Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 9 / 21 (50.000 ký tự/trang)
་སོ། །དེ་ཡང་སེམས་ཅན་གྱི་དོན་ལ་གོམ་པ་བདུན་བོར་ཏེ། ཆུ་བོ་ནཻ་རཉྫ་རའི་དྲུང་དུ་དཀའ་ཐུབ་ལོ་དྲུག་མཛད་པའོ། །གཉིས་པ་རྡོ་རྗེ་གདན་དུ་བྱང་ཆུབ་ཀྱི་ཤིང་གནས་ཀྱི་དྲུང་གི་འོག་ཏུ། རྩྭ་ཀུ་ཤའི་གདན་བཏིང་ནས་སྲོད་ལ་བདུད་ བཏུལ་ནས་ཐོ་རངས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ཚེ་དེའི་དུས་སུ་སྔོན་གྱི་དྲན་པ་ཉེ་བར་གཞག་ཅིང་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཉེ་བར་གཞག་ནས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་རྗེས་སུ་ཡི་རངས་པའོ། །གསུམ་པ་ཝཱ་རཱ་ཎ་སཱིར་བདེན་པ་བཞིའི་ཆོས་ཀྱི་ འཁོར་ལོ་བསྐོར་བའོ། །བཞི་པ་མུ་སྟེགས་རིགས་གཅེར་བུ་དང་རྩོད་པའོ། །ལྔ་པ་ལྷའི་ཡུལ་ནས་འཛམ་བུའི་གླིང་དུ་བྱོན་ནས་ལྷ་རྣམས་དང་སྤྱོད་པ་མཛད་པའོ། །དྲུག་པ་སྤྲེ་འུས་སྦྲང་རྩི་ཕུལ་བའོ། །བདུན་པ་སྐུ་མྱ་ངན་ལས་འདས་པའོ། །དང་པོ་དགའ་ལྡན་ ནས་བྱོན་ནས་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་ལྷུམས་སུ་ཞུགས་ནས་བཙས་པ་ནི་བརྒྱད་པའོ། །དེ་བས་ན་འཁྲུངས་མ་ཐག་ཏུ་མེ་ཏོག་པདྨ་བརྒྱད་དང་ལྡན་པའོ། །དེའི་བདེན་པ་དང་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས། འགྲོ་བའི་དུག་དང་བསྡད་པའི་དུག་དང་བྱེད་པའི་དུག་གསུམ་བཅོམ་ པའོ། །ཕྱིན་ནས་བྱང་ཆུབ་མཆོག་ཐོབ་འགྱུར། །གཽ་ཏ་མ་ཞེས་བྱ་བ་ནི། དུས་དང་པོ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་སྟེ། དེའི་དུས་སུ་ས་གཞི་ཤེལ་ལས་བྱས་པ་འཛམ་བུའི་གླིང་པའི་ཚེ་ཚད་ཀྱང་སྟོང་དུ་གནས་སོ། །གཉིས་པ་སངས་ རྒྱས་གཙུག་ཏོར་ཅན་གྱི་བསྟན་པ་ལ་ས་གཞི་ནི་གསེར་ལས་བྱས་པའོ། །མིའི་ཚེ་ལོ་ནི་ལྔ་བརྒྱ་ཐུབ་པོ། །དུས་གསུམ་པ་ལ་སངས་རྒྱས་ཐམས་ཅད་སྐྱོབ་པའི་བསྟན་པ་ལ་ས་གཞི་ནི་དངུལ་ལས་བྱས་པ་སྟེ། མི་ལོ་ནི་ཕྱེད་དང་སུམ་བརྒྱ་ཐུབ་པའོ། །དུས་བཞི་པ་ལ་སངས་ རྒྱས་ལོག་པར་དད་སེལ་གྱི་བསྟན་པ་ལ། ས་གཞི་ནི་ཨིནྡྲ་ནཱི་ལ་ལས་བྱས་པའོ། །ཚེ་ལོ་བརྒྱ་ཉི་ཤུ་རྩ་ལྔའོ། །དུས་ལྔ་པ་ལ་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། སྨོན་ལམ་སྟོབས་ཀྱིས་གསེར་གྱི་ས་གཞི། མིའི་ཚེ་ལོ་ཡང་སྟོང་ཚོ་གཅིག་གོ། །དུས་དྲུག་པ་ལ་སངས་ རྒྱས་འོད་སྲུངས་ཀྱི་བསྟན་པ་སྟེ། རིན་པོ་ཆེ་སྣ་བདུན་གྱི་ས་གཞི། རིན་པོ་ཆེ་སྣ་བདུན་ལ་ལོངས་སྤྱོད་དོ། །མི་ལོ་ལྔ་བརྒྱའོ། །དུས་བདུན་པ་ནི་ཐ་མའི་དུས་ཡིན་ཏེ། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་སྟེ། སྔོན་གྱི་དུས་སུ་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ། སངས་རྒྱས་ཉིད་ལ་དང་པོའི་སྨོན་ལམ་བཏབ་པའོ། །དེའི་ཚེ་དེའི་དུས་སུ་སངས་རྒྱས་མར་མེ་མཛད་ཀྱི་བསྟན་པ་ལ་ལྷ་དང་ལྷ་མ་ཡིན་སྡེ་བརྒྱད་དང་མི་ལ་སོགས་པའི་སེམས་ཅན་གྱིས་མཆོད་པའོ། །དེའི་དུས་སུ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་བྲམ་ཟེའི་ལུས་སུ་སྐྱེས་ནས་ནི་ ཉི་མའི་འོད་ཅེས་པའོ། །དེའི་བུ་ཕོ་ཟླ་བའི་འོད་དུ་མཚན་བཏགས་པའོ། །སངས་རྒྱས་མར་མེ་མཛད་ལ་དད་པ་སྐྱེས་ནས་མཆོད་པ་བྱེད་དུ་ཕྱིན་པ་ལྷ་དང་མི་ལ་སོགས་པ་མང་པོས་བཀག་ནས་མ་ཐར་ཏེ་སངས་རྒྱས་ཞལ་ཡང་མཐོང་བར་མ་ཐོབ་པའོ། །སངས་རྒྱས་ཉིད་ཀྱིས་དེ་ མངོན་པར་ཤེས་ནས་སེམས་ཅན་གྱི་དོན་ལ་ཆར་དྲག་པོ་འབེབས་པའོ། །སེམས་ཅན་ཐམས་ཅད་ཆར་ལ་གབ་ནས་བྲམ་ཟེ་དེས་སངས་རྒྱས་ཀྱི་ཞལ་མཐོང་བར་གྱུར་ཏོ། །དེ་ནས་བྲམ་ཟེའི་ཕྲུ་གུ་ཉི་མའི་འོད་ཀྱིས་སངས་རྒྱས་མར་མེ་མཛད་ནགས་གསེབ་ན་བཞུགས་པ་ལ་དད་པ་ སྐྱེས་ནས་མགོ་བོའི་སྟེང་དུ་བཞག་གོ། །དེའི་ཚེ་དེའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱིས་བསྐལ་པ་ཐ་མའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེར་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ལྟར་ཡང་ས་གཞི་ནི་སའི་ས་གཞི་སྟེ། སེམས་ཅན་ཡང་ བཅོས་དཀའ་བ་མཚོན་སྣ་ལྔའི་དུས། ཆོས་འདུལ་བ་མངོན་པ་ཐེག་པ་ཆེན་པོའི་དུས། ཕ་རོལ་ཏུ་ཕྱིན་པ་གསང་སྔགས་ཀྱིས་འདུལ་བའི་དུས་སོ། །མིའི་ཚེ་ལོ་ཡང་བརྒྱ་ཉི་ཤུ་ཐམ་པ། གཟུགས་ཀྱང་ཁྲུ་ཕྱེད་དང་བཞི་དང་ལྡན་པའོ། །དེའི་དུས་སུ་ཡང་དག་པར་རྫོགས་ པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་དར་ཞིང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་སེམས་ཅན་ཐམས་ཅད་རྗེས་སུ་ཡི་རངས་ཤིང་གུས་པར་བྱ་སྟེ། དེའི་ནུས་པས་ཀྱང་དུག་ཐམས་ཅད་བཅོམ་པའོ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །ཞེས་བྱ་བ་ ནི་སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུངས་དང་། ཤཱཀྱ་ཐུབ་པ་སྟེ། དེའི་བདེན་པ་དང་སྟོབས་དང་གཟི་བརྗིད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱས་ཤིང་དུག་བཅོམ་མོ། ། མངོན་པར་དད་པའི་ལྷ་གང་འཁོད་པ་དག་ཅེས་བྱ་བ་ནི། དེ་དག་གི་ནུས་པས་ཀྱང་ལྷ་རྣམས་ལ་སོགས་པས་ཀྱང་འདི་ལ་དད་པ་བགྱིས་པ་གང་ཡང་ཚེ་རིང་ཞིང་ནད་ཐམས་ཅད་དང་བྲལ་ཏེ། དུག་ཐམས་ཅད་ཀྱི་འཇིགས་པ་ལས་ཐར་བར་འགྱུར་རོ། །ལྷ་རྣམས་དེ་དག་ཡིད་ དགའ་མགུར་གྱུར་ནས་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་བདེན་པ་དང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་པོ་རྣམས་ཀྱང་མགུ་བར་གྱུར་ཅིང་། སེམས་ཅན་དེ་ལ་གྲོགས་བྱེད་པར་ འགྱུར་རོ། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་བྱོས། །ཞེས་བྱ་བ་ནི་ཐོག་མ་ཐ་མ་བར་དུ་དགེ་བར་གྱུར་ཅིག །ད་ལྟར་ཡང་དུག་ཐམས་ཅད་འཇོམས་ཤིང་རིག་སྔགས་འགྲུབ་པར་འགྱུར་རོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངག་ནས་བྱུང་སྟེ། ཐབས་ཤེས་རབ་གཉིས་སུ་མེད་པ་ ཡེ་ཤེས་ལྔ་དང་ལྡན་པ། འདུ་ཤེས་ཀྱི་ཕུང་པོ་མེའི་ཁམས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལྕེའི་སྐྱེ་མཆེད་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་མོ་སྤྱན་གསུམ་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་རྣམས་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། ན་བཟའ་ལ་དུག་གིས་བརྒྱན་པ། ཀླུ་མཐའ་ཡས་དང་འཇོག་པོ་མནན་པ། དེ་བཞིན་དུ་པདྨ་དང་པདྨ་ཆེན་པོ་ཕྱག་གིས་བཟུང་བ། ཉི་མའི་གདན་དང་འོད་དང་ལྡན་པ། ཅུང་ཟད་ཁྲོ་བའོ། །དུག་བཅོམ་པའི་རིག་སྔགས་གང་ཞེ་ན། སངས་རྒྱས་ཤཱཀྱ་ཐུབ་པའི་ཞལ་ནས་སྤྲོས་པའོ། །འདི་ལྟ་སྟེ། འོག་ཏུ་ལྟ་བའོ། ། རིག་སྔགས་ཀྱི་གསང་སྔགས་ནི། ཨི་ལི་མི་ལི་ཀི་ལི་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་དགེ་སློང་ས་རི་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་སྨྲས་པའོ། །རྨ་བྱ་ཆེན་མོ་འདི་དག་མི་མཇེད་ཀྱི་བདག་པོ་ཚངས་པ་དང་ཞེས་བྱ་བ་ནི། ཚངས་པའི་ ལྷ་ལ་སོགས་པ་གཟུགས་ཁམས་ཀྱི་ལྷ་རྣམས་སོ། །སྨན་ནི་རིག་སྔགས་ཀྱི་གསང་སྔགས་སོ། །བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ཞེས་བྱ་བ་ནི་འདོད་པའི་ཁམས་ཀྱི་ལྷ་སུམ་ཅུ་རྩ་གསུམ་དང་། མཚེ་མ་དང་དགའ་ལྡན་དང་། འཕྲུལ་དགའ་དང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་། སྨན་ཆེན་པོར་གསུངས་པའོ། །རྒྱལ་པོ་ཆེན་པོ་བཞི་དང་ཞེས་པ་ནི། རི་བདུན་གྱི་ལྷ་རྣམས་དང་སྨན་ཆེན་པོར་བྱས་པའོ། །གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ་སྟེ། ཞེས་བྱ་བ་ནི། གནོད་སྦྱིན་ཆེན་པོ་སེང་གེའི་རལ་པ་ཅན་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་བའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། སངས་རྒྱས་ཀྱིས་ཡང་ནས་ཡང་དུ་གསུངས་པའོ། །གང་སྨན་ཆེན་པོ་འདི་དག་གི་མིང་འཛིན་པ་ལ་དགའ་ ཞིང་། རབ་ཏུ་སྡང་བའི་སེམས་ཀྱིས་འོངས་ན་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་བཀའ་ལས་འདས་པ། གང་སྡུག་བསྔལ་ཐམས་ཅད་ཐོབ་ཅིང་དམྱལ་བ་མནར་མེད་པར་སྐྱེ་བར་འགྱུར་རོ། །དེའི་མགོ་བོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ་ཞེས་ བྱ་བ་ནི་དེའི་བཀའ་ལས་འདས་པ་དེའི་ཚེ་འདིའི་མགོ་བོ་འགས་ཏེ། ལུས་ཀྱང་དུམ་བུ་དུམ་བུར་ཞིག་གོ། །ཤི་ནས་ཀྱང་སྐྱེས་མ་ཐག་ཏུ་དམྱལ་བ་མནར་མེད་པའི་སྡུག་བསྔལ་ཐོབ་ཅིང་། དེའི་སྡུག་བསྔལ་ལས་བྲལ་ནས་ཀྱང་། དམྱལ་བ་པདྨ་ཆེན་པོ་ལྟར་གས་པར་སྐྱེའོ། ། རིག་སྔགས་ནི་གང་ཞེ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྱི་བོའི་གཙུག་ནས་འཕྲོས་པ། སྐུའི་རང་བཞིན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། གཟུགས་ཀྱི་ཕུང་པོ་མེའི་ཁམས། མིག་གི་སྐྱེ་མཆེད་ཡེ་ཤེས་ལྔའི་རང་བཞིན་མཚོན་བྱ་ནི་ཡེ་ཤེས་ཏེ། དེ་ཡང་ཤེས་རབ་ཀྱི་རང་ བཞིན་ནོ། །མཚོན་པར་བྱེད་པ་ནི་ཐབས་སོ། །དེ་གཉིས་སུ་མེད་པའི་སྐུ་ནི་ཞལ་གསུམ་ཕྱག་དྲུག་སྐུ་མདོག་དམར་བ། གཡས་མཐིང་ག །གཡོན་ལྗང་གུ། །སྤྱན་གསུམ་པ་རིགས་ལྔའི་དབུ་རྒྱན་ཅན། ལུས་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། རྨ་བྱ་ལ་ཞོན་པ། ཕྱག་ གཡས་དང་པོ་ན་རྡོ་རྗེ། འོག་མ་ན་རྨ་བྱའི་སྒྲོ་བསྣམས་པའོ། །ཐ་མ་ན་མདའ་བསྣམས་པའོ། །གཡོན་གྱི་དང་པོ་ན་རིན་པོ་ཆེ། བར་མ་ན་ཞགས་པ། ཐ་མ་ན་གཞུ་བསྣམས་པའོ། །དུག་གི་མེ་ཏོག་གི་ན་བཟའ་གསོལ་བ། ཞི་བའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ གསང་སྔགས་ནི་འདི་ལྟ་སྟེ། འོག་ཏུ་བལྟའོ། །བཀའ་འདི་ནི་ཀཱི་ར་ཏི་མུ་ལེ་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དུག་བཅོམ་པའི་གནས་སྐབས་ཏེ་བདུན་པའོ།། །།རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག །ཅེས་བྱ་བ་ནི་འགྲོ་བ་རིགས་དྲུག་ལ་ ལྷའི་སྡུག་བསྔལ་ལ་སོགས་པ་དེ་ཡང་བདེ་ལེགས་སུ་འགྱུར་ཏེ། དེ་བཞིན་དུ་མི་ལ་སོགས་པའི་སེམས་ཅན། རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག །ཅེས་བྱ་བ་ནི་དུད་འགྲོ་ལ་སོགས་པའི་སེམས་ཅན་རྣམས་དང་སྟེ། སྡུག་བསྔལ་ནི་གཅིག་གིས་ གཅིག་ཟ་བའི་སྡུག་བསྔལ་རྣམས་ཏེ། དེ་ཡང་ཞི་བར་བྱས་ཤིང་ཡི་དགས་རྐང་བཞི་པ་རྣམས་ཀྱི་སྡུག་བསྔལ་ཡང་ཞི་བར་བྱས་སོ། །ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག །ཅེས་བྱ་བ་ནི་གང་ཟག་འདི་ལ་གུས་པར་བྱེད་པ་གང་དང་གང་དུ་ཕྱིན་པ་དེར་བདེ་ཞིང་། སླར་ལོག་ ཀྱང་བདེ་བའོ། །ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག །ཅེས་བྱ་བ་ནི་རང་གི་ཁྱིམ་དུ་སླེབས་ནས་ཀྱང་བདེ་བར་གྱུར་ཅིག །ལུས་ཐམས་ཅད་ཀྱང་ནད་དང་བྲལ་བར་འགྱུར་རོ། །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་ལ་བདེ་ལེགས་ཤིང་། །ཁྱེད་ཅག་ཀུན་ དུ་བདེ་ལེགས་ཤོག །ཅེས་བྱ་བ་ནི་ཉལ་བའི་དུས་སུ་ཡང་རྨི་ལམ་དགེ་བར་རྨི་ཞིང་། མི་དགེ་བ་རྣམས་མི་རྨི། དེ་བཞིན་དུ་ཉིན་མོ་ཡང་དགེ་བའི་སེམས་སུ་གནས་ཤིང་། ཉོན་མོངས་པ་རྣམས་མི་སྐྱེ་བའོ། །དེ་བཞིན་དུ་ཉི་མ་ཕྱེད་ཀྱང་ཡིན་ནོ། །དེ་བཞིན་དུ་ཉིན་མཚན་ཡང་ཡིན་ ནོ། །དེ་དག་སྡིག་པར་མ་གྱུར་ཅིག །ཅེས་བྱ་བ་ནི་གང་ཟག་འདི་ལ་གནས་པ་ནི་སྐྱེ་བ་བདུན་དུ་ཚེ་རབས་དྲན་ཞིང་། འདིའི་ནུས་པས་སྡིག་པས་མི་གོས་པའོ། །ཉི་མ་ཐམས་ཅད་དགེ་བ་ཡིན། །ཞེས་བྱ་བ་ནི་རིག་སྔགས་ཀྱི་ནུས་པས་མི་དགེ་བ་ལས་སྐྱེས་ཀྱང་དགེ་བར་འགྱུར་རོ། ། རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །ཞེས་བྱ་བ་ནི་མི་བཟང་བ་ནི་སྐག་དང་བྲ་ཉེའོ། །འབྲིང་པོའི་མཆུ་དང་སྣུབས་སོ། །དེ་ལས་སྐྱེས་པས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས། རྒྱུ་སྐར་ཐམས་ཅད་བཟང་པོའོ། །སངས་རྒྱས་ཐམས་ཅད་རྫུ་འཕྲུལ་ཆེ། །ཞེས་བྱ་བ་ནི་འདས་ པ་དང་མ་འོངས་པ་དེ་ལྟར་ཡོད་པའི་གཟི་བརྗིད་ཀྱི་སྟོབས་ཀྱི་རྫུ་འཕྲུལ་གྱིས་སེམས་ཅན་ཐམས་ཅད་བདེ་བའོ། །ཡང་ན་ནམ་མཁའ་བཞིན་དུ་རྫུ་འཕྲུལ་གྱིས་ཁྱབ་པའོ། །དགྲ་བཅོམ་ཐམས་ཅད་ཟག་པ་ཟད། །ཅེས་བྱ་བ་ནི། བདུད་བཞི་བཅོམ་ཞིང་བག་ཆགས་ཀྱི་སྒྲིབ་ པས་མ་གོས་པ་སྟེ། དེ་བཞིན་དུ་ཉན་ཐོས་ཀྱི་རྫུ་འཕྲུལ་དང་ལྡན་པའོ། །བདེན་པའི་ཚིག་འདིས་ཀུན་དུ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་གྱི་གཟི་བརྗིད་ཀྱི་སྟོབས་ཀྱིས། ཀུན་ནས་ཀུན་དུ་བདེ་ལེགས་སུ་ འགྱུར་བའོ། །དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ཞེས་བྱ་བ་ནི་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། འོད་སྲུངས་ལ་སོགས་པའི་འདས་པའི་སངས་ རྒྱས་གངྒཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱིས་ཀྱང་། རྗེས་སུ་ཡི་རང་ཞིང་གསུངས་པ། དེ་བཞིན་དུ་མ་འོངས་པ་རྣམས་ཀྱང་བྱམས་པ་ལ་སོགས་པའོ། །ད་ལྟར་ཤཱཀྱ་ཐུབ་པས་གསུངས་ཤིང་རྗེས་སུ་ཡི་རང་བའོ། །དེ་རྣམས་ཀྱི་བཀའ་ནས་གསུངས་ ཏེ། གཟི་བརྗིད་ཆེ་ཞིང་འབྱུང་པོ་རྣམས་ཀྱི་གཉེན་པོའོ། །བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་གང་ཟག་གུས་པར་བྱེད་པ་སྦ་བ་དང་ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་ལས་གྲོལ་འདོད་པས་སྦ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་ སྡུག་བསྔལ་ལས་སྐྱོབ་པ་དང་། ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། མི་དགེ་བཅུ་བོར་ནས། དགེ་བཅུ་འཛིན་པའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། དགེ་བའི་རྩ་བ་ཅི་བྱས་པ་རྒྱ་ཆེར་འཕེལ་བའོ། །ཞི་བ་དང་ཞེས་བྱ་བ་ནི། བར་ཆད་མེད་ཅིང་དགེ་བའི་རྩ་བ་ ཅི་བྱས་པ་གང་ཡང་ཞི་བར་འགྱུར་ཞིང་བསམ་པ་འགྲུབ་པའོ། །བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། ཚེ་ད་ལྟར་ཡང་བདེ་བས་ཏེ། དེ་བཞིན་དུ་ཕྱི་མ་ཡང་བདེ་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། རྒྱལ་པོ་དང་། འབྱུང་པོ་ཡིན་ཏེ། དེ་ལ་སོགས་པའི་ ཆད་པ་ཐམས་ཅད་སྤོང་བ་ཡིན་ནོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། དཔེར་ན་གཡུལ་དུ་ཞུགས་པའི་དགྲ་ལས་རྒྱལ་བར་འགྱུར་རོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། དུག་འཐུངས་པ་དང་དུག་ཟོས་པ་དང་། ཕོལ་མིག་དང་གཡན་པ་དང་མེ་དབལ་ལ་སོགས་པའི་དུག་ ཐམས་ཅད་འབྱིན་པའོ། །དུག་གསད་པ་དང་ཞེས་བྱ་བ་ནི་འགྲོ་བའི་དུག་དང་བསྡད་པའི་དུག་དང་བྱེད་པའི་དུག་དང་གསུམ་བསལ་ནས་ཕྱི་ནས་དུག་ནད་མི་ལྡང་བའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། རིག་སྔགས་འདིས་ཕྱོགས་མཚམས་སྟེང་འོག་ཐམས་ ཅད་རིག་སྔགས་ཀྱི་ནུས་པས་འབྱུང་པོ་རྣམས་འོང་མི་ནུས་པའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི་ས་གཡོ་བའི་སྡུག་བསྔལ་ཡང་མི་འབྱུང་སྟེ། གཞན་ཡང་རི་དང་ཁང་པ་ལ་སོགས་པ་ཡང་མི་རྡིབ་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། ཚེ་ཐུང་བ་རིང་ བར་བྱེད་ཅིང་ནད་ཐམས་ཅད་དང་བྲལ་ནས་བདེ་བར་གནས་པའོ། །སྟོན་བརྒྱ་མཐོང་བར་ཤོག་ཤིག་ཅེས་བྱ་བ་ནི། བཟའ་བ་དང་བཏུང་བ་ཕུན་སུམ་ཚོགས་ཤིང་། མ་ཤིའི་བར་དུ་གཡོག་དང་ལྡན་ཞིང་བུ་ཚ་ཐམས་ཅད་དང་ལྡན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་ དག་པར་རྫོགས་པའི་སངས་རྒྱས་ཀྱིས། སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །གནོད་སྦྱིན་གང་དག་རྒྱ་མཚོ་ལ་གནས་པའི་གནོད་སྦྱིན་ཆེན་པོ་དག་དང་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ་རྒྱ་མཚོ་ལ་གནས་པའི་འབྱུང་པོ་ལ་སོགས་པའོ། །གང་དག་རིའི་རྒྱལ་ པོ་རི་རབ་དང་ཞེས་བྱ་བ་ནི་དེ་བཞིན་དུ་རྒྱལ་པོ་བཞི་ལ་སོགས་པ་གནོད་སྦྱིན་གྱི་རྒྱལ་པོ་ཉི་ཤུ་རྩ་བརྒྱད་དང་། མཐུ་ཆེན་སུམ་ཅུ་རྩ་གཉིས་སོ། །གང་དག་རིའི་རྒྱལ་པོ་གཞན་རྣམས་དང་ཞེས་བྱ་བ་ནི། རིའི་རྒྱལ་པོ་མ་ལ་ཡ་དང་། དཔལ་གྱི་རི་དང་། རི་ནག་པོ་ལ་སོགས་པའོ། ། ཡང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རིའི་རྒྱལ་པོ་རི་རབ་དང་བཅས་པའི་གནོད་སྦྱིན་འབྱུང་པོ་རྣམས་སོ། །འབྲོག་རྣམས་དང་ཞེས་བྱ་བ་ནི། དེ་ལ་གནས་པའི་གནོད་སྦྱིན་འབྱུང་པོ་རྣམས་ཏེ། ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྟོང་ ལ་གནས་པའོ། །འབྲོག་ཆེན་པོ་དང་ཞེས་བྱ་བ་ནི་དེ་བས་ཀྱང་ཆེ་བས་ན་ཆེན་པོ་སྟེ། འབྱུང་པོ་རྣམས་ཀྱང་དེ་བས་ཀྱང་ཆེ་བའོ། །ཀླུང་རྣམས་དང་ཞེས་བྱ་བ་ནི། གངྒཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་དང་། ཆུ་བོ་ཆེན་པོ་ནཻ་རཉྫ་ར་ལ་སོགས་པ་དེ་ལྟ་བུའི་ཆུ་ཀླུང་རྣམས་ལ་ ཡོད་པའི་གནོད་སྦྱིན་འབྱུང་པོ་རྣམས་སོ། །ཀླུ་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོ་ཆེན་པོ་སྟེ། དེ་ལ་གནས་པའི་ཀླུ་དང་གནོད་སྦྱིན་དང་ས་བདག་ལ་སོགས་པའོ། །སྨན་ལྗོངས་རྣམས་དང་ཞེས་བྱ་བ་ནི། རྫིང་བུ་རྣམས་ཡིན་ཏེ་དེ་ལ་གནས་པའི་འབྱུང་པོ་ས་བདག་དང་ ས་སྲིན་ལ་སོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་ལ་གནས་པའི་རྫིང་བུ་རྣམས་སོ། །སྨན་ལྗོངས་ཆེན་པོ་རྣམས་དང་ཞེས་བྱ་བ་ནི། དེ་བས་ཀྱང་ཆེ་བས་ན་ཆེན་པོའོ། །འབབ་ཆུ་རྣམས་དང་ཞེས་བྱ་བ་ནི་བ་ལང་སྤྱོད་དང་དབྱངས་ལྡན་དང་། སྦྲང་རྩིའི་བློ་གྲོས་ལ་སོགས་པའི་འབབ་ ཆུ་ལ་གནས་པའི་གནོད་སྦྱིན་འབྱུང་པོ་རྣམས་སོ། །ལྟེང་ཀ་རྣམས་དང་ཞེས་བྱ་བ་ནི། ཆུའི་ཁྲོན་པ་རྣམས་ཏེ་དེ་ལ་སོགས་པ་ཆུ་མིག་ལ་གནས་པའི་ས་སྲིན་དང་ས་བདག་འབྱུང་པོ་གནོད་སྦྱིན་རྣམས་གནས་པའོ། །ལུ་མ་རྣམས་དང་ཞེས་བྱ་བ་ནི་དེའི་ལྟེང་ཀ་ན་གནས་པའི་མཚོ་ཆེན་ པོ་སྟེ། དེ་ཀླུ་ལས་བབ་པས་ན་ལུ་མའོ། །དེ་ལ་གནས་པའི་འབྱུང་པོ་དང་། ཀླུའི་རྒྱལ་པོ་རྣམས་སོ། །རིའི་ཕུག་རྣམས་དང་ཞེས་བྱ་བ་ནི་སྟོང་བར་དུ་གནས་པའི་རི་རྣམས་ལ་རྒྱུ་བའི་ཡི་དགས་རྣམས་སོ། །ཡང་ན་གདོང་པ་ལྟ་བར་མི་ནུས་པའི་འབྱུང་པོ་རྣམས་སོ། །དུར་ཁྲོད་རྣམས་དང་ ཞེས་བྱ་བ་ནི་དུར་ཁྲོད་ནི་ངང་པ་དང་། རྨ་བྱའི་སྒྲོ་དང་། གསལ་ཤིང་དང་། རོ་ལངས་དང་། མེས་བསྲེགས་པ་ལ་སོགས་པའོ། །དེ་ལ་གནས་པ་ནི་གནོད་སྦྱིན་དང་འབྱུང་པོ་ལ་སོགས་པའོ། །དུར་ཁྲོད་ཆེན་པོ་རྣམས་དང་ཞེས་བྱ་བ་ནི་བསིལ་བའི་ཚལ་དང་། ཀོ་ལ་ཧ་ར་དང་། འབྱུང་པོ་རོ་ ལངས་ལ་སོགས་པའི་དུར་ཁྲོད་ཆེན་པོ་རྣམས་དང་། དེ་བས་ཀྱང་ཆེ་ཞིང་འབྱུང་པོ་རྣམས་ཆེ་བའོ། །བཞི་མདོ་རྣམས་དང་ཞེས་བྱ་བ་ནི་ལམ་གྱི་རྒྱ་གྲམ་ན་གནས་པ་སྟེ། དེ་ལ་གནས་པའི་འབྱུང་པོའོ། །གྲོང་རྣམས་དང་ཞེས་བྱ་བ་ནི། དེ་ནི་ཆུ་ལ་གནས་པའི་འབྱུང་པོ་ རྣམས་ཏེ། མ་རུངས་པ་ཐམས་ཅད་བྱེད་པ། སེམས་ཅན་ལ་གནོད་ཅིང་གྲོང་ལ་རྒྱུ་བའོ། །གྲོང་ཁྱེར་རྣམས་དང་ཞེས་བྱ་བ་ནི་དེ་བས་ཀྱང་ཆེ་བ་སྟེ། འབྱུང་པོ་ཡང་དེ་བས་ཆེ་བའོ། །ལྷ་རྣམས་དང་ཞེས་བྱ་བ་ནི་འབྲོག་གི་འབྲོག་གནས་ཏེ། དེ་ལ་བ་ལང་གནས་ པའི་གནས་སོ། །དེ་ན་གནས་པའི་གནོད་སྦྱིན་འབྱུང་པོ་རྣམས་སོ། །སྐྱེད་མོས་ཚལ་རྣམས་དང་ཞེས་བྱ་བ་ནི། ཕོ་དང་མོ་རྒྱུ་བའི་གནས། དེ་བཞིན་དུ་འབྱུང་པོ་ཡང་ཕོ་མོ་རྒྱུ་བའི་གཟུགས་སུ་བྱས་ནས་རྒྱུ་བར་བྱེད་པའོ། །ནགས་རྣམས་དང་ཞེས་བྱ་བ་ ནི་སྲིན་པོ་ཡི་དགས་རྣམས་རྒྱུ་བ་སྟེ། དེ་ལ་གནས་པའི་མ་རུངས་པ་རྣམས་སོ། །ནགས་ཚལ་རྣམས་དང་ཞེས་བྱ་བ་ནི་ཆུའི་བར་ན་གནས་པ་སྟེ། དེའི་ནང་དུ་རྒྱུ་བའི་འབྱུང་པོ་རྣམས་ཏེ། ཡང་ན་རྒྱ་མཚོའི་བར་ན་གནས་པའི་འབྱུང་པོ་རྣམས་སོ། །ལམ་རྣམས་དང་ཞེས་ བྱ་བ་ནི། འགྲོ་འདུག་བྱེད་པ་ལ་འཚེ་བར་བྱེད་ཅིང་མ་རུངས་པའི་འབྱུང་པོ་སྟེ། དེ་བཞིན་དུ་རྟག་ཏུ་རྒྱུ་བའོ། །ལམ་གོལ་བ་དག་ན་གནས་པ་དང་ཞེས་བྱ་བ་ནི། སེམས་ཅན་ལམ་ལོག་པར་འཁྲིད་ཅིང་ལམ་ལོག་པར་སྟོན་པ་རྣམས་སོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཡང་ནས་ཡང་དུ་གསུངས་པའོ། །གནོད་སྦྱིན་གང་དག་ལྕང་ལོ་ཅན་གྱི་འཁོར་ན་གནས་པ་དེ་དག་གིས་ཀྱང་ཞེས་བྱ་བ་ནི་གནོད་སྦྱིན་གྱི་དེད་དཔོན་རྣམ་ཐོས་སྲས་ཀྱི་འཁོར་དང་བཅས་པ་དེ་དག །ཕོ་བྲང་དེ་ན་གནས་པའི་གནོད་སྦྱིན་ འཁོར་བཅས་རྣམས་སོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་གང་ཟག་དད་པ་སྐྱེས་པ་རྣམས་དང་། རིག་སྔགས་འདི་འཆང་བ་དང་། འཆང་དུ་ཡོད་པ་དང་། ཀློག་པ་དང་། རྗེས་སུ་ཡི་རང་བ་དང་། སྒོམ་པ་དང་། རྒྱ་ཆེར་ སྤེལ་བ་དང་། དེ་རྣམས་ལ་སོགས་པ་ཡང་དག་པར་སྲུང་བར་བྱེད་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་འདིའི་ནུས་པས་ལོ་བརྒྱ་ལོན་པར་གྱུར་ཀྱང་། གཞོན་ནུའི་ཚུལ་དུ་བཞུགས་ཤིང་ནད་རྣམས་ཐམས་ཅད་དང་བྲལ་བའོ། །སྟོན་བརྒྱ་མཐོང་བར་ ཤོག་ཤིག་ཅེས་བྱ་བ་ནི། དགེ་བའི་དུས་སུ་དགེ་བ་ནུས་ཤིང་། དེ་བཞིན་དུ་ཟ་བ་དང་འཐུང་བ་ཡང་ནུས་པའོ། །རིག་སྔགས་འདི་ཡང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེ་ཞིང་གཟུགས་སྐུར་སྣང་བའོ། །གཟུགས་སྐུ་དེ་ཡང་ཐབས་ཤེས་རབ་གཉིས་སུ་མེད་པ། ཞལ་ གསུམ་ཕྱག་བཞི་པ་སྐུ་མདོག་མཐིང་ནག་ཏུ་བཞུགས་པ། གཡས་དཀར་བ་གཡོན་དམར་བ། ཁྲོ་མོ་དབུ་སྐྲ་སེར་པོ་སྦྲུལ་གྱིས་བཅིངས་པ། རིན་པོ་ཆེའི་དབུ་རྒྱན། སྤྱན་གསུམ་པ། ཡན་ལག་སྦྲུལ་གྱིས་བརྒྱན་པ། ཕྱག་གཡས་ན་རལ་གྲི་དང་རྡོ་རྗེ་འཛིན་པ། གཡོན་ སྡིགས་མཛུབ་དང་ཞགས་པ་དྲིལ་བུའོ། །གཡས་བརྐྱང་བ། གཡོན་བསྐུམ་པ། ཞབས་ཀྱིས་གནོད་སྦྱིན་ཕོ་མོ་མནན་པ། པདྨའི་སྟེང་དུ་ཉི་མའི་གདན་ལ་བཞུགས་པ། ཉི་མའི་འོད་དང་ལྡན་པའོ། །རིག་སྔགས་ཀྱི་གསང་སྔགས་འདི་ལྟ་སྟེ། འབྱུང་པོ་རྣམས་ཀྱི་སྙིང་པོ་ ནི་ཧ་རེ་ནི་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཤཱཀྱ་ཐུབ་པས་ཡང་ནས་ཡང་དུ་གསུངས་པའོ། །ཤར་ཕྱོགས་ན་དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟ་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བ་ནི། རི་རབ་ཀྱི་ལྕོག་ཤར་ཕྱོགས་ན་ཡོད་པ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་པོ། །ཕྱག་གཡས་ན་འཁོར་ལོ་བསྣམས་པ། གཡོན་པི་ཝང་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་གདན་ལ་བཞུགས་པའོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། འཇིག་རྟེན་གྱི་ཁམས་ཤར་ཕྱོགས་ན་གནས་པའོ། །འཁོར་ དྲི་ཟ་སྟོང་ཕྲག་དུ་མ་ཡོད་པ་ཞེས་བྱ་བ་ནི། འཁོར་གྱི་མཚན་མ་ནི། གླུ་ལེན་ཞིང་ནི་བྲོ་བརྡུང་སྟེ། །རྒྱན་རྣམས་ལ་ཡང་དགའ་བར་བགྱིད། །བརྐམ་པ་མ་མཆིས་མང་བར་སྨྲ། དགོད་པར་བགྱིད་ཅིང་ཁྲོ་བར་འགྱུར། །སྐོམ་པར་འགྱུར་ལ་མིག་དམར་ཏེ། །རྟག་ཏུ་རིམས་ཀྱིས་འདེབས་པར་ བགྱིད། །མིག་ཀྱང་འབྱེད་པར་མི་བགྱིད་དེ། །རྒྱབ་ཀྱིས་ཕྱོགས་ཤིང་ཉལ་བར་བགྱིད། །འཁོར་འབུམ་ཕྲག་དུ་མ་དེ་དག་ཀྱང་སེམས་ཅན་ལ་དེ་བཞིན་དུ་གནོད་པ་བྱས་ཤིང་། རང་གི་མཚན་ཉིད་ཀྱང་དེ་བཞིན་ནོ། །དྲི་ཟ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ་ཞེས་བྱ་བ་ནི། དེ་དང་ལྡན་པ་དྲི་ཟ་རྣམས་ལ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དབང་དུ་འདུས་ཤིང་། གཞན་སེམས་ཅན་རྣམས་ལ་གནོད་པར་མི་བྱེད་པའོ། །ཤར་ཕྱོགས་ཀྱི་རྒྱལ་པོའམ་གདོན་རྣམས་གནོད་པར་འགྱུར་ན། ཚེས་བཅུ་བཞི་འམ་ཉ་འམ་བརྒྱད་ལ་སོགས་པ་ལ་མེ་ཏོག་གམ་སྤོས་ སམ་མར་མེའམ་དྲིའམ། ལྷ་བཤོས་སམ་མཆོད་པའི་རྩས་རང་གིས་ཅི་རིགས་པ་བསོགས་ལ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའམ། ཤར་ཕྱོགས་ཀྱི་རྒྱལ་པོ་ཡུལ་འཁོར་སྲུང་ལ་སོགས་པ། ཤར་ཕྱོགས་ན་གནས་པའི་རྒྱལ་པོ་དང་གདོན་རྣམས་ མཆོད་པར་བགྱིའོ། །ཡང་རོལ་མོའི་རྫས་ནི་གདུགས་དང་བ་དན་དང་རྒྱལ་མཚན་ལ་སོགས་པའི་རོལ་མོའི་རྫས་སོ། །གཏོར་མའི་རྫས་ལ་ནི། བུ་རམ་དང་བསྲེས་པའི་ཞོ་དང་། ཞོ་ཟན་དང་། འབྲས་ཀྱི་ཆན་དང་། འབྲས་ལས་བྱས་པའི་ཁུར་བ་དང་། དེ་ལ་ སོགས་པ་ཅི་རིགས་པ་བསོགས་ལ་དྲི་སྣ་ཚོགས་ཞིམ་པོས་མཆོད་ཅིང་། མེ་ཏོག་དཀར་པོའི་ཕྲེང་བ་དང་། དོག་ས་ལ་མེ་ཏོག་དཀར་པོ་བཀྲམ་ལ། ཡང་དག་པར་མཆོད་པར་བགྱིའོ། །གང་ཤར་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོབ་པར་བྱེད་པ་དེ་ཡང་ཞེས་བྱ་བ་ནི། ས་དང་པོའི་བྱང་ཆུབ་སེམས་དཔའ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་དེ་ལྟ་བུའི་ཡུལ་འཁོར་སྲུང་གི་རྒྱལ་པོ། ཤར་ཕྱོགས་ཀྱི་སེམས་ཅན་རྣམས་སྐྱོང་བའོ། །བུ་དང་བཅས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་བཞི་དང་འཁོར་རྣམས་ཀྱིའོ། །ཚ་བོ་དང་བཅས། སྤུན་ དང་བཅས། བློན་པོ་དང་བཅས། དེད་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་ཞེས་བྱ་བ་ནི། དེ་དག་རྣམས་ཀྱིས་སེམས་ཅན་གྱི་དོན་བྱས་ཤིང་རྒྱལ་པོ་དང་། འཁོར་རྣམས་ཀྱི་ཚ་བོ་ལ་སོགས་པའི་ འབུམ་ཕྲག་དུ་མར་གནས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ནི། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་མོ། ཕྱག་གཡས་ན་རལ་གྲིའོ། །གཡོན་སྡིགས་མཛུབ་ དང་རྨ་བྱའི་སྒྲོ་བསྣམས་པའོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པ། ལོ་བཅུ་གཉིས་མའི་ཆ་བྱད་ཅན། ཞི་བར་བཞུགས་ཤིང་པདྨའི་སྟེང་ན་ཟླ་བའི་གདན། འོད་ཀྱང་དེ་བཞིན་ཏེ། ཡེ་ཤེས་ལྔའི་རང་བཞིན་ཅན། མཚོན་བྱེད་ནི་ཤེས་རབ་སྟེ། མཚོན་པ་ནི་རིག་སྔགས་ཀྱི་རྒྱལ་མོ་བདག་ཉིད་དོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་གཟུགས་ཀྱི་ཕུང་པོ་སའི་ཁམས་མིག་གི་སྐྱེ་མཆེད་དོ། །དེ་ལྟ་བུའི་རིག་སྔགས་ཀྱི་རྒྱལ་མོ་གང་ཟག་བདག་གིས་འཆང་བར་འགྱུར་ན། ཡང་དག་པར་སྲུང་ཞིང་སྡུག་ བསྔལ་ཐམས་ཅད་དང་བྲལ་བའོ། །སྦ་བ་དང་ཞེས་བྱ་བ་ནི་མ་རུངས་པ་རྣམས་ཀྱིས་གླགས་ཚོལ་བ་ལ་སྦ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། ནད་ཐམས་ཅད་དང་མ་རུངས་པ་རྣམས་ཀྱིས་བཟུང་བ་ལས་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། མ་རིག་ པའི་སེམས་ཅན་རྣམས་ཀྱིས་གཟུང་བར་འདོད་པ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་བཟུང་ནས་གླགས་མི་རྙེད་པའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གང་གི་འཇིགས་པ་དང་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་འཇིགས་པ་ཐམས་ཅད་དང་ བྲལ་བ་སྟེ། རྒྱ་ཆེན་བསྐྱང་བས་ན་ཡོངས་སུ་བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི་ཞི་བ་ནི་སྡུག་བསྔལ་ཐམས་ཅད་ཞི་བ་སྟེ། དེ་ཉེ་བར་བཞག་པས་ན་བདེ་བའོ། །བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི་བདེ་བ་ཕུན་སུམ་ཚོགས་ཤིང་སྡུག་བསྔལ་ ཐམས་ཅད་དང་བྲལ་ཞིང་ནམ་སྐྱེས་པའི་དུས་སུ་ཡང་བདེ་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི་མ་རུངས་པའི་གདོན་གྱིས་ཆད་པ་གཅོད་པར་འདོད་པ་ལ། དེའི་གཟི་བརྗིད་ཀྱིས་སྤང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། གཞན་རྣམས་ཀྱིས་མཚོན་བཏབ་ནས། མི་བདེ་ བ་དང་མི་ཕོག་པའི་ཕྱིར་ན་སྤང་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། མཛེ་དང་། ཕོལ་མིག་དང་། གཡན་པ་དང་། ལྦ་བ་དང་། ཤ་བཀྲ་དང་། མེ་དབལ་ལ་སོགས་པ་མཛེ་རིགས་བཅོ་བརྒྱད་སེལ་བའོ། །དུག་གསད་པ་དང་ཞེས་བྱ་བ་ནི་དེ་རྣམས་མི་ལྡང་བར་བྱ་བའི་ ཕྱིར་ན་གསད་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། གླགས་ཚོལ་བ་རྣམས་ཀྱིས་གླགས་མི་རྙེད་དེ། རིག་སྔགས་ཀྱི་གསང་སྔགས་གར་བཞག་པའི་སར། འབྱུང་པོ་རྣམས་ཀྱིས་འོང་མི་ནུས་པའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི་རིག་སྔགས་ཀྱིས་ས་ ལ་རེག་ནས་ས་བཅིང་བར་གྱུར་ན་རྡོ་རྗེའི་ས་གཞི་དང་ལྡན་པའོ། །ལོ་བརྒྱ་མཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། ནད་ཐམས་ཅད་དང་བྲལ་ཞིང་བདེ་བར་གནས་པའོ། །སྟོན་བརྒྱ་མཐོང་བར་ཤོག་ཤིག་ཅེས་བྱ་བ་ནི། ཕུན་སུམ་ཚོགས་ཤིང་བདེ་བར་གནས་པའོ། ། ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ་འོག་ཏུ་བལྟའོ། །དྲི་ཟའི་སྙིང་པོ་རིག་སྔགས་ཀྱི་གསང་སྔགས་ནི། སུ་རུ་སུ་རུ་སུ་རུ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་དགེ་སློང་ས་རི་དང་སེམས་ཅན་རྣམས་ལ་བཀའ་སྩལ་པའོ། །ལྷོ་ཕྱོགས་ན་གྲུལ་བུམ་གྱི་རྒྱལ་པོ་འཕགས་ སྐྱེས་པོ་ཞེས་བྱ་བ་ནི། རི་རབ་ཀྱི་ལྷོ་ཕྱོགས་ན་གནས་པ་འཇིག་རྟེན་ལྷོ་ཕྱོགས་སྐྱོང་བ། སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ། ས་དང་པོ་ཐོབ་པ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིང་ག །གཡས་དབྱུག་ཏོ། །གཡོན་རིན་པོ་ཆེ་བསྣམས་པ། རྒྱན་ཐམས་ཅད་ཀྱིས་ བརྒྱན་པ། པདྨའི་གདན་ལ་བཞུགས་པ། བཞིན་མི་སྡུག་པ། ཁྲོ་བོར་གནས་པའོ། །གྲུལ་བུམ་ཐམས་ཅད་ཀྱི་བདག་པོ་འཁོར་གྲུལ་བུམ་སྟོང་ཕྲག་དུ་མ་ཡོད་པ་ཞེས་བྱ་བ་ནི། གྲུལ་བུམ་ཡི་དགས་ཀྱི་གདོན་རྣམས་ཀྱི་བདག་པོ་སྟེ། དེ་བཞིན་དུ་མ་མོ་རྣམས་ཀྱང་ཡིན་ནོ། ། དེ་རྣམས་ཀྱིས་བཏབ་པའི་མཚན་མ་ནི། ཤིན་ཏུ་སྐོམ་གྱིས་འདེབས་པར་འགྱུར། །གཡེང་བས་བཏབ་ཅིང་ལྟ་བར་འགྱུར། །བཞིན་ཡང་དམར་པོར་གདའ་བར་འགྱུར། བསྐུམས་ནས་ས་ལ་ཉལ་བར་འགྱུར། །ཁ་དོག་ངན་ཅིང་ལུས་ཀྱང་སྐེམ། །སྐྲ་དང་སེན་མོ་རིང་བ་སྟེ། ། དྲི་མ་ཅན་ལ་དྲི་མི་བདའ། །བརྫུན་དང་ཀྱལ་ཀ་སྨྲ་བར་བགྱིད། །གྲུམ་བུམ་གྱི་གདོན་འབུམ་ཕྲག་དུ་མ་གནས་པ་ནི། སེམས་ཅན་རྣམས་ལ་གནོད་པར་བགྱིད་ཅིང་རྒྱལ་པོའི་འཁོར་དུ་གནས་པའོ། །གྲུལ་བུམ་རྣམས་ལ་དབང་བྱེད་དུ་འཇུག་པའོ་ཞེས་བྱ་བ་ནི། གྲུལ་བུམ་གྱི་ གདོན་དེ་རྣམས་དབང་དུ་སྡུད་ཅིང་། སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །དེ་རྣམས་ཀྱི་མཆོད་པའི་རྫས་ནི་གོང་དང་མཐུན་ནོ། །ཚེས་གྲངས་ཡང་གོང་དང་མཐུན་ནོ། །གཏོར་མའི་རྫས་ལ་ཁྲག་གམ་ཆང་ངམ་ཤའམ་ཉའམ་སྒོག་པའམ་ལ་ཕུག་གམ། སྲན་ཆན་ནམ་ ཁུར་བའམ་བུ་རམ་གྱི་ཐུག་པའམ། ཁྲག་གི་གཏོར་མ་མེ་ཏོག་སེར་པོའི་ཕྲེང་བ་དང་། དོག་ས་ལ་མེ་ཏོག་བཀྲམ་ལ། ལྷོ་ཕྱོགས་ན་གནས་པའི་རྒྱལ་པོ་རྣམས་མཆོད་པར་བྱའོ། །གང་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་ཅིང་ཞེས་བྱ་བ་ནི། གྲུལ་བུམ་གྱི་རྒྱལ་པོ་ འཕགས་སྐྱེས་པོ་རི་རབ་ཀྱི་ལྷོ་ཕྱོགས་ཡོངས་སུ་སྲུང་ཞིང་། འཇིག་རྟེན་གྱི་ཁམས་རྣམས་ལ་སྲུང་བར་བྱེད་པའོ། །དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། དེད་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་ བཅས། འཁོར་དང་བཅས་པས་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་། འཁོར་འབུམ་ཕྲག་དུ་མ་དང་བཅས། དེ་རྣམས་ཀྱི་བུ་དང་ཚ་བོ་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ནི་ཐབས་ ཤེས་རབ་གཉིས་སུ་མེད་པའོ། །ཡེ་ཤེས་མཉམ་པ་ཉིད་དང་ལྡན་པ་ཚོར་བའི་ཕུང་པོའོ། །རིན་ཆེན་གྱི་རིགས་ཆུའི་ཁམས་སྣའི་སྐྱེ་མཆེད་ཡེ་ཤེས་ལྔའི་རང་བཞིན་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་པོ། ཕྱག་གཡས་ན་རལ་གྲི །གཡོན་ན་རྨ་བྱའི་སྒྲོ་བསྣམས་པའོ། །སངས་ རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པའོ། །སྤྱན་གསུམ་པ་ཞབས་ཕྱེད་ཀྲུང་དུ་བཞུགས་པ། ཉི་མའི་གདན་དང་འོད་དང་ལྡན་པ། དེའི་འོག་ཏུ་པདྨའི་གདན་ལ་ཁྲོ་མོར་བཞུགས་པའོ། །གང་ཟག་གང་ཞིག་འདི་ལ་གུས་པར་གྱུར་ན། རྒྱལ་པོ་བཞི་དང་འཁོར་ རྣམས་ཀྱིས་ཀྱང་དེ་ལ་སྲུང་ཞིང་སྐྱོབ་པར་བྱེད་དོ། །སྦ་བ་དང་ཞེས་བྱ་བ་ལ་སོགས་པས་ནི་སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ་འོག་ཏུ་བལྟས་ཏེ། འོག་ཏུ་ལྟ་བ་ནི་གང་ཞེ་ན། གྲུལ་བུམ་གྱི་གདོན་གྱི་སྙིང་པོ་རིག་སྔགས་ཀྱི་གསང་སྔགས་ནི། བེ་ལུ་ཀེ་ ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ནུབ་ཕྱོགས་ན་ཀླུའི་རྒྱལ་པོ་མིག་མི་བཟང་ཞེས་བྱ་བ་ནི། རི་རབ་ཀྱི་རྩེ་མོའི་ནུབ་ཕྱོགས་ཀྱི་ལྕོག་ལ་བཞུགས་ཏེ། ནུབ་ཕྱོགས་ཀྱི་འཇིག་རྟེན་སྐྱོང་བ། ཀླུ་རྣམས་ ཀྱི་བདག་པོ་ས་དང་པོ་ཐོབ་པ། བྱང་ཆུབ་ཀྱི་སེམས་དང་ལྡན་པ་རྣམས་སོ། །ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་བ། གཡས་ན་སྦྲུལ་གྱི་ཞགས་པ། གཡོན་ན་པདྨ་བསྣམས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་གདན་ལ་བཞུགས་པ། ཅུང་ཟད་ཁྲོ་བོར་བཞུགས་སོ། །ཀླུ་ཐམས་ཅད་ཀྱི་བདག་པོ་འཁོར་འབུམ་ཕྲག་དུ་མ་ཡོད་པ་ཞེས་བྱ་བ་ནི། རྒྱལ་པོ་སྤྱན་མི་བཟང་ཡང་ཀླུ་དང་ས་སྲིན་ས་བདག་རྣམས་ཡིན་ཏེ། དེ་རྣམས་ཀྱིས་བཏབ་པའི་མཚན་མ་ནི། སྐྱིགས་བུས་བཏབ་ཅིང་དབུགས་ཀྱང་འབྱིན། །དེ་བཞིན་དབུགས་ ཀྱང་གྲང་བར་འགྱུར། །རྡུལ་ཞིང་ཁ་ཆུ་དབུ་བར་འབྱུང་། །ཕྱི་ཕྱིར་གཉིད་ཀྱིས་ལོག་པར་འགྱུར། །ཁ་དོག་ལྡན་ཞིང་དཔའ་བ་སྟེ། །དེ་བཞིན་འདར་ཞིང་རྒྱུག་པར་འགྱུར། །སེན་མོ་དག་ཀྱང་སྟོན་པར་འགྱུར། །དོག་སར་མཆིས་ཤིང་ངུ་བར་བྱེད། །དེ་བཞིན་དུ་སེམས་ཅན་རྣམས་ ལ་མཚན་མ་བཏབ་ནས། རང་གི་མཚན་མ་ཡང་དེ་དང་འདྲ་བའོ། །ཀླུ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། དེ་རྣམས་དབང་དུ་འདུས་ཤིང་འཇིག་རྟེན་ནུབ་ཕྱོགས་སོང་བ་དེ་རྣམས་མཆོད་པའི་རྫས་གོང་དང་མཐུན་ཏེ། ཚེས་གྲངས་ཀྱང་གོང་དང་མཐུན་ནོ། །གཏོར་མའི་རྫས་ནི་མངར་ གསུམ་དང་དཀར་གསུམ་འོ་ཐུག་དང་གྲོ་ཆན་དང་གྲོའི་ཁུར་བ་འོ་མ་ལས་བྱས་པའི་གཏོར་མ་མེ་ཏོག་དམར་པོའི་ཕྲེང་བ་མེ་ཏོག་སིལ་མ་དོག་ས་ལ་བཀྲམ་ལ། ཀླུ་སྨན་ལ་སོགས་པས་མཆོད་པར་བྱའོ། །གང་ནུབ་ཕྱོགས་སྐྱོང་ཞིང་ཡོངས་སུ་སྲུང་བར་བྱེད་པ་དེ་ཡང་ཞེས་བྱ་བ་ནི། རྒྱལ་པོ་སྤྱན་མི་བཟང་དེས་ཀྱང་རི་རབ་ཀྱི་ནུབ་ཕྱོགས་ན་ཡོངས་སུ་སྐྱོང་ཞིང་སེམས་ཅན་རྣམས་ལ་འཚེ་བར་མི་བྱེད་པའོ། །བུ་དང་བཅས་པ་ལ་སོགས་པ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་གི་བུ་ལ་སོགས་པ་དང་། འཁོར་རྣམས་ཀྱི་བུ་ལ་སོགས་པའོ། །རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་མོ། ཕྱག་གཡས་ན་རལ་གྲི། །གཡོན་རྨ་བྱའི་སྒྲོ་བསྣམས་པའོ། །སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་ པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སོ་སོར་རྟོག་པའི་ཡེ་ཤེས། པདྨའི་རིགས་འདུ་ཤེས་ཀྱི་ཕུང་པོ། །མེའི་ཁམས། ལྕེའི་སྐྱེ་མཆེད། ཡེ་ཤེས་ལྔའི་རང་བཞིན། མཚོན་བྱེད་ནི་ཐབས། མཚོན་བྱ་ནི་ཤེས་རབ། དེ་གཉིས་སུ་མེད་པའི་རང་བཞིན་ནོ། །དེ་ལྟ་བུའི་ལྷ་མོ་ལ་ གུས་པར་གྱུར་ན། གང་ཟག་དེ་ལ་སྲུང་བར་བྱེད་ཅིང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །སྦ་བ་ཞེས་བྱ་བ་ལ་སོགས་པ་ནི། སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། འོག་ཏུ་བལྟའོ། །གང་བལྟ་ཞེ་ན། ཀླུ་རྣམས་ཀྱི་སྙིང་པོ་རིག་ སྔགས་ཀྱི་གསང་སྔགས་ནི། བེ་དུ་རི་བེ་དུ་རི་ཞེས་བྱ་བ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །བྱང་ཕྱོགས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བྱ་བ་ནི། བྱང་ཕྱོགས་ཀྱི་རྒྱལ་པོ་ལུས་ངན་པོ་ཡིན་ཏེ། རི་རབ་ཀྱི་རྩེ་ མོའི་བྱང་ཕྱོགས་ཀྱི་ལྕོག་ལ་བཞུགས་ཏེ། བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་སྐྱོང་བའོ། །ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ལྗང་གུ། ཕྱག་གཡས་ན་རལ་གྲི། །གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས་པའོ། །རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པ། པདྨའི་གདན་ལ་བཞུགས་ པའོ། །གསུས་པ་ཆེ་ཞིང་སྟོད་ཆུང་བ་ཁྲོ་བོར་བཞུགས་པའོ། །གནོད་སྦྱིན་ཐམས་ཅད་ཀྱི་བདག་པོ་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་ཡོད་པ་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་ལུས་ངན་པོ་གནོད་སྦྱིན་ཐམས་ཅད་ཀྱི་དེད་དཔོན་གྱི་འཁོར་རྣམས་སོ། །འཁོར་དེ་དག་གིས་བཏབ་པའི་མཚན་ མ་ནི། ཕྱི་ཕྱིར་ལྡོག་ཅིང་འཇིགས་པར་འགྱུར། །སྨྲ་བར་འགྱུར་ཞིང་ཁྲོ་བར་འགྱུར། །དེ་བཞིན་གཉིད་ཀྱང་ལོག་པར་འགྱུར། །ཡང་ན་ཤིན་ཏུ་ཁྲོ་བར་འགྱུར། །རྟག་ཏུ་གྱེན་དུ་ལྟ་བར་འགྱུར། །སྐར་མ་དག་ལ་སྙེགས་པར་བགྱིད། །ནུབ་མོ་ཤིན་ཏུ་དགའ་བར་འགྱུར། །རྟག་ ཏུ་འདར་ཞིང་སྒྲ་ཡང་འབྱིན། །གནོད་སྦྱིན་གྱི་རང་བཞིན་ཡང་དེ་བཞིན་ནོ། །གནོད་སྦྱིན་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ་ཞེས་བྱ་བ་ནི། གནོད་སྦྱིན་འབུམ་ཕྲག་དུ་མ་གནས་པ་རྣམས་ལ་མངའ་མཛད་པ། བྱང་ཕྱོགས་སྐྱོང་བའོ། །གང་བྱང་ཕྱོགས་སྲུང་ཞིང་ཡོངས་སུ་ སྐྱོང་བར་བྱེད་པ་དེ་ཡང་ཞེས་བྱ་བ་ནི། ས་དང་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ་འཇིག་རྟེན་གྱི་ཁམས་བྱང་ཕྱོགས་སྐྱོང་བར་བྱེད་པ། སེམས་ཅན་རྣམས་ལ་གནོད་པར་མི་བྱེད་པའོ། །བུ་དང་བཅས་ཞེས་བྱ་བ་ལ་སོགས་པ་ནི་རྒྱལ་པོ་ལུས་ངན་པོ་བུ་ལ་སོགས་པ་དང་། འཁོར་རྣམས་ཀྱི་བུ་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཡང་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ལྗང་གུ་ཕྱག་གཡས་ན་རལ་གྲི། གཡོན་ན་རྨ་བྱའི་སྒྲོ་བསྣམས་པའོ། ། ལས་ཀྱི་རིགས་བྱ་བ་ནན་ཏན་གྱི་ཡེ་ཤེས། འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས་ཡིད་ཀྱི་སྐྱེ་མཆེད་ཡེ་ཤེས་ལྔའི་ངོ་བོ་ཉིད། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ་རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པ། ཉི་མའི་གདན་དང་ཉི་མའི་འོད་དང་ལྡན་པ། དེའི་འོག་ན་པདྨའོ། །ཞབས་ ཕྱེད་ཀྲུང་དུ་བཞུགས་པ། །ཁྲོ་བོར་བཞུགས་པའོ། །གང་ཟག་འདི་ལ་དད་པར་གྱུར་ན། སྲུང་བར་འགྱུར་ཞིང་མ་ཤི་བར་བདེ་བར་གནས་པའོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་ནོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། གང་ལྟ་ཞེ་ན་འོག་ཏུ་བལྟ་བ་ནི་གནོད་ སྦྱིན་གྱི་སྙིང་པོ་རིག་སྔགས་ཀྱི་གསང་སྔགས་ནི། སཽ་རི་སཽ་རི་ལ་སོགས་པའོ། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ཞེས་བྱ་བ་ནི་འབུམ་ཕྲག་དུ་མ་དྲི་ཟ་དང་བཅས་ཤིང་། ཤར་ཕྱོགས་སྐྱོང་བའོ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ཞེས་བྱ་བ་ནི། གྲུལ་བུམ་གྱི་འཁོར་འབུམ་ཕྲག་དུ་མ་དང་བཅས་ཤིང་། ལྷོ་ཕྱོགས་སྲུང་བའོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །ཞེས་བྱ་བ་ནི་ཀླུའི་འཁོར་རྣམས་འབུམ་ཕྲག་དུ་མ་དང་བཅས་ཤིང་། ནུབ་ཕྱོགས་སྐྱོང་བའོ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །ཞེས་བྱ་བ་ནི་ གནོད་སྦྱིན་གྱི་འཁོར་འབུམ་ཕྲག་དུ་མ་དང་བཅས་ནས་བྱང་ཕྱོགས་སྲུང་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་གུས་པར་བྱེད་ཅིང་སྲུང་བ་བཏགས་ན། རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་ནས་སྲུང་བ་དང་སྦ་བ་ལ་སོགས་པ་བྱེད་པར་འགྱུར་རོ། ། རྒྱལ་པོ་ཆེན་པོ་འདི་བཞི་དག།།ཅེས་བྱ་བ་ནི་འཁོར་རྒྱལ་པོ་ཆེན་པོ་བཞིས་བྱས་ཤིང་། རིག་སྔགས་ཀྱི་རྒྱལ་མོ་གཙོ་བོར་བྱས་པའོ། །དོག་ས་ས་གཞི་བཟང་པོ་ལ། །མེ་ལོང་དབྱིབས་བཞིན་མཁས་པས་བྱས། །དེ་སྟེང་ཚོན་ལྔས་བྲི་བ་ལ། །མཛེས་པར་བྱས་ ནས་ཡང་དག་བྲི། །གྲུ་བཞི་སྒོ་བཞི་ཏྭ་རན་བཞི། །དབུས་སུ་སྣ་ཚོགས་པདྨ་ལ། །རིག་སྔགས་རྒྱལ་མོ་ཡང་དག་བཞུགས། །སྣ་ཚོགས་པདྨ་འདབ་བཞི་ལ། །རྒྱལ་པོ་བཞི་ཡང་བཞུགས་པའོ། །དེ་བཞིན་གསེར་གྱི་པདྨ་ལ། །མཆོད་པའི་ལྷ་མོ་བཞི་ཡང་དགོད། །སྒོ་བཞི་དང་ ནི་ཟུར་རྣམས་ལ། །ཕྱོགས་སྐྱོང་བཅུ་ཡང་དགོད་པར་བྱ། །རྡོ་རྗེ་ར་བའི་ཕྱི་རིམ་ལ། །རྒྱལ་ཆེན་བཞི་ཡི་འཁོར་རྣམས་དགོད། །དེ་བཞིན་འབྱུང་པོ་ལ་སོགས་དང་། །མཁས་པས་ཡང་དག་བྲི་བར་བྱ། །རྒྱལ་པོ་བཞིའི་དཀྱིལ་འཁོར་གྱི་བྱ་ཐབས་སོ། །དེ་ནས་བུམ་པའི་བྱ་ཐབས་ནི། ། མཚན་མ་ལེགས་པ་མགྲིན་པ་རིང་། །ནག་པོ་ར་རི་སྤངས་པ་དང་། །མཆུ་འཕྱང་ལྟོ་བ་ཆེ་བ་དང་། །དར་རམ་རས་སམ་གང་ཡང་རུང་། །མགྲིན་པ་ཡངས་པར་བཅིང་བར་བྱ། །རིན་ཆེན་ལྔ་དང་འབྲུ་ལྔ་དང་། །སྨན་ལྔ་དྲི་ལྔ་སྙིང་པོ་ལྔ། །ཆུ་གཙང་གིས་ནི་ལེགས་པར་དགང་། །གདུགས་ དང་བ་དན་རྒྱལ་མཚན་དང་། །ལོ་མ་ལྔ་དང་ལྡན་པ་དང་། །བཀྲ་ཤིས་བརྒྱད་དང་ཡང་དག་ལྡན། །དེ་རྣམས་ཀྱིས་ནི་བརྒྱན་ནས་ནི། །དཀྱིལ་འཁོར་དབུས་སུ་ཡང་དག་གཞག །སྙིང་པོའམ་ཉེ་བའི་སྙིང་པོ་འམ། །དེའི་སྔགས་ཀྱིས་བུམ་པ་ལྷག་པར་བྱེད་པའི་ཆོ་ག་བྱས་ལ། དཀྱིལ་འཁོར་བསྐྱེད་པར་བྱའོ། །དཀྱིལ་འཁོར་བསྐྱེད་པ་ཡང་ཕྱིས་བཤད་པ་བཞིན་དུ་བྱའོ། །རྒྱལ་པོ་ཆེན་པོ་བཞིའི་འཁོར་གྱིས། ནད་ཀྱིས་བཏབ་པ་དེ་སྔར་བཤད་པའི་སྙིང་པོའི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་བཞིན་དུ་སྲུང་བ་བྱས་ན། རྒྱལ་པོ་ཆེན་པོ་བཞིས་ ཀྱང་འཇིག་རྟེན་སྐྱོང་ཞིང་ནད་པ་ཡང་སྐྱོང་བར་འགྱུར་རོ། །འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །ཞེས་བྱ་བ་ནི་གླིང་བཞིའི་རི་རབ་དང་བཅས་པའི་འཇིག་རྟེན་གྱི་ཁམས་ན་གྲགས་པའོ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམས་ཀྱི་ཆོས་སྐྱོང་བ་བྱང་ཆུབ་སེམས་དཔའི་ས་དང་པོ་ཐོབ་ནས་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་དྲི་ཟ་དང་གྲུལ་བུམ་དང་། ཀླུ་དང་། གནོད་སྦྱིན་དང་། དེ་རྣམས་ཀྱི་དེད་དཔོན་ཏེ། དེ་རྣམས་ལ་ཆེ་བར་མཛད་ཅིང་འཇིག་ རྟེན་ལ་གྲགས་པའི་སྟོབས་དང་ལྡན་པའོ། །ཕ་རོལ་དགྲ་རྣམས་རབ་ཏུ་འཇོམས། །ཞེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་གྱི་ཡུལ་ལ་ཕ་རོལ་འདུལ་བའོ། །གཞན་གྱིས་མི་ཐུབ་ཐུབ་པར་དཀའ། །ཞེས་བྱ་བ་ནི་གཞན་འཇིག་རྟེན་གྱི་ལྷ་རྣམས་ཀྱིས་མི་ཐུབ་པ་སྟོབས་ཆེ་བ་དང་ལྡན་པའོ། ། རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྐད་ཅིག་མས་ཁྱབ་ཅིང་སེམས་ཅན་རྣམས་ཀྱི་དོན་མཛད་པའོ། །དེ་བཞིན་དུ། ཁ་དོག་ལྡན་ཞིང་གྲགས་དང་ལྡན། །ཞེས་བྱ་བ་ནི་སོ་སོ་རང་གི་ཁ་དོག་དང་ལྡན་ཞིང་། དེ་བཞིན་གྲགས་ པ་ཡང་ཡིན་ནོ། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་ཡུལ་ཡང་མྱོང་བར་བྱེད། །ཅེས་བྱ་བ་ནི་ལྷ་དང་ལྷ་མ་ཡིན་གྱི་སྤྱོད་པ་ལ་ཡང་རྩོད་པར་ནུས་ཤིང་། ཕ་རོལ་གྱི་དགྲ་རྣམས་འདུལ་བའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ ཅེས་བྱ་བ་ནི་རྒྱལ་པོ་ཆེན་པོ་བཞི་འཁོར་བཅས་དང་། གང་ཟག་བདག་ལ་སྲུང་བར་བྱེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི། མཚོན་བྱ་ནི་ཤེས་རབ་སྟེ་མཚོན་བྱེད་ནི་ཐབས་སོ། །རྒྱལ་མོ་བདག་ཉིད་དོ། །རིན་པོ་ཆེའི་རིགས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཚོར་བའི་ཕུང་ པོ་ཆུའི་ཁམས། སྣའི་སྐྱེ་མཆེད་ཡེ་ཤེས་ལྔའི་ངོ་བོ་ཉིད། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་སེར་མོ། གཡས་མཐིང་ག །གཡོན་དམར་བ་ཞལ་དང་པོ་སྒེག་པ། གཡས་ཁྲོ་བ། གཡོན་འཛུམ་པ། ཞལ་རེ་རེ་ལ་སྤྱན་གསུམ་དང་ལྡན་པའོ། །སངས་རྒྱས་ལྔའི་དབུ་རྒྱན། དབུ་ ལ་རིན་པོ་ཆེའི་རྡོ་རྗེས་བརྒྱན་པ། རྒྱན་ཐམས་ཅད་རིན་པོ་ཆེས་བརྒྱན་པའོ། །ཕྱག་གཡས་དང་པོ་རལ་གྲི །འོག་མ་ན་རྡོ་རྗེ་རིན་པོ་ཆེ། གཡོན་དང་པོ་འཁོར་ལོ། འོག་མ་ན་རྨ་བྱའི་སྒྲོ་ཐ་མ་གཉིས་ན་མདའ་གཞུ་འགེངས་པའོ། །ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྣ་ཚོགས་ པདྨའི་སྟེང་དུ་ཟླ་བའི་གདན། ཉི་མ་བདུན་དང་ལྡན་པའི་འོད་མངའ་བ། བཅུ་དྲུག་ལོན་པའི་ཆ་བྱད་ཅན་ཐབས་ཤེས་རབ་གཉིས་སུ་མེད་པ་གང་ཟག་དག་གིས་གུས་པར་བྱེད་པའོ། །སྦ་བ་དང་ཞེས་བྱ་བ་ནི། སྡུག་བསྔལ་ཐམས་ཅད་སྦ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་ བ་ནི། འཁོར་བའི་སྡུག་བསྔལ་ལས་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི་མི་དགེ་བཅུ་སྤངས་ནས་དགེ་བ་བཅུ་ལ་གཟུད་པའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི་མ་རིག་པ་བཅོམ་ནས་ཡོན་ཏན་སྐྱོང་བའོ། །ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཞེས་ བྱ་བ་ནི། འཁོར་བའི་སྡུག་བསྔལ་ཞི་བར་འགྱུར་ཏེ། ཡང་དག་པའི་དོན་ཐོབ་ནས་མཐོ་རིས་ཀྱི་ངོ་བོ་ཉིད་ཐོབ་པའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི་བདུད་བཞི་རྣམས་ཀྱི་ཆད་པ་སྤངས་ནས་ཡེ་ཤེས་ཤར་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི་དམྱལ་བའི་སྡུག་བསྔལ་མཚོན་ཆ་ སྤང་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། དུག་ལྔ་ཤར་བ་ལ་དེས་བསིལ་བར་བྱེད་པའོ། །དུག་གསང་བ་དང་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་རང་བཞིན་གྱིས་དུག་ལྔ་གསད་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། མ་རིག་པའི་ངོ་བོ་བསད་ནས། ཡེ་ཤེས་ཀྱི་ངོ་བོ་ ལ་འཇུག་པའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི། སྡིག་པའི་སེམས་དང་ལྡན་པ་རྣམས་དགེ་བ་ལ་འཇུག་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་འདིའི་གཟི་བརྗིད་ཀྱིས་ནད་མེད་ཅིང་ཤི་བའི་དུས་ཀྱིས་མི་གོས་པའོ། །སྟོན་བརྒྱ་མཐོང་བར་ ཤོག་ཤིག་ཅེས་བྱ་བ་ནི། ཡེ་ཤེས་དེས་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ་གང་ལྟ་ཞེ་ན་རིག་སྔགས་ཀྱི་གསང་སྔགས་བསམ་གྱིས་མི་ཁྱབ་པ་བལྟའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཨེ་ལེ་མེ་ལེ་ལ་སོགས་པའོ། །རིག་སྔགས་ ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་རྒྱལ་པོ་བཞིའི་ཆོ་གའི་གནས་སྐབས་ཏེ་བརྒྱད་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཀུན་དགའ་བོ་ལ་ཡང་ནས་ཡང་དུ་བཀའ་སྩལ་པའོ། །ཁྱོད་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་མིང་ ཟུང་ཤིག་ཅེས་བྱ་བ་ནི། ལུས་ངན་པོའི་བུ་བཞི་པོའི་མིང་བརྗོད་ཅིང་། སེམས་ཅན་རྣམས་ལ་ཡང་དག་པར་བསྲུང་སྟེ། འདིའི་ནུས་པས་གནོད་སྦྱིན་ཆེན་པོ་དེ་རྣམས་ཀྱིས་ཀྱང་གང་དང་གང་དུ་སྲུང་བར་བྱེད་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི་འོག་ཏུ་བལྟའོ། །འོག་ཏུ་གང་ བལྟ་ཞེ་ན། གནོད་སྦྱིན་གྱི་དེད་དཔོན་ཆེན་པོ་ལྔ་པོ་བལྟ་བའོ། །ལུས་ངན་གྱི་ནི་བུ་ཐུ་བོ། །ཞེས་བྱ་བ་ནི་རྒྱལ་པོ་ཆེན་པོ་ལུས་ངན་པའི་བུ་ཆེན་པོ་ལྔ་པོ་དེ་དག་སྟེ། གཟི་བརྗིད་ཆེ་ཞིང་སྟོབས་དང་ལྡན། གྲགས་པ་དང་ལྡན་པ། ཁ་དོག་དང་ལྡན་པ། ལྷ་དང་ལྷ་མིན་གྱི་གཡུལ་ཡང་ བཀྱེ་བའོ། །ཀུན་དུ་རྒྱལ་བ་མི་ལ་ཞོན། །ཕྲུགས་སུ་ལྡན་ན་གནས་པ་སྟེ། །ལྷ་ཡི་བདེན་པ་གསོལ་བའོ། །ཞེས་བྱ་བ་ནི་དེའི་ཁ་དོག་ནི་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོ་དང་། དེ་རྣམས་ནི་ཞལ་རེ་རེ་ཕྱག་གཉིས་གཉིས་སོ། །ཕྱག་གཡས་ རྣམས་ན་འཁོར་ལོ་དང་མདུང་དང་དགྲ་སྟ་དང་། རྩེ་གཅིག་དང་ལྕགས་ཀྱུ་བསྣམས་པའོ། །ཕྱག་གཡོན་པ་རྣམས་ན་རིན་པོ་ཆེའི་མྱུ་གུ་བསྣམས་པ། གནོད་སྦྱིན་དེ་རྣམས་ནི་སེམས་ཅན་གྱི་དོན་མཛད་ཅིང་། སྲོག་ཆགས་རྣམས་ལ་གནོད་པ་མི་བྱེད་པའོ། །ཀུན་དུ་རྒྱལ་བ་དང་། མི་ལ་ཞོན་པ་གཉིས་ནི་ཤར་དང་ལྷོ་སྐྱོང་བའོ། །ཕྲུགས་སུ་ལྡན་ན་གནས་པ་སྟེ། །ལྕང་ལོ་ཅན་གྱི་ཕོ་བྲང་ན་གནས་པ་ལྷའི་དབང་པོ་བརྒྱ་བྱིན་གྱི་བཀའ་ལས་མི་འདའ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བསྟན་པ་སྲུང་བ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི། རྗེས་སུ་དྲན་ཞིང་རིག་སྔགས་ལ་གུས་པར་བྱས་པའོ། །ཀུན་དུ་རྒྱལ་དང་མི་ལ་ཞོན་གཉིས་ཀྱིས་ཀྱང་ནུབ་ཕྱོགས་དང་བྱང་ཕྱོགས་སྐྱོང་བའོ། །སོར་མོ་ལྔ་པས་ནི་ལྷའི་དབང་པོ་བརྒྱ་བྱིན་གྱི་ཕོ་བྲང་སྐྱོང་བའོ། །དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་ བ་གྱིས་ཤིག་ཅེས་བྱ་བ་ནི། སྲུང་བ་དང་། རྗེས་སུ་ཡི་རང་བ་དང་། ཀློག་པ་དང་། ཁ་དོན་བྱེད་པ་དང་། རྒྱ་ཆེར་སྤེལ་བ་དང་། གུས་པར་བྱས་ནས་འཆང་བ་དང་། བསྒོམ་པ་དང་། ཚིག་གཅིག་ཀྱང་འདོན་པར་གྱུར་ན། ཚེ་འདིར་ཡང་གནོད་སྦྱིན་དེ་རྣམས་ཀྱིས་སྲུང་བར་འགྱུར་ རོ། །ཚེ་ཕྱི་མ་ལ་ཡང་སྲུང་བར་འགྱུར་རོ། །འདིའི་གཉེན་པོའི་རིག་སྔགས་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ལྗང་གུ་ལས་ཀྱི་རིགས་བྱ་བ་ནན་ཏན་གྱི་ཡེ་ཤེས་འདུ་བྱེད་ཀྱི་ཕུང་པོ་རླུང་གི་ཁམས་ལུས་ཀྱི་སྐྱེ་མཆེད། ཡེ་ཤེས་ལྔའི་ངོ་བོ་ཉིད་སྤྱན་གསུམ་པ་ཅུད་ཟད་ཁྲོ་བ་རིགས་ལྔའི་དབུ་ རྒྱན་ཅན་ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་པ། གཡས་ན་སྣ་ཚོགས་རྡོ་རྗེ་བསྣམས་པ། གཡོན་པ་ན་རྨ་བྱའི་སྒྲོ་བསྣམས་པའོ། །རྨ་བྱ་ལ་ཞོན་པའོ། །དེ་ལྟ་བུའི་རིག་སྔགས་ལ་གང་ཟག་གིས་གུས་པར་བྱས་ན་གནོད་སྦྱིན་དེ་རྣམས་ཀྱིས་ཀྱང་སྐྱོང་བའོ། །སྦ་བ་ལ་སོགས་པ་ ཞེས་བྱ་བ་ནི་སྔ་མ་བཞིན་དུ་ཤེས་པར་བྱའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། རིག་སྔགས་ཀྱི་གསང་སྔགས་གནོད་སྦྱིན་གྱི་སྙིང་པོ་ནི། བ་ལེ་བ་ལེ་ལ་སོགས་པའོ། །སྐྱ་སྣར་བུ་ན་འཁོར་བ་འཇིག །ཅེས་བྱ་བ་ནི་གནས་ནི་སྐྱ་སྣར་བུ། གནོད་སྦྱིན་ནི་འཁོར་བ་འཇིག་གོ། །དེ་ཡང་ འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་གནས་སོ། །ཕྱག་གཉིས་པ་སྐུ་མདོག་དཀར་པོ་གཡས་འཁོར་ལོ། གཡོན་སྡིགས་མཛུབ་བོ། གཞན་གྱིས་མི་ཐུབ་དཀའ་བ་ན། །ཞེས་བྱ་བ་ནི་ཡུལ་ནི་རྒྱ་གར་གྱི་ནུབ་ཕྱོགས་ཡིན་ཏེ། གནོད་སྦྱིན་གཞན་གྱིས་མི་ཐུབ་པ་ནི་ཞལ་གཅིག་ ཕྱག་གཉིས་པ། སྐུ་མདོག་སེར་པོ། གཡས་རལ་གྲི་གཡོན་ཐོད་པའོ། །གྲོང་ཁྱེར་བཟང་ན་གནོད་སྦྱིན་བྲག །ཅེས་བྱ་བ་ནི་དེ་ནི་གནས་ཡིན་ཏེ། གནོད་སྦྱིན་གྱི་སྐུ་མདོག་ནི་མཐིང་ནག །གཡས་གཡོན་གཉིས་ནི་གྲི་གུག་དང་ཐོད་པ་བསྣམས་པའོ། །ཤེད་ཀྱི་བུ་ནི་ བྱང་ཕྱོགས་ན། །ཞེས་བྱ་བ་ནི་རི་རབ་ཀྱི་བྱང་ཕྱོགས་ན་སྒྲ་མི་སྙན་ན་གནས་པ་སྟོབས་དང་ལྡན་པ། གཟི་བརྗིད་ཆེ་བའོ། །དེའི་ཁ་དོག་ནི། གསེར་དང་འདྲ་བ། གཡས་ན་དབྱུག་ཏོ་གཡོན་ན་པདྨ་བསྣམས་པའོ། །ལག་ན་རྡོ་རྗེ་རྒྱལ་པོའི་ཁབ། །ཅེས་བྱ་བ་ནི་རྒྱ་གར་གྱི་ཡུལ་ གྲོང་ཁྱེར་དབུས་ན་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་ན་གནས་པའོ། །སྐུ་མདོག་མཐིང་ག །གཡས་རྡོ་རྗེ་གཡོན་སྡིགས་མཛུབ་བོ། །བྱ་རྒོད་ཕུང་པོར་གནས་བཅས་པ། །ཞེས་བྱ་བ་ནི་གནོད་སྦྱིན་ལག་ན་རྡོ་རྗེ་ནི། ཕོ་བྲང་བྱ་རྒོད་ཕུང་པོར་བྱས་ནས་ཁམས་གསུམ་དུ་སྐད་ ཅིག་མས་རྒྱུ་བའོ། །རྒྱ་མཚོའི་མཐའ་ཡི་བར་གྱི་སར། །ལན་གསུམ་བར་དུ་འགྲོ་བྱེད་པ། །ཞེས་བྱ་བ་ནི་རྒྱ་མཚོ་དང་བྱ་རྒོད་ཕུང་པོ་གཉིས་ལ། ལན་གསུམ་གསུམ་རྒྱུ་བའོ། །སྐད་ཅིག་མས་འཛམ་བུའི་གླིང་བར་ནས་རྒྱུ་བའོ། །སྟོབས་ཆེ་ཞིང་ནི་གཟི་ བརྗིད་ཆེ། །དཔག་ཚད་བཅུར་ནི་རྣམ་པར་གནོན། །ཞེས་བྱ་བ་ནི་གཞན་གྱི་སྟོབས་དང་འགྲན་པར་མི་ནུས་པ། གཟི་བརྗིད་ཀྱང་དེ་བཞིན་ནོ། །ལུས་ཀྱི་ཚད་ནི་དཔག་ཚད་བཅུར་སྤྲུལ་པའོ། །གནོད་སྦྱིན་མཁའ་ལྡིང་རྒྱས་པ་ན། །ཞེས་བྱ་བ་ནི་རྒྱུ་བ་ནི་ནམ་མཁའ་ལ་རྒྱུ་བ་སྟེ། གནས་པ་ ནི་མ་ལ་ཡའི་རྩེ་མོ་ནའོ། །གཟུགས་བྱ་དང་འདྲ་བ་ལུས་སེར་པོ་གཤོག་པ་ནག་པོ། །མཇུག་མ་ཡང་ནག་པོ། །མཆུ་སྔོན་པོ་རིང་བ། ལག་པ་དང་རྐང་པ་སྡེར་མོ་རིང་བ་མིག་སེར་བ། གཡས་གཡོན་གཉིས་ན་སྦྲུལ་ཟ་བའོ། །སྐད་ཅིག་མས་དཔག་ཚད་ལྔ་བརྒྱར་འཕུར་ནུས་པའོ། ། སྣ་ཚོགས་སྦེད་པ་གནས་སྒོ་ན། །ཞེས་བྱ་བ་ནི་དེ་ཡང་འཛམ་བུ་གླིང་གི་ལྷོ་ཕྱོགས་ན་གནས་སྒོ་ཞེས་བྱ་བའི་ཡུལ་ནའོ། །གནོད་སྦྱིན་དེའི་སྐུ་མདོག་ནི། ཤིན་ཏུ་དམར་བ། ཁྲོ་བའི་ཚུལ་དུ་ཡོད་པ། ཕྱག་གཡས་གཡོན་གཉིས་ན་མདའ་གཞུ་བསྣམས་པའོ། །གནོད་སྦྱིན་བ་ཀུ་ལའི་ རྒྱལ་ཁབ་ན། །ཞེས་བྱ་བ་ནི་གནས་ནི་རྒྱལ་པོའི་ཁབ་ཀྱི་དབུས་ནའོ། །སྐུ་མདོག་ནི་ལྗང་གུའོ། །བཞིན་མི་སྡུག་པ། གཟུགས་ཐུང་བ། ཕྱག་གཡས་གཡོན་གཉིས་ན་ནོར་གྱི་རྐྱལ་བ་འཛིན་པའོ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ཞེས་བྱ་བ་ནི་བ་ཀུ་ལ་ནི་འཁོར་མང་པོ་ཡོད་པ། གཟི་ བརྗིད་དང་ལྡན་པ། ཁ་དོག་དང་ལྡན་པའོ། །གནོད་སྦྱིན་ནག་པོ་ཉེ་ནག་པོ། །སེར་སྐྱ་ཡི་ནི་གནས་ན་གནས། །ཞེས་བྱ་བ་ནི་ཆུ་བོ་གངྒཱའི་འགྲམ་ཤར་ཕྱོགས་ན་གནས་པའོ། །གནོད་སྦྱིན་ནག་པོ་ཉེ་ནག་པོ། །དེ་བས་ཀྱང་ནག་པས་ཉེ་ནག་པོ། །གནོད་སྦྱིན་དེ་གཉིས་ཀྱང་ ཕྱག་གཉིས་གཉིས། གཡས་པ་ན་རིན་པོ་ཆེ་འཛིན་པའོ། །གཡོན་ནེའུ་ལེའི་རྐྱལ་པ་བསྣམས་པའོ། །ཐུབ་པ་ཆེན་པོ་ཤཱཀྱའི་ཏོག །སངས་རྒྱས་ཐུབ་པ་གར་བལྟམས་པར། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་དབུས་ཆུ་བོ་གངྒཱའི་ལྷོ་ཕྱོགས་ན། དེར་སངས་རྒྱས་གནས་པའོ། །ཕྱག་གཉིས་ སྐུ་མདོག་གསེར་གྱི་མདོག་ཅན་རབ་ཏུ་བྱུང་བའི་གཟུགས་སུ་བཞུགས་པའོ། །རྐང་བཀྲ་བོ་ནི་དགྲ་ཅན་ལ། །ཞེས་བྱ་བ་ནི་རྒྱ་གར་གྱི་ཡུལ་གྱི་དབུས། ལྷོ་ནུབ་གྱི་མཚམས་ནའོ། །གནོད་སྦྱིན་དེའི་སྐུ་མདོག་དང་ཕྱག་མཚན་ནི། སྐུ་མདོག་མཐིང་ག །གཡས་གཡོན་གཉིས་རྩེ་ གཅིག་དང་། དུང་བསྣམས་པའོ། །ཙི་ར་ཏ་ན་དབང་ཕྱུག་ཆེ། །ཞེས་བྱ་བ་ནི་འཛམ་བུ་གླིང་གི་ནུབ་ཕྱོགས་ན་གནས་ཏེ། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་སྔོ་སྐྱ་ཕྱག་གཡས་པ་གཉིས་ན་ཕྲེང་བ་དང་བུམ་པ། གཡོན་པ་གཉིས་ན་ཏྲི་ཤཱུ་ལ་དང་ཨ་འབྲས་བསྣམས་པའོ། །སྤྱན་ གསུམ་པ་རལ་པའི་ཐོར་ཚུགས་ཅན་ནོ། །མཉན་ཡོད་ན་ནི་ཕུར་བུའོ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་དབུས་ཀྱི་གྲོང་ཁྱེར་ན། རྒྱལ་བུ་མགོན་མེད་མདུན་ནའོ། །གནོད་སྦྱིན་ཕུར་བུ་ནི། སྐུ་མདོག་དཀར་པོ། གཡས་གཡོན་གཉིས་ན་མདའ་གཞུ་འཛིན་པའོ། །གནས་ བཅས་ན་ནི་རྒྱ་མཚོ་གནས། །ཞེས་བྱ་བ་ནི་གནོད་སྦྱིན་རྒྱ་མཚོ་ནི་ཞལ་གཅིག་ཕྱག་གཉིས་ཏེ། སྐུ་མདོག་དཀར་པོ་སྦྲུལ་གྱི་ཞགས་པ་འཛིན་པའོ། །ཡངས་པ་ཅན་ན་རྡོ་རྗེ་མཚོན། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་དབུས་ཀྱི་གྲོང་ཁྱེར་ན་གནས་པའོ། །སྐུ་མདོག་སེར་པོ་རིན་པོ་ཆེའི་ཕྲེང་བ་འཛིན་པའོ། ། སྤྲེའུ་ལྟར་དམར་སེར་གྱེད་ཡུལ་ན། །ཞེས་བྱ་བ་ནི་རྒྱ་གར་གྱི་ཕྱོགས་ངོས་ན་ཡིན་ཏེ། གནོད་སྦྱིན་དེ་ནི་སྐུ་མདོག་དམར་པོ། ཕྱག་ན་གཏུན་ཤིང་འཛིན་པའོ། །ཝཱ་རཱ་ཎ་སཱིར་ནག་པོ་ཆེ། །ཞེས་བྱ་བ་ནི་དེ་ཡང་འཛམ་བུའི་གླིང་གི་དབུས་ཆུ་བོ་གངྒཱའི་འགྲམ་ནའོ། །གནོད་སྦྱིན་ནག་པོ་ཆེན་ པོ་ནི་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་མཐིང་ནག་སྤྱན་གསུམ་པའོ། །གཡས་པ་གསུམ་ན་རལ་གྲི་གྲི་གུག་རྩེ་གསུམ་མོ། །གཡོན་པ་གསུམ་ན་ཙནྡན་གྱི་བེ་ཅོན་དང་ཐོད་པ་ཞགས་པ་བསྣམས་པའོ། །བལྟ་ན་སྡུག་པ་ཙམ་པ་ན་ཞེས་བྱ་བ་ན་ནི། རྒྱ་གར་ཡུལ་ཤར་ཕྱོགས་ན་ཤིན་ ཏུ་བྱད་མཚར་བ་གནོད་སྦྱིན་བལྟ་ན་སྡུག་གི་གནས་སོ། །སྐུ་མདོག་དཀར་པོ་ཕྱག་ན་པདྨ་བསྣམས་པའོ། །གནོད་སྦྱིན་ཁྱབ་འཇུག་སྒོ་ཅན་ན། །ཞེས་བྱ་བ་ནི་ཕྱིའི་རྒྱ་མཚོའི་འགྲམ་མོ། །སྐུ་མདོག་ལྗང་ནག་ཕྱག་བཞི་པ་གཡས་པ་གཉིས་ན། འཁོར་ལོ་དང་། ཨ་འབྲས། གཡོན་པ་ གཉིས་དབྱུག་ཏོ་དང་། དུང་བསྣམས་པའོ། །འཛིན་པ་པོ་ནི་སྒོ་དྲུང་ན། །ཞེས་བྱ་བ་ནི་དེ་ཡང་རྒྱ་མཚོའི་འགྲམ་ན་ཡིན་ཏེ། སྐུ་མདོག་སེར་པོ་ཕྱག་གཡས་གཡོན་གཉིས་ན། ཨུཏྤ་ལའི་ཕྲེང་བ་འཛིན་པའོ། །འཇིགས་བྱེད་ཟངས་ཀྱི་འདབ་མ་ཅན། །ཞེས་བྱ་བ་ནི་ལྷོ་ནུབ་ཀྱི་ མཚམས་རྒྱ་མཚོའི་འགྲམ་ནའོ། །སྐུ་མདོག་དམར་སྐྱ་གཡས་རལ་གྲི། །གཡོན་སྡིགས་མཛུབ་བོ། །བྲང་གིས་འགྲོ་ན་འཇོམས་པ་པོ། །ཞེས་བྱ་བ་ཡིན་ཏེ། རྒྱ་གར་གྱི་བྱང་ངོས་ནའོ། །གནོད་སྦྱིན་དམར་སྐྱ་ཕྱག་ན་རྩེ་གསུམ་བསྣམས་པའོ། །འབྲོག་ན་གནོད་སྦྱིན་འབྲོག་ གནས་པོ། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་ཐང་སྟོང་རྣམས་ལ་གནས་པ། སྐུ་མདོག་ནག་པོ་ཕྱག་གཡས་ན་རལ་གྲི། གཡོན་ན་ཞགས་པའོ། །སེར་སྐྱ་བོ་ནི་འབྲུ་མངས་ན། །ཞེས་བྱ་བ་ནི་དེ་ཡང་རྒྱ་གར་ཡུལ་གྱི་དབུས་སུ། གནོད་སྦྱིན་མདོག་སེར་སྐྱ། ཕྱག་ན་དབྱུག་ཏོ་བསྣམས་ པའོ། །འཕགས་རྒྱལ་ན་ནི་ནོར་སྲུང་བ། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་དབུས་སུའོ། །གནོད་སྦྱིན་སྐུ་མདོག་སེར་པོ་ཕྱག་དྲུག་པ་གཡས་པ་གསུམ་ནི་ཕྱག་འཚལ་བ་དང་། ནོར་གྱི་སྙེ་མ་དང་། མཆོད་སྦྱིན་ནོ། །གཡོན་པ་གསུམ་ན་པོ་ཏི་དང་། འབྲས་ཀྱི་སྙེ་མ་དང་བུམ་ པའོ། །སྲུང་བྱེད་ན་ནི་ནོར་འབྱོར་པ། །ཞེས་བྱ་བ་ནི་ཡུལ་དེའི་ལྷོ་ཕྱོགས་ནའོ། །གནོད་སྦྱིན་སྐུ་མདོག་སེར་པོ་གཡས་ན་རིན་པོ་ཆེའི་བུམ་པ་བསྣམས་པ། །གཡོན་ན་གསེར་གྱི་བུམ་པ་བསྣམས་པའོ། །གསོ་བའི་མཐའ་ན་གསོ་བ་པ། །ཞེས་བྱ་བ་ནི་ནུབ་ཀྱི་ཕྱོགས་ན་གནས་ ཏེ། གནོད་སྦྱིན་གསོ་བ་པོ་ནི། སྐུ་མདོག་ལྗང་གུ་ཕྱག་ན་ནེའུ་ལེ་བསྣམས་པའོ། །དགའ་བོ་ཉེ་དགའ་གྲོང་ཁྱེར་གནས། །ཞེས་བྱ་བ་ནི་ཡུལ་དབུས་ནའོ། །དེ་གཉིས་ཀྱང་སྐུ་མདོག་སེར་པོ། སྦྲུལ་གྱི་ཞགས་པ་བསྣམས་པའོ། །ཕྲེང་བ་འཛིན་པ་ཁྱུ་མཆོག་ན། །ཞེས་བྱ་བ་ནི་ དེ་ཡང་འཛམ་བུའི་གླིང་གི་དབུས་ན་གནས་ཏེ། གནོད་སྦྱིན་གྱི་ཁ་དོག་ནི་དམར་པོ་ཕྱག་ན་གསེར་གྱི་ཕྲེང་བ་འཛིན་པའོ། །ཀུན་དགའ་འཆི་མེད་ས་ཞག་ན། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་ཤར་ཕྱོགས་ནའོ། །སྐུ་མདོག་སེར་པོ་ཕྱག་ན་རྡོ་རྗེ་བསྣམས་པའོ། །མཆེ་བ་དཀར་བ་ དངོས་བཟང་ན། །ཞེས་བྱ་བ་ནི་རི་རབ་ཀྱི་ཤར་ཕྱོགས་ན་གནོད་སྦྱིན་མཆེ་བ་ཅན་གནས་ཏེ། སྐུ་མདོག་དཀར་པོ། ཕྱག་གཡས་ན་འཁོར་ལོ་བསྣམས་པའོ། །མེ་བརྟན་པ་ནི་གཟི་ཅན་ན། །ཞེས་བྱ་བ་ནི་རྒྱ་མཚོའི་བར་ན་གནས་པ་སྟེ། གནོད་སྦྱིན་གྱི་ཁ་དོག་ནི་མཐིང་ནག་ ཏུ་ཡོད་པ། ཕྱག་ན་ལྕགས་ཀྱུ་བསྣམས་པའོ། །རིན་ཆེན་རི་ལྡན་གྲོང་ཁྱེར་ན། །ཞེས་བྱ་བ་ནི་རི་བོ་ཆེན་པོའི་བར་ན་གྲོང་ཁྱེར་བལྟ་ན་སྡུག་གི་དབུས་ན། རྣམ་པར་རྒྱལ་བའི་གཞལ་ཡས་ཁང་གི་སྲུང་མའོ། །གནོད་སྦྱིན་དེ་ནི་སྟོབས་དང་ལྡན་པ། གཟི་བརྗིད་ཆེ་བའོ། །དེའི་སྐུ་ མདོག་དང་ཕྱག་མཚན་ནི་སྐུ་མདོག་ནག་པོ། གཡས་ན་གྲི་གུག་གཡོན་ན་ཐོད་པ་བསྣམས་པའོ། །ནོར་གྱི་བུ་ནི་ཕྱོགས་མཚམས་གནས། །ཞེས་བྱ་བ་ནི་གནོད་སྦྱིན་རྣམ་ཐོས་ཀྱི་བུ་ཡིན་ཏེ་རི་རབ་ཀྱི་ཕྱོགས་མཚམས་ན་གནས་པའོ། །སྐུ་མདོག་སེར་པོ། གཡས་ན་རིན་ པོ་ཆེའི་མྱུ་གུ། གཡོན་ན་བུམ་པ་བསྣམས་པའོ། །སྨིན་དྲུག་བུ་ནི་གཞོན་ནུ་ཞེས། །འཇིག་རྟེན་གྲགས་པ་སྐྱེ་ཡོད་ན། །ཞེས་བྱ་བ་ནི་གནོད་སྦྱིན་དེ་ནི་སྐུ་མདོག་དམར་པོའོ། །གཡས་ན་རྩེ་གཅིག །གཡོན་ཕྲེང་བ་འཛིན་པའོ། །དེའི་འོག་མའི་གནོད་སྦྱིན་ནི་ཐལ་བའི་ མདོག་ཅན་ལྕགས་ཀྱུ་འཛིན་པའོ། །འོད་མའི་འགྲམ་ན་ལག་བརྒྱ་པ། །ཞེས་བྱ་བ་ནི་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ནགས་གསེབ་ནའོ། །གནོད་སྦྱིན་ཤིན་ཏུ་འཇིགས་པ་སྐུ་མདོག་དམར་སྐྱ། ཕྱག་ན་དགྲ་སྟ་བསྣམས་པའོ། །ཀ་ལིངྐ་ན་ཤིང་རྟ་ཆེ། །ཞེས་བྱ་བ་ནི་རྒྱ་གར་ ཡུལ་གྱི་ལྷོ་ཕྱོགས་སོ། །གནོད་སྦྱིན་དེའི་སྐུ་མདོག་ནི་དཀར་པོ་ཕྱག་ན་རྩེ་གསུམ་བསྣམས་པའོ། །ཐུལ་བར་དཀའ་ནི་འགྲོ་འཇོམས་ན། །ཞེས་བྱ་བ་ནི་དེ་ཡང་དབུས་ཀྱི་ནུབ་ཕྱོགས་སུའོ། །ཁ་དོག་སེར་པོ་ཕྱག་ན་བུམ་པ་དང་བིལ་བ་བསྣམས་པའོ། །སྲིད་སྒྲུབ་ནགས་ན་སྲིད་ སྒྲུབ་པ། །ཞེས་བྱ་བ་ནི་དུར་ཁྲོད་བསིལ་བའི་ཚལ་གྱི་ནགས་ནའོ། །གནོད་སྦྱིན་དེའི་སྐུ་མདོག་ནི་སྔོ་སྐྱ་ཕྱག་ན་དབྱུག་ཏོ་བསྣམས་པའོ། །གནོད་སྦྱིན་འཇོམས་པ་འདུན་ཁང་ན། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་བྱང་ཤར་མཚམས་ན་གནས་སོ། །གནོད་སྦྱིན་གྱི་སྐུ་མདོག་ནི་སེར་ སྐྱ་སྟེ། གསེར་གྱི་རྒྱལ་བུ་འཛིན་པའོ། །ཕྲེང་བ་སྲུང་ན་རི་བརྩེགས་པ། །ཞེས་བྱ་བ་ནི་གསེར་གྱི་རི་རབ་ཀྱི་སྟེང་གི་བྱང་ཕྱོགས་ན་གནས་པའོ། །གནོད་སྦྱིན་མདོག་སེར་པོ་ལག་ན་ཕྲེང་བ་འཛིན་པའོ། །རྟ་དམར་ན་ནི་བཟང་པོ་པ། །ཞེས་བྱ་བ་ནི་དེ་ཡང་དར་ ཅིག་གི་ཡུལ་ཡིན་ཏེ། གནོད་སྦྱིན་སྐུ་མདོག་དམར་པོ་ཕྱག་ན་ལྕགས་ཀྱུ་དང་ཞགས་པ་བསྣམས་པའོ། །མ་རྫོགས་པ་ནི་ཐམས་ཅད་བཟང་། །ཞེས་བྱ་བ་ནི་ཡུལ་དེ་ཡང་རྒྱ་ནག་པོའི་བྱང་ཕྱོགས་ན་མི་ཉག་ཅེས་བྱའོ། །དེ་ན་གནོད་སྦྱིན་དེ་གནས་ཏེ། །གནོད་སྦྱིན་དེའི་སྐུ་མདོག་ ཕྱག་མཚན་ནི་གཡས་ན་འབྲས་ཀྱི་སྙེ་མ་འཛིན་པ། གཡོན་ན་ནོར་གྱི་རྐྱལ་པ་འཛིན་པའོ། །སྙེམས་པ་ཅན་ན་སྐྱོང་བ་པོ། །ཞེས་བྱ་བ་ནི་རྒྱ་ནག་པོའི་ཤར་ཕྱོགས་ན་གནས་ཏེ། དེ་ཡང་ཁྲི་སྟན་གྱི་ཡུལ་ནའོ། །དེ་ན་གནས་པའི་གནོད་སྦྱིན་གྱི་ཕྱག་མཚན་ནི། གཡས་ན་རལ་གྲི་ འཛིན་པ། གཡོན་ན་ནོར་གྱི་བུམ་པ་བསྣམས་པའོ། །དེད་དཔོན་ནོར་གྱི་དབང་ཕྱུག་གོ། །ཞེས་བྱ་བ་ནི་གནོད་སྦྱིན་གྱི་སྡེ་དཔོན་ནི་རྣམ་ཐོས་སྲས་ཡིན་ཏེ། །ནོར་གྱི་དབང་གིས་རྣམ་ཐོས་ཀྱི་ཡང་དེད་དཔོན་ནོ། །མ་རྒྱལ་རྒྱལ་ན་མཆེ་བ་གཙིགས། །ཞེས་བྱ་བ་ནི་རྒྱ་ནག་པོའི་ ཡུལ་ན་གནས་པ་སྟེ། དེ་ནི་རྒྱ་ནག་པོའི་སྲུང་མར་འགྱུར་ཞིང་ཁྲིམས་རྣམས་གནོད་སྦྱིན་དེས་བྱས་པའོ། །དེའི་སྐུ་མདོག་དང་ཕྱག་མཚན་ནི། གཡས་དབྱུག་ཏོ་གཡོན་ན་ཞགས་པའོ། །ཁ་དོག་ནི་དམར་ནག་གོ། །གནས་བཅས་ན་ནི་ནོར་བཟང་པོ། །ཞེས་བྱ་བ་ནི་དེ་ཡང་ ལྕང་ལོ་ཅན་གྱི་གནས་ན་གནས་ལ། གནོད་སྦྱིན་དེའི་སྐུ་མདོག་དང་ཕྱག་མཚན་ནི། །སྐུ་མདོག་དཀར་པོ་གཡས་ན་རིན་པོ་ཆེའི་སྣོད། གཡོན་ན་གསེར་གྱི་མྱུ་གུའོ། །ཞི་བ་ཞི་བའི་གྲོང་ལེན་ན། །ཞེས་བྱ་བ་ནི་དེ་ནི་བལ་ཡུལ་གྱི་གནས་ཡིན་ནོ། །གནོད་སྦྱིན་ནི་ཞལ་བཞི་པ། ཕྱག་ བརྒྱད་པ་སྐུ་མདོག་དཀར་པོ་དང་སྔོ་སྐྱ་དང་ལྗང་གུ་དང་མཐིང་ནག་ཏུ་གནས་པའོ། །ཕྱག་གཡས་གཡོན་གཉིས་ན་ཕྲེང་བ་དང་སྐྱབས་སྦྱིན། ཡང་གཡས་གཡོན་གཉིས་ན་རྩེ་གསུམ་དང་ཕྲེང་བ། དེའི་འོག་གཉིས་ན་འཁོར་ལོ་དང་དབྱུག་ཏོའོ། །ཐ་མ་གཉིས་ན་རྩེ་གསུམ་དང་ ཐོད་པའོ། །ཞི་བ་བཟང་པོ་འཇིགས་བྱེད་ན། །ཞེས་བྱ་བ་ནི་མཚོ་མ་དྲོས་ཀྱི་བྱང་ངོས་ནའོ། །གངས་ཀྱི་རི་ན་ཡོད་པ་སྟེ། གནོད་སྦྱིན་དེ་ནི་ཡབ་ཡུམ་དུ་བཅས་པ་སྐུ་མདོག་སེར་པོ། །གཡས་ཀྱི་ཕྱག་ན་ཏྲི་ཤཱུ་ལ། གཡོན་ན་ཕྲེང་བ་བསྣམས་པའོ། །ཡུམ་གྱི་ཕྱག་ན་ཨུཏྤ་ལ་ བསྣམས་པའོ། །གནོད་སྦྱིན་དབང་པོ་དབང་གྲོང་ན། །ཞེས་བྱ་བ་ནི་རི་རབ་ཀྱི་རྩེ་མོ་ཕོ་བྲང་བལྟ་ན་སྡུག་པ་ནའོ། །གནོད་སྦྱིན་དེ་ནི་རྡོ་རྗེ་འཛིན་པ། སྐུ་མདོག་སེར་པོའོ། །མེ་ཏོག་ཏོག་ནི་རྡོ་གྲོང་ན། །ཞེས་བྱ་བ་ནི་དེ་ནི་དཔལ་གྱི་རི་ན་གནས་ཏེ། གནོད་སྦྱིན་དེ་ནི་གཟི་བརྗིད་ཆེ་ཞིང་ སྟོབས་དང་ལྡན་པའོ། །ཕྱག་གཡས་ན་ཕྲེང་བ་འཛིན་པ། གཡོན་ན་བུམ་པ་བསྣམས་པའོ། །ཁ་དོག་དཀར་པོའོ། །ཤིང་པ་ཤིང་གི་གྲོང་ཁྱེར་ན། །ཞེས་བྱ་བ་ནི་དེ་ཡང་རི་མ་ལ་ཡ་ན་ཡོད་པ་སྟེ། དེ་ནི་ཙནྡན་གྱི་ཤིང་གི་བསུང་བའོ། །གནོད་སྦྱིན་དེའི་སྐུ་མདོག་དང་ཕྱག་མཚན་ནི། མདོག་སྔོ་བསངས་སུ་ཡོད་པ། ཕྱག་གཡས་ན་རལ་གྲི་ཡོད་པ། གཡོན་ན་ཕྲེང་བ་བསྣམས་པའོ། །ཁ་དོག་ཅན་ནི་སེར་སྐྱར་གནས། །ཞེས་བྱ་བ་ནི་ཡུལ་བོད་ཡུལ་ན་བཞུགས་ཏེ། བོད་ཡུལ་དབུས་ནའོ། །གནོད་སྦྱིན་དེ་ནི་གཡས་ན་འཁོར་ལོ། གཡོན་ན་གཤོལ་མདའ་ འཛིན་པའོ། །སྐུ་མདོག་ལྗང་གུར་གནས་པའོ། །ནོར་བུ་བཟང་དང་གང་བ་བཟང་། །ཞེས་བྱ་བ་ནི་རྣམ་ཐོས་སྲས་ཀྱི་འཁོར་ཕོ་བྲང་ལྕང་ལོ་ཅན་ན་གནས་པའོ། །དེ་གཉིས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་ཁ་དོག་སེར་པོ་དང་། དཀར་པོའོ། །གཡས་རྣམས་ན་རིན་པོ་ཆེའི་མྱུ་ གུ་དང་ནོར་གྱིས་གང་བའི་བུམ་པའོ། །གཡོན་རྣམས་ན་ནོར་གྱི་རྐྱལ་བ་དང་འབྲུ་སྣ་ཚོགས་ཀྱིས་གང་བའི་བུམ་པ་བསྣམས་པའོ། །སྤུན་གཉིས་ཚངས་པ་ལྡན་པའོ། །ཞེས་བྱ་བ་ནི་ནོར་བུ་བཟང་དང་གང་བ་བཟང་གཉིས་ཏེ། གཟི་བརྗིད་ཆེ་ཞིང་ནོར་ཕུན་སུམ་ཚོགས་པའོ། །བ་ ལང་འཛིན་ན་འཇོམས་པ་པོ། །ཞེས་བྱ་བ་ནི་གནས་བལ་ཡུལ་གྱི་བྱང་ངོས་ཡིན་ཏེ། གནོད་སྦྱིན་དེ་ནི་ཤིན་ཏུ་ཁྲོ་ཞིང་གདུག་པའོ། །ཕྱག་གཡས་གཡོན་གཉིས་ན་ཏྲི་ཤཱུ་ལ་དང་དགྲ་སྟ་འཛིན་པ། ཁ་དོག་ནག་པོའོ། །རབ་ཏུ་འཇོམས་པ་རྡོ་འཇོག་ན། །ཞེས་བྱ་བ་ནི་ དེའི་ལྷོ་ཕྱོགས་ན་ཡོད་དེ། ཤིན་ཏུ་སྟོབས་ཆེ་ཞིང་སེམས་ཅན་རྣམས་ལ་གནོད་པ་བྱེད་པའོ། །དེའི་ཁ་དོག་ནི་ལྗང་གུར་ཡོད་པ། བཞིན་མི་སྡུག་པ། གཡས་རལ་གྲི་གཡོན་ཞགས་པ་བསྣམས་པའོ། །གནོད་སྦྱིན་ཆེན་པོ་བོད་སྲུང་སེལ། །ཞེས་བྱ་བ་ནི་བོད་ ཡུལ་དུ་གནས་ཏེ། གནོད་སྦྱིན་དེ་ཡང་སྲུང་མ་ལ་དགའ་ཞིང་གནས་པ་གཡས་ན་དགྲ་སྟ་གཡོན་ན་ཞགས་པ་བསྣམས་པའོ། །ཁ་དོག་ཐལ་བའི་མདོག་ཅན་ནོ། །སྐྱུགས་པ་ཡི་ནི་རི་ལ་གནས། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་ལྷོ་ཕྱོགས་ན་གནས་པ་སྟོབས་པོ་ཆེ་ལ་གཟི་བརྗིད་ལྡན་དེའི་ཁ་ དོག་ཕྱག་མཚན་ནི། ཁ་དོག་དམར་པོ་གྲི་གུག་དང་ཐོད་པ་འཛིན་པའོ། །གསུམ་སྦས་འགྲམ་པ་ལྡན་དོགས་ན། །ཞེས་བྱ་བ་ནི་ལངྐའི་ལྷོ་ཕྱོགས་ན་རྒྱ་མཚོའི་འགྲམ་ནའོ། །གནོད་སྦྱིན་དེ་ནི་གདོང་དམར་པོ་སྤྲེའུའི་གཟུགས་སུ་ཡོད་པའོ། །གཡས་པ་ཁུ་ཚུར་གཡོན་སྡིགས་མཛུབ་ བོ། །ཧོ་ནུ་ན་ནི་འོད་བྱེད་པ། །ཞེས་བྱ་བ་ནི་ལངྐའི་ནུབ་ཕྱོགས་ན་རྒྱ་མཚོའི་བར་ནའོ། །གནོད་སྦྱིན་མདོག་སེར་པོ། གཡས་ན་ཨ་སོ་ཀའི་ཤིང་ཐོགས་པ། གཡོན་ན་ཞགས་པ་ཐོགས་པའོ། །དགའ་བ་ཅན་དང་འཕེལ་བྱེད་པ། །ཞེས་བྱ་བ་ནི་ཡུལ་མ་ག་དྷཱའི་ལྷོ་ནུབ་མཚམས་ན་ གནས་པའོ། །གནོད་སྦྱིན་དེ་ནི་རྡོ་རྗེ་འཛིན་ཅིང་ཁ་དོག་མཐིང་གར་གནས་པའོ། །དགའ་བ་འཕེལ་བྱེད་གྲོང་ཁྱེར་ན། །ཞེས་བྱ་བ་ནི་དེའི་ཤར་ཕྱོགས་ན་གནོད་སྦྱིན་ཞལ་གཅིག་ཕྱག་གཉིས་པ། གཡས་ན་ནོར་གྱི་རྐྱལ་བུ་བསྣམས་པ་གཡོན་ན་སྦྲུལ་གྱི་ཞགས་པ། ཁ་དོག་ ལྗང་གུའོ། །རླུང་གི་ས་ན་རླུང་ལྡན་པ། །ཞེས་བྱ་བ་ནི་འཛམ་བུ་གླིང་གི་ཆུ་ཀླུང་གང་ན་ཡོད་པའི་ས་ན་ཡོད་དེ། སྐད་ཅིག་མས་ཁྱབ་ཅིང་ཆུ་ཀླུང་གང་ན་ཡོད་པར་མངའ་མཛད་པ། དེའི་སྐུ་མདོག་ཕྱག་མཚན་ནི། ཕྱག་གཡས་ན་དབྱུག་ཏོ་འཛིན་པ། གཡོན་སྡིགས་མཛུབ་པོ། ། ཁ་དོག་ཁྲ་བོར་ཡོད་པ། སྨད་སྦྲུལ་དུ་ཡོད་པའོ། །འཕྱང་བར་གྱུར་ན་འཐབ་དགའ་བ། །ཞེས་བྱ་བ་ནི་དེ་ཡང་རྒྱ་ནག་པོའི་ནུབ་ཕྱོགས་ན་གྲོང་ཁྱེར་རྩོད་ཀ་ནའོ། །གནོད་སྦྱིན་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དམར་པོ་གཡས་ན་རལ་གྲི་གཡོན་ཞགས་པ་བསྣམས་ པའོ། །འོག་མ་གཉིས་ན་མདའ་གཞུ་འགེངས་པའོ། །གནོད་སྦྱིན་དེས་སྐད་ཅིག་མས་ཁྱབ་ནས། རྩོད་པའི་སེམས་དང་ལྡན་པར་བྱེད་པའོ། །བཅོམ་བརླག་ན་ནི་བོང་བུ་བ། །ཞེས་བྱ་བ་ནི་ཡུལ་ལངྐ་ནི་རྒྱ་མཚོའི་འགྲམ་ན་ཡོད་པ། ཤིན་ཏུ་འཇིགས་པའི་ཚུལ་ཅན་སེམས་ཅན་ལ་ གནོད་ཅིང་ཤ་ཁྲག་ཟ་བ། དེའི་ཁ་དོག་ནི་དམར་ནག་གོ། །ཕྱག་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ལངྐ་ན་ནི་བུམ་པའི་ལྟོ། །ཞེས་བྱ་བ་ནི་འཛམ་བུ་གླིང་གི་ལྷོ་ནུབ་མཚམས་ཡིན་ཏེ། གཟུགས་ནི་དཔག་ཚད་བཅུ་ཡོད་པ། ཤིན་ཏུ་གནག་ལ་འཇིགས་པ་ལངྐའི་བདག་པོའི་ ནུ་བོ། །ཕྱག་བརྒྱད་ཡོད་པ་གཡས་ན་རལ་གྲི །བར་པ་གཉིས་འཁོར་ལོ་དང་ཤཀྟི །ཐ་མ་ན་མདའ། གཡོན་དང་པོ་ན་ཞགས་པ་འཕང་མདུང་དགྲ་སྟ་རྩེ་གསུམ་མོ། །གནོད་སྦྱིན་དེ་ནི་སྟོབས་ཆེ་བ་རི་རབ་ཙམ་སྒུལ་བའོ། །གནོད་སྦྱིན་ཉི་འོད་རབ་ཉམས་ན། །ཞེས་བྱ་བ་ ནི་ནམ་མཁའ་ལ་རྒྱུ་བ་ཉི་མའི་འོད་བཞིན་དུ། འཇིག་རྟེན་གྱི་ཁམས་ཁྱབ་པ་གཟི་བརྗིད་ཆེ་བ། དེའི་ཁ་དོག་ནི་དམར་པོ། ཕྱག་གཡས་གཡོན་ན་དུང་དང་པདྨ་དམར་པོ་བསྣམས་པའོ། །སྐད་ཅིག་མས་འཇིག་རྟེན་གྱི་ཁམས་རྒྱུ་བའོ། །ཀོ་ས་ལ་ནི་རི་མགོ་བོ། །ཞེས་བྱ་བ་ ནི་ཡུལ་མ་ག་དྷཱའི་ལྷོ་ཕྱོགས་ན་གནོད་སྦྱིན་སྟོབས་ལྡན་ཡོད་དེ། འོད་ཉི་མ་ཤར་བ་དང་འདྲ་བ། ཤིན་ཏུ་དམར་བའོ། །སངས་རྒྱས་ཀྱི་བསྟན་པ་སྲུང་བའོ། །ཞལ་གཅིག་ཕྱག་གཉིས་པ། གཡས་འཁོར་ལོ་གཡོན་ཞགས་པ་བསྣམས་པའོ། །རྣམ་པར་རྒྱལ་དང་རྣམ་ རྒྱལ་ལྡན། །ཞེས་བྱ་བ་ནི་གནོད་སྦྱིན་དེ་ཡང་ཕམ་པར་མི་འགྱུར་ཞིང་། གཞན་རྣམས་ཀྱི་ས་མི་ཐུབ་པའོ། །དཀར་པོ་བཅོམ་བརླག་ཡུལ་ན་གནས། །ཞེས་བྱ་བ་ནི་གནོད་སྦྱིན་དེ་ནི་སྤུན་ལྔ་གནས་ཏེ། དཔག་ཚད་རིང་དང་འཇིགས་པ་དང་རྣ་བ་ཅན་དང་གཟུགས་ཅན་དང་བུམ་སྣའོ། ། དེ་རྣམས་ཀྱི་ཁ་དོག་ནི་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །ཕྱག་མཚན་ནི་འཁོར་ལོ་དང་། དབྱུག་ཏོ་དང་། མདའ་གཞུ་དང་། འཕང་མདུང་དང་། མདུང་རིངས་རྣམས་སོ། །གནོད་སྦྱིན་གང་བ་མ་ལ་ཡར། །ཞེས་བྱ་བ་ནི་མ་ག་དྷཱའི་ ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་རི་བོ་མ་ལ་ཡ་ན་དེའི་མངའ་བདག་ཏུ་མཛད་པ་ཁ་དོག་དཀར་པོ། །ཕྱག་ན་ཙནྡན་གྱི་བེ་ཅོན་འཛིན་པའོ། །ཏི་སེ་གངས་ན་མི་འམ་ཅི། །ཞེས་བྱ་བ་ནི་མདའ་སྟོད་ན་གནས་ཏེ་གནོད་སྦྱིན་རྟ་མགོ་ཅན་གནས་པ། ཁ་དོག་དམར་པོ་དབྱུག་ཏོ་ འཛིན་པའོ། །སྤྲིན་གྱི་ཕྲེང་ཅན་པོནྟྲ་ན། །ཞེས་བྱ་བ་ནི་ལི་ཡུལ་ན་གནས་པ་སྟེ། གནོད་སྦྱིན་སྤྲིན་གྱི་མགོ་ཅན། ཕྱག་ན་ཉི་མ་དང་ཟླ་བ་བསྣམས་པའོ། །རབ་ཏུ་གནས་ན་དུམ་བུ་པ། །ཞེས་བྱ་བ་ནི་དེ་ཡང་ཨུ་རྒྱན་ན་གནས་པ་སྟེ། གནོད་སྦྱིན་དེའི་ཁ་དོག་ནི་དཀར་པོ་ཕྱག་གཡས་གཡོན་ གཉིས་ན་གྲི་གུག་དང་ཐོད་པ་བསྣམས་པའོ། །པི་ཏངྐ་ལྱར་ཡང་དག་བྱེད། །ཅེས་བྱ་བ་ནི་བོད་ཡུལ་དབུས་ཆུ་ཤར་ནས་ནུབ་ཏུ་འབབ་པའི་ས་ན་གནས་ཏེ། གནོད་སྦྱིན་དེ་ནི་ཁ་དོག་དམར་ནག །ལག་པ་གཉིས་ན་ཙནྡན་གྱི་བེ་ཅོན་འཛིན་པའོ། །དེའི་ས་ཕྱོགས་ཀྱི་སྲུང་མར་གྲགས་པའོ། ། རླབས་དང་ལྡན་ན་བདེ་བྱེད་པ། །ཞེས་བྱ་བ་ནི་གནོད་སྦྱིན་དེ་སེམས་ཅན་རྣམས་ཀྱིས་བསྒྲུབས་པར་གྱུར་ན། མཐུ་དང་ལྡན་ཞིང་དངོས་གྲུབ་སྟེར་བའོ། །སྣ་ནས་བྱུང་ན་གནོད་སྦྱིན་མཛེས། །ཞེས་བྱ་བ་ནི་བོད་ཡུལ་དབུས་ཆུ་ཤར་ཕྱོགས་སུ་འབབ་པའི་ས། ཆུ་ཀླུང་བྱང་ནས་ལྷོར་ འབབ་པ་དེའི་མདོ་ན་གནས་པའོ། །སྐད་ཅིག་མས་འཇིག་རྟེན་ཁམས་རྒྱུ་ནུས་པ། དང་པོ་ཤར་ཕྱོགས་ནས་བྱུང་ནས། །རབ་ཏུ་བྱུང་བའི་ཚུལ་དུ་གནས་པ། དེ་ནི་སེམས་ཅན་རྣམས་ལ་གནོད་པ་དྲག་པོ་བྱེད་པ་སྟེ། གནས་དེའི་སྲུང་མར་གནས་པའོ། །གསོ་བའི་མཐའ་ན་ མ་ཆགས་པ། །ཞེས་བྱ་བ་ནི་དེའི་བྱང་ངོས་ན་གནོད་སྦྱིན་ཁ་དོག་དཀར་པོ་ཅན་ཡོད་དེ། དེ་ཡང་ས་བདག་གི་ཚུལ་དུ་ཡོད་པ། དེ་བས་ཀྱང་སྐད་ཅིག་མས་འཇིག་རྟེན་ཁམས་རྒྱུ་ནུས་པ། ཁ་དོག་དཀར་པོ་སྦྲུལ་ཞགས་འཛིན་པའོ། །དགའ་བྱེད་དེ་ནི་ཕ་དགའ་བ། །ཞེས་བྱ་བ་ནི་དེ་ནི་ ཁམས་ཀྱི་ཡུལ་ན་གནས་ཏེ། དེ་ཡང་ཕ་སྤད་དུ་ཡོད་པ། སེམས་ཅན་རྣམས་ལ་ཕན་འདོགས་པ། དེ་གྲུབ་པར་གྱུར་ན་ཕྱུག་པོར་འགྱུར་རོ། །དེ་གཉིས་ཀྱི་ཁ་དོག་ནི་ནག་པོ་དང་སེར་པོ་གཉིས་ཀས་ནོར་གྱི་རྐྱལ་པ་བསྣམས་པའོ། །དཔའ་དང་གསེར་གྱི་ལག་པ་དང་། །ཞེས་བྱ་བ་ ནི་རྒྱ་གར་གྱི་ཡུལ་ལྷོ་ཕྱོགས་ན་གནས་པའོ། །ཤིན་ཏུ་སྟོབས་དང་ལྡན་པ། གཞན་རྣམས་ཀྱིས་མི་ཐུབ། གསེར་གྱི་མདོག་ཅན་གསེར་གྱི་བུམ་པ་གང་བ་བསྣམས་པའོ། །ཀ་ལིངྐ་ན་ལྟོ་འཕྱང་པོ། །ཞེས་བྱ་བ་ནི་དེ་ཡང་རྒྱ་གར་ཡུལ་གྱི་དབུས་ཀྱི་ལྷོ་ཕྱོགས་ན་གནོད་སྦྱིན་ཁ་དོག་ནག་པོ་ཕྱག་ན་ འཁོར་ལོ་བསྣམས་པའོ། །ཀོ་ས་ལ་ན་ནག་པོ་ཆེ། །ཞེས་བྱ་བ་ནི་ཡུལ་མ་ག་དྷཱ་ན་ཡིན་ཏེ། གནོད་སྦྱིན་ནག་པོ་ཆེན་པོ་ཡིན་ཏེ་དེ་ཡང་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ནག་པོ་གཡས་གྲི་གུག་གཡོན་ཐོད་པ་བསྣམས་པའོ། །དགེ་བ་དགེ་བའི་ཕོ་བྲང་ན། །ཞེས་བྱ་བ་ནི་དེ་ཡང་རྒྱ་གར་གྱི་ དབུས་ནའོ། །གནོད་སྦྱིན་དགེ་བ་ནི་སེམས་ཅན་རྣམས་ལ་གནོད་པ་མི་བྱེད་སྡིག་པ་མི་བྱེད་ཅིང་དགེ་བ་ལ་གནས་པའོ། །དེ་ནི་དགེ་བའི་སེམས་ཀྱིས་མེ་ཏོག་གི་སྣོད་འཛིན་པ་ཁ་དོག་དཀར་པོའོ། །ཝཱ་རཱ་ཎ་སཱིར་སྐྱོང་བ་པོ། །ཞེས་བྱ་བ་ནི་རྒྱ་གར་ཡུལ་གྱི་དབུས་ཝཱ་རཱ་ཎ་སཱི་ན་གནོད་སྦྱིན་ཁ་དོག་དམར་ པོ་དབྱུག་ཏོ་དང་ཞགས་པ་བསྣམས་པའོ། །འགྲམ་ལྡན་ཕུང་པོར་རྣ་བ་བཟང་། །ཞེས་བྱ་བ་ནི་བོད་ཡུལ་རྩད་ན་གནས་པ་སྟེ། གནོད་སྦྱིན་དེ་ཡང་རྣ་བ་ཆེ་བ་བུམ་ལྟོ་ཁ་དོག་ནག་པ། གཡས་ན་ནོར་གྱི་བུམ་པ། གཡོན་ན་ནེའུ་ལེའི་རྐྱལ་པ་བསྣམས་པའོ། །གྲོང་ཁྱེར་དྲུག་ན་ནོར་གཞན་པོ། །ཞེས་བྱ་ བ་ནི་གྲོང་ཁྱེར་ཡངས་པ་ཅན་དང་ཀ་ལིངྐ་དང་། རྒྱལ་པོའི་ཁབ་དང་། མཉན་ཡོད་དང་། ཝཱ་རཱ་ཎ་སཱི་དང་། ཙམ་པ་ཀ་དང་དྲུག་ལ་སྐད་ཅིག་མས་རྒྱུ་བའོ། །ཤིན་ཏུ་སྟོབས་དང་ལྡན་ཞིང་ཡུལ་དེའི་སྲུང་མར་གྱུར་པ། ཁ་དོག་གསེར་གྱི་ཁ་དོག་ཅན་གཡས་ན་རིན་པོ་ཆེའི་མྱུ་གུ །གཡོན་ན་བུམ་པ་ བསྣམས་པའོ། །གནོད་སྦྱིན་སྟོབས་ཅན་མཐའ་མ་ན། །ཞེས་བྱ་བ་ནི་དེ་ཡང་བལ་ཡུལ་གྱི་མཐའ་ཁོབ་ན་གནས་ཏེ། །སེམས་ཅན་ལ་གནོད་པ་བྱེད་པ་ཁ་དོག་ནག་པོ་སྦྲུལ་གྱི་ཞགས་པ་འཛིན་པའོ། །སྲུང་བ་ཅན་ན་མཐོང་དགའ་བ། །ཞེས་བྱ་བ་ནི་འབྲོག་གནས་ཐང་སྟོང་རྣམས་ལ་གནས་ཏེ། སེམས་ཅན་ ལ་དགའ་བར་བྱེད་པའོ། །ཁ་དོག་སྔོ་བསངས་སུ་ཡོད་པ། །ཕྱག་ན་བུམ་པ་བསྣམས་པའོ། །བ་ལང་འཇོམས་ན་གཙུག་ཕུད་ཅན། །ཞེས་བྱ་བ་ནི་རི་རབ་ཀྱི་ནུབ་ཕྱོགས་ཀྱི་གླིང་ན་གནས་པའོ། །ཁ་དོག་དམར་པོ་པདྨ་དང་ནོར་གྱི་རྐྱལ་པ་འཛིན་པའོ། །ཕྱོགས་མཚམས་ན་ནི་ཐལ་མོ་དགའ། ། ཞེས་བྱ་བ་ནི་གླིང་བར་བཞི