེར་གྱི་རི་བོ་འདྲ། །གསེར་གྱི་མཆོད་སྡོང་དང་ཡང་མཚུངས། །ཞེས་བྱ་བ་ནི་ཕྱི་ནང་མེད་པར་གསེར་གྱི་ཡོན་ཏན་དང་ལྡན་ཏེ། མཚན་སུམ་ཅུ་རྩ་གཉིས་དང་ལྡན་ཞིང་དཔེ་བྱད་བཟང་པོ་བརྒྱད་ ཅུས་བརྒྱན་པ། འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་དང་འདྲ་ཞིང་། ཡོན་ཏན་གྱིས་བརྒྱན་པའོ། །མེ་ཏོག་པདྨ་བཞིན་དུ་རྒྱས། །སཱ་ལའི་རྒྱལ་པོ་བཞིན་དུ་རྒྱས། །ཞེས་བྱ་བ་ནི་ཞལ་པདྨ་བཞིན་དུ་སེམས་ཅན་རྣམས་ལ་བསྟན་པ། ཤིང་སཱ་ལ་བཞིན་དུ་ཟིལ་གྱིས་ནོན་པའོ། །ཉི་མ་ དང་འདྲ་ཟླ་ཉ་ལ། །སྐར་མ་རྣམས་ཀྱིས་ཡོངས་བསྐོར་ཞིང་། །ཞེས་བྱ་བ་ནི་དྲེགས་པ་ནི་ཉི་མ་ལྟ་བུ་སྟེ། འཇམ་པ་ནི་ཟླ་བ་ཉ་བའི་འོད་ཟེར་ལྟ་བུའོ། །བྱང་ཆུབ་སེམས་དཔའ་ལ་སོགས་པ་འཁོར་རྣམ་བཞི་ནི་སྐར་མ་ལྟ་བུའོ། །ཐུབ་སྐུ་གསེར་གྱི་ཁ་དོག་ལ། །མཚན་རྣམས་ ཀྱིས་ནི་ཡོངས་སུ་བསྐོར། །ཞེས་བྱ་བ་ནི་སྐུ་གསུང་ཐུབ་ཅིང་འཛམ་བུའི་གླིང་གི་གསེར་གྱི་ཁ་དོག་འདྲ་བ། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའོ། །འཇིག་རྟེན་མེས་པོ་ཚངས་པ་ཡིས། །འཇིག་རྟེན་སྒྲོན་མ་བསྟོད་བྱས་ཏེ། །ཞེས་ བྱ་བ་ནི་སྟོང་སྤྱི་ཕུད་ཀྱི་རྒྱལ་པོ་ཚངས་པས་ཀྱང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་ཐམས་ཅད་འཁོར་བ་ནས་སྒྲོལ་བ། སྟོང་གསུམ་གྱི་ཆོས་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ཞིང་བསྟོད་དོ། །འཇིག་རྟེན་མགོན་པོའི་སྤྱན་སྔར་ནི། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། ། ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་གཙོ་བོ་སྟེ། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། ཕྱོགས་སྐྱོང་བཅུས་ཀྱང་ཞུས་པའོ། །འཇིག་རྟེན་སྐྱོང་གི་འཁོར་རྣམས་ཀྱིས། །རྗེས་སུ་བསྟན་པ་མ་ཐོབ་སྟེ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ འདི། ཡིད་བཞིན་ནོར་བུ་རིན་པོ་ཆེ་འདྲ་བ་སྟེ། འཇིག་རྟེན་སྐྱོང་བ་དག་གིས་ཀྱང་འདི་དང་གཞན་དུ་མཚུངས་པ་མེད་པའོ། །གང་ཕྱིར་འདི་ལས་སངས་རྒྱས་དང་། །རང་སངས་རྒྱས་དག་འབྱུང་འགྱུར་ཞིང་། །ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ལམ་འདི་ནས། རིན་པོ་ཆེ་ཤེལ་དང་ འདྲ་བ་སྟེ། སངས་རྒྱས་ལ་སོགས་པ་གང་ཡང་འབྱུང་བའོ། །འདི་ལས་ཉན་ཐོས་རྣམས་ཀྱང་སྐྱེ། །ལྷ་རྣམས་དག་ཀྱང་སྐྱེ་བར་འགྱུར། །ཞེས་པ་ནི་ནམ་མཁའ་ལས་ཆར་བྱུང་བ་བཞིན་དུ། འདིའི་སྒོ་ནས་གང་ཡང་འབྱུང་བའོ། །རིག་བྱེད་ཡན་ལག་དྲུག་མཐར་ཕྱིན། །བྲམ་ཟེ་རྣམས་ཀྱང་ སྐྱེ་བར་འགྱུར། །ཞེས་བྱ་བ་ནི་རྟག་པའི་ཆོས་དྲུག་ཡིན་ཏེ། དེ་ཡང་སྔར་བཤད་པ་བཞིན་དུ་ལྟ་བ་དྲུག་གོ། །དེ་རྣམས་མཐར་ཕྱིན་ཅིང་གྲོལ་བ་སྟེ། འདིའི་སྒོ་ནས་སྐྱེ་གནས་བཟང་པོ་བྲམ་ཟེའི་རིགས་ཐོབ་པའོ། །དྲང་སྲོང་སྐལ་བ་ཆེན་པོ་དང་། །དགེ་སྦྱོང་བྲམ་ཟེ་འདི་ལས་སྐྱེ། །ཞེས་བྱ་བ་ ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒོ་ནས་ལྟ་བ་ཐམས་ཅད་འབྱུང་བའོ། །ཁྱེད་ཅག་སྙིང་ལས་ཆུང་བྱེད་པ། །མི་ཡི་སྐྱེ་དགུ་གནོད་པར་འགྱུར། །ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་འཇིགས་སྐྲག་བྱེད་པ། མི་རྣམས་ལ་བྱམས་པ་དང་། སྙིང་རྗེར་ལྡན་པའོ། །ཚངས་པ་ཡི་ནི་ ཚིག་ཐོས་ནས། །འཇིག་རྟེན་སྐྱོང་གིས་ཚིག་སྨྲས་པ། །ཞེས་བྱ་བ་ནི་མི་མཇེད་ཀྱི་བདག་པོ་ཚངས་པའི་ཚིག་ཐོས་ནས། འབྱུང་པོ་རྣམས་ལ་ཕྱོགས་སྐྱོང་བ་བཅུས་སྨྲས་པའོ། །ཚངས་པ་དང་ནི་ཐུབ་ཆེན་པོ། །ཞེས་བྱ་བ་ནི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། རང་ སངས་རྒྱས་དང་། སེམས་ཅན་ཐམས་ཅད་བསྐྱེད་པའི་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་འདི་ཡིན་པའི་ཕྱིར་རོ། །བདག་གིས་རི་རབ་བསྒུལ་བྱས་ཤིང་། །ཞེས་བྱ་བ་ནི་ཕུང་པོའི་གནས་སྐབས་སོ། །རི་རབ་དེ་ཡི་རྒྱ་དང་ནི། །འཕང་དང་གྲྭ་བཞིའི་ཟུར་རྣམས་དང་། །ཞེང་ ལ་ཁྲུ་བཞི་འཕང་ལ་བཞི། །མུ་ཁྱུད་ཟུར་བརྒྱད་ཤོ་འདྲ་བ། །སྟེང་དུ་དཀྱིལ་འཁོར་ལེགས་པར་བྲི། །ས་ཚོན་ལྔས་ནི་ཡང་དག་ཏུ། །སྟོང་ཆེན་རབ་འཇོམས་དཀྱིལ་འཁོར་ཡང་། །གྲུ་བཞི་སྒོ་བཞི་ཀ་བ་བརྒྱད། །ཏྭ་ར་རྣམ་བཞི་རྟ་བབས་རྒྱན། །དྲ་ཕྱེད་རིན་ཆེན་ལ་སོགས་པ། ། གདུགས་དང་རྒྱལ་མཚན་བ་དན་རྣམས། །འདོད་པའི་ཡོན་ཏན་ལྷ་མོ་དང་། །མཁས་པ་དག་གིས་བྲི་བར་བྱ། །འབྲས་སམ་བག་ཕྱེ་ལ་སོགས་པས། །མཁས་པ་དག་གིས་ཡང་དག་བྱ། །རི་རབ་གཟུགས་ནི་ཤོ་འདྲ་བ། །ལྷ་དང་ལྷ་མིན་འབྱུང་པོའི་གནས། །དེ་ལྟ་བུ་ཡི་གནས་ བཅས་ལ། །ལྷ་དང་ལྷ་མིན་འབྱུང་པོ་དང་། །དེ་རྣམས་ལ་ནི་དབུལ་བར་བྱ། །རྒྱལ་པོ་དང་ནི་རྒྱལ་པོའི་འཁོར། །བློན་པོ་དང་ནི་བློན་མོ་དང་། །གང་དག་དེ་རྣམས་གནོད་པ་དང་། །འབྱུང་པོ་ཡི་དགས་སོགས་གནོད་དང་། །བྱད་སྟེམས་དང་ནི་འཐོར་བ་དང་། ། རོ་ལངས་སྦོད་གཏོང་གཏོང་བ་དང་། །ཟོས་པ་དང་ནི་སྐྱུགས་པ་དང་། །གྲིབ་མ་ངན་དང་ལྟས་ངན་དང་། །བྲི་ཉེས་དང་ནི་བསྒོམ་ཉེས་དང་། །སྨད་ནད་དང་ནི་ཉིན་གཅིག་དང་། །ཉིན་གཉིས་གསུམ་པ་བཞི་པ་དང་། །ཉིན་བདུན་ཟླ་ཕྱེད་ཟླ་བ་གཅིག །ཉིན་མོ་བ་དང་ཡུད་ཙམ་ དང་། །ལྡང་དུབ་པ་དང་འབྱུང་པོ་དང་། །མི་ཡི་རིམས་དང་མི་མ་ཡིན། །རླུང་དང་མཁྲིས་པ་བད་ཀན་དང་། །འདུས་པ་བཞི་འགྱུར་དག་དང་ནི། །དེ་ཡི་ཆོ་ག་ཡང་དག་ཡིན། །ནད་ནི་བཞི་བརྒྱ་རྩ་བཞིར་གྱུར་པ་ལས། །རྨི་ལམ་ངན་དང་མཚན་མ་ངན། །སྔགས་བཏང་བ་དང་བཟློག་པ་ དང་། །མ་མོ་ཟོར་ཁ་ཕུར་ཁ་དང་། །གཤིན་རྗེ་ལ་སོགས་གང་ཡང་རུང་། །དེ་བཟློག་ཆོ་ག་ཡང་དག་ཡིན། །ཤུ་བ་གཡན་པ་མཛེ་དང་ནི། །ཕོལ་མིག་གཞང་ནད་འབྲས་དང་ནི། །ལྷོག་དང་མེ་དབལ་བཟློག་པ་དང་། །ཤ་བཀྲ་དམུ་ཆུ་ཁོང་ནད་དང་། །གླད་པ་ན་བ་ལ་སོགས་དང་། །དེ་ཡི་ཆོ་ག་ ཡང་དག་ཡིན། །གཙོ་བོར་གྱུར་པ་ཉི་ཤུ་བརྒྱད། །སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་ཕྲག་དང་ནི། །འབྱུང་པོ་རྣམས་ཀྱི་ཆོ་ག་ཡང་དག་བཤད། །རི་རབ་ལ་སོགས་བཞི་དག་ལའང་། །དཀར་པོ་དང་ནི་མཐིང་ག་དང་། །དམར་པོ་དང་ནི་སེར་པོ་རྣམས། །ཤར་ཕྱོགས་ངོས་ནས་རིམ་བཞིན་དུ། ། ཡང་དག་གིས་ནི་ཤེས་པར་བྱ། །ཤར་ཕྱོགས་ལྷ་དང་དྲང་སྲོང་དང་། །དྲི་ཟའི་གདོན་རྣམས་གཟའ་དང་བཅས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་རྣམས་ཤར་ཕྱོགས་གདོན་རྣམས་སོ། །གྲུལ་བུམ་ལ་སོགས་མ་མོ་དང་། །སྲིན་མོ་ཡི་དགས་གདོན་རྣམས་དང་། །ལྷོ་ཕྱོགས་ལ་ ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་རྩ་བརྒྱད་ཕྲག །དེ་དག་ལྷོ་ཕྱོགས་གདོན་རྣམས་སོ། །ཀླུ་དང་འདབ་བཟངས་ས་བདག་དང་། །ནུབ་ཕྱོགས་དག་ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་དག་ནུབ་ཕྱོགས་གདོན་རྣམས་སོ། །གནོད་སྦྱིན་ཕོ་མོ་ལ་སོགས་དང་། ། ཀླུ་བཙན་ལ་སོགས་གཞན་རྣམས་དང་། །བྱང་ཕྱོགས་དག་ནི་ཡང་དག་ཤེས། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །དེ་དག་བྱང་ཕྱོགས་གདོན་རྣམས་སོ། །ཤར་ལྷོ་ལྷོ་ནུབ་ནུབ་བྱང་དང་། །བྱང་ཤར་སྟེང་དང་འོག་དང་ནི། །མེ་ཡི་གདོན་དང་བདེན་བྲལ་དང་། །རླུང་ལྷའི་གདོན་དང་འབྱུང་ པོའི་གདོན། །ཚངས་པ་ལ་སོགས་ས་བདག་དང་། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །མཚན་དྲུག་ལ་ནི་ཡང་དག་ཤེས། །སྟེང་དང་འོག་དང་ཟུར་རྣམས་སུ། །འབྱུང་པོའི་ཚོགས་ནི་ཤེས་པར་བྱ། །བག་ཕྱེ་དང་ནི་འབྲས་ཕྱེའམ། །གཟུགས་ནི་སྣ་ཚོགས་མཁས་པར་བྱ། །བ་དན་ དང་ནི་རྒྱལ་མཚན་དང་། །གདུགས་དང་མེ་ཏོག་ཕྲེང་བ་དང་། །འབྱུང་པོའི་ཚོགས་དང་བཅས་པ་དང་། །བུ་རམ་ཞོ་དང་སྦྲང་རྩི་དང་། །མེ་ཏོག་དཀར་པོ་ལ་སོགས་དང་། །ཤ་དང་ཁྲག་དང་ཆང་དང་ནི། །ཉ་ཤ་སྒོག་པ་ལ་སོགས་དང་། །མེ་ཏོག་སེར་པོའི་ཕྲེང་བ་རྣམས། །འོ་མ་ཀ་ར་ མངར་གསུམ་དང་། །མར་ལ་སོགས་པའི་སྨན་རྣམས་དང་། །མེ་ཏོག་དམར་པོ་དཱུར་བའི་ཕྲེང་བ་དང་། །ཆང་དང་ཤ་དང་ཁྲག་རྣམས་དང་། །ལ་ཕུག་ལ་སོགས་མེ་ཏོག་ལྗང་གུའི་ཕྲེང་བ་དང་། །དམར་པོ་ནག་པོ་མཐིང་ག་དང་། །སྣ་ཚོགས་མེ་ཏོག་ཕྲེང་བ་དང་། །མེ་དང་བདེན་བྲལ་ རླུང་དང་ནི། །དབང་ལྡན་ཚངས་པ་ས་བདག་དང་། །སྔོན་གྱི་རྫས་ལ་ཆ་དྲུག་ཏུ། །ཡང་དག་གིས་ནི་ཤེས་རབ་ལ། །མཁས་པའི་སེམས་ལ་ཤེས་པར་བྱ། །ཨ་ཀར་གུ་གུལ་ལ་སོགས་དང་། །སྦྲུལ་གྱི་པགས་པ་ཉ་མགོ་དང་། །ཡུངས་ཀར་སྒོག་པ་བསྲེས་པ་དང་། །ག་བུར་གླ་རྩི་ སྤང་སྤོས་དང་། །ཙནྡན་ལ་སོགས་སྦྱར་བ་དང་། །ཚིལ་བུ་ཡུངས་ཀར་བསྲེས་པ་དང་། །དེ་དག་ལ་ནི་སྤོས་ཕོར་རོ། །ཁུར་བ་ཆན་དང་ཐུག་པ་དང་། །དེ་དག་ཀུན་ལ་ཤེས་པར་བྱ། །རྒྱ་ཕིབས་བླ་རེ་གདུགས་དང་བཅས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །སྤོས་སྦྱར་ཡང་དག་མེ་ ཏོག་དང་། །བུ་རམ་ཞལ་ཟས་སྣ་ཚོགས་དང་། །ལྷན་ཅིག་སྦྱར་བའི་དྲི་རྣམས་དང་། །དེ་རྣམས་ལ་ནི་ཡང་དག་མཆོད། །སྣ་ཚོགས་པདྨའི་དབུས་སུ་ནི། །སྟོང་ཆེན་རབ་ཏུ་འཇོམས་མ་ཡང་། །པདྨའི་ལྟེ་བར་ཡང་དག་བཞུགས། །དེ་ཡི་ཕྱི་རོལ་ར་བ་ལ། །འཁོར་ལོ་རྩིབས་བརྒྱད་ཤེས་ པར་བྱ། །རྒྱལ་པོ་བཞི་དང་ཕྱོགས་སྐྱོང་དང་། །གཟའ་དང་སྐར་མ་ལ་སོགས་ལ། །འཁོར་ལོ་ལྷ་རྣམས་སྒོ་རྣམས་ལ། །མཁས་པས་ཡང་དག་ཤེས་པར་བྱ། །ལྔའམ་གཅིག་གམ་གང་འབྱོར་ཡང་། །གང་བའི་བུམ་པ་བཀྲ་ཤིས་པ། །ལྔ་པའི་དབུས་སུ་ གཞག་པར་བྱ། །གསེར་རམ་དངུལ་ལས་བྱས་པ་ཡི། །འཇིམ་སོགས་རབ་གནས་བྱས་པ་ཡི། །མཆོད་རྟེན་ལ་ནི་མཆོད་པར་བྱ། །མཚམས་གཅོད་ཡུལ་འཁོར་སྲུང་བ་དང་། །བཀྲ་ཤིས་ལ་སོགས་གང་ཡང་རུང་། །དེ་བཞིན་དུ་ནི་བྱས་ནས་ནི། །ཐེ་ཚོམ་མེད་དེ་ཡང་དག་ཡིན། །སློབ་ དཔོན་ལྔའམ་གཅིག་ཀྱང་རུང་། །ཡང་དག་གིས་ནི་རིམ་པ་བཞིན། །འབྱུང་པོ་རྣམས་ནི་དགུག་པར་བྱ། །སྟོང་ཆེན་རབ་ཏུ་འཇོམས་མ་ཡང་། །ཕྱོགས་བཞིའི་མཚམས་སུ་རྒྱུན་མི་འཆད། །སློབ་དཔོན་དགོངས་པ་གསུམ་ལྡན་པས། །ངག་མ་འདྲེས་པར་བཟླས་པར་བྱ། །ཞེས་བསྟན་པའོ། ། ས་ཡང་རྣམ་པར་བཟློག་བྱས་ལ། །ཞེས་བྱ་བ་ནི་ཕྱོགས་སྐྱོང་བ་བཅུས་ཚངས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱན་སྔར་ཞུས་པའོ། །སྟོབས་དང་ལྡན་ཞིང་རི་རབ་ཐོགས་པར་ནུས་ཏེ། ས་གཞི་ཡང་འཁྲུགས་པར་ནུས་ཤིང་། །འཇིག་རྟེན་གྱི་ཁམས་ཀྱང་ལྡོག་པར་ ནུས་པའོ། །རྒྱ་མཚོ་ལ་ནི་ཐུག་པ་རྣམས། །རྣམ་པར་སྦྱང་བ་ཉིད་དུ་བྱ། །ཞེས་བྱ་བ་ནི་ཤར་ཕྱོགས་ནས་གོ་རིམས་བཞིན་དུ། ཕྱིའི་ཁོ་ར་ཁོར་ཡུག་ཙམ་བདག་གི་དབང་དུ་འགྱུར་ཏེ། སྟེང་དང་འོག་ཏུ་ཡང་དེ་བཞིན་ནོ། །འཇིག་རྟེན་ཁམས་དེ་སྦྱོང་བར་བྱེད་ཅིང་འདུལ་བས་ན་སྦྱང་བའོ། ། ཞགས་པ་དམ་པོ་མ་ཉམས་པས། །ཉི་མ་ཟླ་བ་རླུང་རྣམས་དང་། །ཞེས་བྱ་བ་ནི་མདོ་སྡེ་ཞགས་པས་དེ་དང་དེ་ལྡན་པས་ཡང་འདྲེན་པའོ། །སྐར་མ་དག་ནི་ཐམས་ཅད་ཀྱང་། །བདག་གིས་སུ་ནི་བཅིང་བར་བྱ། །ཞེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོའི་ཞགས་པས། །སྨིན་དྲུག་ལ་སོགས་ པའི་རྒྱུ་སྐར་རྣམས་བཅིང་བའོ། །གང་དག་རབ་ཏུ་སྡང་བྱེད་ཅིང་། །འཇིག་རྟེན་ལ་ནི་ཕན་མི་བྱེད། །ཅེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་རྒྱུ་ཞིང་། །གནོད་པ་སྐྱེལ་བ་རྣམས་ལ་རིག་སྔགས་ཀྱི་བཅིང་བ་ལྔས་བཅིངས་པའོ། །དེ་དག་ལ་ནི་ཐམས་ཅད་དུ། ། ཕྱོགས་ཀྱང་སྣང་བར་མི་བྱའོ། །ཞེས་བྱ་བ་ནི། གནོད་པ་སྐྱེལ་བའི་འབྱུང་པོ་རྣམས། ཕྱོགས་བཅུ་རྣམས་སུ་གནས་པའི་ས་མེད་པར། །སྡུག་བསྔལ་དྲག་པོ་མྱོང་བའོ། །འཇིག་རྟེན་ལྷ་དང་བཅས་པ་དེ། །འབྱུང་པོ་རྣམས་ཀྱི་ཕྱིར་སྨོད་དེ། །ཞེས་བྱ་བ་ནི་ལྷ་དང་ཀླུ་དང་ལྷ་མ་ཡིན་ལ་ སོགས་པ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་རྣམས། ཕྱིར་འགྱེད་ཅིང་འདོར་མི་གཏོང་བའོ། །འབྱུང་པོ་མི་ཡི་སྐྱེ་དགུ་ལ། །གནོད་པར་བྱེད་ཅིང་འཚེ་བར་བྱེད། །ཅེས་བྱ་བ་ནི་ཕུང་པོ་ལྔའི་རང་བཞིན། བྱང་ཆུབ་སེམས་ལ་གནོད་པའོ། །གང་དག་སྔགས་དང་སྨན་རྣམས་དང་། ། རིག་སྔགས་ལས་ནི་འདའ་བྱེད་པ། །ཞེས་བྱ་བ་ནི་འདི་ལ་གུས་པར་བྱེད་ཅིང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་དང་། སེམས་ཅན་རྣམས་ལ་འཚེ་བར་བྱེད་ཅེས་རིག་སྔགས་ཀྱི་བཀའ་ལས་འདས་པ་རྣམས་སོ། །འདི་ལ་སྔགས་ཀྱི་དམ་པ་ནི། །ཕ་རོལ་གནོན་པ་སྟོན་པར་ བྱེད། །ཅེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིས་ཀྱང་། གསང་སྔགས་ཀྱི་ཚིག་སྟོན་པ་ཙམ་གྱིས་ནི། མ་རུངས་པའི་འབྱུང་པོ་རྣམས་ཀྱི་སྟོབས་འཕྲོག་པའོ། །རིག་སྔགས་ལས་ནི་འདའ་བའི་འཁོར། །ཀུན་དུ་ཆད་པས་བསྡིགས་བྱས་ཏེ། །ཞེས་པ་ནི་ཕྱག་ མཚན་དང་སྐུ་མདོག་སྟོན་པ་ནི། དེད་དཔོན་དག་ནི་ཉི་ཤུ་བརྒྱད། །རེ་རེ་ལ་ཡང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུའོ། །འདི་དག་གི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དམར་པོ་སེར་པོ་དང་། །ལྗང་གུ་དང་ནི་མཐིང་ག་དང་། །ལ་ལ་དཀར་སེར་དམར་སེར་དང་། །ལ་ལ་སེར་ནག་ལྗང་ནག་དང་། ། མགོ་བོ་སེར་པོ་མཇུག་མ་ནག །སྨད་དཀར་སྟོད་གནག་ཁྲ་བོའི་གཟུགས། །སྣ་ཚོགས་གཟུགས་ཏེ་ཕྱེད་གཟུགས་སོ། །ལག་ན་རྡོ་རྗེ་འཁོར་ལོ་ཐོགས། །གཏུན་ཤིང་དང་ནི་རྩེ་གསུམ་མོ། །ལ་ལ་རལ་གྲི་ལག་ན་ཐོགས། །གཏོར་མ་རྭ་དང་མདུང་ཐུང་ཐོགས། །འཕང་མདུང་དང་ནི་ནར་ ཙ་དང་། །ལ་ལ་དབྱུག་པ་ཐོགས་པ་དང་། །རྩེ་གཅིག་དང་ནི་མདུང་རིངས་ཐོགས། །མདུང་དང་མདའ་གཞུ་ལྕགས་ཀྱུ་དང་། །ལ་ལ་མདའ་རིངས་ག་གེ་དང་། །ཆ་ལང་དང་ནི་རོལ་མོའི་ཚོགས། །པི་ཝང་གླིང་བུ་གླུ་ལེན་ཅིང་། །གནོད་སྦྱིན་ཕོ་མོ་གླུ་ལེན་ཅིང་། །ཡན་ལག་ལྔ་དང་ལྡན་པ་ཡིས། ། རོལ་མོའི་ཚོགས་ནི་ལ་ལ་བྱེད། །ལ་ལ་མི་ལྤགས་གོན་པ་དང་། །མི་མགོ་ལག་ན་ཐོགས་པ་དང་། །མི་ཡི་རྒྱུ་མས་ཐོད་ཀྱང་བྱེད། །ལ་ལ་མི་ཡི་རུས་པ་ཐོགས། །སྣ་ཚོགས་རྒྱན་དང་སྣ་ཚོགས་ཕྱག་མཚན་དང་། །འབྱུང་པོའི་ཚོགས་སུ་ཤེས་པར་བྱ། །སྐུ་མདོག་དང་ཕྱག་མཚན་ བསྟན་པའོ། །འཇིག་རྟེན་མགོན་པོའི་སྤྱན་སྔ་རུ། །ཐལ་སྦྱར་འཁོད་ནས་འདི་སྐད་སྨྲས། །ཞེས་བྱ་བ་ནི་འབྱུང་པོའི་གནས་སྟོན་པའོ། །སྐྱ་སྣར་བུ་ནི་ཀ་བ་ན། །གྲོང་ཁྱེར་བཟང་ན་བྱང་ཕྱོགས་ན། །བྱ་རྒོད་ཕུང་པོའི་རྒྱལ་པོའི་ཁབ། །རྒྱ་མཚོ་མཐའ་ཡི་བར་གྱི་སར། །ལན་གསུམ་བར་ དུ་འགྲོ་བྱེད་གྲོང་། །མཁའ་ལྡིང་རྒྱས་པ་སྦེད་པ་ནས། །རྒྱལ་ཁབ་དང་ནི་སེར་སྐྱའི་གནས། །ཤཱཀྱའི་ཏོག་ན་གར་ལྟམ་བར། །སྒྲ་གཅན་དང་ནི་ཙིར་ད་ན། །མཉན་ཡོད་དང་ནི་གནས་དང་བཅས། །རྒྱ་མཚོའི་གནས་དང་ཡངས་པ་ཅན། །གྱད་ཡུལ་དང་ནི་གཡོག་འདོར་དང་། །ཙམ་པ་ ཡུལ་དང་འཇུག་སྒོ་ཅན། །སྒོ་དྲུག་དང་ནི་ཟངས་ཀྱི་འདབ་མ་ཅན། །བྲང་གིས་འགྲོ་ན་འབྲོག་གནས་དང་། །འབྲུ་མངས་ན་ནི་མཆོག་ཏུ་སྲུངས། །སྲུང་བ་ཅན་དང་གསོ་བའི་མཐའ། །བསྙེན་དགའ་གྲོང་ཁྱེར་གནས་དང་ནི། །ཆུ་མཆོག་ན་ནི་འཆི་མེད་ཞག །རྔ་བཟངས་དང་ནི་གཟི་ཅན་དང་། ། རི་ལྡན་གྲོང་ཁྱེར་ཕྱོགས་མཚམས་དང་། །འོད་མའི་འགྲམ་དང་ཀ་ལིང་ཀ །འགྲོ་འཇོམས་དང་ནི་མི་ཐུབ་གནས། །མདུན་ཁབ་གནས་དང་ཕྲེང་བ་བརྩིགས། །རྟད་མར་ན་དང་མ་རྫོགས་པ། །སྙེམས་པ་ཅན་དང་མ་རྒྱལ་གནས། །གནས་བཅས་དང་ནི་ཞི་བའི་གྲོང་ཁྱེར་དང་། །འཇིགས་ བྱེད་དང་ནི་བྲང་འགྲོ་དང་། །རྡོ་གྲོང་དང་ནི་ཤིང་གི་གྲོང་ཁྱེར་ན། །ཁ་དོག་ཅན་དང་ཚངས་པར་ལྡན། །བ་གླང་འཛིན་དང་རྡོ་འཇོག་དང་། །བོང་སྲུངས་སེལ་དང་རི་ལ་གནས། །ལྡན་གྲོགས་དང་ནི་ཧྲོ་ནུའི་དང་། །དགའ་བ་དགའ་བྱེད་གྲོང་ཁྱེར་ན། །རླུང་གི་ས་དང་འཕྱང་འགྱུར་ན། །བཅོམ་ བརླག་ན་དང་ལང་ཀ་དང་། །རབ་ཉམས་དང་ནི་མཛོད་འཛིན་དང་། །རྣམ་རྒྱལ་ལྡན་དང་བཅོམ་བརླག་ན་ཡང་གནས། །མ་ལ་ཡ་དང་རྩེ་འཛིན་དང་། །པོ་འདྲ་ན་དང་རབ་ཏུ་གནས། །པི་ཏང་ཀ་ལེ་དང་ནི་རླབས་ལྡན་དང་། །སྣ་ནས་ཐུང་དང་གསོ་བའི་མཐའ། །དགའ་བྱེད་དང་ནི་ལག་པ་དང་། ། པུ་མཚན་དང་ནི་མཛོད་འཛིན་དང་། །ཕོ་བྲང་ངན་དང་གཡོག་འཁོར་དང་། །འགྲམ་ལྡན་ཕུང་པོ་གྲོང་ཁྱེར་དྲུག །མཐའ་མ་ན་དང་སྲུང་བ་ཅན། །བ་ལང་འཇོག་དང་ཕྱོགས་མཚམས་ན། །གདུགས་འདྲ་ན་དང་གྲོང་ཁྱེར་གསུམ། །ཚང་ཚིང་གཅིག་དང་ཨུ་དུམྺཱར། །ཀཽ་ཤཱམྦཱི་དང་ཞི་ལྡན་ན། ། སྦྲུལ་གྱི་གདུགས་དང་གཡོ་འཛིན་ན། །གྱེན་དུ་འགྲོ་དང་ཐོབ་བྱེད་ན། །གྲོང་ལྡན་ཚོལ་བ་ལང་ཆེན་མཛོད། །ལྷ་ཡི་གཡུལ་དང་གཡུལ་འགྱེད་ལྡན། །དགྲ་ངན་ཞིང་དང་རྒྱལ་གཉིས་ན། །དེ་ཉ