Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 10 / 21 (50.000 ký tự/trang)
་ན་གནས་པ་སྟེ། གནོད་སྦྱིན་དེ་ཡང་སྐད་ཅིག་མས་རྒྱུ་ཞིང་གླིང་རྣམས་ཁྱབ་པའོ། །དེ་ནི་མདོག་ནག་པ་འཁོར་ལོ་མདའ་གཞུ་བསྣམས་པའོ། །གདུགས་འདྲ་ན་ནི་དཀྲིས་པ་པོ། །ཞེས་བྱ་བ་ནི་དེ་ཡང་ཡུལ་དབུས་ནའོ། །གནོད་སྦྱིན་ཁ་དོག་
དཀར་པོ་ཕྱག་ན་གདུགས་བསྣམས་པའོ། །གྲོང་ཁྱེར་གསུམ་ན་ཆུ་སྲིན་འདུལ། །ཞེས་བྱ་བ་ནི་ཡངས་པ་ཅན་དང་། མཉན་ཡོད་དང་རྒྱལ་པོའི་ཁབ་དང་གསུམ་མོ། །དེ་ལ་རེས་རྒྱུ་ཞིང་སྟོབས་དང་ལྡན་པའོ། །ཞལ་གསུམ་ཕྱག་དྲུག་པ་སྐུ་མདོག་ནག་པོ། གཡས་པ་རྣམས་ན་གྲི་
གུག་དང་རལ་གྲི་རྩེ་གསུམ་མོ། །གཡོན་རྣམས་ན་ཐོད་པ་ཞགས་པ་དགྲ་སྟའོ། །དེ་གསུམ་ནི་གྲོང་ཁྱེར་གྱི་སྲུང་མའོ། །ཚང་ཚིང་གཅིག་ན་མིག་ཡངས་པ། །ཞེས་བྱ་བ་ནི་བལ་ཡུལ་གྱི་མཐིལ་ན་གནས་པ་སྟེ་གནོད་སྦྱིན་མིག་གཅིག་ཏུ་གནས་པ་ས་བདག་གི་རིགས་ཁ་དོག་ནག་པོ་
ཞགས་པ་ནག་པོ་དང་སྦྲུལ་ཞགས་བསྣམས་པའོ། །ཨུ་དུམྺཱ་རར་སྒོ་ངའི་འོད། །ཅེས་བྱ་བ་ནི་རྒྱ་གར་ཤར་ཕྱོགས་ནའོ། །གནོད་སྦྱིན་དེ་ནི་མདོག་དཀར་པོ་མེ་ཏོག་པདྨ་འཛིན་པའོ། །ཀཽ་ཤཱམྦཱི་ན་ལྷུན་གྱིས་གྲུབ། །ཅེས་བྱ་བ་ནི་གྲོང་ཁྱེར་ཆེན་པོ་ལྷོ་ཕྱོགས་ན་གནོད་སྦྱིན་ཁ་དོག་སེར་
པོ་ཕྱག་གཡས་ན་ཤིང་ཐོག་གཡོན་ནེའུ་ལེ་བསྣམས་པའོ། །རྣམ་པར་སྣང་བྱེད་ཞིང་ལྡན་ན། །ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་གླིང་ན་གནས་པ་གནོད་སྦྱིན་དེ་མདོག་དཀར་པོ་འཁོར་ལོ་འཛིན་པའོ། །སྦྲུལ་གྱི་གདུགས་ན་དགའ་བ་པོ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་ནུབ་ངོས་ན་
སྦྲུལ་ཡུལ་ན་གནོད་སྦྱིན་དེ་ཡང་སྦྲུལ་གྱི་གདོང་པ་ཅན་ཡུལ་དེའི་ཁྲིམས་མཛད་པའོ། །གཡོ་བ་འཛིན་ན་སེར་སྐྱའོ། །ཞེས་བྱ་བ་ནི་ཡུལ་དེའི་ལྷོ་ངོས་ན་གནོད་སྦྱིན་ཁ་དོག་སེར་སྐྱ་གནས་པའོ། །དེའི་ཕྱག་ན་བུམ་པ་དང་སྦྲུལ་ཞགས་བསྣམས་པའོ། །གྱེན་དུ་འགྲོ་ན་བ་ཀུ་ལ། །
ཞེས་བྱ་བ་ནི་ཤར་ཕྱོགས་ཀོ་ལ་ཧ་རིའི་དུར་ཁྲོད་ན། གནོད་སྦྱིན་བ་ཀུ་ལ་ནི་སྐུ་མདོག་ཤིན་ཏུ་འཇིགས་པའོ། །གནས་དེར་མཚན་མོ་འགྲོར་མི་བཏུབ། ཕྱག་བཞི་པ་གཡས་གཡོན་གཉིས་ནི་མིའི་པགས་པ་འཕྱར་བའོ། །དེའི་འོག་གཉིས་ན་གྲི་གུག་དང་ཐོད་པ་བསྣམས་

པའོ། །གང་པོ་སྙིང་པོ་ཐོབ་བྱེད་ན། །ཞེས་བྱ་བ་ནི་དུར་ཁྲོད་དེའི་ཕྱོགས་ན་ཀེང་རུས་བྱ་བའི་དུར་ཁྲོད་དོ། །གནོད་སྦྱིན་ཧ་ལ་ཧ་ལ་ཞེས་པ་གནས་སོ། །དེའི་སྐུ་མདོག་མཐིང་ག །བེ་ཅོན་དང་ཐོད་པ་བསྣམས་པའོ། །གྲོང་རྡལ་ཚོལ་བ་རྔ་མོང་ན། །ཞེས་བྱ་བ་ནི་སྟག་གཟིག་གི་ཡུལ་ཡིན་ཏེ། གནོད་
སྦྱིན་རྔ་མོའི་མགོ་ཅན། མདོག་ལྗང་གུ་དགྲ་སྟ་དང་ཞགས་པ་བསྣམས་པའོ། །གླང་ཆེན་བརྗོད་པ་འདུལ་བ་མཆོག །ཅེས་བྱ་བ་ནི་རྒྱ་གར་ཡུལ་གྱི་ཤར་ཕྱོགས་བྷང་ག་ལ་ན། གླང་ཆེན་གྱི་མགོ་ཅན་གནོད་སྦྱིན་ཁ་དོག་དཀར་པོ། དགྲ་སྟ་དང་ཕྲེང་བ་འཛིན་པའོ། །ཆུ་ལྷའི་ཡུལ་ན་
གཞུ་བརྟན་པོ། །ཞེས་བྱ་བ་ནི་རྒྱ་མཚོའི་ནང་ན་གནས་པ་སྟེ། གནོད་སྦྱིན་དེ་ནི་ཁ་དོག་དཀར་ཞིང་དུང་བསྣམས་པའོ། །གཡུལ་འགྱེད་ལྡན་པ་གྲོང་ཁྱེར་རྒྱལ། །ཞེས་བྱ་བ་ནི་མ་ག་དྷཱའི་གྲོང་ཁྱེར་སོ་མཚམས་ན། གནོད་སྦྱིན་དེ་ཡང་གཞན་གྱིས་མི་ཐུབ་པ། སྟོབས་དང་ལྡན་པ། ཁ་དོག་
དང་ལྡན་པ། ཕྱག་གཡས་གཡོན་མཚོན་སྣ་ཚོགས་བསྣམས་པའོ། །སྒྲ་ངན་ཞིང་ན་གནོད་སྦྱིན་རྒྱལ། །ཞེས་བྱ་བ་ནི་རྒྱ་གར་གྱི་ཡུལ་ནུབ་ཕྱོགས་ན་གནོད་སྦྱིན་ལེན་པ། དེ་ལ་བྱིན་པར་གྱུར་པ་ན། ཉུང་བར་བྱིན་ཡང་འཕེལ་བར་འགྱུར་རོ། །དེའི་ཁ་དོག་ནི་ཤིན་ཏུ་དཀར་བ་གསེར་
གྱི་སྣོད་འཛིན་པའོ། །གཉི་དང་རྒྱལ་ངན་རྒྱལ་གཉི་ན། །ཞེས་བྱ་བ་ནི་དེའི་བྱང་ཕྱོགས་ན་ཡོད་དེ་གནོད་སྦྱིན་གྱི་དེད་དཔོན་དུ་གྲགས་པ། དེའི་ཁ་དོག་ནི་ནག་མོ། གཡས་ན་རིན་པོ་ཆེ་གཡོན་ན་ནོར་གྱི་རྐྱལ་བུའོ། །གནོད་སྦྱིན་མོར་གྲགས་དེ་ཉིད་ན། །ཞེས་བྱ་བ་ནི་དེ་གནོད་སྦྱིན་མོ་སྤུན་བཞི་གནས་ཏེ། ཆེན་
མོ་ནི་བལ་ཡུལ་ན་གནས་ལ་འབྲིང་མོ་གཉིས་ནི་མང་ཡུལ་དང་འགྲམ་ན་གནས་ཏེ། ཆུད་ཐག་ནི་བོད་ཡུལ་དབུས་ན་གནས་སོ། །དེ་རྣམས་ཀྱི་ཁ་དོག་ནི་ནག་མོ། སེར་མོ་དམར་མོ། ལྗང་གུའོ། །དེ་རྣམས་ཀྱི་ཕྱག་མཚན་ནི། གྲི་གུག་དང་། ཐོད་པ་དང་། དགྲ་སྟ་དང་། རྩེ་གསུམ་མོ། །
གཡོན་པ་རྣམས་ན་ཁ་ཊྭཱཾ་ག་བསྣམས་པའོ། །གཏུམ་ཆེན་གསེར་གྱི་འོག་པག་ཅན། །ཞེས་བྱ་བ་ནི་སྤུན་དེ་བཞི་ཀ་ཡང་ཁྲོ་མོར་གནས་པ། གསེར་གྱི་འོད་དང་ལྡན་པའོ། །གནོད་པར་བྱེད་དང་དོན་གྲུབ་དང་། །ཞེས་བྱ་བ་ནི་གཙང་གི་ཡུལ་ན་གནས་ཏེ་དེ་ནི་སྤུན་གཉིས་ཡིན་ཏེ་གནོད་པ་

དང་ཕན་པ་བྱེད་པ་ཁ་དོག་ནི་དཀར་པོ་དང་། ནག་པོ་ཕྱག་གཡས་ན་གྲི་གུག་དང་ཐོད་པ། གཡོན་དབྱུག་ཏོ་བསྣམས་པའོ། །འབྱུང་བར་བྱེད་པ་ནགས་ན་གནས། །ཞེས་བྱ་བ་ནི་རྒྱ་མཚོའི་འགྲམ་ཟངས་གླིང་གི་ནགས་གསེབ་ནའོ། །ཁ་དོག་ནག་པོ་ཕྱག་གཡས་ན་རལ་གྲི་བསྣམས་
པའོ། །འགྲོ་བ་དྲུག་པ་འགྲོ་འཇོམས་ན། །ཞེས་བྱ་བ་ནི་མ་ག་དྷཱའི་ཡུལ་གནོད་སྦྱིན་རྐང་དྲུག་པ་ཡོད་པ། དེའི་ཁ་དོག་ནི་དམར་པོ་གཡས་ན་འཁོར་ལོ་གཡོན་ཞགས་པའོ། །ཀ་བ་ན་ནི་ཀ་བ་ཉིད། །ཅེས་བྱ་བ་ནི་དེའི་བྱང་ཕྱོགས་ན་གཟུགས་ཆེ་ལ་ནག་པ་དགྲ་སྟ་དང་ཐོད་པ་བསྣམས་པའོ། །
སེང་གེའི་སྟོབས་ན་གནོད་སྦྱིན་གང་། །ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོའི་ཚལ་ན། སེང་གེའི་ཡུལ་ན་གནོད་སྦྱིན་སེང་གེའི་གདོང་ཅན་གནས་པ། ཕྱག་བཞི་པ་སྐུ་མདོག་དཀར་པོ། གཡས་གཉིས་ན་འཁོར་ལོ་དང་ཨ་འབྲས་འཛིན་པ། གཡོན་གཉིས་དབྱུག་ཏོ་དང་དུང་བསྣམས་པའོ། །སེང་
གེ་སྟག་སྟོབས་མེད་བྱེད་གཉིས། །ཞེས་བྱ་བ་ནི་སེང་གེའི་གླིང་དཔག་ཚད་ལྔ་བརྒྱའི་ལྷོ་ཕྱོགས་ན། སྟག་གདོང་ཅན་གྱི་གླིང་ན་གནོད་སྦྱིན་སྟག་ཅེས་བྱ་བ། གནོད་སྦྱིན་ཐམས་ཅད་སྟག་གི་གདོང་པ་ཅན། ཕྱག་བཞི་བཞི། གཡས་པ་རྣམས་ནི་དབྱུག་ཏོ་དང་ལྕགས་ཀྱུ། གཡོན་
གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པའོ། །བྱེ་བ་འབབ་ན་སྡེ་བོ་ཆེ། །ཞེས་བྱ་བ་ནི་དེའི་བྱང་ཕྱོགས་དཔག་ཚད་ལྔ་བརྒྱ་ན། ཁྱི་ལིང་ཞེས་བྱ་བ་གནོད་སྦྱིན་གྱི་གདོང་ཅན་གནས་པའོ། །དེའི་མདོག་ནག་པ་ཕྱག་ན་དགྲ་སྟ་བསྣམས་པའོ། །དེ་བཞིན་གཞན་གྱི་གྲོང་ལས་
རྒྱལ། །ཞེས་བྱ་བ་ནི་འཛམ་བུ་གླིང་ན་འཁོར་ཞིང་རྒྱ་གར་དབུས་སུ་གནས་པ་ཁ་དོག་དམར་པོ་ཕྱག་ན་གཏུན་ཤིང་བསྣམས་པའོ། །མེ་ཏོག་སོ་ནི་ཙམ་པ་ན། །ཞེས་བྱ་བ་ནི་དེ་ཡང་རྒྱ་གར་ཡུལ་གྱི་ཤར་ཕྱོགས་ན། གནོད་སྦྱིན་ཁ་དོག་དཀར་པོ་ཕྱག་ན་དགྲ་སྟ་བསྣམས་པའོ། །
མཉམ་དགའ་བ་ནི་རི་མངས་ན། །ཞེས་བྱ་བ་ནི་རི་ནག་པོ་དང་མ་ལ་ཡ་དང་དཔལ་གྱི་རི་དང་བྱ་རྒོད་ཕུང་པོའི་རི་ལ་སོགས་པ་སྐད་ཅིག་མས་རྒྱུ་ཞིང་རིའི་རྩེ་མོ་རྣམས་ལ་འདུག་པ། སྟོབས་དང་ལྡན་ཞིང་གཟི་བརྗིད་ཆེ་བའོ། །ནམ་མཁའི་མདོག་ཅན་ཕྱག་ན་ཞགས་པ་བསྣམས་པའོ། །

བ་ལང་སྦྱོར་ན་གནོད་སྦྱིན་རི། །ཞེས་བྱ་བ་ནི་ནུབ་ཕྱོགས་བ་ལང་སྤྱོད་ཀྱི་རི་མཚམས་ན། གནོད་སྦྱིན་ཁ་དོག་ནག་པ། ཡུལ་དེའི་སྲུང་མར་གྱུར་པ། གཡས་གཡོན་གཉིས་ན་བུམ་པ་བསྣམས་པའོ། །གྲོང་ཁྱེར་ན་ནི་སྡེ་བཟང་པོ། །ཞེས་བྱ་བ་ནི་མ་ག་དྷཱའི་གྲོང་ཁྱེར་ཡངས་པ་ཅན་ན།
འཁོར་གཡོག་མང་པོ་ཡོད་པ། སྟོབས་དང་ལྡན་པ། ཁ་དོག་སེར་བ། གཡས་ན་རིན་པོ་ཆེ་བསྣམས་པ། གཡོན་བུམ་པ་བསྣམས་པའོ། །གནས་དང་བཅས་ན་ལག་པ་དཔའ། །ཞེས་བྱ་བ་ནི་ཆུ་བོ་གངྒཱའི་འགྲམ་ཤར་ཕྱོགས་ན་རི་བོ་ལ་གནས་པ། ཝ་ཀིམ་ཞེས་བྱ་བར་
གྲགས་པའོ། །དེའི་སྲུང་མར་གྱུར་ཅིང་སྟོབས་དང་ལྡན་པ། ཁ་དོག་དམར་པོ་ཕྱག་ན་དབྱུག་ཏོ་བསྣམས་པའོ། །ཁ་ལ་སྦྱིན་ན་བདེ་བྱེད་པ། །ཞེས་བྱ་བ་ནི་ཆུ་བོ་གངྒཱའི་འགྲམ་ན། མོ་འགེ་རི་ཞེས་བྱ་བའི་ཡུལ་ན། གནོད་སྦྱིན་མདོག་ནག་ལ་བེ་ཅོན་འཛིན་པའོ། །ཀཽ་ཤཱམྦཱི་ན་ཚེགས་མེད་
པ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་སོ་མཚམས་ན། གནོད་སྦྱིན་ཁ་དོག་ལྗང་ནག་གོ། །གཡས་ན་ཏྲི་ཤཱུ་ལ་གཡོན་ཁ་ཊྭཱཾ་ག་བསྣམས་པའོ། །བཟང་པོ་ཅན་ན་བཟང་པོ་པ། །ཞེས་བྱ་བ་ནི་རི་རབ་ཀྱི་བྱང་ཕྱོགས་སྒྲ་མི་སྙན་ན། གནོད་སྦྱིན་ཁ་དོག་སེར་པོ་གཡས་རལ་གྲི་གཡོན་
བུམ་པ་བསྣམས་པའོ། །སྐྱ་སྣར་ཅན་གྱི་བུ་ན་ནི། །གནོད་སྦྱིན་འབྱུང་པོའི་གདོང་ཞེས་བྱ། །ཞེས་བྱ་བ་ནི་འཛམ་བུ་གླིང་གི་དབུས་ན་མེ་ཏོག་གི་ར་བ་ན། གནོད་སྦྱིན་མེ་ཏོག་ཅན་ཡོད་པའོ། །སྐུ་མདོག་སེར་པོ་ཕྱག་ན་ཨུཏྤ་ལ་སྔོན་པོ་བསྣམས་པའོ། །མཆིང་བུ་ན་ནི་མྱ་ངན་མེད། །ཅེས་བྱ་
བ་ནི་དེའི་ཤར་ཕྱོགས་ན་མེ་ཏོག་ཨ་ཤོ་ཀའི་ར་བ་ལ་གནོད་སྦྱིན་ཁ་དོག་ནག་པོ། ཕྱག་ན་རྡོ་རྗེ་འཛིན་པའོ། །མ་ལ་གནས་ན་ཤ་ཐང་བ། །ཞེས་བྱ་བ་ནི་རི་མ་ལ་ཡའི་ལྷོ་ཕྱོགས་ཙནྡན་གྱི་ནགས་གསེབ་ན་སྐུ་མདོག་དམར་སྐྱར་གནས་པ། ཕྱག་ན་རྩེ་གཅིག་པ་བསྣམས་པའོ། །ཚང་ཚིང་གཅིག་
ན་དོན་གྲུབ་པ། །ཞེས་བྱ་བ་ནི། བལ་ཡུལ་གྱི་ལྷོ་ཕྱོགས་ཀོ་བ་ཡ་ག་ན། གནོད་སྦྱིན་གླང་པོ་ཆེའི་མགོ་ཅན་ཕྱག་བཞི་པ་སྐུ་མདོག་དཀར་པོ། གཡས་གཉིས་ན་དགྲ་སྟ་དང་ཞགས་པ། གཡོན་གཉིས་ན་ཏྲི་ཤཱུ་ལ་དང་ལྕགས་ཀྱུའོ། །མ་རྒྱལ་རྒྱལ་ན་དམན་པ་པོ། །ཞེས་བྱ་བ་ནི་དུར་

ཁྲོད་དྷེའུ་ཏ་ཀོ་ཏྲ་ན། གནོད་སྦྱིན་སྐུ་མདོག་དམར་པོ་ཤ་ཁྲག་ལ་དགའ་ཞིང་ཐོད་པ་བསྣམས་པ་སྟེ། འཇིག་རྟེན་མཁའ་འགྲོ་རྣམས་ཀྱི་སྲུང་མའོ། །ཆུ་མཆོག་ན་ནི་མུཉྫའི་སྐྲ། །ཞེས་བྱ་བ་ནི་ལངྐའི་ཕྱོགས་ན་སྤྲེའུ་རྣམས་ཀྱི་གྲོང་ཁྱེར་ན་གནོད་སྦྱིན་སྟོབས་ལྡན་གནས་པའོ། །
དེའི་སྐུ་མདོག་ཕྱག་མཚན་ནི། ཨ་ཤོ་ཀའི་ཤིང་བསྣམས་པ། ཁ་དོག་དམར་པོའོ། །སེན་ད་པ་ན་ནོར་བུའི་གནས། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་ཨུ་ཏྲཎྜ་པུ་རི་ན། གནོད་སྦྱིན་བཻ་ཌཱུརྱའི་མདོག་ཅན། ཕྱག་ན་ནོར་བུ་བསྣམས་པའོ། །གནོད་སྦྱིན་མི་བཟད་འགྲོ་ལྡན་དག །ཅེས་བྱ་བ་ནི་
རྒྱ་གར་ཡུལ་གྱི་ལྷོ་ནུབ་མཚམས་ན་གནས་ཏེ། གནོད་སྦྱིན་དེ་ཡང་མཆེ་བ་གཙིགས་པ། འཇིགས་སུ་རུང་བ། སྐུ་མདོག་དམར་ནག །གཡས་ན་དབྱུག་ཏོ་གཡོན་ཞགས་པའོ། །སེར་སྐྱ་ཡི་ནི་གནས་ན་གནས། །ཞེས་བྱ་བ་ནི་དེའི་ལྷོ་ཕྱོགས་ཀྱི་གནས་ན་གནོད་སྦྱིན་སེར་སྐྱའི་མདོག་ཅན།
གཡས་གཡོན་གཉིས་ན་ནོར་གྱི་རྐྱལ་པ་བསྣམས་པའོ། །བ་ལང་འཛིན་དང་གཞན་བརྙས་དང་། །ཞེས་བྱ་བ་ནི་གངྒཱའི་ཆུ་འགྲམ་ན། གནོད་སྦྱིན་བ་ལང་མགོ་ཅན། མདོག་ནག་པོ་ཕྱག་གཡས་ན་དགྲ་སྟ། གཡོན་སྡིགས་མཛུབ་བསྣམས་པའོ། །སྒོ་བ་གནས་ཅན་རྟག་པ་དང་། །ཞེས་བྱ་བ་
ནི་ཕྱིའི་རྒྱ་མཚོའི་འགྲམ་ན་ཁྱབ་འཇུག་གི་ཡུལ་ན་གནོད་སྦྱིན་གྱི་དེད་དཔོན་ཁ་དོག་ཐལ་བའི་མདོག་ཅན། གཡས་ན་བེ་ཅོན། གཡོན་འབྲས་ཀྱི་སྙེ་མ་བསྣམས་པའོ། །དབུ་མ་པ་ཡི་གནོད་སྦྱིན་དག །ཅེས་བྱ་བ་ནི་འཛམ་བུ་གླིང་གི་དབུས་ན་གནས་པ། སེམས་ཅན་རྣམས་ལ་གནོད་པ་མི་
བྱེད་པ། སངས་རྒྱས་ཀྱི་བསྟན་པ་ལ་དགའ་བ། གནོད་སྦྱིན་བལྟ་ན་སྡུག་པ་ཁ་དོག་གསེར་གྱི་མདོག་ཅན་རྟག་ཏུ་མཆོད་བྱེད་རྣམས་ལའོ། །གྲགས་པ་ཆེན་པོ་བཟང་མཛེས་ན། །ཞེས་བྱ་བ་ནི་རི་བོ་རྩེ་ལྔ་ན་འཇམ་དཔལ་གྱི་སྤྱན་སྔ་ན། གནོད་སྦྱིན་ཉི་མ་གྲགས་པ་དེའི་ཁ་དོག་སེར་པོ།
ཕྱག་ན་དབྱུག་ཏོ་མིག་ཅན་འཛིན་པ། འཇམ་དཔལ་གྱི་སྲུང་མའོ། །གྲོང་ཁྱེར་སྙིང་པོར་དགྲས་དོགས་པ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་ཤར་ཕྱོགས་ན་གནས་ཏེ། གནོད་སྦྱིན་བཻ་ཌཱུརྱའི་མགོ་ཅན། ཕྱག་གཉིས་ན་མེ་ཏོག་ཀུ་མུ་ཏ་འཛིན་པའོ། །མྱ་ངན་ས་ན་རྨོངས་བྱེད་པ། །

ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་བ་ལེནྡྲ་ན་གནས་པའོ། །གནོད་སྦྱིན་དེ་ནི་མདོག་སྔོ་སྐྱ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། །ཁྱུས་འགྲོ་ན་ནི་གནོད་སྦྱིན་གྲགས། །ཞེས་བྱ་བ་ནི་འགྲོ་ལ་དགའ་ཞིང་སྐད་ཅིག་མས་ཁྱབ་པའོ། །དེ་བཞིན་དུ་གནོད་སྦྱིན་བསམ་གྱིས་མི་ཁྱབ་པ་གནས་པ། སྐུ་མདོག་སྣ་
ཚོགས་ཅན། མཚོན་ཆ་སྣ་ཚོགས་འཛིན་པའོ། །མ་རུངས་པ་ཡང་དེ་བཞིན་ཏེ། །ཞེས་བྱ་བ་ནི་གནོད་སྦྱིན་དེ་ཡང་སྔ་མ་བཤད་པ་བཞིན་ནོ། །ང་རྒྱལ་བྲལ་དང་ལྷ་རྩེ་བ། །ཞེས་བྱ་བ་ནི་འཛམ་བུའི་གླིང་ན་རྒྱུ་ཞིང་། སེམས་ཅན་རྣམས་ལ་ང་རྒྱལ་བྱེད་པ་དེ་ཉིད་ཀྱི་ཁ་དོག་ནི་སེར་པོ་དང་ལྗང་
གུའོ། །ཕྱག་མཚན་ནི་རིན་པོ་ཆེ་དང་རལ་གྲིའོ། །འཇིགས་སྦྱིན་ན་ནི་ཡིད་འཇིགས་པ། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་ཟུར་གྱི་ལྷོ་ཕྱོགས་ན། གནོད་སྦྱིན་ཆེན་པོ་སྟོབས་ལྡན་པ་དེའི་ཁ་དོག་ནི་ནག་པོ་སྟེ། མ་རིག་པའི་དབང་གིས་གནོད་སྦྱིན་གྱི་ཁ་ནི་སྲིད་པ་ཙམ་ཡོད་པ་དེ་ནི་སྲིན་
པོ་ལས་ཀྱི་གཤིན་རྗེ་ཞེས་བྱའོ། །ཁ་ཆེའི་ཡུལ་ན་འོད་བྱེད་པ། །ཞེས་བྱ་བ་ནི་དེ་ནི་གནོད་སྦྱིན་དབྱངས་ལྡན་ཏེ། དེའི་སྐུ་མདོག་ནི་གསེར་གྱི་མདོག་འདྲ་བ། སྤྱན་གསུམ་པ་ཕྱག་བཞི་པ། གཡས་པ་གཉིས་ན་པོ་ཏི་དང་མཆོད་སྦྱིན། གཡོན་པ་གཉིས་ན་ཕྲེང་བ་དང་བུམ་པ་སྤྱི་བླུགས་སོ། །
བློ་དམན་པ་རྣམས་སྟོད་པར་བྱེད་པའོ། །གཏུམ་པོ་རལ་པ་ཅན་གྲོང་ན། །ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོའི་འགྲམ་ན་ལངྐ་མགྲིན་བཅུའི་སྲུང་མ་རལ་པ་ཅན་ཞེས་བྱ་བ། སྐུ་མདོག་མཐིང་ནག །ཞལ་གསུམ་ཕྱག་བརྒྱད་པ་གཡས་རྣམས་ན་རལ་གྲི་གྲི་གུག །དགྲ་སྟ་རྩེ་གསུམ་མོ། །གཡོན་
རྣམས་ན་སྡིགས་མཛུབ་ཐོད་པ། ཞགས་པ་ལྕགས་ཀྱུའོ། །སྐད་ཅིག་མས་དཔག་ཚད་ལྔ་བརྒྱ་ཙམ་རྒྱུ་བའོ། །ཁ་ཆེའི་ཡུལ་གྱི་སོ་མཚམས་ན། །ཞེས་བྱ་བ་ནི་མངའ་རིས་དང་ཁ་ཆེའི་ཡུལ་གཉིས་ཀྱི་མཚམས་ནའོ། །གནོད་སྦྱིན་དབང་ཆེན་དབྱངས་ལྡན་པ་དེའི་སྐུ་མདོག་ནི་དམར་སེར།
ཕྱག་གཡས་ན་པོ་ཏི། གཡོན་ཕྲེང་བ་བསྣམས་པའོ། །ལྔས་རྩེན་ཞེས་ནི་བྱ་བ་གནས། །ཞེས་བྱ་བ་ནི་འཕྲོག་མ་བུ་ལྔ་བརྒྱ་དང་། དེའི་ཡབ་ནི་པཉྫི་ཀའོ། །འཕྲོག་མའི་བུ་ལྔ་བརྒྱ་ནི་དགའ་བ་ལ་སོགས་པའོ། །དེ་ལ་བུ་ནི་ལྔ་བརྒྱ་སྟེ། །ཞེས་བྱ་བ་ནི་ཁ་དོག་སྣ་ཚོགས་སུ་གནས་

པ། མཚོན་ཆ་སྣ་ཚོགས་བསྣམས་པའོ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་གཟི་བརྗིད་ལྡན། འཁོར་གཡོག་མང་པོ་དང་ལྡན་པའོ། །ལྔས་རྩེན་གྱི་ནི་བུ་ཐུ་བོ། །ཞེས་བྱ་བ་ནི་བུ་ཆེན་པོ་དེ་ནི་རྒྱ་ནག་ན་གནས་པ། རྒྱ་ནག་པོའི་ཕོ་བྲང་ན་
གནས་པ། སྲུང་མ་དེར་མཛད་པའོ། །སྐུ་མདོག་སེར་པོ། གཡས་ན་རིན་པོ་ཆེའི་མྱུ་གུ་འཛིན་པ། གཡོན་ན་བུམ་པ་གང་བ་བསྣམས་པའོ། །རྒྱ་ཡུལ་གྱི་ནི་ས་ལ་གནས། །ཞེས་བྱ་བ་ནི་གནོད་སྦྱིན་ཆེན་པོ་དེ་ནི་རྒྱ་ནག་པོའི་ཡུལ་ན་གནས་པའོ། །ཕྲག་པའི་མིག་ཅེས་བྱ་བ་ནི། མཛོད་
ལྡན་ན་ནི་སྤུན་དང་བཅས། །ཞེས་བྱ་བ་ནི་རྒྱ་མཚོའི་དབུས་ན་གནས་པ་སྤུན་གཉིས་ས་བདག་གི་ཚུལ་དུ་གནས་པའོ། །དེ་གཉིས་ཁ་དོག་ནི་ནག་པོ་དང་དམར་པོ་སྟེ། དེ་གཉིས་ཀྱི་གཡས་ན་འཁོར་ལོ་དང་། དབྱུག་ཏོ། གཡོན་ན་སྦྲུལ་ཞགས་བསྣམས་པའོ། །ཀ་ལིངྐ་ན་མཆེ་བ་རྐང་། །
ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོའི་འགྲམ་ལྷོ་ཕྱོགས་ན་ཕོ་བྲང་གསེར་ཡུལ་གྱི་དབུས་ན། འཇིགས་སུ་རུང་བའི་གནོད་སྦྱིན་དམར་སྐྱའོ། །གཡས་ན་རལ་གྲི་གཡོན་ན་མི་མགོ་བསྣམས་པའོ། །དཀྱིལ་འཁོར་སྟན་ན་དཀྱིལ་འཁོར་རོ། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་དབུས་ན་གནོད་
སྦྱིན་དཀྱིལ་འཁོར་ཅན་གནས་པ། དེ་ཡང་སྐུ་མདོག་དཀར་པོ་གཡས་གཡོན་གཉིས་ན་པདྨ་བསྣམས་པའོ། །ག་བུ་ཤ་ན་ལངྐའི་བདག །ཅེས་བྱ་བ་ནི་འཛམ་བུའི་གླིང་གི་ལྷོ་ནུབ་མཚམས་ན་གནས་པའོ། །གནོད་སྦྱིན་དེ་ནི་མགྲིན་པ་བཅུ་པ། ཞལ་གཅིག་ནི་རྟ་མཆོག་གི་དབུ་ལྟ་
བུའོ། །ཕྱག་བརྒྱད་པ་སྐུ་མདོག་མཐིང་ག །གཡས་རྣམས་ན་རལ་གྲི་མདའ་འཁོར་ལོ། གཡོན་ན་ཞགས་པ་གཞུ། ཐ་མ་གཉིས་ན་པི་ཝང་བསྒྱུར་བའོ། །འོད་ཅན་དགའ་བའི་ཚང་ཚིང་ན། །ཞེས་བྱ་བ་ནི་བལ་ཡུལ་གྱི་ལྷོ་ཕྱོགས་ན་ཀོ་རི་ན་ཡ་ཀའི་ཤར་ཕྱོགས་ཀྱི་ནགས་ན་གནོད་སྦྱིན་མ་
སྐུ་མདོག་དཀར་མོ། གཡས་ན་ཨུཏྤ་ལ་གཡོན་ན་ནོར་གྱི་རྐྱལ་བུ་བསྣམས་པའོ། །ནམ་མཁའ་སྲུང་ན་ཆོས་སྐྱོང་བ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་གསེར་ཡུལ་ན་ཕྱིའི་རྒྱ་མཚོའི་འགྲམ་ན་གནས་པ། གཡས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི། གཡོན་ན་མེ་ཏོག་པདྨ་

བསྣམས་པའོ། །ལག་པ་ཆེན་པོ་ངན་པ་ན། །ཞེས་བྱ་བ་ནི་དེའི་བྱང་ཕྱོགས་ན་གནོད་སྦྱིན་ཁ་དོག་དམར་པོ་གཡས་པདྨ་དམར་པོ་གཡོན་བུམ་པ་གང་བ་བསྣམས་པའོ། །རྣམ་ཐོས་བུ་ཡི་བུ་དཔལ་ལྡན། །རྒྱལ་བ་ཁྱུ་མཆོག་རྒྱལ་པོའི་བུ། །ཞེས་བྱ་བ་ནི་གཞན་གྱིས་མི་ཐུབ་པ། གནོད་སྦྱིན་རྣམས་ཀྱི་
རྒྱལ་པོ་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྐྱོང་བ་སེམས་ཅན་རྣམས་ཀྱི་དོན་བྱེད་པ་ཕོ་བྲང་ལྕང་ལོ་ཅན་ལ་མངའ་མཛད་པ། ཕྱག་གཉིས་པ་སྐུ་མདོག་གསེར་གྱི་མདོག་ཅན། གཡས་ན་རིན་པོ་ཆེ་སྣ་བདུན་གྱི་མྱུ་གུ །གཡོན་ན་བུམ་པ་ནོར་གྱིས་གང་བ། རིན་པོ་ཆེ་སྣ་བདུན་གྱི་ཁྲི་ལ་བཞུགས་པའོ། །
གནོད་སྦྱིན་བྱེ་བས་ཡོངས་བསྐོར་ཞིང་། །ཐོ་གར་གྱི་ནི་ཡུལ་ན་གནས། །ཞེས་བྱ་བ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ན་དཔལ་ལྡན་རྣམ་ཐོས་སྲས་ནི་གནོད་སྦྱིན་གྱི་རིགས་མི་གཅིག་པ་རྣམས་ཀྱིས་ཡོངས་སུ་བསྐོར་ཞིང་། ནམ་མཁའ་ལ་ཉི་ཟླ་སྐར་མས་བསྐོར་བ་བཞིན་དུའོ། །འགྲོར་བཅས་རི་དང་
གངས་ཅན་དག །ཅེས་བྱ་བ་ནི་ཡུལ་ཝཱ་རཱ་ཎ་སཱིའི་ནུབ་ཕྱོགས་ན། ཆུ་བོ་གངྒཱ་དང་སིནྡྷུ་གཉིས་འདུས་པའི་ས་ན་གནོད་སྦྱིན་ཆེན་པོ་དེ་གནས་སོ། །དེའི་ཁ་དོག་ནི་སྔོ་སྐྱ་ཞལ་གཅིག་ཕྱག་དྲུག་པ་གཡས་གཡོན་གཉིས་ཐལ་མོ་སྦྱར་བ། དེའི་འོག་གཉིས་ན་རྩེ་གསུམ་དང་མཆོད་སྦྱིན་གཡོན་གཉིས་ན་ཕྲེང་བ་དང་བུམ་པ་སྤྱི་
བླུགས་བསྣམས་པའོ། །སྤྱན་གསུམ་པ་གླང་ལ་ཞོན་པའོ། །སིནྡྷུ་ཡི་ནི་རྒྱ་མཚོར་གནས། །ཞེས་བྱ་བ་ནི་ཤར་ཕྱོགས་ཀྱི་ཕྱིའི་རྒྱ་མཚོའི་ནང་ན་གནས་པ་གནོད་སྦྱིན་དེའི་ཁ་དོག་ནི་དཀར་པོ་སྦྲུལ་གྱི་ཞགས་པ་དང་རིན་པོ་ཆེའི་མྱུ་གུ་བསྣམས་པའོ། །གྲོང་ཁྱེར་གསུམ་ན་རྩེ་གསུམ་ལག །ཅེས་བྱ་
བ་ནི་ས་འོག་ས་སྟེང་ས་བླ་གསུམ་ན་གནས་པ་གནོད་སྦྱིན་ལེགས་ལྡན་ཐལ་བའི་མདོག་ཅན་ཕྱག་གཡས་ན་རྩེ་གསུམ་གཡོན་ཕྲེང་བ་བསྣམས་པའོ། །ཀ་ལིངྐ་ན་རབ་འཇོམས་པ། །ཞེས་བྱ་བ་ནི་རྒྱ་གར་དབུས་ན་གནོད་སྦྱིན་ཁ་དོག་ནག་པོ་གྲི་གུག་དང་ཐོད་པ་བསྣམས་པའོ། །ཚིགས་
ལྔ་སེར་པོ་འགྲོ་ལྡིང་ན། །ཞེས་བྱ་བ་ནི་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན་གནོད་སྦྱིན་སྐུ་མདོག་སེར་པོ་ཕྱག་ན་བུམ་པ་གསེར་གྱིས་བཀང་བ་བསྣམས་པའོ། །སིང་ཧ་ལ་ན་ནོར་གྱི་བདག །ཅེས་བྱ་བ་ནི་སིང་གའི་གཤོལ་མདའི་ཡུལ་ཕྱིའི་རྒྱ་མཚོའི་ཚལ་ན་གནོད་སྦྱིན་དེ་གནས་པ་ཁ་དོག་གུར་

གུམ་གྱི་མདོག་ཅན། ཕྱག་གཡས་ན་རིན་པོ་ཆེའི་སྣོད་དང་། གསེར་གྱི་རྐྱལ་བུ་བསྣམས་པའོ། །ནེ་ཙོའི་བཞིན་ནི་འབྲོག་ན་སྟེ། །ཞེས་བྱ་བ་ནི་རྡོ་རྗེ་གདན་གྱི་ནགས་ཚལ་ཆེན་པོ་ན་གནོད་སྦྱིན་ཁ་དོག་དམར་ནག་ཕྱག་ན་རལ་གྲི་ཞགས་པ་བསྣམས་པའོ། །འགྲོ་འམ་ཅི་ནི་འོག་ན་
གནས། །ཞེས་བྱ་བ་ནི་གནས་ནི་ས་འོག །འགྲོའམ་ཅི་ནི་མིང་། ཁ་དོག་ནི་སྔོ་བསངས་ཕྱག་གཡས་ན་སྦྲུལ་ཞགས་གཡོན་དུང་བསྣམས་པའོ། །སྨད་སྦྲུལ་ལོ། །པདྨ་དཀར་པོའི་འོད་གསལ་བ། །ཞེས་བྱ་བ་ནི་དེ་ནི་གཟུགས་ཁམས་ན་གནས་པ་སྟེ། དེའི་ཁ་དོག་ནི་དཀར་པོ།
གཡས་ན་ཕྲེང་བ། གཡོན་ན་བུམ་པ་སྤྱི་བླུགས་བསྣམས་པའོ། །གྲོང་ཁྱེར་ཆེ་ན་བརྩེ་བ་ཅན། །ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་གྱི་གནས་ན་གནོད་སྦྱིན་ཆེན་པོ་གནས་པའོ། །ཁ་དོག་སེར་པོ། གཡས་ན་སྐྱབས་སྦྱིན་གཡོན་ན་རྡོ་རྗེ་བསྣམས་པའོ། །འཇིགས་པ་སྦྱིན་ན་རབ་འཇིགས་
པ། །ཞེས་བྱ་བ་ནི་ལྷོ་ནུབ་ཀྱི་མཚམས་ཕྱིའི་རྒྱ་མཚོའི་འགྲམ་ལངྐ་པུ་རི་ན་གནོད་སྦྱིན་ཐལ་བའི་མདོག་ཅན་གཡས་རལ་གྲི་གཡོན་ཞགས་པ་བསྣམས་པའོ། །ཆུ་དང་ལྡན་ན་དམར་སེར་གནས། །ཞེས་བྱ་བ་ནི་མ་དྲོས་ཀྱི་མཚོ་འགྲམ་ན་གནོད་སྦྱིན་ཆེན་པོ་གནས་པ་ནི་སྐུ་མདོག་
དཀར་པོ་ཕྱག་ན་སྦྲུལ་གྱི་ཞགས་པ་དང་པདྨ་བསྣམས་པའོ། །བབྦ་ད་བསྐྱེད་བབྦ་ཌ། །ཞེས་བྱ་བ་ནི་བལ་ཡུལ་གྱི་བྱང་ཕྱོགས་ན་ཆུ་དགས་ཀྱི་ནགས་གསེབ་ན་གནོད་སྦྱིན་ཁ་དོག་ལྗང་ནག་ཕྱག་བཞི་པ་གཡས་གཉིས་ན་འཁོར་ལོ་དང་ཨ་འབྲས། གཡོན་གཉིས་ན་དབྱུག་ཏོ་དང་དུང་
བསྣམས་པའོ། །འདོད་པ་སྦྱིན་ན་མ་དང་ལྡན། །ཞེས་བྱ་བ་ནི་སུམ་ཅུ་རྩ་གསུམ་གྱི་བྱང་ཕྱོགས་ན། གནོད་སྦྱིན་འདོད་པ་ཞེས་བྱ་བ་གནས་ཏེ། འདོད་པའི་ལྷ་མོ་ལྔ་དང་ལྡན་པ། ཕྱག་གཡས་ན་འདོད་པའི་མདའ་ལྔ་བསྣམས་པ། གཡོན་མེ་ཏོག་གི་གཞུ་བསྣམས་པའོ། །ཉའི་
རྒྱལ་མཚན་དང་། ཆུ་སྲིན་གྱི་རྒྱལ་མཚན་དང་ལྡན་པའོ། །བུ་མོ་འཇུག་ན་རབ་སད་པ། །ཞེས་བྱ་བ་ནི་ཝཱ་རཱ་ཎ་སཱིའི་ཤར་ཕྱོགས་ན་སེང་གེ་ལྷའི་ཡུལ་དུ་གནས་པའི་གནོད་སྦྱིན་སེང་གེ་གནས་པའོ། །གཟུགས་ནི་སེང་གེའི་གཟུགས་སུ་སྣང་བའོ། །ཀ་པུ་ཤ་ན་ནལ་ཀུ་བར། །ཞེས་བྱ་

བ་ནི་དེའི་ཤར་ཕྱོགས་བལ་ཡུལ་དང་། རྒྱ་གར་གྱི་སོ་མཚམས་ན་གནོད་སྦྱིན་ཆེན་པོ་ཁྱིའི་གཟུགས་སུ་སྣང་བའོ། །ཕ་རོལ་མཐའ་མེད་རྔུལ་ཆུ་ན། །ཞེས་བྱ་བ་ནི་རྒྱ་ནག་པོའི་ཤར་ཕྱོགས་གཤིན་རྗེའི་འདམ་གསེབ་ན། གནོད་སྦྱིན་ཁ་དོག་དམར་པོ་ཕྱག་ན་མེ་སྒྲོན་དང་ཞགས་པ་བསྣམས་
པའོ། །ནུས་པའི་གནས་ན་ཞི་བྱེད་པ། །ཞེས་བྱ་བ་ནི་ཡུལ་མ་ག་དྷཱའི་བྱང་ཕྱོགས་ན་གནོད་སྦྱིན་གདོང་ཞེས་བྱ་བའི་གནས་ནི་གནོད་སྦྱིན་ཆེན་པོ་ཁ་དོག་ནག་པོ་དབྱུག་ཏོ་དང་ཞགས་པ་བསྣམས་པའོ། །པ་ལྷ་བ་ན་ཐགས་བཟངས་རིས། །ཞེས་བྱ་བ་ནི་རི་རབ་ཀྱི་བྱང་ཕྱོགས་ན། གནོད་སྦྱིན་ལྷ་མ་
ཡིན་བྱ་བ་གནས་ཏེ་ཁ་དོག་དམར་ནག་ཕྱག་ན་འཁོར་ལོ་དང་དབྱུག་ཏོ་བསྣམས་པའོ། །ཀ་ཏ་ཀ་ན་དམར་སེར་པོ། །ཞེས་བྱ་བ་ནི་སིང་ག་ལའི་ཤར་ཕྱོགས་ན། གནོད་སྦྱིན་ཁ་དོག་གུར་གུམ་འདྲ་བའོ། །ཕྱག་ན་རྩེ་གཅིག་དང་ཞགས་པ་བསྣམས་པའོ། །འཕྲལ་རིས་འཕེལ་ན་བཞིན་རྒྱས་
པ། །ཞེས་བྱ་བ་ནི་ནུབ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ན་གནོད་སྦྱིན་མགོན་པོ་ཞེས་བྱ་བ་གནས་པའོ། །ཞལ་བཅུ་གཅིག་པ་ཐལ་བའི་མདོག་ཅན་ཕྱག་བཅུ་གཉིས་པ། དང་པོ་གཉིས་ན་མདའ་གཞུ། དེ་འོག་གཡས་པ་རྣམས་ན་འཁོར་ལོ་དང་དབྱུག་ཏོ་དང་ཐོད་པ་དང་དགྲ་སྟ་དང་རྩེ་གསུམ་པ།
གཡོན་པ་རྣམས་ན་ཞགས་པ་དང་རིན་པོ་ཆེ་དང་། པདྨ་དང་ཨུཏྤ་ལ་དང་དུང་བསྣམས་པའོ། །ཨུ་རྒྱན་ཡུལ་ན་མ་རུངས་པ། །ཞེས་བྱ་བ་ནི་རྒྱ་གར་གྱི་དབུས་ཀྱི་ནུབ་ཕྱོགས་ན་གནོད་སྦྱིན་ཆེན་པོ་ཁ་དོག་མཐིང་ནག །གྲི་གུག་དང་ཐོད་པ་བསྣམས་པའོ། །ཐོང་གཤོལ་ངན་ན་བུམ་ལྟོ་བོ། །ཞེས་བྱ་
བ་ནི་མ་ག་དྷཱའི་ཤར་ཕྱོགས་ན། གནོད་སྦྱིན་བུམ་པའི་ལྟོ་ཅན་བཞིན་མི་སྡུག་པ། དུད་ཀའི་མདོག་ཅན་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པའོ། །ཆུ་སྲིན་རྒྱལ་མཚན་མྱ་ངན་ན། །ཞེས་བྱ་བ་ནི་མ་ག་དྷཱའི་ས་མཚམས་ན་འདོད་ཆེན་ཞེས་བྱ་བའི་གནོད་སྦྱིན་གནས་ཏེ། སྐུ་མདོག་ཐལ་བའི་མདོག་
ཅན། ཕྱག་གཉིས་ན་མདའ་གཞུ་བསྣམས་པའོ། །སྣ་ཚོགས་སྡེ་ནི་པོ་ཀ་ན། །ཞེས་བྱ་བ་ནི་ལྷོ་ནུབ་མཚམས་ན་གནོད་སྦྱིན་ཁ་དོག་ལྗང་གུ །ཕྱག་གཉིས་ན་འཁོར་ལོ་དང་དབྱུག་ཏོ་བསྣམས་པའོ། །དགའ་དང་ལྡན་ན་སྒྲ་སྒྲོགས་བུ། །ཞེས་བྱ་བ་ནི་རྒྱ་གར་གྱི་ཡུལ་བྱང་ཤར་མཚམས་

ན། གནོད་སྦྱིན་ཐོས་གྲགས་ནི་སྐུ་མདོག་སེར་པོ་ཕྱག་ན་མདའ་གཞུ་བསྣམས་པའོ། །ཕུང་པོའི་བདག་པོར་དམར་སེར་པོ། །ཞེས་བྱ་བ་ནི་ཤར་ཕྱོགས་ཀ་མ་རཱུ་ན་གནས་པ་སྟེ། གནོད་སྦྱིན་ཁ་དོག་དཀར་པོ་ཕྱག་གཡས་ན་ཕྲེང་བ་བསྣམས་པའོ། །གཡོན་ན་བུམ་པ་སྤྱི་
བླུགས་བསྣམས་པའོ། །ཆུང་མ་ཅན་ན་མཐོང་དགའ་བོ། །ཞེས་བྱ་བ་ནི་ཡུལ་ཀོ་ཀ་ནའི་ཤར་ཕྱོགས་ན་གནོད་སྦྱིན་སྟོབས་ལྡན་གནས་པ་ནི། ཁ་དོག་དམར་པོ་ཕྱག་ན་འཁོར་ལོ་བསྣམས་པའོ། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཞེས་བྱ་བ་ནི་རྒྱལ་པོའི་ཁབ་ཀྱི་ལྷོ་ངོས་ན།
གནོད་སྦྱིན་ཆུ་སྲིན་གྱི་མགོ་ཅན་གནས་ཏེ། ས་བདག་གི་ཚུལ་དུ་ཡོད་པ། སྦྲུལ་གྱི་ཞགས་པ་དང་། སྡིགས་མཛུབ་བསྣམས་པའོ། །ཡངས་པ་ན་ནི་གནས་པ་སྟེ། །འབུམ་ཕྲག་དག་ནི་མང་པོ་ཡི། །ཞེས་བྱ་བ་ནི་གནོད་སྦྱིན་འདུ་བ་མང་པོ་གནས་པ་འཇིག་རྟེན་གྱི་ཁམས་རྣམས་ཁྱབ་པའོ། །
གནོད་སྦྱིན་རྣམས་ཀྱིས་བསྙེན་བཀུར་བྱས། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ལ་གནོད་སྦྱིན་རྣམས་ཀྱིས་བསྙེན་བཀུར་བྱས་ཏེ། རྒྱལ་པོ་ཆེན་པོའི་བཀའ་ལས་མི་འདའ་བའོ། །བ་ལང་སྐྱོང་བ་སྦྲུལ་གདུག་ཅན། །ཞེས་བྱ་བ་ནི་རྒྱ་གར་གྱི་ནུབ་ངོས་ན་སྦྲུལ་གྱི་ཡུལ་ན་གནས་
པ་གནོད་སྦྱིན་བ་ལང་གི་མགོ་ཅན། ཕྱག་ན་དབྱུག་ཏོ་དང་ཞགས་པ་བསྣམས་པའོ། །ལྕང་ལོའི་གྲོང་ན་ལྕང་ལོ་པ། །ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་གྲོང་ན་ལུས་ངན་པོ་གནས་ཏེ། སྐུ་མདོག་ལྗང་གུ་གཡས་ན་རལ་གྲི་གཡོན་ན་བུམ་པ་བསྣམས་པའོ། །དགའ་བའི་གྲོང་ན་དགའ་བ་ཅན། །
ཞེས་བྱ་བ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པ་ནི་གང་ཞེ་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་མ་རྣམས་ཀྱིས་བསྙེན་བཀུར་བྱེད་པའོ། །གྲོང་གི་ལྷས་ནི་སྟོབས་ཅན་གནས། །ཞེས་བྱ་བ་ནི་ལྕང་ལོ་ཅན་གྱི་གནས་ན་ལྷ་ཛམྦྷ་ལ་གནས་པ་སྐུ་མདོག་
སེར་པོ་གཡས་ན་བཱི་ཛ་པཱུ་ར། གཡོན་ན་ནེེའུ་ལེའི་རྐྱལ་པ་བསྣམས་པའོ། །ལྷ་ལས་བབ་ན་རྣམ་ཐོས་བུ། །རང་གི་སྡེ་ནི་ཡོངས་སུ་སྐྱོང་། །ཞེས་བྱ་བ་ནི་རང་གི་ཁྱིམ་སྲུང་ཞིང་གནོད་སྦྱིན་གྱི་དེད་དཔོན་དུ་མར་གནས་པ། དེ་རྣམས་སྐྱོང་ཞིང་དབང་མཛད་པའོ། །ལྕང་ལོ་ཅན་ན་གནས་

པ་སྟེ། །གནོད་སྦྱིན་བྱེ་བས་ཀུན་ནས་བསྐོར། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཡང་གནོད་སྦྱིན་ཐམས་ཅད་ཀྱི་དེད་དཔོན་ཕོ་བྲང་ལྕང་ལོ་ཅན་ལ་གནོད་སྦྱིན་དུ་མ་བྱེ་བ་མང་པོས་བསྐོར་ཏེ། རྒྱལ་པོའི་བཀའ་ལས་མི་འདའ་བ་སྔར་བཤད་པའི་གནོད་སྦྱིན་རྣམས། རྣམ་ཐོས་ཀྱི་
བུའི་འཁོར་དུ་གནས་པའོ། །གནོད་སྦྱིན་དེ་དག་རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ནི། ས་འོག་ས་སྟེང་ས་བླ་གསུམ་དུ་སྐད་ཅིག་མས་རྒྱུ་བའོ། །སྡེ་ཆེ་བ་ཞེས་བྱ་བ་ནི། གནོད་སྦྱིན་མི་གཅིག་པ་མང་པོ་འདུས་པས་ཏེ། དེ་རྣམས་ཀྱང་མི་མཐུན་པ་མེད་པའོ། །སྟོབས་ཆེ་བ་ཞེས་བྱ་བ་ནི། རི་རབ་བདུན་
ཀྱང་སྒུལ་ནུས་པའོ། །ཕ་རོལ་གྱི་དགྲ་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི། སྟོབས་ཆེ་བ་དགྲ་རྣམས་ཀྱིས་མི་ཐུབ་པ། ལྷ་མ་ཡིན་གྱི་གྲོང་ཁྱེར་རླག་པར་བྱེད་པའོ། །ཐུབ་པར་དཀའ་ཞིང་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ནི། མཐུ་ཆེ་བ་རྫུ་འཕྲུལ་སྣ་ཚོགས་དང་ལྡན་པ་ཆེ་བར་སྤྲུལ་པའི་དུས་
སུ་རི་རབ་བས་ཆེ་བར་སྤྲུལ་པ། ཆུང་བ་ནི་རྡུལ་ཕྲ་རབ་ཙམ་དུ་སྤྲུལ་ནུས་པའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི། དེ་ལྟ་བུའི་རྫུ་འཕྲུལ་དང་ལྡན་ཏེ། སྐད་ཅིག་ཐང་ཅིག་གིས་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཁྱབ་པ། གནོད་བྱེད་དང་ཕན་བྱེད་བྱས་པའོ། །འོད་དང་ལྡན་པ་ཞེས་
བྱ་བ་ནི། སོ་སོའི་ཁ་དོག་གིས་འཇིག་རྟེན་གྱི་ཁམས་སྣང་བའོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི། ནག་པོ་དཀར་པོ་སེར་པོ་དམར་པོ་ལྗང་གུ་ལ་སོགས་པའོ། །རང་རང་གི་རིགས་ཀྱི་ཁ་དོག་སྣང་བའོ། །གྲགས་པ་དང་ལྡན་པ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་ན་གྲགས་པའོ། །ལྷ་དང་ལྷ་མ་
ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་ཞེས་བྱ་བ་ནི། རྫུ་འཕྲུལ་གྱི་སྟོབས་ཀྱིས། ལྷ་དང་ལྷ་མ་ཡིན་གྱི་གཡུལ་འགྱེད་དེ། ལ་ལ་ལྷ་མ་ཡིན་གྱི་ངོས་ནས། ལ་ལ་ལྷ་ཡི་ཕྱོགས་ནས་སོ། །རྫུ་འཕྲུལ་ཆེན་པོ་དག་སྟེ་ཞེས་བྱ་བ་ནི། གཟུགས་སྣ་ཚོགས་སུ་སྤྲུལ་པ། ལྷ་དང་ལྷ་
མ་ཡིན་གྱི་ཡུལ་ན་རྩོད་པ་བྱེད་པ། མིའི་ཡུལ་ན་ཡང་དེ་བཞིན་ནོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་འདི་ལ་མོས་པའི་གང་ཟག་ནི། གནོད་སྦྱིན་ཆེན་པོ་དེ་དག་གིས་ཀྱང་བསྲུང་བ་དང་བསྐྱབ་པར་

བྱས་ཤིང་། ཕྱི་མ་ལ་ཡང་བསྲུང་བར་འགྱུར་རོ། །རིག་སྔགས་ཀྱི་ངོ་བོ་ནི། མཚོན་བྱ་དང་མཚོན་བྱེད་གཉིས་དང་ལྡན་ཞེས་མཚོན་པ་ནི་ཤེས་རབ་སྟེ་མཚོན་བྱེད་ནི་རིག་སྔགས་སོ། །དེ་གཉིས་སུ་མེད་པའི་རིག་པ་ནམ་མཁའ་ལྟ་བུར་གནས་པ་སྟོང་པར་སྣང་བའོ། །སྟོང་པའི་ནང་
ན་མེ་ལོང་གི་གཟུགས་བརྙན་ལྟ་བུ། འཇིག་རྟེན་ཁམས་སྒྱུ་མ་ལྟ་བུའོ། །དེའི་ངོ་བོ་ཉིད་ཀྱིས་སྙིང་རྗེ་དང་བྱམས་པས་ཁྱབ་པའོ། །དེའི་རང་བཞིན་རིག་སྔགས་ནི་ཞལ་བཞི་ཕྱག་བཅུ་གཉིས་པ། སྐུ་མདོག་མཐིང་ག་ཞལ་དང་པོ་ཁྲོ་མོ། །གཡས་དཀར་བ་ནི་ཞི་བ། གཡོན་དམར་བ་
འཛུམ་པ། རྒྱབ་སེར་པོ་ནི་སྒེག་པའི་ཚུལ་ལོ། །ཞལ་རེ་རེ་ལ་ཐོད་པ་ལྔ་ལྔས་བརྒྱན་པ། སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། དབུ་ལ་རྡོ་རྗེས་མཚན་པ། ཡེ་ཤེས་ལྔ་དང་ལྡན་པ། ཕྱག་གཡས་པ་རྣམས་ན། རལ་གྲི་དང་། རྡོ་རྗེ་དང་། མདུང་ཤིང་། ལྕགས་ཀྱུ་དང་། རྩེ་
གསུམ་དང་། འཁོར་ལོ་བསྣམས་པའོ། །གཡོན་པ་རྣམས་ན། ཞགས་པ། རྨ་བྱའི་སྒྲོ། དགྲ་སྟ། རིན་པོ་ཆེ། པདྨ། སྣ་ཚོགས་རྡོ་རྗེ་བསྣམས་པའོ། །ཞབས་གཡས་པ་བརྐྱང་བ། གཡོན་བསྐུམ་པས་མནན་པ་ནི། གནོད་སྦྱིན་ཕོ་མོ་མནན་པ། པདྨ་དང་ཉི་མའི་འོད་དང་ལྡན་པའོ། །
སྦ་བ་དང་ཞེས་བྱ་བ་ལ་སོགས་པ་ནི། སྔར་བཤད་པ་བཞིན་ནོ། །ཏདྱ་ཐཱ་ཞེས་བྱ་བ་ནི། རིག་སྔགས་དེའི་སྙིང་ག་ནས། ཧཱུཾ་གི་ཡི་གེས་འོད་ཟེར་འཕྲོས་ཏེ། དེའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་ཁྱབ་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་འཁོར་བའི་སྡུག་བསྔལ་
ཐམས་ཅད་བཅོམ་ནས། གནོད་བྱེད་རྣམས་གསང་སྔགས་རེ་རེས་འཇོམས་ཏེ། སྔགས་རེ་རེ་དང་འོད་ཟེར་རེ་རེས་ཁྲོ་བོ་བཅུར་སྤྲུལ་པའོ། །ཁྲོ་བོ་བཅུ་ནི་ཧཱུཾ་མཛད་དང་དབྱུག་པ་སྔོན་པོ་དང་། གཤིན་རྗེ་གཤེད་པོ། གཞན་གྱིས་མི་ཐུབ་པ། རྟ་མགྲིན་དང་། མི་གཡོ་མགོན་པོ། བདུད་རྩི་
འཁྱིལ་པ་དང་། རྣམ་པར་རྒྱལ་བ་དང་ཁམས་གསུམ་རྣམ་པར་རྒྱལ་བ་དང་། སྟོབས་པོ་ཆེའོ། །འདི་ལྟ་སྟེ་ནི་འོག་མ་བཞིན་དུའོ། །འོག་མའི་སྔགས་ཀྱིས་ཁྲོ་བོ་དཀར་པོ་དང་། ནག་པོ་དང་། དམར་པོ་དང་། སེར་པོ་དང་། མཐིང་ནག་དང་། དམར་པོ་དང་། སྔོ་སྐྱ་དང་། ལྗང་

གུ་དང་། ལྗང་ནག་དང་། མཐིང་གར་གནས་པའོ། །དེའི་ཕྱག་མཚན་ནི། གཡས་རྡོ་རྗེ་ཐོ་བ་གཡོན་ཕུར་བུ་བསྣམས་པའོ། །ཞབས་ཕུར་བའི་རང་བཞིན་དུ་ཡོད་པ། དེ་བཞིན་དུ་ནམ་མཁའི་ཁམས་སུ་སྤྲོས་པའོ། །ཤར་ཕྱོགས་ཀྱི་ཁྲོ་བོའི་སྔགས་ནི་ཨ་ཀ་ཊེ་བི་ཀ་ཊེ་ལ་སོགས་པའོ། །
བདག་གི་མི་མཛའ་བ་རྣམས་ཞེས་བྱ་བ་ནི། འཁོར་ལོ་བཅུར་བྲིས་ལ། དྲག་པོའི་སྦྱིན་སྲེག་གིས་བསྲེག་པར་བྱའོ། །འཁོར་ལོའི་ནང་དུ་གང་མི་མཛའ་བའི་མིང་རུས་བྲིས་ལ། ཧ་ན་ཧ་ན་བཅུ་པོ་རྩིབས་ལ་བཀོད་ལ། གཞན་གསང་སྔགས་མུ་ཁྱུད་ལ་དགོད་པར་བྱའོ། །འཁོར་ལོ་དེ་
དྲིལ་ལ་གཉན་པའི་སར་མནན་ནོ། །དེས་གྲུབ་པར་འགྱུར་རོ། །བདག་ལ་མི་ཕན་པར་འདོད་པ་རྣམས་ཞེས་བྱ་བ་ནི། རས་སམ་ཤིང་ཤུན་ལ། མིང་རུས་བྲིས་ལ་བསྲེག་པར་བྱའོ། །སྔགས་ནི་ད་ཧ་ད་ཧ་ལ་སོགས་པ་གདོན་པར་བྱའོ། །འདི་ནི་ཤར་ཕྱོགས་ཀྱི་ཁྲོ་བོའི་སྔགས་ཡིན་ནོ། །བདག་
ལ་ཕྱིར་རྒོལ་བ་རྣམས་ཞེས་བྱ་བ་ནི་འབྱུང་པོའམ་གང་ཡང་རུང་བ་ལ་འཁོར་ལོ་རྩིབས་བཅུ་ཐམ་པ་བྲིས་ལ། རྩིབས་རེ་རེ་ལ་པ་ཙ་པ་ཙ་ཞེས་བྱ་བ་བྲིས་ལ། དབུས་སུ་མིང་རུས་སྟཾ་བྷ་ཡ་བཏགས་ལ་བྲིའོ། །མུ་ཁྱུད་ལ་སྔར་བཤད་པའི་སྔགས་བྲིས་ལ། ལམ་རྒྱ་གྲམ་མམ་མཆོད་རྟེན་
ཆེན་པོའམ་དུར་ཁྲོད་དུ་མནན་པར་བྱའོ། །སྔགས་ཀྱང་པ་ཙ་པ་ཙ་ལ་སོགས་པའོ། །དེ་ནི་བྱང་ཤར་མཚམས་ཀྱི་ཁྲོ་བོའི་སྔགས་སོ། །གཞན་ཡང་མི་མཐུན་པའམ་འབྱུང་པོ་བསྐྲད་པར་འདོད་ན་སྔ་མ་བཞིན་དུ་འཁོར་ལོ་བྲིས་ནས་སྒོ་རྩར་མནན་ཏེ་འབྱུང་པོའི་སར་རོ། །འཁོར་ལོའི་
སྔགས་བསྐྲད་པའི་སྔགས་ནི་ཨུ་ཙ་ཏ་ཡ་དྷུ་དྷུ་ལ་སོགས་པའོ། །ལྷོའི་འོ། །བདག་ལ་མི་ཕན་པར་འདོད་པ་རྣམས་ཞེས་བྱ་བ་ནི་བརྒྱ་རྩ་བརྒྱད་དྲག་པོའི་སྦྱིན་སྲེག་བྱས་ལ། འབྱུང་པོ་དང་དགྲ་བོ་རྣམས་ལ་ཐུན་མོང་གི་རྫས་རྣམས་གཏོར་ལ་བསྲེག་པར་བྱའོ། །སྔགས་ནི་ཧ་ཧ་ཞེས་བྱ་བ་ལ་
སོགས་པ་ནི་ལྷོ་ནུབ་ཀྱིའོ། །ཛ་ཊི་ཛ་ཊི་ཞེས་བྱ་བ་ནི་ནུབ་ཀྱི་ཁྲོ་བོའོ། །བདག་གི་དགྲ་བོ་རྣམས་ཞེས་བྱ་བ་ནི་དགྲ་བོ་དང་འབྱུང་པོ་རྣམས་ལིངྒ་བྲིས་ནས་བསྲེག་པའོ། །ནཱ་ཤ་ཡ་ཞེས་བྱ་བ་ནི་དགྲ་བོའི་གཟི་བརྗིད་འཕྲོག་པའོ། །ཙུ་ལུ་ཙུ་ལུ་ཞེས་བྱ་བ་ནི་ནུབ་བྱང་གིའོ། །ཧི་ལི་ཧི་ལི་ཞེས་བྱ་བ་ནི་

བྱང་གིའོ། །མི་ལི་མི་ལི་ལ་སོགས་པ་ནི་བྱང་ཤར་གྱིའོ། །ཕུ་རུ་ཕུ་རུ་ལ་སོགས་པ་ནི་འོག་གིའོ། །ཙི་ཊི་ཙི་ཊི་ལ་སོགས་པས་ནི་སྟེང་བཅིང་བར་བྱའོ། །བདག་གི་དགྲ་བོ་རྣམས་ནཱ་ཤ་ཡ་ཞེས་བྱ་བ་ནི་འབྱུང་པོ་དང་དགྲ་བོ་རྣམས་བསྲེགས་ནས། སྔགས་དེ་རྣམས་ཀྱིས་བསྐྲད་པར་
བྱས་ནས་མིང་རུས་བཏགས་ནས་བརྡུངས་པའི་གསང་སྔགས་སོ། །འདིས་ཀྱང་ནད་ཐམས་ཅད་སེལ་བའོ། །ཧི་ཀྐེ་མི་ཀྐེ་ལ་སོགས་པ་ནི། རིག་སྔགས་ཀྱི་སྙིང་པོའོ། །གཞན་ཐམས་ཅད་ལ་བསྲུང་བར་བྱའོ། །བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ལ་སོགས་པ་ནི། གང་ཟག་འདི་ལ་
གུས་པར་བྱས་ན་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གནོད་སྦྱིན་དེ་རྣམས་ཀྱིས་ཀྱང་སྲུང་བར་བྱེད་དེ། དམ་མ་ཉམས་ན་གྲོགས་ཀྱང་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གནོད་སྦྱིན་གྱི་གནས་སྐབས་དང་འབྱུང་པོ་རྣམས་འདུལ་བའི་གནས་སྐབས་ཏེ་དགུ་པའོ།། །།ཀུན་
དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །ཁྱོད་ཀྱིས་གང་དག་ཕྱོགས་བཅུ་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་གི་མིང་ཟུང་ཤིག་ཅེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་
པ་བསྲུང་བ་གཟི་བརྗིད་ཆེ་བ་སྟོབས་དང་ལྡན་པ། གྲགས་པ་དང་ཁ་དོག་ཏུ་ལྡན་པ། རྫུ་འཕྲུལ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ཤར་ཕྱོགས་ན་གནོད་
སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ཤར་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ་ཞེས་བྱ་བ་ནི། གང་ཟག་གང་གིས་གུས་པར་བྱེད་པའམ། ཡི་གེ་གཅིག་ཙམ་ཡོད་པར་གྱུར་ན། ཤར་ཕྱོགས་ཀྱི་གནོད་སྦྱིན་དེ་རྣམས་ཀྱིས་བསྲུང་བར་འགྱུར་རོ། །འདི་ལྟ་སྟེ་ཞེས་བྱ་བ་ནི།
གནོད་སྦྱིན་རྣམས་ལྟ་བའོ། །རིང་པོ་དང་། མིག་མི་བཟང་དང་། གང་བ་བཟང་པོ་དང་། སེར་སྐྱའོ་ཞེས་བྱ་བ་ནི། དེ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་ནི་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོའོ། །ཕྱག་མཚན་ནི་རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨའོ། །

གཡོན་ན་ཡང་རིམ་པ་བཞིན་དུ་མདུང་དང་། ཞགས་པ་དང་། དགྲ་སྟ་དང་། རྩེ་གསུམ་མོ། །གནོད་སྦྱིན་བཞི་པོ་དེ་རྣམས་ནི། ཞི་བའི་ཚུལ་དུ་གནས་པ། གཞན་གྱིས་མི་ཐུབ་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་
བྱ་བ་ནི། རྗེས་སུ་ཡི་རང་ཞིང་བཏོན་པ་ཙམ་གྱིས་ཀྱང་། ནད་ཐམས་ཅད་དང་བྲལ་ཞིང་འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། གོང་བཞིན་དུ་ཤེས་པར་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་གསུངས་པའོ། །ལྷོ་
ཕྱོགས་ན་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ། གང་དག་ལྷོ་ཕྱོགས་སྐྱོང་ཞིང་སྲུང་བར་བྱེད་པ་བཞི་གནས་ཏེ་ཞེས་བྱ་བ་ནི། གནོད་སྦྱིན་ཆེན་པོ་བཞི་པོ་དེ་དག་ཀྱང་གཟི་བརྗིད་ཆེ་བ། སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། ཁ་དོག་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། ལྷ་དང་
ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་གནོད་སྦྱིན་བཞི་པོ་བལྟའོ། །སེང་གེ་དང་ཉེ་བའི་སེང་གེ་དང་། དུང་ཅན་དང་། དགའ་བོ་ཞེས་བྱ་བ་ནི་གནོད་སྦྱིན་བཞི་པོ་དེ་ནི། མཐུ་ཆེ་བ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ་སྟེ། དེ་རྣམས་ཀྱི་སྐུ་མདོག་
དང་ཕྱག་མཚན་ནི། སེར་པོ་དང་། ནག་པོ་དང་། དམར་པོ་དང་། ལྗང་གུའོ། །དེའི་ཕྱག་མཚན་ནི་རིན་པོ་ཆེ་དང་། རྡོ་རྗེ་དང་། པདྨ་དང་རལ་གྲིའོ། །གཡོན་རྣམས་ནི། མདའ་གཞུ་དང་། གཏུན་ཤིང་དང་ལྕགས་ཀྱུ་དང་། འཁོར་ལོ་བསྣམས་པའོ། །གནོད་སྦྱིན་དེ་དག་ནི་
བཞིན་མི་སྡུག་པའི་གཟུགས་སུ་གནས་པ། ཁྲོ་བོར་སྣང་བའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་དག་གིས་རྒྱ་ཆེར་བསྟན་པ་དང་། འཆང་བ་དང་། ཡི་གེ་གཅིག་ཙམ་ཀློག་པར་གྱུར་པས་
ཀྱང་གནོད་སྦྱིན་བཞི་པོས་ལྷོ་ཕྱོགས་སུ་སྐྱོང་བ་དང་། སྲུང་བར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། དགེ་སློང་ས་རིའི་དོན་དང་སེམས་ཅན་རྣམས་ཀྱི་དོན་ལ་བཀའ་སྩལ་པའོ། །ནུབ་ཕྱོགས་

ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ནུབ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་ཏེ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་བསྲུང་བ། གཟི་བརྗིད་ཆེ་བ་སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། ཁ་དོག་དང་ལྡན་པ། རྫུ་འཕྲུལ་དང་
ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། གནོད་སྦྱིན་བཞི་པོ་ནུབ་ཀྱི་ངོས་ཀྱི་བཞི་བལྟའོ། །སེང་གེ་དང་། སེང་གེའི་རལ་པ་དང་། བླ་མ་དང་། སེར་སྐྱེའོ་ཞེས་བྱ་བ་ནི། གནོད་སྦྱིན་བཞི་པོ་དེ་དག་ནི་རིག་སྔགས་ཀྱི་བཀའ་ལས་མི་འདའ་བ་
སྟེ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་པོ་དང་། ནག་པོ་དང་། དཀར་པོ་དང་། ལྗང་གུའོ། །གཡས་རྣམས་ན། པདྨ་དང་། རྡོ་རྗེ་དང་། འཁོར་ལོ་དང་། རལ་གྲིའོ། །གཡོན་རྣམས་ན་རྩེ་གཅིག་དང་། ཏོ་མ་ར་དང་། འཕང་མདུང་དང་མདུང་རིངས་བསྣམས་པའོ། །གནོད་
སྦྱིན་དེ་རྣམས་ནི་མཐུ་ཆེ་ཞིང་ཅུང་ཟད་ཁྲོ་བོར་གནས་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་གང་གིས་ལུས་ངག་ཡིད་ཀྱིས་མོས་པར་བྱས་ནས། ས་བདག་གི་ནད་མཛེ་ལ་སོགས་པ་མེད་པར་འགྱུར་རོ། །
བསྒོམ་པ་དང་། ཁ་ཏོན་བྱེད་པ་ལ་སོགས་པ་བྱས་པར་གྱུར་ན། ནད་དེ་ད་ལྟར་ཡང་མི་འབྱུང་སྟེ། ཚེ་ཕྱི་མ་ཡང་དེ་བཞིན་ནོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། གནོད་སྦྱིན་བཞི་པོ་དག་གིས་ཀྱང་སྲུང་བ་དང་། སྐྱོབ་པར་འགྱུར་རོ། །གཞན་ཡང་བཤད་པ་ནི་གོང་ནས་ཤེས་པའོ། །
ཀུན་དགའ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དོན་དུ་གསུངས་པའོ། །བྱང་ཕྱོགས་ན་གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་གང་དག་བྱང་ཕྱོགས་སྐྱོང་ཞིང་ཡོངས་སུ་སྲུང་བར་བྱེད་པ་བཞི་གནས་ཏེ་ཞེས་བྱ་བ་ནི་བཞི་པོ་དེ་དག་གིས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་གནས་པ། གཟི་
བརྗིད་ཆེ་བ། སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། འོད་ཟེར་དང་ལྡན་པ། ཁ་དོག་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པའོ། །དེ་དག་དང་ལྡན་པའི་གནོད་སྦྱིན་ཆེན་པོ་རྣམས་ཀྱིས་རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །

འདི་ལྟ་སྟེ་ཞེས་བྱ་བ་ནི། གནོད་སྦྱིན་ཆེན་པོ་བཞི་པོ་དག་བྱང་ངོས་ནས་བལྟའོ། །འཛིན་པ་དང་། འཛིན་དགའ་དང་། བརྩོན་སྐྱོང་དང་། ཁྱབ་འཇུག་གོ་ཞེས་བྱ་བ་ནི། གནོད་སྦྱིན་ཆེན་པོ་བཞི་པོ་དེ་དག་ནི། མཐུ་ཆེན་པོ་དང་ལྡན་པ། དེ་དག་གི་སྐུ་མདོག་དང་ཕྱག་མཚན་ནི་ལྗང་ནག་
དང་། ནག་པོ་དང་། སེར་པོ་དང་། དཀར་པོའོ། །གཡས་རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། འཁོར་ལོའོ། །གཡོན་པ་རྣམས་ནི་ཞགས་པ་དང་། དགྲ་སྟ་དང་། རྩེ་གསུམ་དང་། མདའ་གཞུ་བསྣམས་པའོ། །གནོད་སྦྱིན་ཆེན་པོ་དེ་དག་ནི་ཁྲོ་བོར་གནས་པ་གསུས་པ་
ཆེ་བ་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་གང་ཟག་གིས་གུས་པར་བྱས་ན་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་ཏེ། ཡི་གེ་གཅིག་ཙམ་ཀློག་པར་གྱུར་ན་གུས་པ་དང་བཅས་པས་
མཚན་ནས་བརྗོད་པར་བྱ་སྟེ། གནོད་སྦྱིན་ཆེན་པོ་དེ་དག་གིས་ཀྱང་ད་ལྟར་ཡང་སྲུང་བར་བྱེད་པ་དང་། ཚེ་ཕྱི་མ་ལ་ཡང་སྲུང་བར་བྱེད་པའོ། །སྦ་བ་དང་ཞེས་བྱ་བ་ལ་སོགས་པ་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་
ཀྱིས་སེམས་ཅན་གྱི་དོན་དུ་བཀའ་སྩལ་བའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་གང་དག་ཕྱོགས་མཚམས་ན་གནས་ཏེ་ཞེས་བྱ་བ་ནི་ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། བྱང་ཤར་མཚམས་ན་གནས་པའོ། །གང་དག་ཕྱོགས་མཚམས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་
པོ་འདི་དག་སྟེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་སྲུང་བ་སྟེ། སེམས་ཅན་རྣམས་ཀྱི་དོན་བྱེད་པ་སྟེ། གནོད་སྦྱིན་དེ་དག་ནི། རྫུ་འཕྲུལ་ཆེ་བ། སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། ཁ་དོག་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་
མྱོང་བར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། གནོད་སྦྱིན་བཞི་པོ་དེ་དག་ཕྱོགས་མཚམས་ན་བལྟའོ། །ལྔ་སྤྱོད་དང་ཚིགས་ལྔ་སེར་པོ་དང་། རི་མཉམ་དང་། གསེར་ཅན་ནོ་ཞེས་བྱ་བ་དང་། གནོད་སྦྱིན་དེ་དག་གིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་ཞིང་། མཐུ་

ཆེན་པོ་དང་ལྡན་པ་དེ་དག་གི་སྐུ་མདོག་དང་ཕྱག་མཚན་ནི་དཀར་པོ་དང་། ནག་པོ་དང་། དམར་པོ་དང་། ལྗང་གུའོ། །ཕྱག་གཡས་རྣམས་ན་པདྨ་དཀར་པོ་དང་། ཨུཏྤ་ལ་སེར་པོ་དང་། པདྨ་དམར་པོ་དང་། ཨུཏྤ་ལ་སྔོན་པོའོ། །གཡོན་རྣམས་ན་འཁོར་ལོ་དང་། རྡོ་རྗེ་
དང་། དབྱུག་ཏོ་དང་། རལ་གྲི་རྣམས་སོ། །གནོད་སྦྱིན་བཞི་པོ་དེ་ཡང་རིམ་བཞིན་དུ་ཞི་བའི་ཚུལ་དང་ལྡན་པ། དྲག་པོའི་ཚུལ་དང་ལྡན་པ། དྲེགས་པ་དང་ལྡན་པ། ཁྲོ་བ་དང་ལྡན་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི།
གང་ཟག་གང་གིས་འདི་ལ་གུས་པར་བྱེད་ན། རྗེས་སུ་ཡི་རང་བ་ཙམ་དང་། ལུས་ངག་ཡིད་ཀྱིས་གུས་པ་ཙམ་གྱིས་ཀྱང་། གནོད་སྦྱིན་གྱི་དེད་དཔོན་དེ་རྣམས་ཀྱིས་ཡང་དག་པར་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། གནོད་སྦྱིན་དེ་རྣམས་ཀྱིས་འཇིགས་པ་ལ་
སོགས་པ་སྦེད་པའོ། །དེ་རྣམས་ཀྱིས་བཤད་པ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་གང་དག་ས་ལ་གནས་ཏེ། གང་དག་ས་སྲུང་ཞིང་ཡོངས་སུ་སྐྱོབ་པར་བྱེད་པ་བཞི་པོ་འདི་དག་སྟེ་ཞེས་བྱ་
བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པ་སྲུང་བ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། གནོད་སྦྱིན་ཆེན་པོ་དེ་དག་ནི་གཟི་བརྗིད་ཆེ་བ། སྟོབས་དང་ལྡན་པ། གྲགས་པ་དང་ལྡན་པ། འོད་ཟེར་དང་ལྡན་པ་དང་། ཁ་དོག་དང་ལྡན་པ་དང་། རྫུ་འཕྲུལ་དང་ལྡན་པ། ལྷ་དང་
ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པ་དག་གོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་གནོད་སྦྱིན་བཞི་པོ་ས་ལ་གནས་པ་ལྟར་རོ། །ས་བ་དང་། ཤིན་ཏུ་ས་པ་དང་། ནག་པོ་དང་། ཉེ་ནག་པོའོ་ཞེས་བྱ་བ་ནི་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་ཞིང་འོག་ནས་སྲུང་བར་བྱེད་པའོ། །
དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་སེར་པོ་དང་། དམར་པོ་དང་། ནག་པོ་དང་། དམར་ནག་གི་མདོག་གོ། །གཡས་རྣམས་ན་རིན་པོ་ཆེ་དང་། པདྨ་དང་། རྡོ་རྗེ་དང་། རལ་གྲིའོ། །གཡོན་རྣམས་ན་མདུང་དང་། ཞགས་པ་དང་། འཁོར་ལོ་དང་། དགྲ་སྟ་རྣམས་སོ། །བཞི་པོ་འདི་

དག་གིས་ཀྱང་ས་ཡོངས་སུ་སྲུང་ཞིང་། སེམས་ཅན་རྣམས་ལ་དོན་བྱེད་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ཟག་གང་དག་གིས་འདི་ལ་མོས་ཤིང་ཆོས་བྱེད་པ་དང་། སྲུང་བ་བཏགས་པ་དང་། ཁ་དོན་བྱེད་པ་དང་།
ཡོངས་སུ་གཟུང་བར་གྱུར་ན། ས་གཡོ་བའི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། ས་བདག་རྣམས་ཀྱི་འཇིགས་པ་ལ་སོགས་པ་ཡང་དག་པར་སྲུང་ཞིང་། ད་ལྟར་དང་ཕྱི་མར་ཡང་སྲུང་བར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། གསང་བ་ལ་སོགས་པའི་ཚུལ་གྱིས་སྲུང་བར་
འགྱུར་ཏེ། དེ་རྣམས་ཀྱི་བཤད་པ་ནི་གོང་མ་བཞིན་ནོ། །ཀུན་དགའ་བོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་ཐུགས་རྗེ་ཆེན་པོས་བཀའ་སྩལ་པའོ། །གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་གང་དག་བར་སྣང་ལ་གནས་ཏེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་
པ་སྲུང་བ། སྟེང་གི་ངོས་ན་གནས་པའོ། །གང་དག་བར་སྣང་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་སྟེ་ཞེས་བྱ་བ་ནི། གཟི་བརྗིད་ཆེ་བ། གྲགས་པ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། རྫུ་འཕྲུལ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པའོ། །
འདི་ལྟ་སྟེ་ཞེས་བྱ་བ་ནི། གནོད་སྦྱིན་ཆེན་པོ་བཞི་པོ་འདི་དག་བར་སྣང་ལ་བལྟའོ། །ཉི་མ་དང་། ཟླ་བ་དང་། མེ་དང་། རླུང་ངོ་ཞེས་བྱ་བ་ནི་མཐུ་ཆེ་བ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་པོ་དང་། དཀར་པོ་དང་། སྔོན་པོ་དང་།
དམར་ནག་གི་མདོག་གོ། །ཕྱག་གཡས་རྣམས་ན་པདྨ་དམར་པོ་པདྨ་དཀར་པོ་བ་དན་དང་མེ་སྦར་བ་བསྣམས་པའོ། །གཡོན་རྣམས་ན་འཁོར་ལོ། །དགྲ་སྟ་རྩེ་གསུམ་པ་རྩེ་གཅིག་པ་བསྣམས་པའོ། །གནོད་སྦྱིན་དེ་དག་བར་སྣང་ཡོངས་སུ་སྲུང་ཞིང་། སེམས་ཅན་རྣམས་ཀྱི་དོན་བྱེད་
པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ཀྱང་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་གུས་པར་བྱས་ན། ལྕེ་འབབ་པའི་འཇིགས་པ་དང་། སེར་བ་ལ་སོགས་པ་ཡང་ཡུལ་དེར་འབབ་པར་མི་འགྱུར་

ཏེ། འཇིགས་པ་གཞན་ཡང་མི་འབྱུང་བའོ། །སྦ་བ་དང་ཞེས་བྱ་བ་ནི། འཇིགས་པ་དང་ནད་ཐམས་ཅད་ལས་ཐར་བར་བྱས་པའོ། །ཡོངས་སུ་སྐྱོང་བ་དང་ཞེས་བྱ་བ་ནི། མངལ་ནས་བཙས་ཀ་དང་། བཙས་མ་ཐག་ཏུ་སྐྱེས་ནས་ཀྱང་མ་ཤི་བར་དུ་སྐྱོང་བའོ། །ཡོངས་སུ་
བསྐྱབ་པ་དང་ཞེས་བྱ་བ་ནི། མ་རུངས་པའི་འབྱུང་པོ་དང་། ནད་རྣམས་དང་། སྡུག་བསྔལ་རྣམས་ལས་བསྐྱབ་པས་སོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི་མ་རིག་པའི་མུན་པ་སྤངས་ནས། དགེ་བ་ལ་སྦྱོར་བའོ། །ཞི་བ་དང་ཞེས་བྱ་བ་ནི་དྲག་པོའི་ཚུལ་དུ་གནས་པའི་འབྱུང་པོ་རྣམས་ཀྱང་ཞི་བར་
འགྱུར་རོ། །བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། ལུས་ངག་ཡིད་བདེ་བ་སྟེ། འདིའི་ནུས་པས་ལུས་ངག་ཡིད་བདེ་བར་བྱེད་པའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། རྒྱལ་པོ་དང་འབྱུང་པོ་ལ་སོགས་པས་ཆད་པ་སྤང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། ཡུལ་གྱི་དབུས་
སམ། རྐུན་མ་འམ། ཆོམ་རྐུན་ནམ། དེ་རྣམས་ཀྱི་མཚོན་ཆ་སྤང་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། བསྡད་པའི་དུག་དང་། འགྲོ་བའི་དུག་དང་། བྱེད་པའི་དུག་གསུམ་གཞིལ་བའོ། །དུག་གསད་པ་དང་ཞེས་བྱ་བ་ནི། དུག་གསུམ་པོ་དེ་དག་ཀྱང་རིག་སྔགས་ཀྱི་གཟི་བརྗིད་
ཀྱིས། ལུས་ལ་ཞུགས་པ་ཐམས་ཅད་ཀྱང་འཇོམས་པར་བྱེད་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། གསང་སྔགས་དང་རིག་སྔགས་ཀྱི་གསང་སྔགས་ཀྱིས་བཅིང་བའི་སར། གཞན་རྣམས་ཀྱིས་རྒོལ་བར་མི་ནུས་སོ། །ས་བཅིང་བ་དང་ཞེས་བྱ་བ་ནི། དེས་བཅིང་བའི་སར་ས་གཡོ་
བ་དྲག་པོ་བྱུང་ན་ཡང་འགུལ་མི་ནུས་ཏེ་དེ་ན་ཡོད་པའི་འབྱུང་པོ་རྣམས་ཀྱིས་ཀྱང་གནོད་པར་མི་ནུས་སོ། །ལོ་བརྒྱ་ལོན་པ་དང་ཞེས་བྱ་བ་ནི། ནད་ཐམས་ཅད་དང་བྲལ་ཞིང་བཅུད་ལེན་གྱི་རང་བཞིན་དུ་རྒས་པ་མེད་པའོ། །སྟོན་བརྒྱ་མཐོང་བ་དང་ཞེས་བྱ་བ་ནི། ནོར་ཕུན་སུམ་ཚོགས་པ་
སྟེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཚེ་རིང་ཞིང་ནད་རྣམས་དང་བྲལ་ཏེ། ཟ་བ་དང་འཐུང་བ་དང་ལྡན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། དགེ་སློང་ས་རི་མཆེ་བའི་དུག་གིས་ཟིན་པའི་གནོད་པ་དང་། སེམས་ཅན་ཐམས་ཅད་མཆེ་བའི་དུག་གིས་ཟིན་པའི་དོན་ལའོ། །ཁྱོད་ཀྱིས་ཞེས་བྱ་

བ་ནི་ཀུན་དགའ་བོ་ལའོ། །རྒྱལ་པོ་རྣམ་ཐོས་ཀྱི་ཆོས་ཀྱི་སྤུན་གནོད་སྦྱིན་གྱི་དེད་དཔོན་སྡེ་བོ་ཆེ་རྣམས་ཞེས་བྱ་བ་ནི། མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ་གཟི་བརྗིད་ཆེ་བ་སྟོབས་ཆེ་བ། གྲགས་པ་དང་ལྡན་པ། ཁ་དོག་དང་ལྡན་པ། འོད་དང་ལྡན་པ། རྫུ་འཕྲུལ་དང་
ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པའོ། །གནོད་སྦྱིན་དེ་རྣམས་ཀྱང་བྱེ་བ་འབུམ་ཕྲག་གནོད་སྦྱིན་འཁོར་དུ་མ་དང་ལྡན་པའོ། །གང་དག་སེམས་ཅན་རྣམས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་མཐོང་བ་དང་དགའ་བས་ཏེ། དེ་ལ་གནོད་པར་
མི་བྱེད་ཅིང་། སྙིང་རྗེའི་སེམས་ཀྱིས་ཁྱབ་པའོ། །འཇིག་རྟེན་གྱི་ཡམས་ཀྱི་ནད་དང་། གནོད་པ་དང་འཁྲུགས་པ་རྣམས་མེད་པར་བྱེད་པ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་སྐད་ཅིག་མས་ཁྱབ་སྟེ། གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་ཀྱང་ནད་ཐམས་ཅད་བཅོམ་ཞིང་སེམས་
ཅན་རྣམས་ལ་བྱམས་པ་དང་སྙིང་རྗེའི་སྟོབས་ཀྱིས་སེམས་ཅན་རྣམས་སྐྱོང་བའོ། །འཇིག་རྟེན་ལ་ཕན་གདགས་པའི་ཕྱིར། འཇིག་རྟེན་ན་རྒྱུ་བ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། མཐུ་ཆེན་གནོད་སྦྱིན་གྱི་དེད་དཔོན་སུམ་ཅུ་རྩ་གཉིས། འཇིག་རྟེན་གྱི་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་སེམས་ཅན་མ་ལུས་པ་ལ་ཕན་པར་མཛད་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་རྗེས་སུ་ཡི་རང་ཞིང་གུས་པར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་བལྟའོ། །དབང་པོ་དང་ཟླ་བ་དང་ཆུ་ལྷ་དང་སྐྱེ་དགུའི་བདག་པོ་དང་།
བ་ར་དྷྭ་ཛ་དང་ཞེས་བྱ་བ་ནི་སྟོབས་ཆེ་ལ་མཐུ་ཆེ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་སེར་པོ་དང་། དཀར་པོ་དང་། དཀར་སེར་དང་། དམར་པོ་དང་། ནག་པོའོ། །གཡས་རྣམས་ན་རྡོ་རྗེ་དང་། རི་བོང་གི་པགས་པ་དང་། སྦྲུལ་གྱི་ཞགས་པ་དང་། པདྨ་དང་། རལ་གྲིའོ། །གཡོན་
རྣམས་ན་མདུང་དང་། ཞགས་པ་དང་། ལྕགས་ཀྱུ་དང་། རྩེ་གཅིག་པ་དང་། དགྲ་སྟ་རྣམས་སོ། །དབང་ལྡན་དང་། ཙནྡན་དང་། འདོད་པའི་གཙོ་བོ་དང་། མགྲིན་ངན་དང་། མགུལ་ངེས་དང་ཞེས་བྱ་བ་ནི། གནོད་སྦྱིན་གྱི་དེད་དཔོན་མཐུ་ཆེན་དེ་རྣམས་རིག་སྔགས་ཀྱི་བཀའ་ལས་

མི་འདའ་བ་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ཐལ་བའི་མདོག་དང་མཐིང་ནག་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །གཡས་པ་རྣམས་ན་རྩེ་གསུམ་དང་ཙནྡན་གྱི་བེ་ཅོན་དང་། མདའ་གཞུ་དང་། དབྱུག་ཏོ་དམིག་
ཅན་དང་འཁོར་ལོ་བསྣམས་པའོ། །གཡོན་རྣམས་ན་ཕྲེང་བ་དང་། བུམ་པ་དང་། ནེའུ་ལེའི་རྐྱལ་པ་དང་། རིན་པོ་ཆེ་དང་། ནོར་གྱི་རྐྱལ་པའོ། །བ་ཌི་དང་། ནོར་བུ་དང་། ནོར་བུ་སྤྱོད་པ་དང་། སྒྲ་རབ་དང་། ཉེ་ལྔ་པོ་དང་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་།
སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ལྗང་གུ་དང་། སྔོ་སྐྱ་དང་། དམར་སེར་དང་། མཐིང་ནག་དང་། དཀར་པོའོ། །གཡས་རྣམས་ན་འཕང་མདུང་དང་། ཆུ་གྲི་དང་། ཏོ་མ་ར་དང་། རྩེ་གཅིག་དང་། རལ་གྲིའོ། །གཡོན་རྣམས་ན་མེ་
ཏོག་ནཱ་ག་པུཥྤ་དང་། ཨུཏྤལ་དང་། པདྨ་དང་། པུཎྜ་རཱི་ཀ་དང་། ཀུནྡ་བསྣམས་པའོ། །རི་མཉམ་དང་། གསེར་ཅན་དང་། གང་པོ་དང་། སེང་ལྡེང་བ་དང་། གཡོན་ཅན་དང་ཞེས་བྱ་བ་ནི་མཐུ་ཆེན་པོ་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བ་སེམས་ཅན་གྱི་དོན་བྱེད་
པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་གུའོ། །གཡས་རྣམས་ན་རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དམར་པོ་དང་། རལ་གྲི་དང་། རྩེ་གཅིག་བསྣམས་པའོ། །གཡོན་རྣམས་ན་ནོར་གྱི་རྐྱལ་པ་དང་། བུམ་
པ་གང་བ་དང་། རིན་ཆེན་གྱི་སྣོད་དང་། འབྲས་ཀྱི་སྙེ་མ་དང་། རིན་ཆེན་སྙེ་མ་བསྣམས་པའོ། །གནོད་སྦྱིན་བ་ལང་སྐྱོང་དང་། འབྲོག་གནས་དང་། མིའི་རྒྱལ་པོ་དང་། རྒྱལ་བའི་ཁྱུ་མཆོག་དང་། ཚིགས་ལྔ་སེར་པོ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། སེམས་ཅན་
རྣམས་ལ་མི་འཚེ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། མཐིང་ནག་དང་། དམར་ནག་དང་། སྔོ་བསངས་དང་། ལྗང་ནག་དང་། དཀར་སེར་རོ། །གཡས་རྣམས་ན་མདའ་གཞུ་དང་། མདུང་དང་། ཞགས་པ་དང་། འཁོར་ལོ་དང་། དགྲ་སྟ་བསྣམས་པའོ། །

གཡོན་རྣམས་ན་མདུང་དང་ཨ་འབྲས་དང་། བུམ་པ་སྤྱི་བླུགས་དང་། བཱི་ཛ་པཱུ་ར་ཀ་དང་མེ་ཏོག་གི་ཕྲེང་བའོ། །བཞིན་བཟངས་དང་། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང་། དྲི་སྣ་ཚོགས་དང་། འབྲས་བུ་གསུམ་པ་དང་། མགུལ་གསུམ་པ་དང་ལྕགས་མདུང་རིང་པོ་དང་། མི་ལྡན་པ་
སྟེ་ཞེས་བྱ་བ་སྟེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་བཀའ་ལས་མི་འདའ་བའོ། །སེམས་ཅན་རྣམས་ཀྱི་དོན་བྱེད་པ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། སྔོ་སྐྱ་དང་། དམར་ནག་
གོ། །དེ་རྣམས་ཀྱི་གཡས་ན་མདུང་རིངས་དང་། རལ་གྲི་དང་། འཕང་མདུང་དང་རྩེ་གསུམ་དང་རྩེ་གཅིག་དང་གཏུན་ཤིང་དང་། ཏོ་མ་རའོ། །གཡོན་རྣམས་ན་ནོར་གྱི་རྐྱལ་པ་དང་། རིན་ཆེན་མྱུ་གུ་དང་། འབྲས་ཀྱི་སྙེ་མ་དང་། རིན་ཆེན་སྙེ་མ་དང་། བུམ་པ་ནོར་གྱིས་གང་བ་དང་། ནེའུ་ལེའི་
རྐྱལ་པ་དང་། རིན་ཆེན་ཕྲེང་བའོ། །གནོད་སྦྱིན་དེ་དག་ནི་གནོད་སྦྱིན་ཆེན་པོའོ་ཞེས་བྱ་བ་ནི། སེམས་ཅན་ལ་འཚེ་བ་མི་བྱེད་པ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །སྡེ་རྣམས་ཀྱི་ཡོངས་སུ་འདྲེན་པ་ཞེས་བྱ་བ་ནི། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རྩོད་པ་
ལས། བྱེ་བ་དུང་ཕྱུར་རྣམས་ཀྱི་སྡེ་བོ་ཆེ་གཞན་རྣམས་ཀྱིས་མི་ཐུབ་པ། རྒྱལ་བ་རྣམ་པར་རྒྱལ་བ་གནོད་སྦྱིན་རྣམས་ཀྱི་གཙོ་བོར་འགྱུར་བའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་རི་རབ་དང་བཅས་པ་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་འཁོར་
བའོ། །འོད་དང་ལྡན་པ་ཞེས་བྱ་བ་ནི། རང་གི་ཁ་དོག་གིས་རང་གསལ་ཏེ། འཇིག་རྟེན་ཁམས་གསལ་བར་བྱེད་པའོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི། རང་གི་ཁ་དོག་དང་ལྡན་པ་ཁ་དོག་དེ་བཀྲག་དང་ལྡན་པའོ། །གྲགས་པ་དང་ལྡན་པ་སྟེ་ཞེས་བྱ་བ་ནི། མཐུ་ཆེན་སུམ་ཅུ་རྩ་གཉིས།
རྒྱལ་བ་རྣམ་པར་རྒྱལ་བ་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་དོན་བྱེད་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་བཀའ་ལས་མི་འདའ་བར་གྲགས་པའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྤུན་ཏེ་ཞེས་བྱ་བ་ནི། གནོད་སྦྱིན་དེ་རྣམས་དང་། རྡོ་རྗེ་སྤུན་དུ་གྲགས་པ།

དེ་གཉིས་སངས་རྒྱས་ཀྱི་བཀའ་ལས་མི་འདའ་བའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས། གནོད་སྦྱིན་འདི་ནི་ང་ལ་རྣམ་པར་འཚེ་བའོ་ཞེས་བྱ་བ་ནི། གཞན་ཡང་དྲི་ཟའི་གདོན་ནམ། གྲུལ་བུམ་གྱི་གདོན་ནམ། ཀླུའི་གདོན་ནམ། གནོད་སྦྱིན་གྱི་གདོན་ལ་སོགས་པས་གླགས་ཚོལ་
བའོ། །གནོད་སྦྱིན་འདི་ནི་མི་གཏོང་ངོ་ཞེས་གང་དག་ལ་གོ་བར་བྱེད་པ་འདི་དག་ནི་ཞེས་བྱ་བ་ནི། གཞན་གནོད་པར་འདོད་པའི་གནོད་སྦྱིན་རྣམས། གནོད་པ་མི་སྟེར་བར་རྟེན་གྱི་གང་ཟག་ལ་སྲུང་བ་གྲོགས་བྱེད་པའོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྤུན་ཏེ་ཞེས་བྱ་བ་ནི། སེམས་ཅན་ལ་
འཚེ་བར་མི་སེམས་པ། མཐུ་ཆེན་སུམ་ཅུ་རྩ་གཉིས། སྡེ་ཆེན་པོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམ་ཐོས་སྲས་ཀྱི་རྡོ་རྗེ་སྤུན་ནོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གང་ནས་གང་དུ་རིག་སྔགས་ཀྱི་རྒྱལ་མོ་ལ་གུས་པར་བྱེད་
ན། ཁ་དོན་བྱེད་པ་དང་། ཀློག་པ་དང་། མཆོད་པ་བྱེད་པ་དང་། བསྙེན་བཀུར་བྱེད་པ་དང་། རྒྱ་ཆེར་སྤེལ་བ་དང་། ཆོ་ག་བྱེད་པ་དང་། སྲུང་བ་བྱེད་པ་དང་། འཆང་བ་དང་། བླ་མར་བྱེད་པ་དང་། མཆོད་པ་བྱེད་པ་རྣམས་གནོད་སྦྱིན་གྱི་དེད་དཔོན་རྣམས་ཀྱིས་གང་ཟག་དེ་ལ་སྲུང་བར་
འགྱུར་རོ། །སྦ་བ་ལ་སོགས་ཞེས་བྱ་བ་ནི། གནོད་སྦྱིན་དེ་རྣམས་ཀྱིས་སྦ་བ་ལ་སོགས་པ་བྱེད་པའོ། །འཐབ་པ་དང་། རྩོད་པ་དང་ཞེས་བྱ་བ་ནི། དགྲ་བོ་དང་གཡུལ་འགྱེད་པ་དང་། གཞན་ཡང་སེམས་མི་བདེ་བ་དང་། ཐེ་ཚོམ་མེད་པ་དང་། ནང་འཐབ་པ་དང་། དེ་རྣམས་ལ་ཡང་
གནོད་སྦྱིན་དེ་རྣམས་ཀྱིས་སྲུང་བ་དང་སྐྱོབ་པར་འགྱུར་རོ། །མཚང་འབྲུ་བ་དང་། འཐབ་མོ་དང་ཞེས་བྱ་བ་ནི། གཞན་རྣམས་ཀྱིས་སེམས་མི་བདེ་ཞིང་མཚང་འབྲུ་བས་ཏེ། དེ་རྣམས་ཀྱིས་མཚང་འབྲུར་མི་སྟེར་ཏེ་སྲུང་བ་དང་སྐྱོབ་པར་འགྱུར་ཏེ། འཐབ་པ་ལ་ཡང་དེ་བཞིན་དུ་སྲུང་
བར་འགྱུར་རོ། །འགྱེད་པ་ལས་ཡོངས་སུ་སྐྱོབས་ཤིག་ཅེས་བྱ་བ་ནི། གློ་བུར་གྱི་བགེགས་རྣམས་དང་། བདུད་རྣམས་ཀྱིས་འཚེ་བར་བྱེད་པ་ལ་ཡང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །མིའི་གདོན་དང་ཞེས་བྱ་བ་ནི། རྒྱལ་པོ་འམ་ཆོམ་རྐུན་ལ་སོགས་པའོ། །མི་མ་ཡིན་པའི་

གདོན་དང་ཞེས་བྱ་བ་ནི། བདུད་རྣམས་གླགས་ཚོལ་བའོ། །ལྷའི་གདོན་དང་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པ་འདོད་ལྷ་རིགས་དྲུག་གི་ལྷ་རྣམས་སོ། །ཀླུའི་གདོན་དང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དགའ་བོ་ལ་སོགས་པ་རིགས་བརྒྱད་ཀྱི་ཀླུ་རྣམས་སོ། །ལྷ་མ་ཡིན་
གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་བྱེ་བ་འབུམ་ཕྲག་དུང་ཕྱུར་ཙམ་ལྷ་མ་ཡིན་རྣམས་སོ། །རླུང་ལྷའི་གདོན་དང་ཞེས་བྱ་བ་ནི། རླུང་ལྷའི་རྒྱལ་པོ་རྣམ་པར་དགའ་བྱེད་ལ་སོགས་པ་རླུང་གི་གདོན་བདུན་དང་། བྱེ་བ་ཁྲག་ཁྲིག་དུང་ཕྱུར་ཙམ་མོ། །ནམ་
མཁའ་ལྡིང་གི་གདོན་དང་ཞེས་བྱ་བ་ནི། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ལ་སོགས་པ་བྱ་ཁྱུང་རིགས་ལྔ་དང་། དེ་ལ་སོགས་པའི་བྱེ་བ་དུང་ཕྱུར་ཙམ་མོ། །དྲི་ཟའི་གདོན་དང་ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པ་དེ་ཡང་བྱེ་བ་དུང་ཕྱུར་ཙམ་མོ། །མིའམ་
ཅིའི་གདོན་དང་ཞེས་བྱ་བ་ནི། མིའམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ལྟོ་འཕྱེ་ཆེན་པོའི་གདོན་དང་ཞེས་བྱ་བ་ནི། ལྟོ་འཕྱེའི་རྒྱལ་པོ་བཟང་པོ་ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ་མོ། །གནོད་སྦྱིན་གྱི་གདོན་དང་ཞེས་
བྱ་བ་ནི། གནོད་སྦྱིན་ཆེན་པོ་ལྔས་རྩེན་ལ་སོགས་པ་འཕྲོག་མའི་བུ་ལྔ་བརྒྱ་དང་བཅས་པའོ། །སྲིན་པོའི་གདོན་དང་ཞེས་བྱ་བ་ནི། སྲིན་པོའི་རྒྱལ་པོ་འཇིགས་པ་འཁོར་དང་བཅས་པ་བྱེ་བ་དུང་ཕྱུར་ཙམ་གནས་པའོ། །ཡི་དགས་ཀྱི་གདོན་དང་ཞེས་བྱ་བ་ནི། ཡི་དགས་འགུལ་འཇོམས་ལ་
སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཤ་ཟའི་གདོན་དང་ཞེས་བྱ་བ་ནི། ཤ་ཟ་གང་ལ་སོགས་པ་དུ་མར་གནས་པའོ། །འབྱུང་པོའི་གདོན་དང་ཞེས་བྱ་བ་ནི། འབྱུང་པོ་ལྔ་ལྡན་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །གྲུལ་བུམ་གྱི་གདོན་དང་ཞེས་བྱ་བ་ནི། གྲུལ་བུམ་འཛིན་མིག་ལ་
སོགས་པ་དུ་མར་གནས་པའོ། །སྲུལ་པོའི་གདོན་དང་ཞེས་བྱ་བ་ནི། སྲུལ་པོ་རབ་བཟངས་ལ་སོགས་པ་བྱེ་བ་ཁྲག་ཁྲིག་ཙམ་གནས་པའོ། །ལུས་སྲུལ་པོའི་གདོན་དང་ཞེས་བྱ་བ་ནི། རབ་བཟངས་ཆེན་པོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །སྐེམ་བྱེད་ཀྱི་གདོན་དང་ཞེས་བྱ་བ་

ནི། སྐེམ་བྱེད་མཆུ་རིངས་ལ་སོགས་པ་འབུམ་ཕྲག་བདུན་ཅུར་གནས་པའོ། །སྨྱོ་བྱེད་ཀྱི་གདོན་དང་ཞེས་བྱ་བ་ནི། སྨྱོ་བྱེད་ཉི་ཤུ་རྩ་གཉིས་ཏེ། སྦ་བ་སུམ་འགྱུར་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །གྲིབ་གནོན་གྱི་གདོན་དང་ཞེས་བྱ་བ་ནི། གྲིབ་གནོན་འབུམ་ལ་སོགས་པ་
བརྒྱད་ཁྲི་བཞི་སྟོང་ཙམ་མོ། །བརྗེད་བྱེད་ཀྱི་གདོན་དང་ཞེས་བྱ་བ་ནི། ཉེ་བའི་བུམ་པ་ལ་སོགས་པ་བྱེ་བ་དུ་མར་གནས་པའོ། །གནོན་པོའི་གདོན་དང་ཞེས་བྱ་བ་ནི། གནོན་པོ་མིག་མི་བཟང་ལ་སོགས་པ་བྱེ་བ་དུང་ཕྱུར་ཙམ་མོ། །རྒྱུ་སྐར་གྱི་གདོན་དང་ཞེས་བྱ་བ་ནི། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དེ་སྨིན་
དྲུག་ལ་སོགས་པ་བརྗོད་ཀྱིས་མི་ལང་བའོ། །བྱུག་པའི་གདོན་དང་ཞེས་བྱ་བ་ནི། བྱུག་པ་དྲི་ལ་དགའ་བ་སྟེ་གསེར་ཐུབ་ལ་སོགས་པ་བསམ་གྱིས་མི་ཁྱབ་པར་གནས་པའོ། །དེ་ཡང་མི་དང་མི་མ་ཡིན་པ་དང་། ལྷ་དང་ཀླུ་དང་། ལྷ་མ་ཡིན་དང་། རླུང་དང་། ནམ་མཁའ་ལྡིང་དང་། དྲི་ཟ་དང་།
མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། གྲིབ་གནོན་དང་། སྐེམ་བྱེད་དང་། གནོན་པོ་དང་། སྐར་མ་དང་། བྱུག་པའི་གདོན་ནོ། །དེ་རྣམས་གཙོ་བོར་གྱུར་པ་
སྟོང་ཕྲག་བརྒྱད་ཅུར་གནས་ཏེ། ནམ་མཁའ་ལ་རྒྱུ་བའི་དུས་སུ་ནི་ངང་པའི་རྒྱལ་པོ་བཞིན་ནོ། །ས་སྟེང་ལ་རྒྱུ་བ་ནི་ཉི་མའི་རྟ་བདུན་བཞིན་དུ་སྐད་ཅིག་མས་གླིང་བཞི་ཁྱབ་པའོ། །ས་འོག་ཏུ་འཛུལ་བ་ནི་བྱི་བ་བཞིན་དུའོ། །དེ་ལྟ་བུའི་གདོན་ས་བདག་ལ་སོགས་པ་རྒྱུ་བའི་དུས་སུ་ས་བདག་བཞིན་
ནོ། །དེ་བཞིན་དུ་ལྷའི་གདོན་ལ་སོགས་པ་ཐམས་ཅད་སྣ་ཚོགས་ཀྱི་གཟུགས་སུ་བསྟན་ནས་རྒྱུ་བའོ། །ཡོངས་སུ་སྐྱོབས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟི་བརྗིད་ཀྱིས། མཐུ་ཆེན་སུམ་ཅུ་རྩ་གཉིས་ཀྱིས་ཀྱང་ལྷའི་གདོན་ལ་སོགས་པ་སྲུང་བ་དང་། སྐྱོབ་པར་
བྱེད་པའོ། །གཟི་བརྗིད་འཕྲོག་པ་དང་ཞེས་བྱ་བ་ནི། གདོན་དེ་རྣམས་ཀྱིས་གཟི་བརྗིད་འཕྲོག་པ་སྟེ། གདོན་གཞན་ཡང་འོད་འཕྲོག་པ་ལྔ་ལ་སོགས་པ་བསམ་གྱིས་མི་ཁྱབ་བའོ། །ཟས་སུ་མངལ་ལ་ཟ་བ་དང་ཞེས་བྱ་བ་ནི། སེར་སྐྱ་མོ་སྟེ་ཡི་དགས་སོ། །དེ་ཡང་བསམ་གྱིས་མི་

ཁྱབ་པའོ། །ཟས་སུ་ཤ་ཟ་བ་དང་ཞེས་བྱ་བ་ནི། སྲིན་མོ་པདྨ་སྟེ། དེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་ཁྲག་འཐུང་བ་དང་ཞེས་བྱ་བ་ནི། ཤ་ཟ་མོ་མ་ཧེ་མོ་ལ་སོགས་པ་སྟེ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་ཞག་ཟ་བ་དང་ཞེས་བྱ་བ་ནི། ས་སྲིན་མོ་སྡང་མོ་དུ་མར་གནས་
པའོ། །ཟས་སུ་ཚིལ་ཟ་བ་དང་ཞེས་བྱ་བ་ནི། སྲིན་མོ་འཇིགས་ཅན་བྱེ་བ་ཙམ་དུ་གནས་པའོ། །ཟས་སུ་རྐང་ཟ་བ་དང་ཞེས་བྱ་བ་ནི། གནོད་སྦྱིན་མེ་འབར་མ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་བཙས་པ་ཟ་བ་དང་ཞེས་བྱ་བ་ནི། ཤ་ཟ་གཏུམ་མོ་བསམ་གྱིས་མི་ཁྱབ་པའོ། །སྲོག་འཕྲོག་
པ་དང་ཞེས་བྱ་བ་ནི། བརྗེད་བྱེད་མ་བུམ་པ་ཅན་ལ་སོགས་པ་བྱེ་བ་དུང་ཕྱུར་གནས་པའོ། །ཟས་སུ་གཏོར་མ་ཟ་བ་དང་ཞེས་བྱ་བ་ནི། གནོད་སྦྱིན་དྲི་མེད་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་ཕྲེང་བ་ཟ་བ་དང་ཞེས་བྱ་བ་ནི། ལྷ་མོ་ནག་མོ་བྱེ་བ་དུང་ཕྱུར་ཙམ་མོ། །ཟས་སུ་དྲི་ཟ་
བ་དང་ཞེས་བྱ་བ་ནི། དྲི་ཟ་མོ་ནག་མོ་སེང་གེ་ལ་སོགས་པ་བྱེ་བ་འབུམ་ཕྲག་དུ་མ་གནས་པའོ། །ཟས་སུ་བདུག་པ་ཟ་བ་དང་ཞེས་བྱ་བ་ནི། ས་སྲིན་མོ་ནག་མོ་སྣང་ཞེས་བྱ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་མེ་ཏོག་ཟ་བ་དང་ཞེས་བྱ་བ་ནི། ཀླུ་མོ་འོད་ཟེར་ཅན་ཞེས་བྱ་བ་
ལ་སོགས་པ་འབུམ་ཕྲག་ཁྲི་ཙམ་གནས་པའོ། །ཟས་སུ་འབྲས་བུ་ཟ་བ་དང་ཞེས་བྱ་བ་ནི། ས་བདག་ཆུ་མོ་ཞེས་བྱ་བ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་ལོ་ཏོག་ཟ་བ་དང་ཞེས་བྱ་བ་ནི། སྲིན་མོ་སྟོབས་ཅན་མོ་ལ་སོགས་པའོ། །ཟས་སུ་བསྲེག་བྱ་ཟ་བ་དང་ཞེས་བྱ་
བ་ནི། ཤ་ཟ་ནག་མོ་ལ་སོགས་པ་འབུམ་ཕྲག་ཁྲིར་གནས་པའོ། །ཟས་སུ་རྣག་འཐུང་བ་དང་ཞེས་བྱ་བ་ནི། ས་སྲིན་མོ་གླང་ཆེན་མོ་ལ་སོགས་པ་བརྒྱ་སྟོང་ཙམ་གནས་པའོ། །ཟས་སུ་ཕྱི་ས་ཟ་བ་དང་ཞེས་བྱ་བ་ནི། ས་སྲིན་མོ་སྲ་བ་མོ་ལ་སོགས་པ་སྟེ་བསམ་གྱིས་མི་ཁྱབ་
པའོ། །ཟས་སུ་གཅིན་འཐུང་བ་དང་ཞེས་བྱ་བ་ནི། འབྱུང་པོ་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟས་སུ་མཆིལ་མ་འཐུང་བ་དང་ཞེས་བྱ་བ་ནི། རོ་ལངས་མོ་ཏིངྒ་ལ་སོགས་པ་བརྒྱད་ཁྲི་འབུམ་དུ་གནས་པའོ། །ཟས་སུ་ངར་སྣབས་ཟ་བ་དང་ཞེས་བྱ་བ་ནི། རོ་ལངས་ཆེན་

མོ་དམར་སེར་མོ་ལ་སོགས་པ་འབུམ་དུ་གནས་པའོ། །ཟས་སུ་སྣབས་ཟ་བ་དང་ཞེས་བྱ་བ་ནི། གྲུལ་བུམ་མོ་ཚིག་པ་ལ་སོགས་པ་བྱེ་བ་དུང་ཕྱུར་དུ་གནས་པའོ། །ཟས་སུ་སྐྱུགས་པ་ཟ་བ་དང་ཞེས་བྱ་བ་ནི། གནོད་སྦྱིན་མོ་གཏུམ་མོ་ལ་སོགས་པ་བརྒྱད་ཁྲིར་གནས་པའོ། །
ཟས་སུ་སྟོར་ཁུང་ནས་འབབ་པ་འཐུང་བ་དང་ཞེས་བྱ་བ་ནི། གནོན་པོ་གྲུལ་བུམ་ནག་མོ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའོ། །ཟ་བ་དེ་རྣམས་ཀྱང་སྟོང་ཕྲག་བརྒྱད་ཅུར་གནས་པ། ཆུང་བ་ནི་ཡུད་ཙམ་ཆེ་བ་ནི་དཔག་ཚད་ལྔ་བརྒྱར་གཟུགས་སྤྲུལ་པའོ། །དེ་རྣམས་ཀྱང་རྫུ་འཕྲུལ་དང་
ལྡན་པ། སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་གུས་པའི་སེམས་དང་ལྡན་པ་རྣམས་མཐུ་ཆེན་སུམ་ཅུ་རྩ་གཉིས་གནོད་སྦྱིན་གྱི་དེད་དཔོན་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦ་བ་ལ་སོགས་
པ་ཞེས་བྱ་བ་ནི། གོང་བཞིན་དུ་ཤེས་པར་བྱའོ། །གཤེད་བྱེད་དང་བསྒྱུར་བའི་ལས་དང་ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱིས་དབུགས་དང་བྲལ་བར་བྱེད་པ་སྟེ། དེ་གཤེད་འཕྲོག་པའི་འཇིགས་པའོ། །ལུས་ངག་ཡིད་ཀྱི་ལས་སྒྱུར་བ་སྟེ། དེ་ལས་སྒྱུར་བའི་འཇིགས་པ་ལུས་མི་བདེ་བ། ངག་
མི་བདེ་བ་ཡིད་མི་བདེ་བའོ། །བྱད་དང་གཡེངས་བྱེད་དང་ཞེས་བྱ་བ་ནི། སྔོན་གྱི་ལས་དང་ད་ལྟར་བྱས་པ་སྟེ། ལས་ཀྱི་དབང་གིས་མ་རིག་པའི་སེམས་ཀྱིས་བྱས་པའི་བྱད་དོ། །དེའི་དབང་གིས་འདར་བར་བྱེད་པའི་ནད་ཀྱང་འབྱུང་པོ་རྣམས་ཀྱིས་གཏང་པའོ་ཞེས་བྱ་བ་ནི་མ་ཚང་བ་དང་། ལྷག་
པ་དང་། ནོར་བ་དང་། འཇོམས་པ་དང་། ཕོ་ཉ་དང་ཞེས་བྱ་བ་ནི། གཞན་རྣམས་ཀྱི་ནུས་པས་གཏང་བའོ། །འཇོམས་པ་ནི་དེ་འཇོམས་པའོ། །རོ་ལངས་དང་སེམས་སྒྱུར་བ་དང་ཞེས་བྱ་བ་ནི། སྔགས་ཀྱི་ནུས་པས་རོ་ལངས་པར་འགྱུར་བ་སྟེ། དེ་མ་ཐུལ་བའོ། །རིག་པའི་སེམས་མ་
རིག་པས་བསྒྱུར་བའོ། །སྦོད་གཏོང་དང་། བཟའ་ཉེས་དང་ཞེས་བྱ་བ་ནི། གཤིན་རྗེའམ། མ་མོ་འམ། འཇིག་རྟེན་གཞན་ཡང་བསྟེན་པར་བྱས་ནས་དམོད་མོ་བྱས་པའོ། །སྐར་མ་འམ། གཟའ་འམ། ཚེས་གྲངས་སམ། སྐད་ཅིག་མའམ། མ་མཐུན་པ་དང་། ཆུ་ཚོད་དང་། དབྱུ་གུ་དང་།

ཐུན་ཚོད་མ་འཛོམ་པའོ། །གཟའ་རང་ལ་སོགས་པ་སེམས་མི་མཐུན་པའོ། །སྐྱུགས་ཉེས་དང་ཞེས་བྱ་བ་ནི། བད་ཀན་དང་མཁྲིས་པ་དང་། རླུང་གི་དབང་གིས་མ་ཞུ་བ་དང་མི་མཐུན་པ་སྟེ། དེ་སྐྱུགས་ན་ཉེས་པའོ། །ཡང་ན་འབྱུང་པོའི་དབང་གིས་སྨན་མ་ཞུ་ཞིང་སྐྱུག་པར་བྱེད་པ་སྟེ། སྐྱུག་
པ་མ་ཐོན་པ་དང་། འགགས་ན་སྐྱུགས་ཉེས་པའོ། །གནོད་སྒྲིབ་དང་ཞེས་བྱ་བ་ནི། དེ་ལྟར་མ་རིག་པའི་དབང་གིས་སྒྲིབ་པར་འགྱུར་ཏེ། གྲིབ་མ་དེ་གནོད་པས་གནོད་སྒྲིབ་པོ། །དེའི་སྡིག་མི་མཐོང་བར་བྱེད་པ་སྒྲིབ་པའོ། །གནོད་བལྟས་དང་ཞེས་བྱ་བ་ནི། མ་སྨིན་པ་ལ་སྨིན་པར་བྱས་ནས་
བལྟ་བ་སྟེ། གཉན་པ་ལྟ་བ་དེ་གནོད་བལྟས་སོ། །བྲི་ཉེས་དང་ཞེས་བྱ་བ་ནི། དཀྱིལ་འཁོར་ལ་སོགས་པ་སྒྲ་མ་མཐུན་པ་ཉེས་པའོ། །བསྒོམ་ཉེས་དང་ཞེས་བྱ་བ་ནི། ཡེ་ཤེས་བཞག་ནས་མ་རིག་པ་བསྒོམས་ཏེ། ཡང་ན་ལོག་མིན་དུ་གོ་ནས་མ་ཚང་བར་བསྒོམ་པའོ། །སྨད་པ་དང་
ཞེས་བྱ་བ་ནི། གཞན་རྣམས་ཀྱིས་ཞེ་སྡང་གི་དབང་གིས་སྨད་པའོ། །སྐྲག་པ་དང་ཞེས་བྱ་བ་ནི། འཇིགས་པས་སེམས་སྒྱུར་བ་སྟེ། དེ་ཡང་གཡེངས་པའོ། །རྒྱལ་པོའི་འཇིགས་པ་དང་ཞེས་བྱ་བ་ནི། རང་དབང་མེད་ཅིང་ནོར་དང་ཞིང་ལ་སོགས་པ་འཕྲོག་པའོ། །ཆོམ་རྐུན་གྱི་འཇིགས་པ་
དང་། གླང་པོ་ཆེའི་འཇིགས་པ་དང་ཞེས་བྱ་བ་ནི། ནོར་དང་གྲོགས་ལ་འཇིགས་པ་སྟེ། དེ་བཞིན་དུ་གླང་པོ་ཆེའི་འཇིགས་པའོ། །མེའི་འཇིགས་པ་དང་། ཆུའི་འཇིགས་པ་དང་ཞེས་བྱ་བ་ནི། རང་གི་ཁྱིམ་དང་། གཞན་རྣམས་ཀྱིས་འོངས་པ་སྟེ། གྲུ་ལོག་པ་དང་། རབ་མ་ཐར་པ་དང་།
དེ་ལ་སོགས་པ་མེ་དང་ཆུའི་འཇིགས་པ་དང་བྲལ་བའོ། །ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་ཞེས་བྱ་བ་ནི། རྒྱལ་པོའམ་གཞན་ཕ་རོལ་གྱི་དགྲ་བོ་སྟེ། དེ་རྣམས་ཀྱི་འཇིགས་པ་དང་། དེ་རྣམས་ཀྱི་ལོ་ཏོག་འཇོམས་པ་དང་། ཆར་མི་འབབ་
པ་ཆེ་བར་འབབ་པ་དང་། བྱི་བ་དང་། ནེ་ཚོ་དང་། བུང་བ་དང་། རི་བོང་དང་། མཆིལ་པ་དང་། སེར་བ་དང་། ལྷགས་པའི་འཇིགས་པ་ལ་སོགས་པའོ། །དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་ཞེས་བྱ་བ་ནི། དུས་མ་ཡིན་པར་འཆི་བ་བཅུ་དྲུག་གོ། །སེང་གེ་དང་། གླང་པོ་ཆེ་

དང་། རྭ་ཅན་ལ་སོགས་པ་དང་། །མཚོན་དང་། ཆུ་དང་། མེ་དང་། རིམས་དང་། འབྱུང་པོ་དང་། ཐོག་མདའ་དང་། ཐིབས་འོག་དང་། ཆོམ་རྐུན་དང་། ཀླུ་དང་། བཅོན་དང་། དུག་དང་། གཟའ་དང་། གཡེངས་པའོ། །ས་གཡོ་བས་འཇིགས་པ་དང་ཞེས་བྱ་བ་ནི། སྟོང་
གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཀྱི་ས་དུས་གཅིག་ཏུ་གཡོ་བ་སྟེ། དེ་འབྱུང་བའི་དབང་གིས་ས་གཡོ་བར་བྱེད་པའོ། །གཅན་གཟན་ཁྲོ་བོའི་འཇིགས་པ་དང་ཞེས་བྱ་བ་ནི། སེང་གེ་དང་། སྟག་དང་། དོམ་དང་། དྲེད་དང་། ཆུ་སྲིན་ལ་སོགས་པའོ། །མི་མཛའ་བའི་འཇིགས་པ་དང་ཞེས་བྱ་བ་ནི།
རོགས་ཤེས་དང་། གྲོགས་དང་། ཉེ་བ་ལ་སོགས་པའོ། །འཆི་བའི་འཇིགས་པ་དང་ཞེས་བྱ་བ་ནི། ནད་ཀྱིས་ཐེབས་པ་སྟེ། གཤིན་རྗེའི་ཐག་པས་བཅིངས་པའི་དུས་སུའོ། །འཇིགས་པ་ཐམས་ཅད་ལས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་
མོའི་གཟི་བརྗིད་ཀྱིས། གནོད་སྦྱིན་གྱི་དེད་དཔོན་དང་། མཐུ་བོ་ཆེ་སུམ་ཅུ་རྩ་གཉིས་ཀྱིས་སྲུང་བ་དང་། སྐྱོབ་པར་འགྱུར་རོ། །ཤུ་བ་དང་། གཡའ་བ་དང་། མཛེ་དང་། འབྲུམ་བུ་ཕྲ་མོ་དང་། མཚན་པར་རྡོལ་བ་དང་། ཕོལ་མིག་དང་། གཡན་པ་དང་། མེ་དབལ་དང་། ལྷོག་
པ་དང་ཞེས་བྱ་བ་ནི། དེ་ལ་སོགས་པ་མཛེ་རིགས་མི་གཅིག་པ་བཅོ་བརྒྱད་དེ། རླུང་དང་བད་ཀན་དང་། མཁྲིས་པ་དང་། ཆུ་སེར་ལས་བྱུང་བའོ། །ཤུ་བ་ནི་ཆུ་སེར་ཤ་དང་པགས་པ་ལས་འབབ་པའོ། །གཡའ་བ་ནི་རླུང་དང་ཆུ་སེར་པགས་པ་ལས་འབབ་པའོ། །མཛེ་ནི་རླུང་དང་མཁྲིས་པ་དང་
བད་ཀན་ལ་བབས་པའོ། །འཕྲུམ་བུ་ཕྲ་མོ་ནི་ཚད་པ་ནང་དུ་ཤོར་ནས་མཁྲིས་པ་ལས་བྱུང་བའོ། །མཚན་པར་རྡོལ་བ་ནི་རླུང་དང་ཆུ་སེར་ལས་བྱུང་བའོ། །ཕོལ་མིག་ནི་གྲང་བ་བཞིན་དུ་འབྱུང་སྟེ་རླུང་དང་ཆུ་སེར་མཁྲིས་པ་ལས་བྱུང་བའོ། །གཡན་པ་ནི་བད་ཀན་དང་རླུང་ལས་བྱུང་བའོ། །མེ་དབལ་
ནི་མཁྲིས་པ་ལས་བྱུང་བའོ། །ལྷོག་པ་ནི་མཁྲིས་པ་དང་ཆུ་སེར་དང་རླུང་ལས་བྱུང་བའོ། །གཞན་ཡང་འབྲས་དང་དམུ་ཆུ་དང་ཤ་བཀྲ་དང་། ལྦ་བ་ལ་སོགས་པ་ཡོད་དེ། །མཁྲིས་པ་དང་། ཆུ་སེར་དང་རླུང་ལས་བྱུང་བའོ། །འཇིགས་པ་ལས་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་

སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟི་བརྗིད་དང་སྟོབས་ཀྱིས། གནོད་སྦྱིན་གྱི་དེད་དཔོན་དེ་རྣམས་ལས་ཀྱང་། སྲུང་བ་དང་སྐྱོབ་པར་འགྱུར་རོ། །ཀླད་པ་ན་བ་དང་ཞེས་བྱ་བ་ལ་སོགས་པ་ནི། རླུང་བད་ཀན་མཁྲིས་པ་གསུམ་གྱི