Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 5 / 21 (50.000 ký tự/trang)
ནི་ལེན་པ་ ལས་བྱུང་བའི་ལས་ཟག་པ་དང་བཅས་པའོ། །སྐྱེ་བ་ནི་སྲིད་པ་མཐུན་པའི་འབྲས་བུ་གྲུབ་པའོ། །དགའ་བ་ནི་ཕུང་པོ་སྨིན་པའོ། །ཤི་བ་ནི་འཇིག་པའོ། །དེ་དག་ནི་གོང་མ་གོང་མས་འོག་མ་འོག་མ་གྲུབ་པར་བྱེད་དོ། །འདི་དག་ཡན་ལག་ལྔར་འགྱུར་ཏེ། དང་པོ་གསུམ་ནི་འཕེན་པའི་ ཡན་ལག་གོ། །དེའི་འོག་མ་བཞི་ནི་འཕངས་པའི་ཡན་ལག་གོ། །དེའི་འོག་མ་གསུམ་ནི་མངོན་པར་སྒྲུབ་པའི་ཡན་ལག་གོ། །སྐྱེ་བ་ནི་མངོན་པར་གྲུབ་པའི་ཡན་ལག་གོ། །རྒ་ཤི་ནི་ཉེས་དམིགས་ཀྱི་ཡན་ལག་གོ། །རྒྱུ་དེ་ཡང་ཚེ་གསུམ་ལ་རྫོགས་ཤིང་དུམ་བུ་གསུམ་ དུ་གནས་ཏེ། དེ་ཡང་དང་པོ་གསུམ་ལ་རྫོགས་པ་ནི། མ་རིག་པ་དང་འདུ་བྱེད་ཚེ་སྔ་མས་བསྡུས་སོ། །རྣམ་པར་ཤེས་པ་མིང་དང་གཟུགས་སྐྱེ་མཆེད་དྲུག་རེག་པ་ཚོར་བ་སྲེད་པ་ལེན་པ་བདུན་ནི་ད་ལྟར་གྱིས་བསྡུས་སོ། །སྲིད་པ་སྐྱེ་བ་རྒ་ཤི་གསུམ་ནི་ཕྱི་མས་བསྡུས་སོ། །དེ་ལ་ དུམ་བུ་གསུམ་ནི་ཉོན་མོངས་པ་དང་ལས་དང་ཚེ་དང་གསུམ་སྟེ་དེ་ཡང་། དང་པོ་བརྒྱད་དང་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་སྐྱེ་བའི་ཉོན་མོངས་ཡིན། །ཞེས་པས་དང་པོ་མ་རིག་པ་བརྒྱད་པ་སྲེད་པ་དགུ་པ། ལེན་པ་གསུམ་ནི་ཉོན་མོངས་པའོ། ། གཉིས་པ་འདུ་བྱེད་དང་བཅུ་པ་སྲིད་པ་གཉིས་ནི་ལས་སོ། །ལྷག་མ་རྣམ་པར་ཤེས་པ་མིང་དང་གཟུགས། སྐྱེ་མཆེད་དྲུག །རེག་པ། ཚོར་བ། སྐྱེ་བ། རྒ་ཤི་དང་བདུན་ནི། ཚེ་སྟེ་སྡུག་བསྔལ་ཞེས་ཀྱང་བྱའོ། །དེ་ཡང་དང་པོ་གསུམ་ལས་ནི་བར་མ་གཉིས་བྱུང་། དེ་ ལས་ཐ་མ་བདུན་བྱུང་བས་ཐོག་མ་དང་ཐ་མ་མེད་ཅིང་ངེས་པ་མེད་པར་འཁོར་རོ། །དེ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་ཉོན་མོངས་པ་དང་ལས་ཏེ་ད་ལྟར་གྱི་རྒྱུའོ། །རྣམ་པར་ཤེས་པ་དང་། མིང་དང་། གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་ནི་ད་ལྟར་ གྱི་འབྲས་བུའོ། །སྲེད་པ་དང་། ལེན་པ་དང་། སྲིད་པ་ནི་ད་ལྟར་གྱི་ཉོན་མོངས་པ་དང་ལས་ཏེ། མ་འོངས་པའི་རྒྱུར་འགྱུར་བའོ། །སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་འབྲས་བུའོ། །ཡང་ན་དུམ་བུ་གསུམ་སྟེ། རྒྱུའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་ མོངས་པ་དང་། འབྲས་བུའི་ཀུན་ནས་ཉོན་མོངས་པའོ། །དེ་ལ་དང་པོ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་གསུམ་ནི་ཉེར་ལེན་གྱི་རྒྱུ་ཡིན་ལ། ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་ལྷན་ཅིག་ཏུ་བྱེད་པའི་རྐྱེན་ནོ། །འབྲས་བུའི་ཀུན་ནས་ཉོན་མོངས་པ་ནི། ཡན་ལག་བདུན་ཏེ་ སྐྱེ་བའི་ཀུན་ནས་ཉོན་མོངས་པའི་མཚན་ཉིད་རྣམས་སོ། །ཡང་ན་རྒྱུ་བདུན་གྱིས་བྱེ་བྲག་གི་འབྲས་བུ་ཡང་བདུན་ཏེ། ཕྱིན་ཅི་ལོག་གི་རྒྱུ་ལ་སོགས་པའི་རྒྱུ་ནི་མ་རིག་པའོ། །ཟག་པ་མེད་པའི་རྒྱུ་ནི་འདུ་བྱེད་དོ། ཀུན་གཞི་རྣམ་པར་ཤེས་པ་ལས་ཀྱི་བག་ཆགས་ཡང་དང་ཡང་དུ་ འཇོག་པའི་ཕྱིར་རོ། །སྲིད་པའི་རྒྱུ་ནི་རྣམ་པར་ཤེས་པ་སྟེ། ཉིང་མཚམས་སྦྱོར་བའི་ཕྱིར་རམ། གནས་སུ་འཁྲིད་པར་བྱེད་པའི་ཕྱིར་རོ། །ཀུན་དུ་འཛིན་པའི་རྒྱུ་ནི་མིང་དང་གཟུགས་དང་སྐྱེ་མཆེད་དྲུག་གོ། །ཉེ་བར་བྱེད་པའི་རྒྱུ་ནི་རེག་པ་དང་ཚོར་བའོ། །སྡུད་པའི་ཕྱིར་ནི་ སྲིད་པ་དང་ལེན་པ་དང་སྲེད་པའོ། །སྡུད་པའི་རྒྱུ་ནི་སྐྱེ་བ་དང་རྒ་ཤིའོ། །རྣམ་པ་བཅུ་གཉིས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་ཞེས་བྱ་བ་ནི། བདེན་པ་བཞི་ལ་ཆོས་རྣམ་པ་བཅུ་དྲུག་ཏུ་ཕྱེ་ནས་ཆོས་ཀྱི་འཁོར་ལོ་ལན་བཞི་གསུམ་བཅུ་གཉིས་བསྐོར་བས་ཏེ། དེ་ཡང་ཇི་ སྐད་དུ་བཤད་པའི་སྡུག་བསྔལ་གྱི་བདེན་པ་ལས་ཕྱེ་བ་གསུམ་སྟེ་མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་པ་དང་བདག་མེད་པ་ལ་གསུམ་གཅིག་ཏུ་བསྡུས་པའོ། །ཀུན་འབྱུང་གི་བདེན་པ་ལ་གསུམ་རྒྱུ་ཀུན་འབྱུང་བ་དང་རབ་ཏུ་སྐྱེ་བ་དང་རྐྱེན་གྱི་རྣམ་པ་གཅིག་ཏུ་བསྡུས་པའོ། །འགོག་ པའི་བདེན་པ་ལ་འགོག་པ་དང་ཞི་བ་དང་གྱ་ནོམ་པ་དང་ངེས་པར་འབྱུང་བ་བཞི་གཅིག་ཏུ་བསྡུས་པའོ། །ལམ་གྱི་བདེན་པ་ལ་ལམ་དང་རིག་པ་དང་སྒྲུབ་པ་དང་ངེས་པར་འབྱུང་བ་གཅིག་ཏུ་བསྡུས་པ་རྣམས་སོ། །དེ་ལྟར་སྐལ་བ་ཇི་ལྟ་བ་བཞིན་དུ་བདེན་པ་བཞི་ལས་ཕྱེ་བའི་བྱེ་ བྲག་གིས། ཡན་ལག་བཅུ་གཉིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དབུགས་དབྱུང་བ་དང་རྔུབ་པ་རྗེས་སུ་དྲན་པ་རྣམ་པ་བཅུ་དྲུག་དང་ཞེས་བྱ་བ་ནི། དྲན་ཞིང་དབུགས་ནང་དུ་རྒྱུ་ན་ཡང་དྲན་ཞིང་དབུགས་ནང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དྲན་ཞིང་ དབུགས་ཕྱིར་རྒྱུ་ན་ཡང་དྲན་ཞིང་དབུགས་ཕྱིར་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་རིང་དུ་རྒྱུ་ན་ཡང་དབུགས་ནང་དུ་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཕྱིར་རིང་དུ་རྒྱུ་ན་ཡང་དབུགས་ཕྱིར་རིང་དུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ནང་དུ་ཐུང་ངུ་རྒྱུ་ན་ཡང་ དབུགས་ནང་དུ་ཐུང་ངུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དབུགས་ཕྱིར་ཐུང་ངུ་རྒྱུ་ན་ཡང་དབུགས་ཕྱིར་ཐུང་ངུ་རྒྱུའོ་ཞེས་བྱ་བར་རབ་ཏུ་ཤེས་སོ། །དཔེར་ན་འཁོར་ལོ་བསྐོར་བའམ་འཁོར་བའི་འཁོར་ལོ་བསྐོར་བའི་མཆན་བུ་མཁས་པ་ནི་རིང་དུ་བསྐོར་ན་རིང་དུ་བསྐོར་ཞེས་བྱ་བར་རབ་ཏུ་ཤེས་ སོ། །ཐུང་ངུ་བསྐོར་ན་ཐུང་ངུ་བསྐོར་ཞེས་བྱ་བར་རབ་ཏུ་ཤེས་སོ། །སངས་རྒྱས་རྗེས་སུ་དྲན་པ། ཆོས་རྗེས་སུ་དྲན་པ། དགེ་འདུན་རྗེས་སུ་དྲན་པ། ཚུལ་ཁྲིམས་རྗེས་སུ་དྲན་པ། གཏོང་བ་རྗེས་སུ་དྲན་པ། ལྷ་རྗེས་སུ་དྲན་པ། སྐྱེ་བ་རྗེས་སུ་དྲན་པ། དབུགས་ཕྱི་ནང་དུ་རྒྱུ་ བ་རྗེས་སུ་དྲན་པ། འཆི་བ་རྗེས་སུ་དྲན་པ། བཟོད་པ་རྗེས་སུ་དྲན་པ་དང་། བརྩོན་འགྲུས་རྗེས་སུ་དྲན་པ་དང་། བསམ་གཏན་རྗེས་སུ་དྲན་པ་དང་། ཤེས་རབ་རྗེས་སུ་དྲན་པ་དང་། ཐབས་དང་ཤེས་རབ་རྗེས་སུ་དྲན་པའོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ དང་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །དངོས་པོ་ཉམས་པ་མི་མངའོ། །འདུ་ཤེས་སྣ་ཚོགས་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །མ་བརྟགས་པའི་བཏང་སྙོམས་མི་མངའོ། །མོས་པ་ཡོངས་སུ་ཉམས་ པ་མི་མངའོ། །བརྩོན་འགྲུས་ཡོངས་སུ་ཉམས་པ་མི་མངའོ། །བསྒོམ་པ་ཡོངས་སུ་ཉམས་པ་མི་མངའོ། །ཏིང་ངེ་འཛིན་ཡོངས་སུ་ཉམས་པ་མི་མངའོ། །ཤེས་རབ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བ་ཡོངས་སུ་ཉམས་པ་མི་མངའོ། །རྣམ་པར་གྲོལ་བའི་ཡེ་ ཤེས་ཡོངས་སུ་གཟིགས་པ་ཡོངས་སུ་ཉམས་པ་མི་མངའོ། །སྐུའི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །གསུང་གི་ཕྲིན་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ཡེ་ཤེས་ སྔོན་དུ་འགྲོ་བ་སྟེ་ཡེ་ཤེས་ཀྱི་རྗེས་སུ་འབྲང་ངོ་། །འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་གོ། །མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་ལ་འཇུག་གོ། །ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་ གཟིགས་པ་ལ་འཇུག་གོ། །སྟོབས་དང་མི་འཇིགས་པ་ལ་སོགས་པའོ། །ཡི་གེ་བཞི་བཅུ་རྩ་གཉིས་ཞེས་བྱ་བ་ནི། གཞན་དག་ལས་འདི་སྐད་དུ་འདམས་ཤིང་འདི་སྐད་དུ་སྟོན་ཏོ། །རིགས་ཀྱི་བུ་ཁྱོད་ཚུར་ཤོག །ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་གྱིས་ཤིག ། ཡི་གེ་གཅིག་ལ་མཁས་པར་གྱིས་ཤིག །ཡི་གེ་གཉིས་ནས་ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པར་གྱིས་ཤིག །ཡི་གེ་གཅིག་གིས་སྦྱངས་པའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཉིས་ཀྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག ། ཡི་གེ་བཞི་བཅུ་རྩ་གཉིས་ཀྱིས་བྱང་བའི་རང་བཞིན་ཐམས་ཅད་ཤེས་པར་གྱིས་ཤིག །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་སྒོམས་ཤིག །ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག་ཅེས་སྟོན་ཏོ། །བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ཡང་ཡི་གེ་གཅིག་ལ་མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་ཀྱི་བར་ལ་མཁས་པ་ཡིན། ཡི་གེ་གཅིག་གི་ནང་དུ་ཡི་གེ་བཞི་བཅུ་རྩ་གཉིས་འདུས་པར་བསྒོམ་པ་ལ་མཁས་པ་ཡིན། ཡི་གེ་བཞི་བཅུ་རྩ་གཉིས་སུ་ཡི་གེ་གཅིག་འདུས་པར་བསྒོམ་པ་ལ་མཁས་ པ་ཡིན། དེ་ལྟར་ཡི་གེ་མངོན་པར་བསྒྲུབ་པ་ལ་མཁས་པར་བྱ་བ་ལ་གོམས་ཤིང་། ཡི་གེ་མེད་པ་ལ་མངོན་པར་བསྒྲུབ་པ་ལ་མཁས་པ་ཡིན་ནོ། །དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལ་མཁས་པ་དང་ཡི་གེ་མཁས་པ་ཡིན་ ཏེ། དེའི་ཆོས་ལ་མཁས་པ་དང་། ཡི་གེ་ལ་མཁས་པས་ཡི་གེ་མང་པོས་ཡི་གེ་མེད་པའི་ཆོས་སྟོན་ཀྱང་ཆོས་དེ་ཡི་གེའི་རྣམ་པ་དང་བྲལ་བ་ཡང་མ་ཡིན་ཏེ། དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ངོ་མཚར་གྱི་རྨད་དུ་བྱུང་བའི་ཆོས་ཏེ་གང་ཉན་ ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་ནོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་སྟོང་པའི་རང་བཞིན་དེ་ཆོས་ཉིད་ཀྱི་སྐུ་ཡིན་པས་དཔེར་ན་སྟོང་པ་ལ་བརྟེན་ཏེ་གློག་སྣང་ངོ་། །གློག་ལ་བརྟེན་ཏེ་འོད་སྣང་ངོ་། །དེ་བཞིན་དུ་ཆོས་ཀྱི་སྐུ་ལ་བརྟེན་ཏེ་བསོད་ནམས་ཀྱི་སྐུ་ སྣང་ངོ་། །བསོད་ནམས་ཀྱི་སྐུ་ལ་བརྟེན་ཏེ་སྤྲུལ་པའི་སྐུ་སྣང་ངོ་། །ཡང་གསུམ་དུ་བགྲང་བ་ཡོད་མོད་ཀྱི་དངོས་པོ་ནི་གསུམ་དུ་མེད་དོ། །མི་སྐྱེ་མི་འགྲིབ། རྨི་ལམ་སྒྱུ་མ་དང་འདྲའོ། །ཚངས་པ་དེ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱ་བ་གདོན་ཐམས་ཅད་ ལས་ཐར་བར་བྱེད་པའི་མདོ་ཞེས་བྱ་བ་ནི་དེ་ལྟ་བུའི་རང་བཞིན་ཏེ། འཇིག་རྟེན་འདི་དང་ཕྱི་མ་ལ་ཡང་སྡུག་བསྔལ་མི་འབྱུང་བའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། འདས་པ་མ་འོངས་པ་ད་ལྟར་ཡོད་པ་རྣམས་ཀྱིས་རྟག་ཏུ་བསྲུང་བའོ། ། གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་ཞེས་བྱ་བ་ནི་གྲངས་སོ། །སངས་རྒྱས་ཀྱི་ཕྱག་རྒྱ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ནས་སངས་རྒྱས་ཀྱི་ཡུམ་ལྟ་བུའོ། །སངས་རྒྱས་སྒྲུབ་པའོ་ཞེས་བྱ་བ་ནི་དེའི་སྒོ་ནས་ཐམས་ཅད་བསྒྲུབ་པ་སྟེ། སངས་རྒྱས་ནི་སྐུ་གསུམ་གྱི་སངས་རྒྱས་སྒྲུབ་བོ། །ཆོས་སྒྲུབ་ པའོ་ཞེས་བྱ་བ་ནི། དོན་དམ་པ་དང་ཀུན་རྫོབ་པའོ། །དགེ་འདུན་སྒྲུབ་པའོ་ཞེས་བྱ་བ་ནི་དགྲ་བཅོམ་པའི་ངོ་བོ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་སྒྲུབ་པའོ། །ཚངས་པ་སྒྲུབ་པའོ་ཞེས་བྱ་བ་ནི་ཚངས་པའི་འཇིག་རྟེན་གྱི་ཁམས་ཐུན་མོང་གི་དངོས་གྲུབ་གཟུགས་ཀྱི་ཁམས་ ཀྱི་ལྷ་སྒྲུབ་པའོ། །དབང་པོ་སྒྲུབ་པའོ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་པ་འདོད་པའི་ཁམས་ཀྱི་ལྷའི་དབང་པོ་ལ་སོགས་པ་སྒྲུབ་པའོ། །འཇིག་རྟེན་སྐྱོང་བ་སྒྲུབ་པའོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ཀྱི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་སོགས་པའོ། །དབང་ ཕྱུག་སྒྲུབ་པ་ནི་གཞན་པས་དབང་ཆེ་བར་གནས་པ་འཇིག་རྟེན་གྱི་དབང་ཕྱུག་སྒྲུབ་པའོ། །བདེན་པ་སྒྲུབ་པའོ་ཞེས་བྱ་བ་ནི་ངག་གི་དབང་ཕྱུག་ཐོབ་པ། དོན་དམ་ཀུན་རྫོབ་གོ་བའོ། །ལམ་སྒྲུབ་པའོ་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་ལྔ་སྒྲུབ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྒྲུབ་ པའོ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་འབྱུང་བར་འདོད་པའོ། །ཟླ་བ་སྒྲུབ་པའོ་ཞེས་བྱ་བ་ནི་ཟླ་བ་བཞིན་དུ་བདུད་རྩི་ཟིལ་གྱིས་གནོན་པའོ། །ཉི་མ་སྒྲུབ་པའོ་ཞེས་བྱ་བ་ནི་ཉི་མ་བཞིན་དུ་འཇིག་རྟེན་གྱི་ཁམས་རགས་པ་དང་ལྡན་པའོ། །གཟའ་སྒྲུབ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ ཁམས་ལ་མཐུ་ཆེ་བར་གྲགས་པའོ། །རྒྱུ་སྐར་སྒྲུབ་པའོ་ཞེས་བྱ་བ་ནི་འཇིག་རྟེན་ཁམས་སུ་བཟང་བ་དང་ངན་པ་དང་བྱེ་བྲག་འབྱེད་པའོ། །ཀུན་གཞི་རྣམ་པར་ཤེས་པའི་གནས་འགྱུར་བའི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྟོང་པ་མཐའ་དག་དང་བྲལ་བའི་དོན་རྟོགས་པས། རིག་ སྔགས་མཚན་ཉིད་པ་སྟེ། དེའི་མཚོན་བྱ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །མཚོན་པ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ་སྐུ་མདོག་དང་ཕྱག་མཚན་གྱིས་རྣམ་པར་བྱུང་བའོ། །སྐུ་མདོག་མཐིང་ག །ཞལ་གསུམ་པ། ཕྱག་དྲུག་པ། དང་པོ་མཐིང་ག །གཡས་དཀར་བ། གཡོན་ དམར་བ། དབུ་ལ་ཐོད་པ་ལྔས་བརྒྱན་པ། དབུ་སྐྲ་གྱེན་དུ་འབར་བ། སྤྱན་གསུམ་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཀླུ་ཆེན་པོ་དང་གནོད་སྦྱིན་ཆེན་པོ་གཉིས་སོ། །གཡས་པ་ན་ཀླུ་མནན་པ་གཡོན་པ་ན་གནོད་སྦྱིན་མནན་པའོ། །གཡས་ཀྱི་ཕྱག་ གསུམ་ན་རྡོ་རྗེ་དང་རལ་གྲི་དང་གྲི་གུག་གོ། །གཡོན་པ་གསུམ་ན་ཞགས་པ་དང་ཐོད་པ་དང་རྩེ་གསུམ་མོ། །རྒྱན་ཐམས་ཅད་རིན་པོ་ཆེ་ལས་བྱས་པ། རྡོ་རྗེ་རིགས་ཀྱི་རང་བཞིན་སྒྱུ་མ་ལྟ་བུའོ། །ཉི་མའི་གདན་ལ་མེའི་འོད་རིགས་ལྔའི་སངས་རྒྱས་ཀྱི་ངོ་བོ་ཉིད། རིག་སྔགས་ཀྱི་རྒྱལ་མོ་ སྟོང་ཆེན་མོ་རབ་ཏུ་འཇོམས་མ་སངས་རྒྱས་ལ་སོགས་པ་ཐམས་ཅད་དེའི་སྒོ་ནས་འགྲུབ་པའོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི། འདི་ལྟ་སྟེ་རིག་སྔགས་འདིའོ། །སྔགས་ནི་སཱ་ལེ་ཀ་ནི་ཞེས་བྱ་བའོ། །དེ་ནས་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྟིང་ལ་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་ པ་འདི་དག་བཀའ་སྩལ་ཏོ་ཞེས་བྱ་བ་ནི་བཀྲ་ཤིས་པའོ། །འཇིག་རྟེན་ནའམ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལྷ་དང་མི་ལ་སོགས་པར་གྱུར་པའོ། །ཡང་ན་འདས་པ་དང་ཞེས་བྱ་བ་ནི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡིན། ཡང་ན་བགྲང་ བ་ལས་འདས་པའོ། །མཐོ་རིས་དག་ན་རིན་ཆེན་མཆོག་ཡོད་པ། །ཞེས་བྱ་བ་ནི་མཐོ་རིས་ནི་སངས་རྒྱས་ཀྱི་ཞིང་ཁམས་ཏེ། ཡང་ན་སངས་རྒྱས་ཐོབ་པའོ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷར་གྱུར་པ། །མི་ཡི་མཆོག་དང་འདིར་ནི་མཚུངས་པ་མེད། །ཅེས་བྱ་བ་ནི་རིག་སྔགས་འདིའོ། །ལམ་ ནས་དེ་བཞིན་གཤེགས་པའི་ངོ་བོ་དང་ལྷའི་ལྷར་གྱུར་པའི་ངོ་བོ་ཉིད་དང་མིའི་མཆོག་ཀྱང་ཡང་དག་པར་འགྱུར་བའོ། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ་ཡང་ན་དཀོན་མཆོག་གསུམ་མོ། །གསུང་བ་ནི་ཡང་དག་པར་རྫོགས་པའི་ སངས་རྒྱས་ཀྱིས་གསུངས་པའོ། །བདེན་པ་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །དེ་ཡིས་ཞེས་བྱ་བ་ནི་གང་ཟག་གོ། །འདིར་ནི་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་དང་རིག་སྔགས་སྒྲུབ་པའོ། །བདེ་ལེགས་ཤོག་ཅེས་བྱ་བ་ནི། བཀྲ་ཤིས་པར་གྱུར་ཅིག་པའོ། ། ཟད་པ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་དང་བྲལ་བའོ། །ཡང་ན་དེ་ཁོ་ན་ཉིད་ཀྱི་སྒོ་ནས་ཡེ་ཤེས་བདུད་རྩི་དང་འགྲོགས་པའོ། །ཤེས་པས་ཤཱཀྱ་ཐུབ་དེས་རབ་ཏུ་ཕྱེ། །ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་ མ་སྟེ་ཡང་དག་པར་བསྟན་པའོ། །བདུད་རྩི་ཞི་བ་འདུས་བྱས་མ་ཡིན་པ། །ཞེས་བྱ་བ་ནི་ཡེ་ཤེས་ཏེ། དེ་ཁོ་ན་ཉིད་དོ། །ཡང་ན་ནི་འགག་པའོ། །མཚུངས་པ་གང་ཡང་མེད་ཅེས་བྱ་བ་ནི། དེའི་སྒོ་ནས་གང་ཡང་མེད་པའོ། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་ པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་དུ་གང་ཡང་འགྲུབ་སྟེ། དེ་ཡང་དཀོན་མཆོག་གསུམ་ཡིན་ནོ། །དེའི་བདེན་པས་བཀྲ་ཤིས་པར་གྱུར་པའོ། །མཆོག་ཏུ་གང་འདོད་ཚུལ་བཞིན་རབ་བསྟན་པ། །ཞེས་བྱ་བ་ནི་ཁྱད་པར་ འཕགས་པ་སྟེ། དཔེར་ན་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །སྟོན་པའི་རྣལ་འབྱོར་བླ་མེད་རྟག་བསྒྲུབ་པ། །ཞེས་བྱ་བ་ནི་སྟོན་པའི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཉོན་མོངས་བདུད་ཚོགས་གཅོད་བྱེད་ཅིང་། །ངན་འགྲོ་སྲིད་ལས་སྐྱོབ་བྱེད་པ། །སྟོན་པའི་སྟོན་པ་རྗོད་བྱེད་ཡིན། །རྣལ་འབྱོར་ནི་ ཐབས་ཤེས་རབ་ཀྱི་བདག་ཉིད། བླ་ན་མེད་པ་ནི་གོང་ན་མེད་པའོ། །རྡོ་རྗེ་ལྟ་བུའི་མིག་གཉིས་ལམ་མཐོང་བ། །ཞེས་བྱ་བ་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་རྡོ་རྗེའི་ཐེག་པའོ། །རྒྱུ་མཚན་ཉིད་ཀྱི་ཐེག་པ་གང་ཞེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལམ་དུ་འཁྱེར་བའོ། །འབྲས་ བུ་རྡོ་རྗེའི་ཐེག་པ་གང་ཞེ་ན། སྐུ་གསུང་ཐུགས་ཡེ་ཤེས་ལྔ་ལམ་དུ་འཁྱེར་བའོ། །ཏིང་འཛིན་དེ་དང་མཉམ་པ་ཡོད་མ་ཡིན། །ཞེས་བྱ་བ་ནི་དེའི་གོང་ན་ཁྱད་པར་གང་ཡང་མེད་པའོ། །དེ་བས་འདི་ནི་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག ། ཅེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་རིན་ཆེན་གྱི་བདེན་པ་འདི་འཆང་བ་ཐམས་ཅད་བཀྲ་ཤིས་པའོ། །གང་ཟག་ཅེས་བྱ་བ་ནི་འཁོར་བ་ནས་ཡང་ནས་ཡང་དུ་འཛག་པའོ། །ཉན་ཐོས་འགོག་པ་ཡིན་ཏེ་བྱེ་བྲག་ཏུ་སྨྲ་བའི་མཚན་མ་ཡིན་པའོ། །ཆེན་པོ་བརྒྱད་པོ་རབ་ བསྔགས་ཤིང་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་ཡིན་ཏེ། འོད་སྲུངས་དང་། འོད་སྲུངས་ཆེན་པོ་དང་། ག་ཡ་འོད་སྲུངས་དང་། ཆུ་ཀླུང་འོད་སྲུངས་དང་། ཅང་ཤེས་ཀཽཎྜི་ནྱ་དང་། དགའ་བྱེད་དང་། ཀ་ཏ་ཡའི་བུ་ཆེན་པོ་དང་། བ་ཀུ་ལ་དང་བརྒྱད་དོ། །གང་ཟག་ཟུང་བཞིར་བརྗོད་པ་ དེ་དང་ནི་ཕལ་ཆེན་པ་དང་ཐམས་ཅད་སྨྲ་བ་དང་གནས་བརྟན་པ་དང་། ཐམས་ཅད་བཀུར་བ་དང་བཞི་ཡིན་ནོ། །འདུལ་བའི་སྒོ་ནས་གང་ཟག་མཛད་པའོ། །དྲང་སྲོང་ཆེན་པོ་གང་ཟག་མཚུངས་པ་མེད། །ཅེས་བྱ་བ་ནི་ང་ཡིན་ཏེ་འཁྱིལ་བ་དང་། འཁྱིལ་བ་ཆེན་པོ་དང་། འོད་སྲུངས་འཁྱིལ་ བ་དང་། འོད་སྲུངས་ཆེན་པོ་འཁྱིལ་བ་དང་། ཆུ་ཀླུང་འོད་སྲུངས་འཁྱིལ་བ་དང་། དེ་དག་ནི་དྲང་སྲོང་གང་ཟག་གོ། །དེ་དག་ནི་འགོག་པ་ཆེན་པོ་སྟེ། དེ་དག་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་རིག་སྔགས་ཀྱི་སྒོ་ནས་སོ། །བདེ་བར་གཤེགས་པ་ཞེས་བྱ་བ་ནི་དང་པོ་ནི་བདེར་ གཤེགས་བྱ་བ་ལ་སོགས་པའི་ཚིག་དེ་ལ་གཅད་བྱ་བདུན་བཅད་དེ་ཕྱག་གི་ཡུལ་དུ་སྒྲུབ་པ་ལས་བདེར་གཤེགས་ནི། བཅོམ་ལྡན་འདས་ཡིན་པས་སོ་སོའི་སྐྱེ་བོ་མཆོད་པའི་ཡུལ་མ་ཡིན་ཏེ་འཁོར་བ་ལ་ཞུགས་པའི་ཕྱིར་དང་། སངས་རྒྱས་ནི་འཁོར་བ་ལས་ལྡོག་པའི་ཕྱིར་ རོ། །བདེ་བར་གཤེགས་པའི་སྲས་ནི་མཛེས་པར་གཤེགས་པ་ལ་སོགས་གསུམ་ལ་འཇུག་སྟེ་མཛེས་པར་གཤེགས་པ་ནི་ཇི་ལྟར་དབུ་མའི་ཐེག་པ་མཁྱེན་པས་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་སྤངས་པས་སྤངས་པ་ཕུན་སུམ་ཚོགས་པ་བསྟན། ཡང་ན་མཛེས་པ་ནི་ཆོས་ཐམས་ཅད་ རང་བཞིན་མེད་པའི་དེ་ཁོ་ན་ཉིད་རྟོགས་ཤིང་ཁོང་དུ་ཆུད་པ་སྟེ། མཁྱེན་པ་ཕུན་སུམ་ཚོགས་པའོ། །འདིས་ནི་མུ་སྟེགས་ཅན་གྱི་མཁྱེན་པ་རྣམས་ལས་ཁྱད་པར་བསྟན་ཏེ། དེ་དག་གི་བདག་ཏུ་ལྟ་བ་ལ་སོགས་པའི་མི་ནི་པ་རབ་ཏྲ་བ་སྤངས་པས་གཤེགས་པ་སྟེ་བདག་ཏུ་ལྟ་བ་ལ་ཚད་མས་ གནོད་པའི་ཕྱིར་དང་འཁོར་བ་ལ་ཕྱོགས་པ་ཡིན་པའི་ཕྱིར་དོན་དུ་སྤངས་པའི་ཕྱིར་མི་ལྡོག་པར་གཤེགས་པ་ནི་སྐྱེ་བ་ལེན་པའི་རྒྱུ་འདོད་ཆགས་ལ་སོགས་པ་དང་། ང་རྒྱལ་གྱི་ས་བོན་མ་རིག་པ་ལ་སོགས་པ་ཐམས་ཅད་སྤངས་པས་ན་བདེར་གཤེགས་ཏེ་འདི་ནི་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་ འོང་བ་དང་། དགྲ་བཅོམ་པ་དང་རང་རྒྱལ་བ་རྣམས་ལས་ཁྱད་པར་དུ་གྱུར་པར་བསྟན་ཏེ། དེ་དག་ནི་མཛེས་པར་གྱུར་པའི་རྒྱུ་ཐམས་ཅད་སྤངས་པའི་ཕྱིར་དང་ཕྱིར་མི་ལྡོག་པའི་ཕྱིར་རོ། །ཇི་སྲིད་དུ་རྟོགས་པའི་དབྱེ་བ་ཁོང་དུ་ཆུད་པས་ལུས་དང་ངག་དང་ཡིད་ཀྱི་ཉེས་པ་བག་ཆགས་སྐྱོན་གྱི་ མཚན་ཉིད་ཐམས་ཅད་རང་གིས་མཁྱེན་ཅིང་། ལམ་སྟོན་པ་ལ་རྣམ་པ་ཐམས་ཅད་དུ་མི་གསལ་བ་སྤངས་པའི་ཕྱིར་བདེ་བར་གཤེགས་པའོ། །སྦྱིན་པའི་གནས་ཞེས་གསུངས་ཞེས་བྱ་བ་ནི། རྒྱུ་དང་འབྲས་བུའོ། །རྒྱུ་ནི་དང་པོའི་ལས་ཅན་ནོ། །འབྲས་བུ་ནི་གཉིས་སུ་མེད་པའི་ཡེ་ཤེས་ ཡིད་ལ་བྱེད་པ་བརྗོད་དུ་མེད་པའོ། །དེ་ལ་བྱིན་ན་འབྲས་བུ་ཆེར་འགྱུར་ཏེ། །ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །ཞིང་རབ་གཤིན་ལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་སྒོ་ནས་ཞིང་བཏབ་པ་བཞིན་ནོ། །ས་བོན་བཏབ་པ་བཞིན་ཞེས་བྱ་བ་ནི་དང་པོའི་ལས་ཅན་གྱི་འབྲས་བུའོ། ། འདི་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་རིག་སྔགས་འདི་ཡང་དགྲ་བཅོམ་པའི་དགེ་འདུན་གྱི་རང་བཞིན་གྲུབ་པ་དགེ་འདུན་དཀོན་མཆོག་གི་བདེན་པས་བཀྲ་ཤིས་པའོ། །གང་དག་བརྟན་པའི་ཡིད་ཀྱིས་རབ་བརྩོན་ ཞིང་། །ཞེས་བྱ་བ་ནི་དག་པའི་རྣམ་པར་དག་པའོ། །བརྟན་པ་ནི་མི་འགྱུར་བའོ། །ཡིད་ནི་རློམ་སེམས་སོ། །སེམས་ཀྱི་རང་བཞིན་ཅི་ཞེ་ན། གསལ་བ་སེམས་ཀྱི་སངས་རྒྱས་ཀྱི་ངོ་བོ་ཉིད་དེ་དེ་ལྟར་ཟབ་སྟེ། ནམ་མཁའ་དང་འདྲ་སྟེ་ཕྱི་མོ་ནས་གཙང་ན་ཅིའི་སླད་དུ། སེམས་ཅན་ གྱི་མྱ་ངན་རྣམས་ཀྱིས་སེམས་ཅན་གྱི་དྲི་མ་དེ་ནི་ཐོག་མ་གང་ལས་མཆིས་པ་དེ་བཤད་པར་སྨོན་ཏོ། །བཀའ་སྩལ་པ་མྱ་ངན་ཐམས་ཅད་ནི་ཕྱིན་ཅི་ལོག་ལས་སྐྱེས་སོ། །ཕྱིན་ཅི་ལོག་ཐམས་ཅད་ནི་མི་བདེན་པའི་སེམས་ལས་སྐྱེས་སོ། །མི་བདེན་པའི་སེམས་ཅན་ཐམས་ཅད་ནི་ཕྱི་མོ་ལས་ སྐྱེས་སོ། །ཕྱི་མོ་མེད་པ་ཐམས་ཅད་ནི་མི་གནས་པ་ཉིད་ཡིན་ནོ། །ཕྱི་མོ་མེད་ན་ཡོད་པ་མ་ཡིན་ནོ། །ཡོད་པ་ནི་དྲི་མའོ། །མེད་པ་ནི་གཙང་མའོ། །གཙང་མ་དེའི་གནས་དག་ཀྱང་དག་གཙང་ཞིང་ཕ་རོལ་ཏུ་ཕྱིན་པའོ། །དེ་ལྟ་བུའི་མཐོང་བ་ཞེས་བྱའོ། །གཽ་ཏ་མའི་བསྟན་ལ་འཇུག་བྱེད་པ། ། ཞེས་བྱ་བ་ནི་གཽ་ཏ་མ་ནི་བཅོམ་ལྡན་འདས་བསྟན་པ་ནི་དཀོན་མཆོག་གསུམ་མོ། །དཀོན་མཆོག་གསུམ་ནི་སྟོང་ཆེན་མོའོ། །སྟོང་ཆེན་མོ་ནི་ཆོས་སོ། །ཆོས་ནི་ཅིའི་ཕྱིར་ཞེ་ན། ཆོས་གང་ཡང་མི་དམིགས་སོ། །མི་དམིགས་པ་དེ་ཉིད་མི་སྐྱེ་བའི་བཟོད་པ་ཐོབ་པ་ཞེས་བྱའོ། །དེ་དག་ཐོབ་ ནས་བདུད་རྩི་འཇུག་ཐོབ་སྟེ། །ཞེས་བྱ་བ་ནི། དེ་དག་གི་རིག་སྔགས་སོ། །བདུད་རྩི་ནི་ཡེ་ཤེས་སོ། །ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་ངོ་བོའོ། །མུན་པ་བསལ་ནས་མྱ་ངན་འདས་ཐོབ་པ། །ཞེས་བྱ་བ་ནི་མུན་པ་ནི་ཉོན་མོངས་པའོ། །བསལ་བ་ནི་མ་རིག་པའོ། །མྱ་ངན་ ལས་འདས་པ་ཐོབ་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འགགས་ན་བདེ་ན་འཁོར་བ་མེད་དོ། །དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་རིག་སྔགས་འདིས་ཀྱང་མཉམ་པ་ཉིད་དུ་ལྟ་བ་བྱང་ཆུབ་སེམས་དཔའི་ དགེ་འདུན་འགྲུབ་སྟེ། རིན་ཆེན་དེའི་བདེན་པས་བདེ་བར་གནས་པའོ། །ལྟ་བ་འདི་ལ་སྦྱར་མ་ཐག་ཏུ་ནི། །ཞེས་བྱ་བ་ནི་ལྟ་བ་ནི་མུ་སྟེགས་ཀྱི་ལྟ་བ་སུམ་བརྒྱ་དྲུག་ཅུ་ཐམ་པའོ། །གཉིས་སུ་འདུས་པའོ། །ཡང་དག་པར་ལྟ་བ་ནི་སངས་རྒྱས་ཀྱི་ལྟ་བའོ། །འཇིག་ ཚོགས་ལྟ་དང་ནི་ཞེས་བྱ་བ་ནི། འཇིག་པ་དང་ནི་ཆད་པར་ལྟ་བ་དང་། རྟག་པར་ལྟ་བའོ། །ཚུལ་ཁྲིམས་བརྟུལ་ཞུགས་དང་ཞེས་བྱ་བ་ནི་ཉན་ཐོས་སོ། །ཐེ་ཚོམ་ནི་རྟོག་པའོ། །རྟོག་པ་ནི་མ་རིག་པའོ། །ཉོན་མོངས་གསུམ་པོ་དག་ཅེས་བྱ་བ་ནི། འདོད་ཆགས་ལ་སོགས་པའོ། ། ཅིག་ཅར་སྤངས་ཏེ་ཞེས་བྱ་བ་ནི། གཏི་མུག་ཞེ་སྡང་འདོད་ཆགས་སོ། འཕགས་པའི་བདེན་མཐོང་བ་ཞེས་བྱ་བ་ནི་བདེན་པ་བཞི་པའོ། །སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག ། ཅེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་ཡང་། བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་དགེ་འདུན་རྣམས་སྐྱེད་པའི་ཡུམ་ཡིན་ཏེ། དེ་དཀོན་མཆོག་དེའི་བདེན་པས་བཀྲ་ཤིས་པར་འགྱུར་བའོ། །ལུས་སམ་ངག་གམ་དེ་བཞིན་ཡིད་ཀྱིས་ཀྱང་། །ཞེས་བྱ་བ་ནི་ལུས་ལ་ནི་གསུམ་ངག་ ལ་ནི་བཞི་ཡིད་ལ་ནི་གསུམ་མོ། །སྡིག་པ་རྣམ་གསུམ་ནམ་ཡང་མི་བྱེད་ལ། །ཞེས་བྱ་བ་ནི་མི་དགེ་བ་བཅུ་སྤངས་པའོ། །གློ་བུར་བྱས་ནའང་འཆབ་པར་མི་བྱེད་ཅིང་། །ཞེས་བྱ་བ་ནི་བཤགས་པར་བྱེད་པའོ། །དེ་ལྟར་དེ་དག་ལྟ་བས་འཛིན་མི་བྱེད། །ཅེས་བྱ་བ་ནི་སྡིག་པ་དང་བྲལ་བའོ། ། དེ་བས་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་རིག་སྔགས་འདི་ཡང་དཀོན་མཆོག་གསུམ་གྱི་ངོ་བོ་གྲུབ་པ། རིན་ཆེན་དེའི་བདེན་པས་བདེ་བར་གྱུར་པའོ། །ཇི་ལྟར་དབང་པོའི་སྡོང་པོ་སར་བཙུགས་པ། །ཕྱོགས་བཞིའི་རླུང་རྣམས་ ཀྱིས་ནི་མ་གཡོས་ལྟར། །ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔའི་ངོ་བོས་མི་ཚུགས་ཤིང་གློ་བུར་གྱི་སྐྱོན་གྱིས་མ་གོས་པའོ། །འཕགས་པའི་ལམ་གྱི་དམ་པ་མཐོང་བ་ཡི། །གང་ཟག་འཕགས་པའི་དགེ་འདུན་དེ་བཞིན་ནོ། །ཞེས་བྱ་བ་ནི་ཀུན་འབྱུང་བ་ཤེས་པའོ། །སྡུག་བསྔལ་ཕུང་པོ་ལྔའི་ སྡུག་བསྔལ་སྤངས་པའོ། །འགོག་པ་ནི་སྔོན་དུ་སྣང་བའོ། །ལམ་ནི་སྟོང་པ་ཉིད་དུ་སྣང་བའོ། །དེ་བཞིན་དུ་སེམས་ཅན་རྣམས་ལས་འཕགས་པའི་ཕྱིར་ན་འཕགས་པའི་དགེ་འདུན་དུ་སྣང་བའོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ ཤོག །ཅེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདིས་ཀྱང་རིན་ཆེན་དེ་རྣམས་འགྲུབ་ཅིང་ལྡན་པ་སྟེ་དེའི་བདེན་པས་བཀྲ་ཤིས་པར་གྱུར་པའོ། །ཤེས་རབ་ཟབ་མོ་ཤིན་ཏུ་བསྟན་པ་ཡི། །ཞེས་བྱ་བ་ནི་ཤེས་རབ་ནི་རིག་པའོ། །རིག་པ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་སྟོང་ཆེན་མོ་རབ་ཏུ་ འཇོམས་མའོ། །སྟོང་ཆེན་མོ་ནི་ཆོས་ཀྱི་སྐུའོ། །ཆོས་སྐུ་ནི་ནམ་མཁའོ། །འཕགས་པའི་བདེན་པ་སུ་དག་རྣམ་བསྒོམས་ཤིང་། །ཞེས་བྱ་བ་ནི་སྡུག་བསྔལ་ནི་ཕུང་པོ་ལྔའི་རང་བཞིན་ཏེ་ཞེས་བྱའོ། །ཀུན་འབྱུང་ནི་རྣམ་པར་རྟོག་པ་དང་བྲལ་བའོ། །འགོག་པ་ནི་ལྷག་མཐོང་སྟེ། སྔོན་དུ་བྱའོ། །ལམ་ནི་སྟོང་པ་ཉིད་དུ་བསྒོམས་པའོ། །ལུས་ཀྱང་སྦྱིན་པར་ཡིད་ལ་བྱས་པ་ནི་ལུས་ནི་ཐབས་སོ། །ཡིད་ནི་ཤེས་རབ་བོ། །ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའོ། །ཐབས་མེད་པས་ཟིན་པའི་ཤེས་རབ་བཅིང་བ་གང་ཞེ་ན་འདི་ལྟར་སྟོང་པ་ཉིད་དང་མཚན་མ་མེད་པ་ དང་། སྨོན་པ་མེད་པ་ལ་ངེས་པར་རྟོགས་ཤིང་མཚན་དང་། དཔེ་བྱད་བཟང་པོ་དང་སངས་རྒྱས་ཀྱི་ཞིང་གི་རྒྱན་དང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ངེས་པར་མི་རྟོག་པ་འདི་ནི་ཐབས་མེད་པས་ཟིན་པའི་ཤེས་རབ་སྟེ། བཅིངས་པའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་གྲོལ་བ་གང་ཞེ་ ན། འདི་ལྟ་སྟེ་མཚན་དང་། དཔེ་བྱད་བཟང་པོ་དང་། སངས་རྒྱས་ཀྱི་ཞིང་གི་རྒྱན་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སེམས་ངེས་པར་རྟོགས་ཤིང་། སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་ཡང་འདྲིས་པར་བྱེད་ལ། །ཡོངས་སུ་མི་སྐྱོ་བ་དེ་ནི་ཐབས་ཀྱིས་ཟིན་པའི་ཤེས་ རབ་སྟེ་གྲོལ་བ་ཞེས་བྱའོ། །དེ་དག་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །འཇིགས་པ་བརྒྱད་དང་ཕྲད་མི་འགྱུར། །ཞེས་བྱ་བ་ནི་འཇིགས་པ་ནི་སེང་གེ་དང་གླང་པོ་ཆེ་དང་། མེ་དང་། སྦྲུལ་དང་། བཙོན་དུ་བཟུང་བ་དང་། ཆུ་དང་། རྐུན་པོ་དང་། ཡི་དགས་དང་ནི་བརྒྱད་དོ། །ཕྲད་མི་ འགྱུར་ནི་རིག་སྔགས་ཀྱིས་བྱིན་གྱིས་བརླབས་པའོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་རིག་སྔགས་འདིས་ཀྱང་དཀོན་མཆོག་གསུམ་འགྲུབ་ཅིང་། སྟོང་པ་ཉིད་དུ་སྣང་བ་སྟེ་རིན་ཆེན་དེའི་བདེན་པས་བདེ་ལེགས་ སུ་གྱུར་བའོ། །ཇི་ལྟར་མེ་ནི་རླུང་གིས་རབ་གཏོར་བས། །ཞེས་བྱ་བ་ནི་མི་དམིགས་པའོ། །ལག་ཏུ་བླངས་ཏེ་བགྲང་དུ་མེད་པ་ཉིད། །ཅེས་བྱ་བ་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་མཚན་ཉིད་ཅི་ཞེ་ན། བརྗོད་དུ་ཡོད་དེ་དངོས་པོ་མེད་པའོ། །ཡང་ན་སྟོང་པ་ཉིད་ལ་རྫུ་འཕྲུལ་བྱུང་ངོ་། །གང་ ཞེ་ན་ནམ་མཁའ་ལ་རླུང་ལ་སོགས་པ་འབྱུང་བ་བཞིན་དུའོ། །དེ་ལྟར་ཀུན་ཏུ་སྦྱོར་བ་རབ་བཏང་བ་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའོ། །ཀུན་རྫོབ་ནི་ཐབས་ཀྱི་ངོ་བོའོ། །དོན་དམ་པ་ནི་ཤེས་རབ་ཀྱི་ངོ་བོའོ། །དེ་བཞིན་དུ་ཐབས་དང་ཤེས་རབ་སྦྱོར་བའོ། །སངས་རྒྱས་སྲས་རྣམས་ བསྟན་དུ་མེད་པར་འགྲོ། །ཞེས་བྱ་བ་ནི་དཔེར་ན་ཡིད་བཞིན་ནོར་བུའི་རྒྱལ་པོ་ནི་ཇི་ལྟར། ཡིད་ལ་བསམ་པ་རྫོགས་བྱེད་པ། །དེ་བཞིན་སངས་རྒྱས་ཆོས་ཉིད་ཀྱང་། །རྟག་ཏུ་སྨོན་ལམ་རྫོགས་པར་གྲུབ། །མཐའ་དང་དབུས་མེད་འཇིག་རྟེན་འདིར། །འཇིག་རྟེན་པ་ནི་འདྲེས་པར་འགྱུར། ། དེ་ཡི་སྨོན་ལམ་དེ་དག་གིས། །ཕྱོགས་བཅུའི་དེ་དག་རྒྱལ་བ་གང་། །ཡང་ན། ཇི་ལྟར་ཟླ་བ་ཤར་འགྱུར་བ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་འགྱུར་ཀྱང་། །ཟླ་བ་གཉིས་སུ་འགྱུར་བ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཆགས་མེད་ རྣམ་པར་སངས་རྒྱས་པ། །ཞིང་རྣམས་ཀུན་ནས་རབ་ཏུ་སྣང་། །སངས་རྒྱས་ལ་ནི་གཉིས་ཀྱང་མེད། །ཅེས་གསུངས་སོ། །དེས་ན་དགེ་འདུན་རིན་ཆེན་མཆོག་ཏུ་གསུངས། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་འཕགས་པ་དགྲ་བཅོམ་པའི་རང་བཞིན་ཡང་རིག་སྔགས་ འདི་ཡིས་གྲུབ་སྟེ། དཀོན་མཆོག་དེའི་བདེན་པས་བཀྲ་ཤིས་པར་གྱུར་པའོ། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །ཞེས་བྱ་བ་ནི་སེམས་ཅན་ནི་འགྲོ་བ་རིགས་དྲུག་ཙམ་མོ། །བེམས་པོ་ལ་སོགས་པ་འགྱུར་བ་རྣམས་སོ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཅེས་བྱ་བ་ ནི་དེ་དག་ནི་སེམས་ཅན་ནོ། །འདིར་ནི་སྟོང་ཆེན་མོའི་བྱིན་རླབས་སོ། །བདེ་གྱུར་ཅིག་ནི་སེམས་ཅན་ཐམས་ཅད་དོ། །སྟོན་མཆོག་ལྷ་དང་མིས་ནི་མཆོད་འོས་པ། །སངས་རྒྱས་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཅེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་སངས་རྒྱས་རྣམས་ཀྱི་ཞལ་ནས་བྱུང་བ་ སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ངོ་བོ། །སེམས་ཅན་རྣམས་ཀྱིས་མཆོད་པར་འོས་པའོ། །སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཅེས་བྱ་བ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་རིན་ཆེན་ཆོས་ཀྱི་བདེན་པས་བདེ་ལེགས་སུ་གྱུར་ པའོ། །ཞི་བ་ཆགས་བྲལ་ལྷ་མིས་མཆོད་འོས་པ། །ཆོས་ལ་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཅེས་བྱ་བ་ནི་འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་བར་བྱེད་པ་འདོད་པའི་ཡོན་ཏན་ལྔ་སྤངས་པ། དམིགས་པ་མེད་པའི་ཆོས་ལ་ཕྱག་འཚལ་བའོ། ། སེམས་ཅན་གང་དག་འགྲོ་དང་མི་འགྲོ་བ། །དེ་དག་ཐམས་ཅད་འདིར་ནི་བདེ་གྱུར་ཅིག །ཅེས་བྱ་བ་ནི་འཕགས་པའི་བདེན་པ་བཞིས་སེམས་ཅན་གྱི་དོན་བྱེད་པ་རྣམས་དེའི་བདེན་པས་འགྲོ་བ་རིགས་དྲུག་ཞི་བར་འགྱུར་བ། དཀོན་མཆོག་བདེན་པ་དེའི་བཀྲ་ཤིས་པའོ། །ཚོགས་ ཀྱི་དམ་པ་ཞེས་བྱ་བ་ནི་འབྲས་བུ་དང་རྒྱུའོ། །ལྷ་མིས་མཆོད་འོས་པ། ཞེས་བྱ་བ་ནི་འཇིག་རྟེན་པ་ཐམས་ཅད་ཀྱིས་མཆོད་པའོ། །དགེ་འདུན་ཕྱག་འཚལ་དེང་འདིར་བདེ་ལེགས་ཤོག །ཅེས་བྱ་བ་ནི་མི་དགེ་བ་སྤངས་པས་དགེ་བ་དང་དུ་བླངས་པ་བདེན་པ་བཞིའི་སྒོ་ནས་སྤྱོད་པ་རྣམས་ལ་ ཕྱག་འཚལ་བའོ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏེ། །ས་འམ་འོན་ཏེ་བར་སྣང་འཁོད་པ་དག །ཅེས་བྱ་བ་ནི་གློ་བུར་གྱི་ཉོན་མོངས་པ་ལྔའི་ངོ་བོ་ལས་གྱུར་པ། དེ་དག་འབྱུང་པོའི་ཚོགས་རྣམས་སོ། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཤོག །ཉིན་དང་མཚན་དུ་ ཆོས་ཀྱང་སྤྱོད་གྱུར་ཅིག །ཅེས་བྱ་བ་ནི་རིག་སྔགས་འདིའི་བདེན་པས་བྱམས་པས་ཁྱབ་ནས་ཆོས་ཀྱི་དམ་པ་དར་བ་སྨོན་ལམ་བཏབ་པའོ། །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུངས་ཤིང་བརྫུན་མེད་པ། །ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བཀའ་དང་ རིག་སྔགས་ཀྱི་བདེན་པས་ཐེ་ཚོམ་མེད་པའོ། །བདེན་པ་དེ་ཡིས་འདིར་ནི་བདེ་ལེགས་ཤོག །ཅེས་བྱ་བ་ནི་དཀོན་མཆོག་གསུམ་གྱི་བདེན་པས། འཇིགས་པ་དང་ནད་རྣམས་དང་བྲལ་ཞིང་། བཀྲ་ཤིས་དང་བདེ་ལེགས་སུ་གྱུར་པའོ། །དེ་ཀུན་འཇིགས་པ་ཆེ་ལས་ཐར་ གྱུར་ཅིག །ཅེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ་རང་བཞིན་ནི་སྨིག་རྒྱུ་དང་འདྲ་སྟེ་ངོ་བོ་ཉིད་ནི་རིགས་ལྔའི་སངས་རྒྱས་སོ། །མཚོན་བྱ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཚོན་པ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་པའོ། །རིགས་ནི་རྡོ་རྗེའི་རིགས་ཀྱི་རིན་པོ་ཆེའི་རིགས་སོ། །དེའི་ ཕྱག་མཚན་དང་སྐུ་མདོག་ནི་སེར་མོ་ཞལ་གསུམ་པ་ཕྱག་དྲུག་པ། གཡས་མཐིང་ག་གཡོན་དམར་བ་སྤྱན་གསུམ་པ་དབུ་ལ་རིགས་ལྔའི་དབུ་རྒྱན་ཅན་གཡས་པ་གསུམ་ན་རིན་པོ་ཆེ་དང་རལ་གྲི་དང་མདའོ། །གཡོན་པ་གསུམ་ན་རྡོ་རྗེ་དང་ཞགས་པ་དང་གཞུའོ། །ཞབས་རྡོ་རྗེ་ སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་དུ་ཉི་མའི་གདན་དང་བཅས་པ་བཞུགས་པ་ཉི་མའི་འོད་དང་བཅས་པ་ཚོར་བའི་ཕུང་པོ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །རིག་སྔགས་ནི། སྱཱད་ཡ་ཐེ་དན། འདི་ལྟ་སྟེ། སྔགས་ནི་དྷི་རི་དྷི་དྷི་རེ་ཞེས་བྱ་བའོ། །ཚངས་པ་ཞེས་བྱ་བ་ནི། ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །རིག་སྔགས་ནི་སྟོང་པ་ཉིད་དོ། །རྒྱལ་མོ་ནི་འཇིག་རྟེན་ལ་དབང་བའི་ཕྱིར་རོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི། །ཡིད་བཞིན་གྱི་ནོར་བུ་འདྲ་བ་སྟེ། སྡུག་བསྔལ་ཐམས་ཅད་འཇོམས་པའོ། །གདོན་ཐམས་ ཅད་ལས་ཐར་བར་བྱེད་པ་འདི་ནི་ཞེས་བྱ་བ་ནི། འཁོར་བ་ལས་ཐར་པའོ། །སངས་རྒྱས་ནི་སྡུག་བསྔལ་དང་བྲལ་བའོ། །ཕྱག་རྒྱའོ་ཞེས་བྱ་བ་ནི་སྟོང་ཆེན་མོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཕྱག་ རྒྱའོ་ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་ཡང་། ཚད་མེད་པ་བཞིའི་ཕྱག་རྒྱའི་རྒྱས་བཏབ་ནས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་རྣམས་ཀྱི་ཕྱག་རྒྱའི་རྒྱས་བཏབ་པའོ། །སངས་རྒྱས་ཀྱི་གནས་སོ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཆོས་ཀྱི་གནས་སོ་ཞེས་བྱ་བ་ ནི་ཐབས་དང་ཤེས་རབ་གཉིས་སུ་མེད་པར་འབྱུང་བའོ། །དགེ་འདུན་གྱི་གནས་སོ་ཞེས་བྱ་བ་ནི། མི་དགེ་བར་མི་གནས་ལ། ཚོགས་སོགས་པའི་དམ་པའོ། །ཚངས་པའི་གནས་ཞེས་བྱ་བ་ནི། འདི་ལ་གནས་ཤིང་ཚངས་པར་སྤྱོད་པའོ། །དབང་པོའི་གནས་སོ་ཞེས་བྱ་བ་ནི། འདི་ལ་བརྟེན་ ཅིང་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ། །འཇིག་རྟེན་སྐྱོང་བའི་གནས་སོ་ཞེས་བྱ་བ་ནི། འདིས་སྐྱེད་ཅིང་ཕྱོགས་སྐྱོང་བཅུ་ལ་དབང་པོའོ། །དབང་ཕྱུག་གི་གནས་སོ་ཞེས་བྱ་བ་ནི། འདི་ལ་བརྟེན་ནས་དབང་མཛད་པའོ། །དྲང་སྲོང་ཆེན་པོའི་གནས་སོ་ཞེས་བྱ་བ་ནི། འདིའི་བདེན་པ་ལ་ བརྟེན་ནས་དམོད་མོ་འབྱུང་བའོ། །འབྱུང་པོའི་གནས་སོ་ཞེས་བྱ་བ་ནི། འབྱུང་བ་ལྔའི་རང་བཞིན་དུ་འདི་ལས་འབྱུང་བའོ། མིག་གི་གནས་སོ་ཞེས་བྱ་བ་ནི། སྣ་ཚོགས་ཀྱི་ལྟ་བ་ཡང་དེར་གནས་པའོ། །རྒྱུའི་གནས་སོ་ཞེས་བྱ་བ་ནི་འབྱུང་བ་བཞིའི་རང་བཞིན་ནོ། །ཕྱོགས་ཀྱི་གནས་སོ་ ཞེས་བྱ་བ་ནི། ནམ་མཁའ་བཞིན་དུ་ཕྱོགས་བཅུར་ཐུག་པ་མེད་པའོ། །བསྟན་པའི་གནས་སོ་ཞེས་བྱ་བ་ནི། མི་དགེ་བ་མི་བྱེད་ཅིང་། སེམས་ཅན་གྱི་དོན་བྱེད་པ། སྦྱིན་པ་དང་ཚུལ་ཁྲིམས་དང་དེ་རྣམས་མཛད་པའོ། །སངས་རྒྱས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་པའོ་ ཞེས་བྱ་བ་ནི། །རྒྱུ་དང་འབྲས་བུའི་སྒོ་ནས་རྫོགས་ཏེ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ངོ་བོ་ཉིད་དོ། །ཉན་ཐོས་རྣམས་ཀྱིས་ནི་རེག་པའོ་ཞེས་བྱ་བ་ནི། བྱེ་བྲག་པ་ཞེས་བྱ་བ་ཡིན་ཏེ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒོ་ནས། ཚངས་པས་བྱིན་གྱིས་བརླབས་པའོ་ཞེས་བྱ་བ་ནི། ཚངས་པའི་ཏིང་ངེ་འཛིན་ནི། རླུང་སྒོམ་པའོ། །དེ་ཡང་རིག་སྔགས་ཀྱི་སྒོ་ནས། དབང་པོས་རབ་ཏུ་བསྔགས་པའོ་ཞེས་བྱ་བ་ནི་བསྔགས་པ་ནི་བསྲུང་བ་དང་སྐྱོབ་པའོ། །དེ་ཡང་ནི་རིག་སྔགས་ཀྱི་སྒོ་ནས་སོ། །འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་པའོ་ཞེས་བྱ་བ་ནི། འཇིག་རྟེན་ སྐྱོང་བ་ནི། བརྒྱ་བྱིན་ལ་སོགས་པ་ཡིན་ཏེ། དེ་དག་ཀྱང་རིག་སྔགས་ཀྱི་རྒྱལ་མོ་མཆོད་པའོ། །དབང་ཕྱུག་གིས་ཕྱག་བྱས་པའོ་ཞེས་བྱ་བ་ནི། དབང་ཕྱུག་ཆེན་པོ་ནི་མུ་སྟེགས་ཀྱི་ལྟ་བ་མཐར་ཐུག་པ་ཡིན་ཏེ། དེ་དག་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་ལ་ཕྱག་འཚལ་ལོ། །ལྷ་རྣམས་ ཀྱིས་ཀུན་དུ་མཆོད་པའོ་ཞེས་བྱ་བ་ནི། འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་གསུམ་མོ། །དེ་དག་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ལ་མཆོད་པའོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱིས་བསྔགས་པའོ་ཞེས་བྱ་བ་ནི། རྣམ་ པ་དང་བཅས་པ་དང་རྣམ་པ་མེད་པའོ། །དེ་ལ་རྣམ་པ་དང་བཅས་པའི་ཡེ་ཤེས་སྨྲ་བ་ནི། དྲུག་གིས་ཅིག་ཅར་སྦྱར་བས་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །ཞེས་བྱ་བ་ལ་སོགས་པའོ། །རིག་པས་ཀྱང་ཕྲ་རབ་ཀྱང་དམིགས་པར་མི་འགྱུར་གྱི་འདི་དག་ཐམས་ཅད་ནི་སེམས་ཙམ་སྟེ། སེམས་ཉིད་གཟུང་བ་དང་འཛིན་པའི་ངོ་བོ་དང་བྲལ་བའོ། །རྣམ་པ་མེད་པར་སྨྲ་བའི་བསམ་གཏན་ནི། བདེན་པ་གཉིས་སུ་མེད་པ། བསམ་གྱིས་མི་ཁྱབ་པ་སྣང་བ་མེད་པའི་ཡེ་ཤེས་མངོན་སུམ་དུ་བྱེད་པའོ། །དེ་ཡང་དེའི་ངོ་བོ་གསལ་བར་འདོད། །རྣམ་པ་མེད་ཅིང་མ་གོས་པ། །དེ་ནི་ མཁས་པ་མ་ཡིན་པས། །ནམ་ཡང་ཤེས་པར་མི་འགྱུར་རོ། །འདི་དག་ཐམས་ཅད་སེམས་ཙམ་ཞེས། །དེ་སྙམ་དུ་ནི་དམིགས་ནས་སུ། །ཅི་ཡང་རུང་སྟེ་མདུན་འཇོག་ན། །དེ་ཉིད་ཙམ་ལ་མི་གནས་སོ། །གང་ཚེ་ཤེས་པ་དམིགས་པ་རྣམས། །ཉེ་བར་དེ་ལ་དམིགས་པའི་ཚེ། སེམས་ཙམ་ལ་ནི་གནས་པ་སྟེ། །གཟུང་བ་མེད་པས་དེ་འཛིན་མེད། །ཅེས་བསྟན་པས་སོ། །དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་མོའི་སྒོ་ནས་སྤྱོད་པའོ། །མཁས་པ་རྣམས་མངོན་པར་དགའ་བར་གྱུར་པའོ་ཞེས་བྱ་བ་ནི་མཁས་པ་ནི་པཎྜི་ཏ་ལ་སོགས་པ་སྟེ། རིག་པའི་གནས་ལྔ་ལ་ མཁས་པའོ། །རིག་པའི་གནས་ལྔ་གང་ཞེ་ན། ལྷ་སྙན་རིག་པ་སྦྱང་དང་སྨན་དང་ནི། །བཟོ་དང་སྒྲ་དང་ལྔ་ཡིན་ཞེས། །དེ་དག་ཀྱང་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ་སྤྱོད་པའོ། །དྲང་སྲོང་རྣམས་ཀྱིས་རབ་ཏུ་བསྔགས་པའོ་ཞེས་བྱ་བ་ནི། དྲང་སྲོང་ནི་ཏིང་ངེ་འཛིན་ལ་གནས་པ་སྟེ་དེ་དག་ཀྱང་ རིག་སྔགས་ཀྱི་སྒོ་ནས་གནས་པའོ། །ཚངས་པ་རྣམས་ཀྱིས་རབ་ཏུ་བརྒྱན་པའོ་ཞེས་བྱ་བ་ནི། ཚངས་པ་ནི་མི་མཇེད་ཀྱི་བདག་པོ་ལ་སོགས་པ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་གནས་པའོ། །ལྷ་རྣམས་ཀྱིས་མངོན་པར་བསྟོད་པའོ་ཞེས་བྱ་བ་ནི། ལྷ་རྣམས་ཀྱིས་མངོན་པ་ནི་རང་གི་ གནས་ནས་མར་ལ་མཐོང་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་མཐོང་པའོ། །ཁྲུས་བྱེད་པ་རྣམས་ཀྱིས་བསམས་པའོ་ཞེས་བྱ་བ་ནི། ཁྲུས་བྱེད་པ་ནི་མུ་སྟེགས་ཀྱི་རིགས་ཡིན་ཏེ། ཡང་ན་ནི་གཙང་སྦྲ་ལ་བརྟེན་ཏེ། ཀྲི་ཡ་ལ་གནས་པའོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་ཁྲུས་བྱེད་ པའོ། །རིགས་བཞིའི་འཇིག་རྟེན་གྱིས་དགའ་བར་བྱས་པའོ་ཞེས་བྱ་བ་ནི། །རིགས་བཞི་ནི་བྲམ་ཟེ་དང་། རྒྱལ་པོ་དང་། རྗེའུ་དང་། དམངས་རིགས་དང་བཞི་ཡིན་ཏེ། ཡང་ན་བྲམ་ཟེའི་བྲམ་ཟེའོ། །རྒྱལ་པོའི་རྒྱལ་པོའོ། །རྗེའུའི་རྗེའུའོ། །དམངས་རིགས་ཀྱི་དམངས་རིགས་སོ། ། དམངས་རིགས་ཀྱི་གདོལ་པ་ནི་གྲངས་ཀྱིས་མི་ཆོད་དོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སོ། །སངས་རྒྱས་ཀྱི་སྤྱོད་ཡུལ་བྱ་བ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ནི་དབུ་མའི་ལམ་ཡིན་ཏེ། ཆོས་ཀྱི་སྐུ་ནི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་དེ་ནི་དབུ་མའི་ལམ་མོ། །དེ་ནས་སངས་རྒྱས་ཀྱི་སྤྱོད་ ཡུལ་ལོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྤྱོད་ཡུལ་དུ་བྱས་པའོ། །རང་སངས་རྒྱས་རྣམས་ཀྱི་སྐྱེད་མོས་ཚལ་ལོ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ནི་རང་བྱུང་ཡེ་ཤེས་ཏེ་ཆོས་ནི་ལུས་ཀྱིས་བསྟན་པའོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་འཚལ་ལོ། །དྲང་སྲོང་རྣམས་ཀྱི་ གནས་སོ་ཞེས་བྱ་བ་ནི། དྲང་སྲོང་ནི་སེམས་མི་དམིགས་པ་སྒོམ་པ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་བྱས་པའོ། །ཉན་ཐོས་རྣམས་ཀྱིས་མྱ་ངན་ལས་འདས་པའོ་ཞེས་བྱ་བ་ནི། ཉན་ཐོས་ནི་རྟག་པ་དང་མི་རྟག་པ་བསྒོམས་པས་སྔོན་དུ་རྟག་པ་འགྲོ་བ་ནི། ཏིང་ངེ་འཛིན་ གྱི་དྲི་མས་ཏེ་དེ་དག་ནི་རིག་སྔགས་ཀྱི་སྒོ་ནས་མྱ་ངན་ལས་འདས་པའོ། །རྣལ་འབྱོར་སྤྱོད་པ་རྣམས་ཀྱི་གནས་སོ་ཞེས་བྱ་བ་ནི་རྣལ་འབྱོར་ནི་ཐབས་དང་ཤེས་རབ་བོ། །སྤྱོད་པ་ནི་ཐབས་དང་ཤེས་རབ་ཀྱི་སྒོ་ནས་སྤྱོད་པའོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྤྱོད་པའོ། །བྱང་ ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་སོ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཕྱོགས་ནི་སུམ་ཅུ་རྩ་བདུན་ནོ། །དེ་ལམ་དུ་འཁྱེར་བ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་འབྱུང་གནས་སོ། །ཉོན་མོངས་པ་རྣམས་འཇོམས་པའོ་ཞེས་བྱ་བ་ནི། ཉོན་མོངས་པ་རྣམས་ནི་བཞིའི་སྒོ་ ནས་གནས་སོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་འཇོམས་པའོ། །བག་ལ་ཉལ་གྱི་ཟུག་རྔུ་རྣམས་འབྱིན་པའོ་ཞེས་བྱ་བ་ནི། བག་ལ་ཉལ་བ་ནི་གཅེར་བུ་པ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སུན་འབྱིན་པའོ། །འཕགས་པའི་ལམ་ཀུན་དུ་སྟོན་པའོ་ཞེས་བྱ་བ་ནི་འཕགས་པའི་ཀུན་ དུ་ནི་ལམ་བཞི་སྟེ་དེ་དག་ཀྱང་རིག་སྔགས་ཀྱི་སྒོ་སྟོན་པའོ། །ཐར་པའི་སྒོ་རྣམས་འབྱེད་པའོ་ཞེས་བྱ་བ་ནི། ཐར་པ་ནི་འཁོར་བ་ནས་ཐར་བས་ཏེ། དེ་དག་ནི་རིག་སྔགས་ཀྱི་སྒོ་ནས་སོ། །འཇིག་ཚོགས་ལ་ལྟ་བ་རྣམས་འཇིག་པར་བྱེད་པའོ་ཞེས་བྱ་བ་ནི་འཇིག་ཚོགས་ནི་ཕྲག་དོག་སྟེ། ཕྲག་དོག་འཇོམས་མ་ནི་རིག་སྔགས་ཀྱི་རྒྱལ་མོའོ། །ང་རྒྱལ་གྱི་རི་རབ་ཏུ་བསྙིལ་བར་བྱེད་པའོ་ཞེས་བྱ་བ་ནི། ང་རྒྱལ་ནི་མ་རིག་པ་སྟེ་རི་ནི་རབ་ཏུ་ཆེན་པོ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་བསྙིལ་བར་བྱེད་པའོ། །འཁོར་བའི་རྒྱ་མཚོ་སྐེམས་པར་བྱེད་པའོ་ཞེས་བྱ་བ་ནི་རྒྱ་མཚོ་ནི་རྒྱ་ ཆེ་བ་གཏིང་རིང་བ་སྟེ། དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྐེམས་པའོ། །འཁོར་བའི་རྒྱ་མཚོར་ལྟུང་བའི་སེམས་ཅན་རྣམས་སྒྲོལ་བའོ་ཞེས་བྱ་བ་ནི་རྒྱ་མཚོ་ནི་གཏིང་རིང་གྲངས་མི་ཆོད་པའོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སེམས་ཅན་སྒྲོལ་བའོ། །བདུད་ཀྱི་ཞགས་པ་གཅོད་པའོ་ ཞེས་བྱ་བ་ནི། བདུད་བཞིའི་ཞགས་པ་ནི་ཕྱིན་ཅི་ལོག་པའོ། །དེ་དག་ཀྱང་རིག་སྔགས་ཀྱིས་གཅོད་པའོ། །བདུད་ཀྱི་འཁོར་སྐྲག་པར་བྱེད་པའོ་ཞེས་བྱ་བ་ནི། བདུད་ནི་ལྷའི་བདུད་ལ་སོགས་པའོ། །དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྐྲག་པའོ། །བདུད་ཀྱི་མཆིལ་མ་འདོར་བའོ་ཞེས་བྱ་བ་ནི་ བདུད་ནི་དགའ་རབ་དབང་ཕྱུག་ལ་སོགས་པ་སྟེ་དེ་དག་ཀྱང་རིག་སྔགས་ཀྱིས་བཅོམ་མོ། །ཉོན་མོངས་པའི་གཡུལ་ལས་སྒྲོལ་བའོ་ཞེས་བྱ་བ་ནི། ཉོན་མོངས་པ་ནི་མ་རིག་པ་ལ་སོགས་པ་སྟེ་དེ་དག་ཀྱང་རིག་སྔགས་ཀྱི་སྒོ་ནས་སྒྲོལ་བའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པར་ བྱེད་པའོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་སངས་རྒྱས་ཀྱི་ཡུལ་ལོ། །རིག་སྔགས་ཀྱི་སྒོ་ནས་འཁྲིད་པའོ། །འཁོར་བའི་ཁྱིམ་ནས་འབྱུང་བར་བྱེད་པའོ་ཞེས་བྱ་བ་ནི་འཁོར་བའི་ཁྱིམ་ནི་མ་རིག་པའོ། །འབྱུང་བ་ནི་རིག་པའོ། །རིག་པ་ནི་དགེ་བའོ། །དགེ་བ་ནི་གྲོལ་བའོ། །གྲོལ་ བར་བྱེད་པ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་གང་ཞེ་ན། རང་བཞིན་ནི་ཆུའི་ཆུ་བུར་ལྟ་བུའོ། །མཚོན་བྱ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །རིགས་ནི་རྡོ་རྗེ་དང་པདྨའི་རིགས་སོ། །མཚོན་པ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །ངོ་ བོ་ཉིད་ནི་རིགས་ལྔའི་སངས་རྒྱས་ཀྱི་ངོ་བོ་ཉིད་དོ། །དེའི་ཕྱག་མཚན་དང་སྐུ་མདོག་ནི་གང་ཞེ་ན། ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་མོ། །གཡས་དཀར་གཡོན་མཐིང་ག །རིགས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཕྱག་གཡས་ན་པདྨ་དང་རལ་གྲི་གཡོན་ན་རིན་པོ་ཆེའི་སྟེང་ན་རྡོ་ རྗེ་དང་རྩེ་གསུམ་མོ། །འོག་མ་གཉིས་མཉམ་གཞག་མཛད་དེ། ཕྱག་གི་སྟེང་ན་བུམ་པའོ། །རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན་དང་བཅས་པ། ཉི་མའི་འོད་ལ་འདུ་ཤེས་ཀྱི་ཕུང་པོ་སྟེ། རིག་ སྔགས་གང་ཞེ་ན། སྱཱད་ཡ་ཐེ་ངན། འདི་ལྟ་སྟེ། སྔགས་ནི་ཁངྒ་ནིར་གྷོ་ཥེ་ཞེས་བྱའོ། །རིག་སྔགས་ཞེས་བྱ་བ་ནི་སྟོང་པ་ཉིད་དོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་གདོན་ཐམས་ཅད་ལས་ཐར་བར་བྱེད་པ་ནི་ཞེས་བྱ་བ་ནི་ཐུན་མོང་དང་ཐུན་མོང་མ་ ཡིན་པའི་དོན་གྲུབ་པ། ཆོས་ཀྱི་བདུད་རྩི་ཉམས་མྱོང་དྲན་པ་མེད་པ། བདུད་བཞི་འཇོམས་པ། སྟོང་པ་ཉིད་ཀྱི་རང་བཞིན་སྲུང་བ་དང་སྐྱོབ་བར་བྱེད་པ། འཇིག་རྟེན་ཁམས་ལ་དབང་བྱེད་པ། གློ་བུར་གྱི་འབྱུང་པོ་རྣམས་འཇོམས་པའོ། །མདོ་སྡེ་འདི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱི་ཞེས་བྱ་བ་ནི། སངས་རྒྱས་ཀྱི་ཞལ་ནས་ཞལ་དུ་གསུངས་པར་སངས་རྒྱས་ཀྱི་རྒྱུད་རྒྱུན་མི་འཆད་པའོ། །བཀའ་ཡང་དག་པར་སྣང་བ་ཕྱག་རྒྱ་བཞིའི་རྒྱན་ཕྱིན་ཅི་མ་ལོག་པའོ། །འདིས་ནི་ལྷ་ དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཕྱག་རྒྱས་བཏབ་སྟེ་ཞེས་བྱ་བ་ནི། ནམ་མཁའ་བཞིན་དུ་ཁྱབ་ནས། འཇིག་རྟེན་ཁམས་ལ་རིག་སྔགས་ཀྱི་ཕྱག་རྒྱས་བཏབ་པའོ། །སངས་རྒྱས་ཞེས་བྱ་བ་ནི་གཉིས་སུ་མེད་དོ། །ཕྱག་རྒྱ་ཞེས་བྱ་བ་ནི་དེ་ཉིད་ཀྱི་ཕྱག་རྒྱའོ། །ཕྱག་ རྒྱས་བཏབ་སྟེ་ཞེས་བྱ་བ་ནི། རིག་སྔགས་ཀྱིས་བཏབ་པའོ། །མྱ་ངན་ལས་འདས་པའི་གྲོང་ཁྱེར་བླ་ན་མེད་པར་ཞུགས་སོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་སངས་རྒྱས་སོ། །གྲོང་ནི་ཞིང་ཁམས་སོ། །བླ་ན་མེད་པ་ནི་གོང་ན་མེད་པའོ། །དེའི་དོན་ གྱི་ཕྱིར་མངོན་པར་སངས་རྒྱས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དང་ཞེས་བྱ་བ་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་ལམ་ནས་ས་བཅུ་རབ་ཏུ་ཐོབ་སྟེ་དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ནས། ས་བཅུ་གཅིག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པའོ། །རང་ སངས་རྒྱས་དང་ཉན་ཐོས་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཞེས་བྱ་བ་ནི་ཞི་གནས་དང་ལྷག་མཐོང་གནས་པ་རྣམས་དང་། བདག་མི་རྟག་པའི་རང་བཞིན་བྱེ་བྲག་པ་རྣམས་དང་། དམིགས་པ་མེད་པས་འཇིག་རྟེན་གྱི་ཁམས་ལྟ་བ་རྣམས་ལ་ལྟ་བ་རྣམས་སོ། ། རང་སངས་རྒྱས་རྣམས་དང་ཉན་ཐོས་རྣམས་དང་། ཕ་མ་རྣམས་དང་། སྦྱིན་གནས་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདི་ལ་དེ་རྣམས་ཀྱིས་ཀྱང་མཆོད་པར་འོས་པ་གཞི་ནས་གནས་པའོ། །བླ་མ་ལྟ་བུ་རྣམས་ལ་བསྙེན་བཀུར་ཏོ་ཞེས་བྱ་བ་ནི། གོང་ནས་གོང་ངོ་། །ཚངས་ པར་སྤྱོད་པ་སྤྱད་ཅེས་བྱ་བ་ནི་སྟོང་ཆེན་མོའི་སྒོ་ནས་སྤྱོད་པའོ། །ཚུལ་ཁྲིམས་བསྲུངས་སོ། །སྦྱིན་པ་སྦྱིན་ནོ་ཞེས་བྱ་བ་ནི། །འཛེམ་པ་མེད་པར་སྦྱིན་པ་བྱིན། །ཚུལ་ཁྲིམས་མཆོག་ཀྱང་ཤིན་ཏུ་བསྲུངས། །བདག་ལུང་མགོན་གྱིས་མ་བསྟན་ཏེ། །བདག་ལ་འདུ་ཤེས་མེད་འགྱུར་ཚེ། །སྦྱིན་ པའི་འདུ་ཤེས་མ་ལུས་པར། །རྣམ་པར་རྟོག་པ་ཀུན་སྤངས་ནས། །དེ་ནི་བྱང་ཆུབ་ལུང་བསྟན་ཏོ། །སྦྱིན་པས་སུ་ནི་ལོངས་སྤྱོད་བཤད། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་བསྒྲུབ། །གང་ན་ཅུང་ཟད་མི་རྙེད་པ། །དེ་ནི་བྱང་ཆུབ་བླ་མེད་དོ། །དམིགས་པར་གནས་པའི་སྦྱིན་པ་རྣམས། ། མཁས་པས་མ་ཡིན་རྟོག་མེད་དོ། །དེ་ལ་ཐེག་པ་ཆེན་པོར་མི་དམིགས་པར། །ཚུལ་ཁྲིམས་གཅིག་པའི་དབུ་མའོ། །ཞེས་བསྟན་པའོ། །སྙིང་རྗེའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་བསྐངས་སོ་ཞེས་བྱ་བ་ནི་སྙིང་རྗེ་ནི་ཚད་མེད་པ་བཞིའོ། །དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་ལྔའོ། །ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཡོངས་སུ་དངོས་པོ་རྣམས་ལ་ཡང་ཁྱད་པར་རམ། བྱེ་བྲག་གང་ཡང་མི་དམིགས་སོ། །ཡང་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པས་བླ་ན་མ་མཆིས་པའི་ བྱང་ཆུབ་ནི་ཐེ་ཚོམ་མ་མཆིས་སོ། །ཅིའི་སླད་དུ་ཞེ་ན། ཆོས་གང་ཡང་མི་དམིགས་སོ། །མི་དམིགས་པ་དེ་ཉིད་མ་སྐྱེས་པའི་བཟོད་པ་ཐོབ་པ་ཞེས་བྱའོ། །ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། སྦྱིན་པ་དང་སྦྱིན་པའི་བདག་པོ་དང་། ལེན་པ་ཡང་མི་དམིགས་ན། དེའི་ཚེ་བྱང་ཆུབ་ཀྱི་ལམ་ཐོབ་པར་འགྱུར་རོ། །ཡང་ཆོས་ཐམས་ཅད་ལ་རབ་ཏུ་རྟོགས་ན་ཆོས་གང་ལ་ཡང་རྣམ་པར་རྒྱུ་བ་མེད་པ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེ་དག་བསྟན་པའོ། །བྱང་ཆུབ་ཐོབ་པར་བསྒྲུབས་སོ་ཞེས་བྱ་བ་ནི། ཅིའི་ཕྱིར་ཞེ་ན། བླ་ན་མེད་པའི་བྱང་ཆུབ་ ཀྱི་རྒྱུ་གང་ལས་བྱུང་བཀའ་སྩལ་བ་མ་ཡིན་ནོ། །བྱང་ཆུབ་ནི་རྒྱུ་ནི་རྐྱེན་ལས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་མ་སྐྱེས་པ་དང་ངོ་བོ་ཉིད་མེད་པ་ནི། རྒྱུ་དང་རྐྱེན་ལས་བྱུང་བ་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་རོ། །བདུད་ཕམ་པར་བྱས་སོ་ཞེས་བྱ་བ་ནི་ ཅིའི་ཕྱིར་ཞེ་ན། བདུད་ནི་བཞི་ཡིན་ཏེ། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དང་། དེ་དག་བཅོམ་པས་ན་ཕམ་པ་ཞེས་བྱའོ། །དེ་ནས་ཞེས་བྱ་བ་ནི། ཚངས་པ་ལ་སོགས་པའི་དོན་ཏོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ལ་ སོགས་པ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ལ་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་ངོ་མཚར་དུ་ཆེ་བས་ངག་གཅིག་ཏུ་སྨྲ་བའོ། །ཀྱེ་མའོ་རིག་སྔགས་རིག་སྔགས་ཆེ། །ཞེས་བྱ་བ་ནི་སྟོང་པ་ཉིད་ཆེན་པོའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི་མ་རུངས་པ་ཐམས་ཅད་འཇོམས་ པའོ། །སངས་རྒྱས་ཕྱག་རྒྱ་དེ་ཡིས་ནི། །ཞེས་བྱ་བ་ནི་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་སོགས་པས། རྒྱས་བཏབ་པའོ། །ཕྱོགས་བཞིའི་སེམས་ཅན་ཐམས་ཅད་སྲུང་། །ཞེས་བྱ་བ་ནི་ཕྱོགས་བཞིའི་སེམས་ཅན་གྱི་གླིང་བཞིའོ། །ཡང་ན་ནི་ ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལ་སོགས་པའོ། །ཕྱག་རྒྱ་གང་ཞིག་བཏབ་གྱུར་ན། །ཞེས་བྱ་བ་ནི་གདོན་པ་དང་བཟླས་པ་བྱེད་པ་དང་རྗེས་སུ་ཡི་རང་བ་དང་ཡིད་ལ་བྱེད་པ་དང་བསྒོམ་པ་དང་བཤད་པ་ལ་ཕྱག་འཚལ་བ་དང་། རིག་སྔགས་ཀྱི་ཁྱིམ་དུ་བཞུགས་ པ་དང་ཆོ་ག་བྱེད་པ་དང་མཚམས་གཅོད་པ་ལ་སོགས་པ་བྱ་བའོ། །དབང་པོ་ཐམས་ཅད་སྐྲག་བགྱིད་པ། །ཞེས་བྱ་བ་ནི་ངན་བྱེད་འབྱུང་པོ་ལ་སོགས་པ་སྐྲག་པའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་ཞེས་བྱ་བ་ནི་ནད་ཐམས་ཅད་འཇོམས་པའོ། །ཕྱག་རྒྱ་ནི་རིག་སྔགས་སོ། །བདག་ ཅག་ནི་ཚངས་པ་ལ་སོགས་པའོ། སྩལ་བར་བགྱི་ཞེས་བྱ་བ་ནི་ཆད་པས་གཅོད་པའོ། །མི་གང་རབ་ཏུ་སྡང་བ་དང་། །ཞེས་བྱ་བ་ནི་དམ་པ་ལས་འདས་པའོ། །བསྟན་པ་འདི་ལ་མ་དད་པ། །ཞེས་བྱ་བ་ནི་མུ་སྟེགས་ཀྱི་རིགས་ཡིན་ཏེ་ཡང་ན་བསྟན་པ་འཇིག་པའོ། །དེ་དག་ཚངས་པས་སྤྲུལ་པ་ ཡི། །ཞེས་བྱ་བ་ནི་ནད་རྣམས་ཐམས་ཅད་འབྱུང་སྟེ་གཤིན་རྗེའི་འཁོར་གྱིས་འཚེད་པར་འགྱུར་རོ། །རིག་སྔགས་ཆད་པས་གཅད་པར་བགྱི། །ཞེས་བྱ་བ་ནི་བདུད་ཀྱི་ཞགས་པས་བཅིངས་ནས་ཁྲིད་པའོ། །བརྒྱ་བྱིན་གྱིས་ནི་སྤྱི་བོས་བླངས། །ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་གྱིས་ཀྱང་ཁས་ བླངས་པའོ། །འཇིག་རྟེན་སྐྱོང་བས་རྒྱས་བཏབ་པོ། །ཞེས་བྱ་བ་ནི་རྡོ་རྗེ་སློབ་དཔོན་ལ་དམ་ཚིག་ཉམས་པ་དང་། སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་བསྟན་པ་འཇིག་པ་དང་། རིག་སྔགས་ལ་མ་དད་པ་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་རྒྱས་བཏབ་པའོ། །རིག་སྔགས་ནི་གང་ཞེ་ན་ རང་བཞིན་ནི་ཆུ་ཤིང་ལྟ་བུ་སྟེ་མཚོན་བྱ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །མཚོན་པ་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྟེ། རིགས་ནི་ལས་ཀྱི་རིགས་སོ། །ངོ་བོ་ཉིད་ནི་རིགས་ལྔའི་ངོ་བོ་ཉིད་དོ། །རྒྱས་བཏབ་པ་ནི་དོན་ཡོད་གྲུབ་པས་རྒྱས་བཏབ་པའོ། །དེའི་ཕྱག་མཚན་ དང་སྐུ་མདོག་ནི་ཅི་ཞེ་ན། ཞལ་གསུམ་ཕྱག་དྲུག་སྐུ་མདོག་ལྗང་གུ །ཞལ་གཡས་དཀར་བ་གཡོན་དམར་བ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། སྤྱན་གསུམ་པ་དབུ་ལ་ཐོད་པ་ལྔས་བརྒྱན་པ། ཞལ་གདངས་པ། མཆེ་བ་གཙིགས་པ་ཕྱག་གཡས་ན་རལ་གྲི་དང་རྡོ་རྗེ་དང་། ལྕགས་ ཀྱུའོ། །གཡོན་པ་ན་སྡིགས་མཛུབ་དང་ཞགས་པ་དང་། རྡོ་རྗེ་རྒྱ་གྲམ་དང་སྐྱབས་སྦྱིན་ནོ། །རྒྱན་ཐམས་ཅད་སྦྲུལ་དང་རིན་པོ་ཆེ་ལས་བྱས་པ་ཉི་མའི་འཁོར་ལོའི་སྟེང་ན་བདུད་བཞི་ཞབས་ཀྱིས་མནན་པ། ཉི་མའི་འོད་དང་བཅས་པ་འདུ་བྱེད་ཀྱི་ཕུང་པོ་ཁྲོ་གཉེར་དང་ལྡན་པ་ལས་ཐམས་ཅད་གྲུབ་པ། རྡོ་རྗེ་རིགས་ཀྱི་ལས་ཀྱི་རིགས་སོ། །རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དེ་བཞིན་ནོ། །རིག་སྔགས་ནི། སྱཱད་ཡ་ཐེ་དན་འདི་ལྟ་སྟེ། སྔགས་ནི་ཀ་ལིང་གེ་ལ་སོགས་པའོ། །དེ་དག་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་མུན་པ་སེལ་བའི་ཆོ་གའི་གནས་སྐབས་ཏེ་ལྔ་པའོ།། །། རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་འདི་བཤད་པའི་ཚེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་སོ་ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་ རྟེན་གྱི་ཁམས་ན་ཡོད་པའི་སེམས་ཅན་དམྱལ་བ་ནི་འདིའི་སྒོ་ནས་ཐོན་ནོ། །དེ་བཞིན་དུ་བྱོལ་སོང་དང་། ཡི་དགས་ལ་སོགས་པ་ཡིན་ཏེ། ཡང་ན་གནོད་བྱེད་དང་། འབྱུང་པོ་དང་། བདུད་རྣམས་ལ་ཡང་སྐྲག་པར་བྱེད་གསོད་པར་བྱེད། གནོད་པར་བྱེད་པ་དང་། རིག་སྔགས་ཀྱི་ཆད་ པས་མགོ་བོ་དུམ་བུ་དུམ་བུར་བྱས་པའོ། །དཔེར་ན་ཨརྫ་ཀའི་དོག་པ་བཞིན་ནོ། །རྣམ་པ་དྲུག་ཏུ་གཡོས་ཇི་བཞིན་དུ་གཡོས་ཤེ་ན། ས་ཆེན་པོ་ནི་རྣམ་པ་དྲུག་ཏུ་གཡོས། རབ་ཏུ་གཡོས་ཀུན་དུ་རབ་ཏུ་གཡོས་སོ། །འགུལ་རབ་ཏུ་འགུལ་ཀུན་དུ་རབ་ཏུ་འགུལ། ལྡེག་ལྡེག་རབ་ ཏུ་ལྡེག །ཀུན་དུ་རབ་ཏུ་ལྡེག་གོ། །ཆེམ་ཆེམ་རབ་ཏུ་ཆེམ་ཆེམ་ཀུན་དུ་རབ་ཏུ་ཆེམ་ཆེམ། འུར་འུར་རབ་ཏུ་འུར་འུར་ཀུན་དུ་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག་ཀུན་དུ་རབ་ཏུ་ཤིག་ཤིག་གོ། །ལྟས་ཆེན་པོ་བཅོ་བརྒྱད་བྱུང་བའོ། །ལྟས་ཆེན་པོ་བཅོ་བརྒྱད་གང་གི་ ཕྱིར་བྱུང་ཞེ་ན། མུ་གེ་དང་། མི་ནད་དང་། ཕྱུགས་ནད་དང་། ཡམས་ཀྱི་ནད་དང་། འབྲུམ་བུའི་ནད་གསུམ་དང་། རིམས་ནད་དང་། རླུང་ནད་དང་། མཁྲིས་པའི་ནད་དང་། བད་ཀན་དང་། འདུས་པའི་ནད་དང་། མཛེ་དང་། ལྷོག་པ་དང་། མེ་དཔལ་དང་། ནད་དེ་དག་ལ་སོགས་ པ་རླག་པར་བྱེད་པའོ། །བཅོམ་པའོ། །མནན་པའོ། །བུད་པའོ། །ཕྱིར་སོང་ངོ་། །མ་ཚུགས་སོ། །མུན་ནག་སེལ་བའོ། །འབྱུང་པོ་རྣམས་ཕམ་མོ། །བདུད་རྣམས་བཅོམ་པའོ། །ཕྱོགས་བཞིའི་གནོད་སྦྱིན་དང་སྲིན་པོ་འབྱུང་པོ་ལ་སོགས་པ་ཞེས་བྱ་བ་ནི། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འབྱུང་པོ་ལ་སོགས་པའོ། །ས་ལ་གནས་པ། རི་ལ་གནས་པ། ཤིང་ལ་གནས་པ། ནམ་མཁའ་ལ་གནས་པ། ཆུ་ལ་གནས་པ། ས་འོག་ན་གནས་པ། རི་བོ་ཆེན་པོ་ལ་གནས་པ། ཁྱིམ་ན་གནས་པ། རྒྱལ་པོའི་ཕོ་བྲང་ན་གནས་པ་ རྣམས་ཀྱང་། མཆི་མ་བྱུང་བའོ། །སྐད་དྲག་པོ་བྱུང་ངོ་། །ལུས་ཞིག་གོ། །འདར་རོ། །འཇིགས་སོ། །བདག་ཅག་ནི་འབྱུང་བའོ། །དབང་དུ་ཁྲིད་པ་ནི་སྟོང་ཆེན་མོའི་དབང་གིས་ཁྲིད་དོ། །དེ་ནས་ཞེས་བྱ་བ་ནི། འབྱུང་པོ་སྐྲག་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་རྡོ་རྗེར་ མངོན་པར་སྤྲུལ་པ་དང་ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་རྣམས་ལ་འཛུལ་དུ་མི་སྟེར་བར་འཚེའོ། །དེ་དག་ཀྱང་ཕྱོགས་བཞིར་འབྱེར་རོ་ཞེས་བྱ་བ་ནི། ཕྱོགས་ཕྱོགས་སུ་འབྱུང་པོ་རྣམས་འབྲོས་པའོ། །དེ་ནས་ཞེས་བྱ་བ་ནི། འབྱུང་པོ་བཅོམ་པའི་དེ་ནས་སོ། །རྒྱལ་པོ་ ཆེན་པོ་བཞིས་ཞེས་བྱ་བ་ནི། སོ་སོའི་སྒོ་ནས་བྱིན་གྱིས་བརླབས་པའོ། །ཕྱོགས་བཞིར་མེ་ལྕེའི་ཕུང་པོ་མངོན་པར་སྤྲུལ་པ་དང་། དེ་དག་ནམ་མཁའ་ལ་ཀུན་དུ་རྒྱུག་གོ་ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་རྣམས་ཕྱོགས་བཞི་མཚམས་སུ་རྒྱུག་སྟེ། དེ་ནི་འབྲོས་སུ་མི་སྟེར་བའི་འཚེ་བའོ། ། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་ནམ་མཁའ་ལ་ལྕགས་སུ་མངོན་པར་སྤྲུལ་པ་དང་ཞེས་བྱ་བ་ནི། ཚངས་པས་རྡོ་རྗེའི་ལྕགས་ཀྱི་རང་བཞིན་སྤྲུལ་པ་ནི་དེ་རྣམས་རྒྱུག་ཏུ་མི་སྟེར་བའི་འཚེ་བའོ། །དེ་དག་ཤིང་ཏ་ལ་བདུན་ཙམ་ནས་ནམ་མཁའ་ལ་ཀུན་དུ་རྒྱུག་གོ་ཞེས་བྱ་བ་ནི། མཐོན་དམན་དེ་ ཙམ་དུ་རྒྱུག་གོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རལ་གྲི་དང་། མདའ་དང་། མདུང་ཐུང་དང་། མདུང་དང་། མདའ་བོ་ཆེ་དང་། ཤིང་ལྗོན་པ་དང་རིའི་ཆར་མངོན་པར་ཕབ་པོ་ཞེས་བྱ་བ་ནི་འཇིགས་སུ་རུང་བའི་སྒྲ་དང་བཅས་ནས་བར་སྣང་ནས་ཕབ་པའོ། །དེའི་ཚེ་གནོད་སྦྱིན་ ལྔ་སྟོང་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་སུ་འདུས་པ་རྣམས་ཞེས་བྱ་བ་ནི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནི་འཛམ་བུའི་གླིང་གླིང་བཞི་རི་རབ་དང་བཅས་པ་ཉི་མ་ཟླ་བ་སྐར་མ་འདི་དང་ཁོ་ར་ཁོར་ཡུག་གིས་བསྐོར་བའོ། །སྔགས་ཀྱི་དམོད་མོས་བཅོམ་སྟེ་ཞེས་བྱ་བ་ནི་གནོད་བྱེད་རྣམས་ནད་ ཀྱིས་ཐེབས་པའོ། །རིམས་ནད་ཀྱིས་བཏབ་ནས་མྱོས་ཏེ་རྨྱ་ཞིང་ཞེས་བྱ་བ་ནི། རིག་སྔགས་ཀྱི་མཐུས་གནོད་བྱེད་རྣམས་ནད་སྣ་ཚོགས་ཀྱིས་ཟིན་པའོ། །དེ་ལ་འགྱོད་པ་མ་སྐྱེས་ན་མནར་མེད་ལ་སོགས་པར་འཚེད་པའོ། །བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་གཏུགས་ནས་ཞེས་བྱ་བ་ནི་ནད་ཀྱིས་ ཐེབས་པ་དང་། དམྱལ་བ་མནར་མེད་དུ་འགྲོ་བར་ཤེས་ནས་འབྱུང་པོའི་ཚོགས་ཀྱིས་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་བའོ། །གསོལ་པ་དགེ་སྦྱོང་གཽ་ཏ་མ་ནི་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། ཐུགས་བརྩེ་བ་ཅན་ལགས་ཀྱིས་ཞེས་བྱ་བ་ནི་མ་རུངས་པའི་འབྱུང་པོ་དེ་རྣམས་ཀྱང་སངས་ རྒྱས་ལ་བག་ཕབ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་འདུད་དེ་བཟོད་པར་གསོལ་བའོ། །དགེ་སྦྱོང་གཽ་ཏ་མས་བདག་ཅག་བསྐྱབ་ཏུ་གསོལ་ཞེས་བྱ་བ་ནི་རིག་སྔགས་ཀྱི་དམོད་མོས་འཇིགས་སྐྲག་སྟེ། རིམས་ནད་ཀྱིས་ཐེབས་པའི་ཕྱིར་སྐྱབས་སུ་འགྲོ་བའོ། །དེ་ནས་ཞེས་བྱ་བ་ནི་འབྱུང་པོས་གསོལ་ བ་བཏབ་པའི་དེ་ནས་སོ། །དེ་དག་ལ་བྱམས་པས་ཁྱབ་པར་མཛད་ནས་ཞེས་བྱ་བ་ནི་ཚད་མེད་པ་བཞིའི་སྒོ་ནས་སོ། །བསླབ་པ་འཛིན་དུ་བཅུག་གོ་ཞེས་བྱ་བ་ནི་འབྱུང་པོ་རྣམས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་སྡོམ་པ་བཟུང་བའི་གསོལ་བ་བཏབ་པ་དང་ཕྱིས་མི་གནོད་པའི་ཁས་ བླང་བའོ། །བདག་ཅག་ཕྱག་རྒྱ་སྤོང་གྱུར་ན། །མ་འགུམས་པ་ཡི་འགྲོ་གང་དང་། །ཞེས་བྱ་བ་ནི་མ་རུངས་པའི་གདོན་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་སྤྱན་སྔར་སྐྱབས་སུ་འགྲོ་ཞིང་སྡིག་པ་བཤགས་པའོ། །ཕ་འགུམས་པ་ཡི་འགྲོ་གང་དང་། །དགྲ་བཅོམ་པ་ཡང་འགུམས་གང་དང་། ། ཞེས་བྱ་བ་ནི་ཕ་དང་མ་དང་དགྲ་བཅོམ་གྱིས་མ་ལེགས་པ་བྱེད་པ་རྣམས་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ལ་ཁས་ལེན་ཅིང་བཤགས་པ་བྱེད་པའོ། །དགེ་འདུན་དབྱེན་བྱེད་འགྲོ་གང་དང་། །རྫོགས་སངས་རྒྱས་ལ་སྡང་སེམས་ཀྱིས། །ཞེས་བྱ་བ་ནི་མཚམས་མེད་པ་ལྔ་ཡང་འདིར་བྱས་ པས། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཤགས་སུ་གསོལ་བའོ། །སྐུ་མཚལ་ཕྱུང་བ་བགྱིས་པ་ཡི། །འགྲོ་བ་གང་ལགས་དེས་མཆིའོ། །ཞེས་བྱ་བ་ནི་གཞན་ཡང་ཉོན་མོངས་པའི་དབང་གིས་བྱ་སྟེ་ལུས་ངག་ཡིད་ཀྱིས་སེམས་ཅན་རྣམས་འཚེ་བར་བྱས་པ་དང་ མི་དགེ་བ་བཅུ་ལས་བཟློག་པར་བགྱིའོ། །ཨརྫ་ཀ་ཡི་དོག་པ་ལྟར། །མགོ་བོ་ཚལ་པ་བདུན་འགས་ཤིང་། །ཞེས་བྱ་བ་འདི་ལས་བཟློག་པར་མ་གྱུར་ན་མགོ་དང་ལུས་པོ་ཡང་དུམ་བུ་དུམ་བུར་དབྱེ་བར་འགྱུར་རོ། །གནོད་སྦྱིན་ནད་ཀྱིས་བཏབ་པ་དང་། །བདག་ལུས་ཤ་བཀྲ་འབྱུང་བར་ ཤོག །ཅེས་བྱ་བ་ནི་འདིའི་བཀའ་ལས་འདས་པར་གྱུར་ན་ནད་སྣ་ཚོགས་ཀྱིས་ཐེབས་ཤིང་སྐྱེ་བ་བདུན་དུ་མནར་མེད་པར་སྐྱེ་བའོ། །གང་འདི་རྒྱལ་བས་གསུངས་པའི་མདོ། །སྟོང་ཆེན་རབ་ཏུ་འཇོམས་མ་ཡི། །ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་ཡོད་པ་རྣམས་ ཀྱིས་གསུངས་ཏེ་འདི་དང་མཉམ་པའམ་མཚུངས་པ་མེད་པའོ། །རིག་སྔགས་རྒྱལ་ལས་འགལ་བགྱིས་ན། །ཞེས་བྱ་བ་ནི་འདིའི་དམ་ཚིག་ལས་འགལ་བར་གྱུར་ན་རང་གི་དོན་མི་འགྲུབ་ཅིང་འདིར་ཡང་ནད་ཐམས་ཅད་ཀྱིས་ཐེབས་ཏེ་འཇིག་རྟེན་ཕྱི་མ་ལ་ཡང་དམྱལ་བ་ནས་དམྱལ་ བར་འགྲོ་བའོ། །བདག་ཅག་འདོད་བཞིན་མི་འགྱུར་རོ། །ཞེས་བྱ་བ་ནི་འབྱུང་པོས་ཁས་བླངས་པའོ། །དེའི་ཚེ་གྲོང་ཁྱེར་ཡངས་པ་ཅན་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གཟི་བརྗིད་དང་སྟོབས་དང་མཐུ་དང་རིག་སྔགས་གྱི་རྒྱལ་མོའི་དམོད་མོ་དང་ཆད་པས་ནད་ཐམས་ཅད་མེད་པར་བརླག་ པར་འགྱུར་བའོ། །ཡམས་ཀྱི་ནད་དང་འཇིགས་པ་དང་། གནོད་པ་དང་ནད་འགོ་བ་དང་འཁྲུགས་པ་ཐམས་ཅད་རྒྱུན་ཆད་པར་འགྱུར་རོ་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་ལི་ཙྪ་བཱི་ལ་སོགས་པའི་ནད་ཐམས་ཅད་དང་བྲལ་ཞིང་ཞི་བ་དང་བདེ་ལེགས་སུ་གྱུར་པའོ། །གནོད་སྦྱིན་དང་སྲིན་པོ་ དང་མི་དང་མི་མ་ཡིན་པ་རྣམས་ཀྱང་རང་རང་གི་སྤྱོད་ཡུལ་ལས་འདས་པའོ་ཞེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་འབྱུང་པོ་རྣམས་ཀྱིས་འཚེ་བར་བྱེད་མི་ནུས་ཤིང་། སོ་སོའི་སྤྱོད་ཡུལ་དུ་གནས་པའོ། ངང་པ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། རྨ་བྱ་དང་། ངུར་པ་དང་། ཤང་ཤང་ཏེའུ་དང་བྱའི་ཚོགས་རྣམས་ཀྱང་སྒྲ་སྙན་པ་འབྱིན་ཏོ་ཞེས་བྱ་བ་ནི་དེ་རྣམས་ཀྱང་ཡམས་དང་རིམས་ཀྱི་ནད་ཀྱིས་བཏབ་པ་ཡང་ད་ལྟར་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སོ་སོའི་སྐད་འབྱིན་ཅིང་ཡིད་དུ་འོང་བའོ། །མིའམ་ཅི་རྣམས་ནི་ལྷའི་བུ་མོ་བཞིན་དུ་ལུས་ལ་གནོད་པ་ མེད་དོ་ཞེས་བྱ་བ་ནི་ཡུལ་དེ་ན་གནས་པའི་ལྷ་རྣམས་ཀྱང་རང་གི་ཆ་བྱད་དུ་གནས་ཤིང་སོ་སོའི་གནས་སུ་གནས་པའོ། །རིན་པོ་ཆེའི་ཆ་བྱད་རྣམས་ཀྱང་མ་དཀྲོལ་བར་འཁྲོལ་ལོ་ཞེས་བྱ་བ་ནི་ལྷ་ཁང་ངམ་ཕོ་བྲང་ངམ་གཞན་མི་དང་མི་མ་ཡིན་པའི་རྒྱན་དུ་བྱས་པས་སིལ་སིལ་སྒྲ་སྒྲོགས་པའོ། །རྔ་བོ་ཆེ་ དང་། དུང་དང་། རྫ་རྔ་དང་། རྔ་བྲན་དང་། པི་ཝང་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་ནུས་པས། ཡུལ་དེ་རྣམས་ཀྱི་སེམས་ཅན་རྣམས་ལ་བྱར་བཏུབ་པར་བྱུང་སྟེ། སྒྲ་ཐམས་ཅད་ཀྱང་རང་བསྒྲག་པར་འབྱུང་བའོ། །གླིང་བུ་རྣམས་ཀྱང་ཇི་ལྟར་གནས་སུ་བཀོད་པ་བཞིན་དུ་སྒྲ་འབྱིན་ནོ་ཞེས་བྱ་བ་ནི་ གཞན་གྱིས་བརྡུང་མི་དགོས་ཏེ་བཀྲ་ཤིས་པའི་རྟགས་སོ། །དཔེར་ན་དྲིལ་བུ་ལ་རླུང་གིས་བཏབ་པ་བཞིན་དུ་སོ་སོ་རང་སྐད་དུ་བྱུང་བའོ། །བལ་པོ་སེའུ་དང་། བིལ་བ་དང་། སྐྱུ་རུ་ར་དང་། ནྱ་གྲོ་དྷ་དང་། བྱང་ཆུབ་ཀྱི་ཤིང་དང་། སྤྲེའུ་གནས་དང་། བླག་ཤ་དང་། ཨུ་དུམྺཱ་ར་དང་། སཱ་ ལ་ཞེས་བྱ་བ་ནི། ཡུལ་དེའི་ཤིང་དང་། མེ་ཏོག་གི་ར་བ་དང་། སྐད་ཅིག་མས། ལོ་མ་དང་། མེ་ཏོག་དང་། ཡལ་ག་རྒྱས་པར་སྐྱེས་ནས། ཡིད་དུ་འོང་བར་སྣང་བའོ། །ཏ་མ་ལའི་ཤིང་ལྗོན་པ་རྣམས་ཀྱང་། དྲིལ་བུ་རབ་ཏུ་འབྱིན་ཏོ་ཞེས་བྱ་བ་ནི། འབྲས་བུ་མེད་པ་ལ་ནི་འབྲས་ བུ་མེ་ཏོག་མེད་པ་ལ་ནི་མེ་ཏོག །དྲི་མེད་པ་ལ་ནི་དྲི་རབ་ཏུ་བྱུང་ངོ་། །ལོ་མ་མེད་པ་ལ་ནི་ལོ་མ་བྱུང་ངོ་། །ཤིང་སྐམ་པ་ནི་སྐྱེས་སོ། །དེ་དག་ཀྱང་བཅོམ་ལྡན་འདས་དང་། རིག་སྔགས་ཀྱི་གཟི་བརྗིད་དང་སྟོབས་དང་མཐུ་རྣམས་ཀྱིས་བཀྲ་ཤིས་པའི་རྟགས་སོ། །ལྷ་བརྒྱ་སྟོང་དག་གིས་ཀྱང་། ཧི་ཧི། ཨ་ལ་ལ་ཞེས་བྱ་བའི་སྒྲ་ཕྱུང་སྟེ་ཞེས་བྱ་བ་ནི་གྲོང་ཁྱེར་ཡངས་པ་ཅན་གྱི་ལྷ་དང་། སངས་རྒྱས་ལ་གུས་པར་བྱེད་པའི་ལྷ་རྣམས་མགུ་བའི་སེམས་དང་ལྡན་པའོ། །བར་སྣང་ལ་མེ་ཏོག་གི་ཆར་མངོན་པར་ཕབ་པོ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་ཡུལ་གྱི་སྟེང་དུ་མེ་ཏོག་གི་ཆར་ཕབ་ པའོ། །མི་མ་ཡིན་པའི་དྲི་དག་ཀྱང་འཇིག་རྟེན་དུ་བྱུང་ངོ་ཞེས་བྱ་བ་ནི། ལྷའི་དྲི་བཟང་པོ་དང་། ལྷའི་བདུག་སྤོས་དང་། མེ་ཏོག་ལ་སོགས་པའི་མཆོད་པ་བྱུང་ངོ་། །དེ་ནས་ལྷ་རྣམས་ཀྱིས་ཀྱང་། སྡོམ་པ་བཟུང་ངོ་། །ཕྱག་འཚལ་བའོ། །འདོན་ནོ། །གྲངས་སོ། །སྨོན་ལམ་ བཏབ་པོ། །རྗེས་སུ་ཡི་རང་ངོ་། །མགུལ་དུ་བཏགས་སོ། །དེ་དག་ཀྱང་འཇིགས་པ་ཐམས་ཅད་དང་བྲལ་ལོ། །དེ་ནས་ཞེས་བྱ་བ་ནི། ནམ་མཁའ་ལ་ལྷ་བྱུང་བའི་དེ་ནས་སོ། །རྒྱལ་པོ་ཆེན་པོ་བཞིས་ཐལ་མོ་སྦྱར་ཏེ་ཞེས་བྱ་བ་ནི། ལན་གསུམ་བསྐོར་བ་བྱས་ནས། པུས་མོའི་ལྷ་ང་ས་ལ་ བཙུགས་ནས་ཞུ་བ་ཕུལ་བའོ། །སངས་རྒྱས་ནི་གཉིས་སུ་མེད་པའོ། །ཕྱག་རྒྱ་ནི་རིག་སྔགས་སོ། །ཆོས་ནི་སྟོང་པ་ཉིད་དོ། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སངས་རྒྱས་ལ། རྒྱལ་པོ་ཆེན་པོ་བཞེས་ཞུས་པའོ། །བཙུན་པ་ བཅོམ་ལྡན་འདས་གང་ལ་ལ་ཞིག་གིས་བསླབ་པའི་གཞི་ཡོངས་སུ་བཟུང་སྟེ་ཞེས་བྱ་བ་ནི། སྡོམ་པ་གསུམ་དང་ལྡན་པ་སངས་རྒྱས་དང་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་འགྲོ་བའོ། །གོས་ངུར་སྨྲིག་གོན་ནས་མདོ་སྡེའི་རྒྱལ་པོ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་གདོན་ཐམས་ཅད་ ལས་ཐར་བར་བགྱིད་པ། སངས་རྒྱས་ཀྱི་ཕྱག་རྒྱ་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ་འབྱུང་པོ་རྣམས་ཀྱི་གཉེན་པོའོ། །ཕྱག་རྒྱ་བཞིའི་རང་བཞིན་སྟོང་པ་ཉིད་དུ་སྣང་བའོ། །ཆོས་ཀྱི་རྣམ་གྲངས་འདི་བླངས་ཤིང་བཟུང་སྟེ་ཞེས་བྱ་བ་ནི། གུས་པ་བྱས་ནས་སྤྱི་བོར་བཞག་པའོ། །ཀུན་ཆུབ་པར་ བགྱིས་ཤིང་ཞེས་བྱ་བ་ནི། སེམས་ཅན་ཀུན་ལ་ཕན་འདོགས་པའོ། །ཡི་གེར་བྲིས་ནས་མདུད་པ་བོར་ཏེ་དེ་ཞེས་བྱ་བ་ནི། ཡི་གེར་བྲིས་ནས་ནི་གང་ཞེ་ན། དར་རམ་ཤིང་ཤུན་ནམ་གྲོ་གའམ། རས་ལ་སོགས་པ་གང་ཡང་རུང་། །གི་ཝཾ་གུར་ཀུམ་ལ་སོགས་པ། །ཡང་དག་གིས་ནི་བྲི་བར་བྱ། །དབུས་ སུ་འཁོར་ལོ་རྩིབས་བརྒྱད་བྲི། །མུ་ཁྱུད་རིམ་པ་ལྔ་བསྐོར་བ། །པདྨ་སྣ་ཚོགས་ར་བ་དང་། །ཕྱི་རིམ་རྡོ་རྗེ་ར་བ་དང་། །བཞི་བཅུ་དག་ནི་བྲི་བར་བྱ། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་ཀུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣམས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །པདྨ་གཉིས་ སམ་ཡང་ན་གསུམ། །བཞི་འམ་ཡང་ན་ལྔ་བྲིས་ཏེ། །པདྨ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣ་ཚོགས་གཟུགས་སུ་བྲི། །དེ་བཞིན་དུ་ནི་པདྨ་རྣམས། །ཟེ་བས་ཀུན་དུ་འཁོར་བ་བྲི། །པདྨ་འདབ་མ་རབ་རྒྱས་ལ། །སྡོང་བུ་དར་གྱིས་བཅིངས་པ་བྲི། །པདྨ་ལ་ནི་རྩེ་གསུམ་པ། །ཟུར་བརྒྱད་ལ་ནི་དར་ དཔྱངས་བྲི། །དེ་བཞིན་པདྨ་དགྲ་སྟར་བཅས། །འདབ་མ་བརྒྱད་དང་ལྡན་པར་བྲི། །པདྨར་བཅས་པའི་རལ་གྲི་བྲི། །པདྨ་དེ་ནི་དཀར་པོར་བྱ། །པདྨའི་སྟེང་དུ་དུང་ཡང་བྲི། །ཐམས་ཅད་དུ་ཡང་རྒྱས་པར་བྱ། །ཀུན་དུ་ཆོ་གའི་མཚན་མ་རྣམས། །མཁས་པ་དག་གིས་བྲི་བར་བྱ། །གང་ལ་གནོད་པའི་སེམས་བྱུང་བ། །མིང་རུས་དག་ནི་ བྲི་བར་བྱ། །མུ་ཁྱུད་འཁོར་ལོའི་ལྟེ་བ་ལ། །ལྔ་པོ་དག་ཀྱང་དེ་བཞིན་ནོ། །སྔགས་ནི་དྲུག་པོ་རིགས་དྲུག་པ། །མཁས་པ་དག་གིས་ཡང་དག་བྲི། །ཧཱུྃ་དང་ཕཊ་དང་ཡང་དག་ལྡན། །ཧ་འཇོམས་དང་ནི་སྭཱ་ཧཱ་དག །འཁོར་ལོ་ལ་ནི་རྩིབས་བརྒྱད་ལ། །མཁས་པ་དག་གིས་ཡང་དག་བསྟན། །རབ་ གནས་ཡང་དག་བྱས་ནས་སུ། །མགུལ་ལམ་དཔུང་པར་ཡང་དག་གདགས། །འདི་དག་བསྟན་པའོ། །མདུད་པ་བོར་ཏེ་ཞེས་བྱ་བ་ནི། གང་ཞེ་ན། རས་སམ་དར་དམར་སྐུད་པ་ལ། །གང་དག་རྙེད་པ་གང་ཡང་རུང་། །ཚོན་སྐུད་སྣ་ཚོགས་གང་རྙེད་པ། །དཀར་པོ་དག་ལ་ཡང་དག་བྱ། །རྒྱལ་ རིགས་ལོ་བརྒྱད་ལོན་པ་ལ། །བུ་མོ་གཞོན་ནུས་འཁལ་བར་བྱ། །གཙང་མ་ལ་ནི་གང་ཡང་རུང་། །མདུད་པ་བོར་ཏེ་བརྒྱ་རྩ་བརྒྱད། །དེ་བས་ཉུང་ན་ལྔ་བཅུ་བཞི། །བཅུ་དང་ལྔ་དང་མདུད་པ་བོར། །སྔགས་དང་བཟླས་པས་ཡང་དག་ཏུ། །བདུག་སྤོས་ལ་སོགས་ཡང་དག་བདུག །མགུལ་ ལམ་དཔུང་པ་ལུས་ལ་སོགས། །མཁས་པས་ཡང་དག་བཅིང་བར་བྱ། །ནད་འཇིགས་སྣ་ཚོགས་མི་ཚུགས་པ། །དུས་མ་ཡིན་པའི་འཆི་བ་བཟློག །རྨི་ལམ་ངན་དང་ལྟས་ངན་བཟློག །གདོན་རྣམས་ཐམས་ཅད་མི་ཚུགས་སོ། །དེ་དག་བསྟན་པའོ། །འཆང་ན་དེ་ལ་ཡམས་ཀྱི་ནད་དང་ འཇིགས་པ་ལ་སོགས་པ་ཞེས་བྱ་བ་ནི། དེ་དག་ནད་འཇིགས་པས་མི་ཚུགས་ཏེ། འཇིག་རྟེན་འདི་དང་ཕྱི་མ་ཡང་དེ་བཞིན་ནོ། །ཕྲ་མའི་བར་གྱི་སྡིག་པ་ཞེས་བྱ་བ་ནི། རིག་སྔགས་ལ་རྗེས་སུ་ཡི་རང་བ་ལ་སོགས་པ་བྱས་ནས་མི་ཚུགས་སོ། །མི་དགེ་བའི་ཆོས་རྣམས་ཀྱིས་མི་ ཚུགས་པར་འགྱུར་ལགས་སོ་ཞེས་བྱ་བ་ནི་མི་དགེ་བ་ནི་བཅུ་སྟེ། མི་དགེ་བའི་ཆོས་བྱེད་པའི་ཡུལ་ནི་མཐའ་ཁོབ་ལ་སོགས་པ་སྟེ། །ཡང་ན་ནི་བྱེད་མཁན་ནི་ཤན་པའི་རིགས་སམ་གདོལ་པའི་རིགས་ལ་སོགས་པས་མི་ཚུགས་སོ། །རྣམ་པར་འཚེ་བ་ཐམས་ཅད་ལས་ཞེས་བྱ་ བ་ནི། ལྷ་དང་མི་དང་གནོད་སྦྱིན་འབྱུང་པོ་ལ་སོགས་པ་ཡིན་ཏེ། དེ་དག་འབྱུང་པོས་ཀྱང་མི་ཚུགས་སོ། །མི་དང་ཞེས་བྱ་བ་ནི་རྒྱལ་པོའམ་རྐུན་པོའམ། ཆོམ་རྐུན་ནམ། མི་སྡིག་ཅན་ལ་སོགས་པ་ཡིན་ཏེ། དེ་དག་ཀུན་གྱིས་ཀྱང་མི་ཚུགས་སོ། །ཡང་ན་འཚེ་བ་བྱེད་པ་ནི། སེང་གེའམ་ སྟག་གམ། མ་ཧེའམ། བ་མེན་ནམ། སྦྲུལ་ལམ། སྡིག་པའམ། དུག་རྣམས་སམ་འཚེ་བར་བྱེད་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱིས་མི་ཚུགས་སོ། །རྒྱལ་བར་འགྱུར་ལགས་སོ་ཞེས་བྱ་བ་ནི་དེ་དག་དང་རྒྱལ་བའོ། །གྲོང་ཁྱེར་ཡངས་པ་ཅན་གྱི་ནད་སེལ་བའི་ཆོ་གའི་གནས་ སྐབས་ཏེ་དྲུག་པའོ།། །།ཡུལ་འཁོར་མཚམས་གཅད་པར་འཚལ་བ་ཁྲུས་བགྱིས་པ་ཟས་དཀར་གསུམ་འཚལ་བ་ཞེས་བྱ་བ་ནི་གང་ཞེ་ན། དཀྱིལ་འཁོར་ལེགས་པར་བྱས་པ་ལ། །ས་གཞི་འཇམ་པོ་ལེགས་པ་ལ། །རྣམ་ལྔ་དག་གིས་བྱུག་པར་བྱས། །མཁས་པ་དག་གིས་ཐིག་ བཏབ་ལ། །ས་ཚོན་སྣ་ལྔས་བྲི་བར་བྱ། །དབུས་སུ་སྣ་ཚོགས་པདྨ་དང་། །ཟེའུ་འབྲུའི་སྟེང་དུ་ཉི་མ་ཡིན། །དེ་སྟེང་རྡོ་རྗེའི་རིགས་སུ་གནས། །དེ་བཞིན་པདྨ་འདབ་བཞི་ལ། །ཤར་ཕྱོགས་ལྷོ་དང་ནུབ་ཕྱོགས་བྱང་། །དེ་བཞིན་གཤེགས་དང་རིགས་བཞི་བཞུགས། །དེ་དག་སྟོང་ཆེན་རབ་འཇོམས་མ། །རིགས་ ནི་ལྔ་རུ་ཡང་དག་ཤེས། །ཤར་ལྷོ་ལྷོ་ནུབ་བྱང་ཤར་ཡང་དག་ཏུ། །དྷཱུ་པེ་མ་ལ་སོགས་པ་ཡིན། །མུ་ཁྱུད་རྡོ་རྗེས་བསྐོར་བ་ཡིན། །ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ། །སྣ་ཚོགས་འཁོར་ལོ་དེ་བཞིན་ནོ། །གཟའ་རྣམས་དེ་ལ་དགོད་པར་བྱ། །དེ་བཞིན་དུ་ནི་མུ་ཁྱུད་ལ། །སྐར་མ་རྣམས་ནི་ཡང་དག་ ཤེས། །གྲུ་བཞི་ལྷ་རྣམས་ཕྱོགས་ཕྱོགས་ལ། །ཕྱོགས་སྐྱོང་བཅུ་ནི་ཡང་དག་དགོད། །ཤར་ཕྱོགས་དང་ནི་ལྷོ་ཕྱོགས་དང་། །ནུབ་ཕྱོགས་བྱང་དང་སྒོ་དག་ལ། །རྒྱལ་པོ་བཞི་ནི་ཡང་དག་བཞུགས། །གྲུ་བཞི་སྒོ་བཞི་ཀ་བ་བརྒྱད། །ཏྭ་ར་རྣམ་བཞི་སྣ་ཚོགས་རྒྱན། །སྣ་ཚོགས་པདྨ་རྒྱ་གྲམ་དང་། །རྡོ་རྗེ་ར་བ་ མེ་རིས་བསྐོར། །སྟོང་ཕྲག་བརྒྱད་ཅུ་ཉི་ཤུ་རྩ་བརྒྱད་ཕྲག །བགེགས་རྣམས་ཕྱོགས་ཕྱོགས་གནས་པའོ། །གཏོར་མ་སྣ་ཚོགས་ཕྱོགས་ཕྱོགས་སུ། །རིགས་ནི་ལྟ་ཞིང་མཁས་པས་བགྱིས། །མདའ་དང་མདུང་དང་རལ་གྲི་དང་། །ཕུར་པ་དག་ལ་ཚོན་སྐུད་བསྐོར། །ལྔའམ་གཅིག་གམ་གང་ ཡང་རུང་། །བཀྲ་ཤིས་བུམ་པ་ཡང་དག་དགང་། །ནོར་བུ་རིན་ཆེན་བྱང་ཆུབ་ཤིང་། །འབྲུ་དང་སྙིང་པོ་བདུད་རྩི་དང་། །དྲི་དང་གོས་ཀྱིས་ལེགས་པར་བརྒྱན། །བཞི་པོའི་དབུས་སུ་ཡང་དག་བཞག །ལུས་ཁྲུས་ངག་དང་ཡིད་ཁྲུས་དང་། །དྲི་མ་མེད་པའི་གོས་གོན་ལ། སྨྱུང་བར་བྱས་ནས་ ཡང་དག་ཏུ། །ཡང་ན་དཀར་གསུམ་ལ་ནི་བརྟེན། །སྙིང་རྗེ་ལྡན་ཞིང་སེམས་ཅན་ལ། །ཚུལ་ཁྲིམས་དེ་ལ་ཡང་དག་བསྲུངས། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །བསྙེན་པའི་ཆ