Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 6 / 21 (50.000 ký tự/trang)
ོ་ག་ཡང་དག་བཞུགས། །དེ་དག་བསྟན་པའོ། །ཟས་སྣ་ལྔ་སྤངས་པ་ཞེས་བྱ་བ་ནི། ཤ་དང་སྒོག་པ་བསྲེས་པ་
དང་། །ཆང་དང་ཉ་ཤ་ལ་སོགས་དང་། །དེ་དག་ལ་ནི་སྤང་བར་བགྱི། །མི་ཡི་བསླབ་པའི་གཞི་ཐམས་ཅད་ཡོངས་སུ་གཟུང་ཞེས་བྱ་བ་ནི། ཡང་དག་སེམས་དང་མཚུངས་པ་དང་། །སྡོམ་པ་གསུམ་དང་ཡང་དག་ལྡན། །སྡིག་པ་ཐམས་ཅད་སྤང་བར་བྱ། །མི་རྣམས་ཐམས་ཅད་གྲོང་པ་དང་། །སྡོམ་
པ་ལ་ནི་གནས་པར་བྱ། །སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་ཞེས་བྱ་བ་ནི། གང་ཞེ་ན། མི་དགེ་བཅུ་ནི་སྤངས་བྱས་པ། །ཚངས་པའི་གནས་བཞི་བསྒོམ་བྱ་བ། །གྲོང་དང་གྲོང་ལ་འཐབ་སྤངས་པ། །རང་སེམས་ཇི་བཞིན་གཞན་དག་དང་། །འཐབ་རྩོད་ཐམས་ཅད་སྤང་བར་བྱ། །
ཤིན་ཏུ་བརྒྱན་པ་གོས་དང་རྒྱན་དང་ལྡན་པ་ཞེས་བྱ་བ་ནི། བུད་མེད་སྐྱེས་པ་དེ་བཞིན་དུ། །དྲི་མ་མེད་པ་ལེགས་པར་བགོ །གསེར་དང་མུ་ཏིག་ལ་སོགས་པ། །ལུས་ལ་ཤིན་ཏུ་ལེགས་པར་བརྒྱན། །དེས་གྲོང་དང་གྲོང་ཁྱེར་དང་། གྲོང་རྡལ་དང་། ཡུལ་འཁོར་དང་སུམ་མདོ་དང་
ཞེས་བྱ་བ་ནི། ཆོ་ག་གར་བྱེད་པའི་ས་རུ། བའི་རྣམ་ལྔ་དང་། ཙནྡན་ལ་སོགས་པའི་དྲི་བཟང་པོའི་ཆུས་ཐམས་ཅད་བྱུགས་ཏེ། མི་གཙང་བ་རྣམས་བོར་ནས། སྤོས་སྣ་ཚོགས་ཀྱིས་བདུགས་ཏེ། གོས་དང་མེ་ཏོག་གི་ཕྲེང་བས་བརྒྱན་པའོ། །ཁྱིམ་རྣམས་ཉལ་ཉིལ་གྱི་ཕུང་པོ་མ་

མཆིས་པར་བགྱིས་ཏེ་ཞེས་བྱ་བ་ནི། ཕྱག་དར་བཟང་པོ་བྱས་ནས་སུ། །སྣ་ལྔ་དྲི་དང་གཏོར་བར་བྱ། །གྲོང་ངམ་གྲོང་ཁྱེར་ཐམས་ཅད་དུ། །དེ་བཞིན་ལ་ནི་གཏོར་བར་བྱ། །རྒྱལ་པོའི་ཕོ་བྲང་འཁོར་གྱི་དབུས་ཀྱི་དོག་ས་རྣམས་སུ་མེ་ཏོག་གི་སིལ་མ་བཀྲམ་པ་ཞེས་བྱ་བ་
ནི། གྲོང་ཁྱེར་དབུས་དང་གཞན་དག་དང་། །གང་ཡང་རུང་སྟེ་ཁྱིམ་ལ་སོགས། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་དང་། །དུས་ལས་བྱུང་སྟེ་གང་ཡང་རུང་། །སྤོས་སྣ་ཚོགས་ཀྱིས་རབ་ཏུ་བདུག་པར་བགྱིའོ་ཞེས་བྱ་བ་ནི། ལྷན་ཅིག་སྦྱོར་དང་གཞན་དག་དང་། །ཨ་ཀ་རུ་ལ་སོགས་པ་གང་
ཡང་རུང་། །ཕྱོགས་བཞིར་བུ་མོ་ཤིན་ཏུ་ཁྲུས་བགྱིས་པས་བརྒྱན་ཞེས་བྱ་བ་ནི། བྲམ་ཟེ་མོ་འམ་རྒྱལ་རིགས་སམ། །རྗེ་རིགས་ལ་སོགས་གང་ཡང་རུང་། སྨྱུང་བར་བྱས་ནས་ཚུལ་ཁྲིམས་སྲུང་། །སྐྱེས་པ་ལ་སོགས་སྤང་བྱས་པ། །ཡང་ན་ཟས་ནི་དཀར་གསུམ་བསྟེན། །ལོ་གྲངས་བཅུ་
གཉིས་ཉི་ཤུ་གཉིས། །མཚན་ཉིད་ལེགས་པ་བྱད་མཛེས་པ། །དྲི་མ་ཅན་གྱི་གོས་ཀྱང་སྤང་། །ལག་ན་མཚོན་ཐོགས་པ་བཞི་དང་དྲིལ་བུ་བཞི་དང་ཞེས་བྱ་བ་ནི། གཞོན་ནུ་དེ་དག་མཚོན་ཐོགས་ནས། །རལ་གྲི་ལ་སོགས་གཡས་ན་འཛིན། །དྲིལ་བུ་དཀྲོལ་ཞིང་བཀྲ་ཤིས་འདོན། །
གླུ་གར་ལ་སོགས་དེ་བཞིན་ནོ། །རིན་པོ་ཆེའི་སྣོད་བཞི་གཞག་པར་བགྱིའོ་ཞེས་བྱ་བ་ནི། གྲོང་ངམ་གྲོང་ཁྱེར་གྲོང་རྡལ་དུ། །གྲོང་བར་དེ་བཞིན་གཞག་པར་བྱ། །ཡང་ན་ཆོ་ག་བྱེད་པའི་ས། །ཕྱོགས་བཞི་ལ་ནི་ཡང་དག་གཞག །སྔ་དྲོའི་དུས་ཀྱི་ཚེ་གདུགས་ཤར་བ་དང་། རིག་སྔགས་
བཀླག་པར་བགྱི་སྟེ་ཞེས་བྱ་བ་ནི། དེ་བཞིན་ཕྱོགས་བཞི་ཕྱོགས་རྣམས་སུ། །ངག་མི་བདེ་བར་ཡང་དག་འདོན། སྨྱུང་བར་བྱ་ཞིང་གཙང་སྦྲ་བསྟེན། །ཡང་ན་ཟས་ནི་དཀར་གསུམ་བསྟེན། །ཡི་གེར་བྲིས་ཏེ་མཆོད་རྟེན་ཆེན་པོ་ཞེས་བྱ་བ་ནི། གསེར་རམ་དངུལ་ལས་བྱས་པ་ཡི། །བུམ་པ་དང་ནི་
ཚ་ཚ་དང་། །དེ་ལ་སོགས་པ་གང་ཡང་རུང་། །ཡི་གེར་བྲིས་ཏེ་འཁོར་ལོ་ལ། །དེ་བཞིན་དུ་ནི་རྩེ་མོ་ལ། །མཆོད་རྟེན་ལ་སོགས་ཡང་དག་གཞག །བལ་སྲང་དྲུག་ཅུ་ཐམ་པ་ལ། །བཀལ་ནས་མཆོད་པ་བྱ་བའོ། །དར་རམ་རས་སམ་སྲིན་བལ་ལ། །གང་ཡང་རུང་སྟེ་སྐུད་པ་ལ། །ཚོན་ནི་སྣ་

ཚོགས་བྱས་ནས་སུ། །གྲོང་ངམ་གྲོང་ཁྱེར་ཡང་དག་བསྐོར། །ཤིང་ལྗོན་པ་ཆེན་པོ་དང་རྒྱལ་མཚན་ཆེན་པོའི་རྩེ་མོ་ལ་བརྟོད་དེ་བཏགས་ལ། མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དག་གིས་ཞེས་བྱ་བ་ནི། །དེ་ལ་སོགས་པ་མཐོན་པོའི་གནས་སུ། སྔར་བཤད་པའི་འཁོར་ལོ་བཏགས་ནས་བལ་
ལམ་རས་ལས་བྱས་པའི་སྐུད་པ་སྲང་དྲུག་ཅུ་ཐམ་པ་བྱས་པས་ཤིང་ལ་སོགས་པ་ལ་གདགས་པར་བགྱིའོ། །དེ་བཞིན་དུ་མཆོད་པ་ཡང་བྱའོ། །དགུང་ཟླ་ཕྱེད་ཀྱི་བར་དུ་མཆོད་པར་བགྱིའོ་ཞེས་བྱ་བ་ནི། གཅིག་གམ་གསུམ་མམ་ལྔ་ཡང་རུང་། །དེ་བཞིན་བདུན་དང་དགུ་དང་ནི། །བཅུ་གཅིག་དང་
ནི་བཅོ་ལྔའོ། །གདུགས་རེ་རེ་ཞིང་རིག་སྔགས་བཀླག་གོ་ཞེས་བྱ་བ་ནི། སྔ་དྲོའི་དུས་སུ་བྱའོ། །ཡང་ན་རྒྱུན་མི་འཆད་པར་བཀླག་གོ། །དེ་ལྟར་ན་ཡང་ཡུལ་འཁོར་ཡོངས་སུ་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། དབང་བླང་ངོ་། །ཁྲུས་བྱའོ། །བཀྲ་ཤིས་བརྗོད། གདོན་ནོ། །རོལ་མོ་ལ་
སོགས་བྱའོ། །བཀྲ་ཤིས་ཀྱི་རྫས་གདོན་པར་བྱའོ། །དེ་དག་ནི་གྲོང་ཁྱེར་བསྲུང་བའི་ཆོ་གའི་གནས་སྐབས་ཏེ་བདུན་པའོ།། །།དེ་ལྟར་གྲོང་དང་གྲོང་ཁྱེར་ལ་སོགས་པ་ཞེས་བྱ་བ་ནི། གང་ཡང་རུང་ངོ་། །ཡང་ན་ནད་པའི་ཁྱིམ་མམ་ཕྱུགས་ལྷས་རྣམས་ཉལ་ཉིལ་མ་མཆིས་པར་བགྱིས་
ཏེ་ཞེས་བྱ་བ་ནི། ལེགས་པར་ཕྱག་དར་བྱས་ནས། བའི་རྣམ་ལྔས་གཏོར་ཏེ། ཧོམ་ཁུམ་ཟླུམ་པོར་བྱས་ནས། ཆོ་ག་ཇི་བཞིན་དུ་གཏོར་བར་བྱའོ། །རྫས་ནི་ཏིལ་དང་མར་ལ་སོགས་པའི་རྫས། ཀུ་ཤ་ལ་སོགས་པ་ཡང་དེ་བཞིན་ནོ། །སེང་ལྡེང་དང་རྒྱ་ཤུག་ལ་སོགས་པ་ཞེས་བྱ་བ་ནི། ཞི་བའི་
ཤིང་གང་ཡང་རུང་བ། དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ་ཞེས་བྱ་བ་ནི། ཧོམ་ཁུང་ལ་སོགས་པ་ལ་གཏོར་བར་བགྱིའོ། །སྒོ་གཡས་གཡོན་ནས་དྲི་སྣ་ཚོགས་ལ་ཞེས་བྱ་བ་ནི། གང་བའི་བུམ་པ་ཡང་གཡས་གཡོན་དུ་གཞག་གོ། །དྲི་དང་མེ་ཏོག་ལ་སོགས་པ་ཕུལ་བ་སྟེ། དེ་
བཞིན་དུ་མེ་ལྷ་ལ་ཁྲུས་བྱའོ། །ས་བོན་ཐམས་ཅད་མར་གྱིས་བསྐུས་ཏེ་ཕྱོགས་བཞིར་གཏོར་བར་བགྱིའོ་ཞེས་བྱ་བ་ནི། སརྦ་པཱ་པཾ་ད་ཧ་ན་བཛྲ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཆབ་སྒོར་ཚོན་སྐུད་སྣ་ཚོགས་བྲེ་བར་བྱའོ་ཞེས་བྱ་བ་ནི། མདའ་དང་མདུང་དང་། རལ་གྲིས་བསྐོར་བར་བྱའོ། །དུད་འགྲོའི་

སྐྱེ་གནས་སུ་གྱུར་པ་དག་ནི་བཏོན་ལ་སླར་ཡང་གཟུང་བར་བགྱིའོ་ཞེས་བྱ་བ་ནི། དུད་འགྲོ་རྣམས་ཕྱིར་བཏང་སྟེ། ཡང་གཞུག་པར་བྱའོ། །ཡང་ན་བགེགས་གང་གནོད་པའི་མིང་བྱང་བཅུག་ལ། མེ་ལ་གཏང་བར་བྱའོ། །རིག་སྔགས་ཀྱང་བཀླག་པར་བགྱིའོ་ཞེས་བྱ་
བ་ནི། གཙང་སྦྲ་ལ་བརྟེན་ཏེ་རྒྱུན་མི་འཆད་པར་བཀླག་པར་བགྱིའོ། །ཡི་གེར་བྲིས་སམ་ཞེས་བྱ་བ་ནི་འཁོར་ལོའོ། །མདུད་པ་མདུད་དེ་ཞེས་བྱ་བ་ནི་སྲུང་སྐུད་དོ། །མཐོན་པོའི་ཁར་བཏགས་ལ་མཆོད་པར་བགྱི་ཞེས་བྱ་བ་ནི། མཆོད་རྟེན་ཆེན་པོའི་རྩེ་མོའམ། རང་ཉལ་བའི་སྟེང་ངམ།
ཡ་ཐེམ་ལ་གདགས་པའམ། གདུང་གི་ལོགས་ལ་གདགས་པ་ཙམ་གྱིས་ཀྱང་། གནོད་བྱེད་དང་ནད་ཐམས་ཅད་ལ་སོགས་པ་ཡང་མི་ཚུགས་པའོ། །ནད་པའི་མདུན་དུ་སངས་རྒྱས་ཀྱི་སྐུ་གཟུགས་སམ་ཞེས་བྱ་བ་ནི་གསེར་རམ་དངུལ་ལམ་ཟངས་སམ། རས་རིས་ལ་སོགས་པ། སངས་
རྒྱས་ཀྱི་རིང་བསྲེལ་ལམ་ཞེས་བྱ་བ་ནི་ཟངས་སམ་དངུལ་ལ་སོགས་པ་ལས་བྱས་པའི་མཆོད་རྟེན་ནམ། རིན་པོ་ཆེའི་སྣོད་དུ་བཞག་ལ། བུམ་པ་ཞབས་ཕུག་ལ། དྲིའམ་སྨན་ལ་སོགས་པས་ཡང་དག་པར་མཆོད་ལ། ཁྲུས་གསོལ་བར་བྱའོ། །དཀྱིལ་འཁོར་ལ་སོགས་པ་ནི་སྔོན་དུ་བཤད་
པ་བཞིན་ནོ། །ཚངས་པ་ལ་སོགས་པའི་གཟུགས་སམ་ཞེས་བྱ་བ་ནི། དཀྱིལ་འཁོར་ཡང་དག་པར་བྲིས་ལ་བགྱིའོ། །ཡང་ན་བག་ཕྱེའམ་འབྲས་ཕྱེ་ལ་སོགས་པ་ལས་གཟུགས་བྱས་ལ། དཀྱིལ་འཁོར་ལ་ཡང་དག་པར་གཞག་གོ། །ཕྱག་རྒྱ་བཞི་བགྱིས་ལ་གཞག་པར་བགྱིའོ་ཞེས་
བྱ་བ་ནི། ཕྱག་རྒྱ་བཞི་ནི་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་ཡིན་ཏེ། དར་རམ་རས་སམ་ཤིང་ཤུན་ལ་སོགས་པ་ལ་ཆོ་ག་བཞིན་དུ་བྲིས་ལ། ནད་པ་ལ་ཡང་དག་པར་གདགས་སོ། །མེ་ཏོག་སྣ་ཚོགས་དང་། སྤོས་སྣ་ཚོགས་དང་ཞེས་བྱ་བ་ནི། མཆོད་པ་སྣ་ཚོགས་ཀྱིས་ཕྱག་རྒྱ་
བཞིའི་མཆོད་པ་བྱའོ། །ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་པོ་ཆེན་པོ་བཞི་དང་། དབང་ཕྱུག་ཆེན་པོ་དང་། གནོད་སྦྱིན་གྱི་དེད་དཔོན་དང་། འཕྲོག་མ་ལ་སོགས་པའི་མིང་གིས་ཞེས་བྱ་བ་ནི། དེ་རྣམས་ཀྱི་མིང་དང་གཟུགས་བྱས་ནས་མཆོད་པ་དང་མིང་བྱས་ནས་ཨརྒྷ་བྱའོ། །

དཀོན་མཆོག་གསུམ་ལ་མཆོད་པར་བགྱིའོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དང་། རིག་སྔགས་ལ་སོགས་པ་ལ་ཡང་དག་པར་མཆོད་དོ། །གཟུངས་ཀྱང་ངག་མ་འདྲེས་པར་བཀླག་པར་བྱའོ། །དེ་རྣམས་ཀྱི་སྟོབས་དང་དབང་ཕྱུག་དང་། བྱིན་གྱི་རླབས་
ཀྱིས་བདག་ལ་བདེ་ལེགས་སུ་གྱུར་ཅིག །བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། སངས་རྒྱས་དང་རིག་སྔགས་དང་། ཚངས་པ་ལ་སོགས་པ་འཇིག་རྟེན་སྐྱོང་བ་རྣམས་སོ། །ནད་པ་རྣམས་ནད་ཐམས་ཅད་ལས་ཐར་བར་གྱུར་ཅིག་ཅེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་སོགས་པའོ། །
དེ་བཞིན་དུ་བྱས་ན་ཐེ་ཚོམ་མེད་དོ། །ནད་པའི་ཟས་དང་སྐོམ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་སྔགས་བཏོན་ནས་བྱིན་གྱིས་བརླབ་པར་བྱའོ། །སྨན་རྣམས་ཀྱང་རིག་སྔགས་འདིས་བཏབ་སྟེ་སྩལ་བར་བགྱིའོ་ཞེས་བྱ་བ་ནི་ཕྱི་ནས་འདོད་པའི་སྔགས་བཏབས་ནས། བདེན་པ་
ཡང་དག་པར་བདར་བར་བྱའོ། །རྫོགས་སངས་རྒྱས་རྣམས་སངས་རྒྱས་ཚེ། །འཇིག་རྟེན་སྐྱོང་བ་ཕྱོགས་བཞི་ནས། །ཞེས་བྱ་བ་ནི་རྫོགས་སངས་རྒྱས་ནི་དུས་གསུམ་གྱི་སངས་རྒྱས་རྣམས་སོ། །འཇིག་རྟེན་སྐྱོང་བ་ནི་བརྒྱ་བྱིན་ལ་སོགས་པས་ཏེ། དེ་རྣམས་ཡང་ཕྱོགས་བཅུར་
སྐྱོང་བའོ། །སྣོད་བཞི་དག་ནི་བླངས་ནས་སུ། །བདེ་བར་གཤེགས་ལ་ཕུལ་བ་དང་། །ཞེས་བྱ་བ་ནི་དང་པོ་བདེ་བར་གཤེགས་པ་རྣམས་ལ་འབུལ་ཏེ། གཉིས་པ་ཕྱོགས་སྐྱོང་ལ་སོགས་པ་ལ་སྦྱིན་པའོ། །མཐུ་ཡིས་གཅིག་ཏུ་སྤྲུལ་མཛད་པ། །ལྷ་ཡི་སྣོད་མཆོག་དེ་དང་ནི། །
ཞེས་བྱ་བ་ནི་རྫུ་འཕྲུལ་དང་ལྡན་ཞིང་དག་པའི་སྣོད་དུའོ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །སྟོན་པའི་ཕྱག་ན་བསྣམས་གྱུར་པ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་བྱུང་བ། རིག་སྔགས་ཀྱི་ནུས་མཐུའི་བདུད་རྩིའོ། །བདེན་པའི་ཚིག་ནི་དེ་དག་
གིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །ཅེས་བྱ་བ་ནི་ནད་པའི་ཟས་དང་སྐོམ་དང་སྨན་ལ་སོགས་པ་འདིའི་བྱིན་རླབས་ཀྱིས་བདུད་རྩིར་འགྱུར་བའོ། །དེ་བཞིན་ལྷ་མོ་འཕྲོག་མ་ཡིས། །ལྷ་རྫས་དགེ་བ་ཨ་རུ་ར། །ཞེས་བྱ་བ་ནི་ནད་པ་རྣམས་ཀྱི་མ་ལྟ་བུ། ལྷ་མོས་

ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཨ་རུ་ར་ཕུལ་བའོ། །བླངས་ནས་སྟོན་ལ་རབ་ཕུལ་བ། །བདུད་རྩི་འདྲ་བའི་སྨན་གྱི་རྣམས། །ཞེས་བྱ་བ་ནི་དེ་ཕུལ་བའི་བདེན་པས་ཀྱང་། འདིར་ནད་པ་ལ་བདུད་རྩིར་སྣང་བའོ། །བདེན་པའི་ཚིག་ནི་དེ་དག་གིས། །ནད་པ་
རྣམས་ཀྱི་ནད་སེལ་ཞིང་། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་དང་། རིག་སྔགས་ཀྱི་བདེན་པས་ནད་རྣམས་སེལ་བར་བྱེད་པའོ། །ཉེས་པ་ཐམས་ཅད་འཕྲོག་པར་བྱེད། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །ཅེས་བྱ་བ་ནི་རིག་སྔགས་ཀྱི་སྟོབས་དང་གཟི་བརྗིད་ཀྱི་བྱིན་གྱི་རླབས་ཀྱིས་
བདུད་རྩིར་སྣང་བའོ། །སངས་རྒྱས་རྣམ་གཟིགས་གཟི་བརྗིད་དང་། །གཙུག་ཏོར་ཅན་གྱི་སྟོབས་རྣམས་དང་། །ཞེས་བྱ་བ་ནི་སྔོན་གྱི་དུས་སུ་འདས་པའི་སངས་རྒྱས་རྣམ་གཟིགས་གཟི་བརྗིད་ཀྱིས། སེམས་ཅན་གྱི་དོན་བྱས་པ་དེ་བཞིན་དུ་གཙུག་ཏོར་ཅན་གྱི་སྟོབས་ཀྱིས་སེམས་ཅན་གྱི་
དོན་བྱེད་པའོ། །ཐམས་ཅད་སྐྱོབ་ཀྱི་བདེན་ཚིག་དང་། །ལོག་དད་སེལ་གྱི་ཏིང་འཛིན་དང་། །ཞེས་བྱ་བ་ནི་བསྐལ་པ་གཉིས་པའི་དུས་སུ་སངས་རྒྱས་ཐམས་ཅད་སྐྱོབ་ཀྱི་བདེན་པས་སེམས་ཅན་གྱི་དོན་བྱས་ཏེ། དེ་བཞིན་ལོག་དད་སེལ་གྱི་ཏིང་འཛིན་གྱིས་ཀྱང་དོན་སེམས་ཅན་གྱི་བྱས་པའོ། །
གསེར་ཐུབ་ཀྱི་ནི་ཡེ་ཤེས་དང་། །འོད་སྲུངས་ཀྱི་ནི་རྫུ་འཕྲུལ་དང་། །ཞེས་བྱ་བ་ནི་བསྐལ་པ་གསུམ་པའི་དུས་སོ། །བདེར་གཤེགས་གསེར་ཐུབ་ཀྱི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་བྱས་པ་དེ་བཞིན་དུ་སངས་རྒྱས་འོད་སྲུངས་ཀྱི་རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱས་པའོ། །ཤཱཀྱ་སེང་གེའི་མཐུ་
རྣམས་ཀྱིས། །སྨན་རྣམས་བདུད་རྩིར་གྱུར་པར་ཤོག །ཅེས་བྱ་བ་ནི་བསྐལ་པ་ཐ་མ་སྙིགས་མ་ལྔའི་དུས་སུ། བདེར་གཤེགས་ཤཱཀྱ་ཐུབ་པས། མཐུའི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱས་པས། དེ་རྣམས་ཀྱི་བདེན་པས་འདིར་ཡང་སྨན་རྣམས་བདུད་རྩིར་སྣང་བའོ། །ནད་པ་ཤར་ཕྱོགས་
ཁ་བསྟན་པ། །སྨན་རྣམས་ཉེ་བར་སྩལ་བར་བགྱི། །ཞེས་བྱ་བ་ནི་བདེན་པ་འདིའི་ཚིག་དང་། རིག་སྔགས་ཀྱི་གསང་སྔགས་ཁ་དོན་དུ་བྱས་པས་ནད་པ་ལ་བདུད་རྩི་སྦྱིན་པར་བྱའོ། །དེ་ཡི་ཚེན་རིག་སྔགས་འདི། །ཞེས་བྱ་བ་ནི་ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་མོ་གཡས་ན་རྡོ་རྗེ་དང་

གཡོན་ན་རིན་པོ་ཆེ་འཛིན་པ། སྤྱན་གསུམ་དབུ་ལ་རིགས་ལྔའི་སངས་རྒྱས་ཀྱིས་བརྒྱན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞི་བའི་གཟུགས་ཅན་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། པདྨའི་སྟེང་དུ་ཟླ་བའི་གདན། ཉི་མའི་འོད་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་དོན་བྱེད་པ། རྡོ་རྗེའི་རིགས་ལ་སྟོང་
ཆེན་མོ་རབ་ཏུ་འཇོམས་མའོ། །ལག་མཐིལ་གཞག་སྟེ་བཀླག་པར་བགྱི། །ཞེས་བྱ་བ་ནི་རིག་སྔགས་རྒྱལ་མོ་དེ་བཞིན་དུ་བསྒོམས་ནས། རིག་སྔགས་ཀྱི་ཞལ་ནས་འབྱུང་བ་བཞིན་དུ་བསྒོམ་པར་བྱའོ། །རིག་སྔགས་གང་ཞེ་ན། སྱཱད་ཡ་ཐེ་དན་འདི་ལྟ་སྟེ། སྔགས་ནི་ཁ་དེ་ཁ་དེ་ལ་སོགས་པའོ། །རླུང་ལས་གྱུར་
དང་མཁྲིས་ལས་གྱུར། །བད་ཀན་ལས་གྱུར་འདུས་ལས་གྱུར། །ནད་རྣམས་ཐམས་ཅད་རབ་བཅོམ་སྟེ། །ཞེས་བྱ་བ་ནི་དེ་གསུམ་གྱིས་གཞི་བླངས་པ། ནད་བཞི་བརྒྱ་རྩ་བཞི་པོ་རྣམས་ཀྱང་། བདེན་པའི་ཚིག་དང་རིག་སྔགས་ཀྱི་གསང་སྔགས་ཀྱིས་ནད་ཐམས་ཅད་བཅོམ་ཞིང་བདེ་བར་འགྱུར་རོ། །
བདག་ལ་རྟག་ཏུ་བདེ་ལེགས་ཤོག །ཅེས་བྱ་བ་ནི་ནད་པ་དང་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་དོ། །རིམས་ནད་ལ་སོགས་པ་སེལ་བའི་ཆོ་ག་སྟེ་བརྒྱད་པའོ།། །།བྱད་དང་རོ་ལངས་དང་ལྡན་པའི་ལས་རྣམས་ལ། སྐྱེས་པའམ་བུད་མེད་གདུགས་ཞག་གཅིག་སྨྱུང་བར་བགྱིས་
པ་ཞེས་བྱ་བ་ནི་སྔགས་གཏང་བ་དང་། སྦོད་གཏོང་གཏང་བ་དང་། མཛེ་དང་ཕོལ་མིག་དང་། ལྷོག་པ་དང་། དུག་དང་དུག་སྦྱར་མ་དང་སྨན་དང་སྨན་ཉེས་པ་དང་། ས་བདག་ལ་སོགས་པའི་ནད་ཐམས་ཅད་སྨྱོ་བ་དང་། འབོག་པ་ལ་སོགས་པ་བཅོམ་པའོ། །རབ་ཏུ་བཀྲུས་པ་ཤིན་ཏུ་བརྒྱན་པ་
ཞེས་བྱ་བ་ནི། བྱད་ཀྱིས་ཕོག་པ་དང་། སློབ་དཔོན་ཡིད་བཞིན་ནོ། །དེས་དོག་ས་ལ་མེ་ཏོག་སིལ་མ་བཀྲམ་སྟེ་ཞེས་བྱ་བ་ནི། སྔོན་གྱི་དཀྱིལ་འཁོར་བཤད་པ་ལ་བརྟེན་ལ། སློབ་དཔོན་མཁས་པས་ཆོ་ག་ཡང་དག་པར་བྱ་སྟེ། དེ་བཞིན་སྟ་གོན་གྱི་ཆོ་གའོ། །མཆོད་པ་རྣམ་པ་ལྔ་
ལ་སོགས་པ་བྱས་ནས། ཡེ་ཤེས་སེམས་དཔའ་ཡང་དེ་བཞིན་ནོ། །ཨརྒྷཾ་ལ་སོགས་པས་ཡང་དག་པར་མཆོད་དོ། །སྤོས་སྣ་ཚོགས་ཀྱིས་བདུགས་ལ་ཞེས་བྱ་བ་ནི། བྱད་ཀྱིས་ཕོག་པ་དང་། བུམ་པ་རྣམས་ལ་བདུག་པ་དང་། དེ་བཞིན་དུ་ལྷ་རྣམས་ཀྱང་ཡིན་ནོ། །སེང་ལྡེང་དང་རྒྱ་

ཤུག་རིགས་གཉིས་ཀྱི་ཞུགས་བུས་ཏེ་ཞེས་བྱ་བ་ནི། ཐབ་ཁུང་ཟུར་གསུམ་ཁྲུ་གང་ཚད་དུ་བྱས་པ། ནག་པོའི་སུམ་བརྩེགས་སོར་བཞི་བྱས་པའོ། །པདྨ་གསུམ་པ་ཕྱི་ལོགས་སུ་བྱས་པ་ནང་དུ་ཡང་དེ་བཞིན་དུ་ཡིན་ཏེ། མེ་ལྷ་ནག་པོ་ཁྲོ་བོ་ར་ནག་པོ་ལ་ཞོན་པ། གཡས་ན་
རལ་གྲི །གཡོན་ན་སྡིགས་མཛུབ་ཞགས་པ་འཛིན་པ། ཁ་གདངས་པ། མེའི་མདོག་ཀྱང་དེ་བཞིན་ནོ། །ས་བོན་ཐམས་ཅད་ཕྱོགས་བཞིར་གཏོར་བར་བགྱིའོ་ཞེས་བྱ་བ་ནི་རྫས་ནི་ཏིལ་ལ་སོགས་པ་ཡིན་ཏེ། ཤ་སྣ་ཚོགས་དང་། ཁྲག་སྣ་ཚོགས་དང་། འབྲུ་སྣ་ཚོགས་དང་། དུས་ཀྱི་
མེ་ཏོག་གང་ཡང་རུང་སྟེ། བག་ཕྱེའམ་འབྲས་ལ་སོགས་པས་གཟུགས་བྱས་ལ། ལིངྒ་དག་ཀྱང་དེ་བཞིན་ནོ། །ཞུགས་ཀྱི་ནང་དུ་ཡང་གཏོར་བར་བགྱིའོ་ཞེས་བྱ་བ་ནི། རྫས་དེ་རྣམས་དགང་གཟར་བླུགས་གཟར་གྱིས་རེ་མོས་བླུགས་པར་བགྱིའོ། །རྩ་བ་ཐམས་ཅད་དང་མེ་ཏོག་ཐམས་ཅད་
ཚོན་སྐུད་སྣ་ཚོགས་ལ་བརྒྱུས་ཏེ་ཞེས་བྱ་བ་ནི། དུག་གི་མེ་ཏོག་སྣ་ཚོགས་དང་བྱད་གང་གནོད་པའི་མིང་རུས་སམ། མཚོན་ཆ་ལ་སོགས་པའི་རྩེ་མོ་ལ་བཏགས་ལ། ཕྱོགས་བཞིར་གདགས་སོ། །དེ་བཞིན་དུ་བྱད་ཀྱིས་ཕོག་པའི་མགུལ་དུ་ཡང་གདགས་སོ། །རལ་གྲིའམ་མདུང་
རྩེ་གསུམ་པའམ། མདུང་ངམ་མདའ་ལ་གདགས་པར་བགྱིའོ་ཞེས་བྱ་བ་ནི། ཧོམ་ཁུང་གི་ཟུར་དུ་བཞི་བཞི་བཙུགས་ལ། སྔར་བཤད་པས་གདགས་པའོ། །སྤོས་ཆབ་སྣ་ཚོགས་སྦྱངས་ཏེ། བུམ་པ་ཆེན་པོའི་ནང་དུ་བླུགས་ལ། གང་བྱད་ཀྱིས་ཕོག་པ་དེའི་མགུལ་པར་སྐུད་
པ་དེས་བཅིངས་ཏེ་བུམ་པའི་ཆབ་ཀྱིས་བཀྲུ་བར་བགྱིའོ་ཞེས་བྱ་བ་ནི། སྟོང་ཆེན་མོའི་གཞུང་བཞིན་དུ་བཟླས་པ་བྱས་ནས་མཚོན་ཆ་རྣམས་སྣ་གཅིག་བཏགས་ལ་གཅིག་བྱད་ཕོག་པའི་སྐེ་ལ་གདགས་སོ། །དེ་ནས་སྟོང་ཆེན་མོའི་རང་བཞིན་བུམ་པའི་ཆུས་དབང་བསྐུར་ལ་སྐུ་གསུང་ཐུགས་
དག་པར་བྱའོ། །སྐུད་པ་ཡང་མཚོན་གྱིས་བཅད་དེ་ཞུགས་ཀྱི་ནད་དུ་དོར་རོ་ཞེས་བྱ་བ་ནི། སྟོང་ཆེན་མོར་བསམས་ལ། རིག་སྔགས་ཀྱི་རལ་གྲིར་བྱིན་གྱིས་བརླབས་ནས། བྱད་དང་རོ་ལངས་སྔགས་སུ་བསམས་ལ། བསྲེག་པར་བྱའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་འདི་

ཡང་བརྗོད་པར་བགྱིའོ་ཞེས་བྱ་བ་དེའི་དུས་སུ་ཕྱོགས་ཕྱོགས་སུ་དག་མ་འདྲེས་པར་གདོན་པར་བྱའོ། །དེ་ནས་བདེན་པ་བདར་ལ། མཆོད་པར་བགྱིའོ། །གང་དག་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་དང་། །ཞེས་བྱ་བ་ནི་སྐུ་གསུམ་གྱི་སངས་རྒྱས་དང་། ལྷག་པ་
མཐོང་ནས་སེམས་ཅན་གྱི་དོན་བྱེད་པའི་རང་སངས་རྒྱས་ཀྱི་བདེན་པ་སྟེ། །དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སེམས་ཅན་གྱི་དོན་བྱེད་པ། དེ་བཞིན་དུ་ཉན་ཐོས་རྣམས་ཀྱིས་ཀྱང་བདེན་པ་བཞིའི་སྒོ་ནས་དོན་བྱེད་པའོ། །ཚངས་དབང་དང་ནི་འཇིག་རྟེན་སྐྱོང་། །གནོད་སྦྱིན་དེད་དཔོན་དབང་ཕྱུག་དང་། །
ཞེས་བྱ་བ་ནི་ཚངས་པ་ལ་སོགས་པའི་ཕྱག་མཚན་དབྱུག་གུ་གསུམ་དང་རྡོ་རྗེ་དང་། འཇིག་རྟེན་སྐྱོང་བ་སོ་སོའི་ཕྱག་མཚན་གནོད་སྦྱིན་གྱི་དེད་དཔོན་བཞིན་ཏེ། དབང་ཕྱུག་ཆེན་པོའི་རྩེ་གསུམ་མོ། །དེ་བཞིན་གནོད་སྦྱིན་སྟོབས་ཆེན་དང་། །འཕྲོག་མའི་བུ་དང་བཅས་པ་དང་། །ཞེས་བྱ་བ་ནི་དེ་རྣམས་ཀྱི་
སོ་སོ་རང་རང་གི་སྟོབས་དང་གཟི་བརྗིད་དོ། །དེ་དག་མཐུ་དང་གཟི་བརྗིད་ཀྱིས། །རོ་ལངས་ལས་རྣམས་ཆད་གྱུར་ཅིག །ཅེས་བྱ་བ་ནི། བྱད་དང་། རོ་ལངས་དང་། སྔགས་དང་། སྦོད་གཏོང་དང་། དུག་དང་དུག་སྦྱོར་དང་། དེ་རྣམས་ཆད་པས་བཅད་པར་འགྱུར་བའོ། །རྡོ་རྗེས་རིན་ཆེན་ཕུག་པ་
དང་། །མེ་ཡིས་བུད་ཤིང་བསྲེག་པ་དང་། ཞེས་བྱ་བ་ནི་རྡོ་རྗེ་ཕ་ལམ་གྱིས་མུ་མེན་ལ་སོགས་པ་ཕིག་སྟེ། དེ་བཞིན་དུ་མེས་ཀྱང་ཐམས་ཅད་བསྲེག་པའོ། རླུང་གིས་སྤྲིན་ནི་འཐོར་བ་དང་། །ཉི་མས་ནགས་ཚལ་སྐེམས་བྱེད་པ། །ཞེས་བྱ་བ་ནི་བར་སྣང་གི་སྤྲིན་མཐུག་པོ་ཡང་རླུང་གིས་གཏོར་
ནས། མི་སྣང་བར་འགྱུར་ཏེ། དེ་བཞིན་དུ་ཉི་མས་ཀྱང་རྒྱ་མཚོ་སྐེམས་པའོ། །བདེན་པའི་ཚིག་ནི་དེ་དག་གིས། །བྱད་སྟེམས་ལས་རྣམས་ཚིག་པར་ཤོག །ཅེས་བྱ་བ་ནི་དེ་བཞིན་དུ་སངས་རྒྱས་རྣམས་ཀྱི་བཀའ་ཡང་བདེན་ཏེ། དེ་རྣམས་ཀྱི་གཟི་བརྗིད་དང་སྟོབས་རིག་སྔགས་ཀྱི་གསང་སྔགས་ཀྱིས།
བྱད་དང་རོ་ལངས་ལ་སོགས་པ་ཚིག་པའོ། །སྤོས་དང་མེ་ཏོག་སྣ་ཚོགས་ཀྱིས། །སྡིག་པ་ཐམས་ཅད་ངེས་པར་བསལ། །ཞེས་བྱ་བ་ནི་སྤོས་ལ་སོགས་པ་གསལ་ཏེ། རིག་སྔགས་འདི་ཡི་གཟི་བརྗིད་ཀྱིས། །སྡིག་པ་ཐམས་ཅད་སྲེག་པར་བྱེད་པའོ། །སྱཱད་ཡ་ཐེ་དན་ཞེས་བྱ་བ་ནི། རིག་སྔགས་

ཡིན་ཏེ། རིག་སྔགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ནག་མོ། སྤྱན་གསུམ་པ་དབུ་སྐྲ་སེར་པོ། དབུ་ལ་ཐོད་པ་ལྔས་བརྒྱན་པ། གཡས་ན་རལ་གྲི་གདེངས་པ། གཡོན་ན་ལྕགས་ཀྱུ་དང་ཞགས་པ་འཛིན་པ་ཞབས་པུས་བཙུགས་སུ་བཞུགས་པ། གཡོན་
པའི་ཞབས་བརྐྱང་བ། ཉི་མའི་གདན་གྱི་སྟེང་ན་གནོད་བྱེད་གནོན་པ། བསྐལ་པ་མེ་ལྟར་འབར་བའི་འོད་དང་ལྡན་པ། རྒྱན་སྦྲུལ་གྱིས་བརྒྱན་པ། ཞལ་གདངས་པ་མཆེ་བ་གཙིགས་པ། ཁྲོ་གཉེར་དང་ལྡན་པ། རྡོ་རྗེ་རིགས་མ་དང་། སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །རིག་སྔགས་ནི་རིག་
སྔགས་ཀྱི་ཞལ་ནས་བྱུང་ངོ་། །བརླག་པར་བྱའོ། །གསད་པར་བྱའོ། །བཅོམ་པར་བྱ་བ་ལ་སོགས་པའོ། །སྔགས་ནི་ཧུ་མེ་ཧུ་མེ་ལ་སོགས་པའོ། །དེ་བཞིན་དུ་བྱས་ན་ཐེ་ཚོམ་མེད་དོ། །ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ལྷ་ཐམས་ཅད་ཀྱི་གསང་སྔགས་འདི་དག་གིས་བྱད་
དང་། རོ་ལངས་དང་སྨན་དང་སྔགས་དང་། དུག་དང་དུག་སྦྱར་མ་རྣམས་གཅད་དོ། །བཤིག་གོ། །ཕམ་པར་བྱས་སོ། །ཕ་རོལ་ཕམ་པར་བྱས་སོ་ཞེས་བྱ་བ་ནི། བདེན་པའི་ཚིག་དེ་དག་དང་རིག་སྔགས་ཀྱིས་བསད། དམོད་མོས་འཚིག་པར་བྱེད་པའོ། །བྱད་དང་རོ་ལངས་ལ་སོགས་པའི་
ཆོ་གའི་གནས་སྐབས་ཏེ་དགུ་པའོ།། །།ལྔ་བ་དང་། ཤུ་བ་དང་། སྨྱོ་བ་དང་། འབྲས་དང་། འབྲུམ་བུ་དང་། རྐོམ་པོ་དང་། དུག་འཐུངས་པ་ལ་སོགས་པ་ལས་ཐར་བར་འཚལ་བ་ཞེས་བྱ་བ་ནི། དང་པོར་རང་གི་ཕྱག་གིས་བགྱིའོ། །གཉིས་པ་ཆུས་གདབ་བོ། །གསུམ་པ་དཱུར་བས་
བྱའོ། །བཞི་པ་རྩྭ་ཀུ་ཤས་བྱའོ། །ལྔ་པ་རྨ་བྱའི་སྒྲོས་སེལ་ལོ། །དྲུག་པ་མཚོན་གྱིས་བརྡེག་གོ། །བདུན་པ་རང་གི་སོས་བྱའོ། །དེ་བཞིན་དུ་བྱས་ན་ཐེ་ཚོམ་མེད་དོ། དེས་མ་སོས་ན་ལས་ཀྱི་རྣམ་པར་སྨིན་པ་ཡིན་ཏེ་གང་གིས་ཀྱང་མི་སོས་སོ། །ལྷོག་པ་ཡང་དེ་བཞིན་བྱའོ། །དུག་ཟ་
བར་འགྱུར་ན་ཆུ་ལ་བཏབ་ལ་འཐུང་དུ་གཞུག་གོ། །ཤིན་ཏུ་ཁྲུས་བགྱིས་པ་བརྒྱན་པ་ཞེས་བྱ་བ་ནི། འདོད་ཆགས་དང་། འགོག་པ་ལ་སོགས་པ་སྤང་བར་བགྱིའོ། །སྟན་བཟང་པོའི་སྟེང་དུ་མཆིས་ཏེ་ཞེས་བྱ་བ་ནི། ས་བདག་གི་ནད་ཀྱིས་བཏབ་པ་ཡིན་ཏེ། ལུས་བདེ་བ་དང་། ངག་བདེ་

བ་དང་། སེམས་བདེ་བར་བྱས་ལ། བཟླས་པ་རྒྱུན་མི་འཆད་པར་བྱའོ། །རིག་སྔགས་འདི་བརྗོད་པར་བགྱིའོ་ཞེས་བྱ་བ་ནི། ངག་མ་འདྲེས་པར་རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་གདོན་པར་བྱའོ། །དེ་ནས་བདེན་པ་བརྗོད་པར་བྱའོ། །སངས་རྒྱས་ཀུན་གྱི་གཟི་
བརྗིད་དང་། །རང་རྒྱལ་དག་གི་གཟི་བརྗིད་དང་། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་སྟེ་རང་སངས་རྒྱས་ཀྱིས་ཀྱང་སྐུའི་དོན་བྱེད་པའོ། །དགྲ་བཅོམ་དག་གི་མཐུ་དག་དང་། །གསང་སྔགས་འཛིན་པ་ཐམས་ཅད་དང་། །ཞེས་བྱ་བ་ནི་ཉན་ཐོས་དགྲ་
བཅོམ་པ་རྣམས་ཀྱིས་ཀྱང་། ཉོན་མོངས་པ་བཅོམ་སྟེ། གསང་སྔགས་འཛིན་པ་ཡང་གཟི་བརྗིད་དང་ལྡན་པའོ། །ཤཱ་རིའི་བུ་ཡི་ཤེས་རབ་དང་། །མཽད་གལ་བུ་ཡི་རྫུ་འཕྲུལ་དང་། །ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཚོགས་སུ་གྱུར་པ་ལ། ཤེས་རབ་ལ་གྲགས་པ་དང་རྫུ་འཕྲུལ་ལ་གྲགས་པའོ། །
མ་འགགས་པ་ཡི་མིག་དང་ནི། །འོད་སྲུངས་སྦྱངས་པའི་ཡོན་ཏན་དང་། །ཞེས་བྱ་བ་ནི་ཉན་ཐོས་དེ་གཉིས་ལ་ཡང་མཐོང་བར་གྲགས་པ་དང་། སེམས་ཅན་ལ་བྱམས་པར་གྲགས་པའོ། །ཀཽ་ཎྜི་ནྱའི་སྔར་ཐོས་དང་། །ཀུན་དགའ་བོ་ཡི་ཐོས་པ་དང་། །ཞེས་བྱ་བ་ནི་ཉན་ཐོས་སུ་གྱུར་པ་དེ་
གཉིས་ཀྱང་། སངས་རྒྱས་ཀྱི་བཀའ་ཐོས་པ་དང་། ཐོས་པ་མང་པོ་བྱས་པའོ། །ཚངས་པ་ཡི་ནི་བྱམས་པ་དང་། །བརྒྱ་བྱིན་གྱི་ནི་དབང་རྣམས་དང་། །ཞེས་བྱ་བ་ནི་འཇིག་རྟེན་གྱི་ཁམས་ལྟ་ཞིང་། སུམ་ཅུ་རྩ་གསུམ་ལ་སོགས་པ་དབང་དུ་འདུས་པའོ། །འཇིག་རྟེན་སྐྱོང་བའི་ཡུལ་རྣམས་
དང་། །དབང་ཕྱུག་ཆེན་པོའི་སྟོབས་དག་དང་། །ཞེས་བྱ་བ་ནི་ཕྱོགས་བཅུ་སྐྱོང་བར་བྱེད་པ་དེའི་བདག་པོར་གནས་པ། ལྷ་དབང་ཕྱུག་ཆེན་པོའི་སྟོབས་དང་ལྡན་པའོ། །དེད་དཔོན་རྣམས་ཀྱི་ནུས་མཐུ་དང་། །འཕྲོག་མའི་གཟི་བརྗིད་རྫུ་འཕྲུལ་དང་། །ཞེས་བྱ་བ་ནི་འཇིག་རྟེན་
ཁམས་སུ་མཐུ་ཆེ་བར་གྲགས་པ། འཕྲོག་མའི་བུ་དང་བཅས་པ་ཡང་། འཇིག་རྟེན་གྱི་ཁམས་སྐད་ཅིག་མས་རྒྱུ་བའོ། །དེ་དག་རྣམས་ཀྱི་མཐུ་དང་གཟིས། །བདག་གི་དུག་ནི་དུག་མེད་ཤོག །ཅེས་བྱ་བ་ནི། གང་གིས་དུག་ལ་སོགས་པ་འཐུང་བ་ནི་དེ་རྣམས་ཀྱི་མཐུ་དང་

གཟི་བརྗིད་ཀྱིས་དུག་གིས་མི་ཚུགས་ཤིང་། ངེས་པར་བཅོམ་མོ། །དུག་མེད་དུག་རྣམས་འཇོམས་བྱེད་པ། །གསང་སྔགས་ཚིག་རྣམས་དེ་ལགས་སོ། །ཞེས་བྱ་བ་ནི་གསང་སྔགས་ནི། ཧ་རི་ཀེ་ཤི་ཎི་ལ་སོགས་པའོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི་གསང་སྔགས་ཀྱི་
ཚིག་གིས་དུག་གསུམ་ངེས་པར་འཇོམས་པའོ། །གསང་སྔགས་ཚིག་རྣམས་དེ་ལགས་སོ། །ཞེས་བྱ་བ་ནི་རིག་སྔགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་བཞི་སྐུ་མདོག་ལྗང་གུ་སྤྱན་གསུམ་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། ཅུང་ཟད་ཁྲོ་མོ་གཡས་ན་རལ་གྲི་དང་རྨ་བྱའི་སྒྲོ་འཛིན་པ། གཡན་པ་ན་རྡོ་རྗེ་
དང་སྦྲུལ་འཛིན་པའོ། །རྒྱན་ཐམས་ཅད་ནི་སྦྲུལ་དང་བཅས་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ། །ཉི་མའི་གདན་གྱི་སྟེང་ན་མཐའ་ཡས་དང་། འཇོག་པོ་མནན་པའོ། །འོད་ཉི་མའི་འོད་དང་བཅས་པ། རྡོ་རྗེའི་རིགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །འབྲས་དང་རྨ་དང་
ཤུ་བ་དང་། །གཡན་པ་དང་ནི་འབྲུམ་བུ་དང་། །ལྷོག་པ་དང་ནི་གཡའ་བ་ནི། །བདུན་པ་ལགས་ཏེ་རབ་ཏུ་བཅོམ། །ཞེས་བྱ་བ་ནི་འཇིག་རྟེན་ནང་གི་དུག་གསུམ་མ་སྤངས་པས་ཕྱིའི་དུག་གསུམ་པ་དེ་དག་འབྱུང་སྟེ། འདིར་ཡང་གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་འདི་དག་ངེས་
པར་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་བྱ་བ་ནི་འདོད་ཆགས་ཀྱིས་ནི་འདོད་པའི་ཡོན་ཏན་ལྔ་དང་ལྡན་ནོ། །དེ་དག་ནི་དུག་ཆེན་པོ་ཞེས་བྱ་བའོ། །ཞེ་སྡང་གིས་ནི་མི་ལ་ཕྲག་དོག་ལ་སོགས་པ་བྱས་ཏེ། དེ་དག་ཀྱང་དུག་
ཆེན་པོ་ཞེས་བྱའོ། །གཏི་མུག་ནི་མ་རིག་པ་ཡིན་ཏེ། དེ་དག་ཀྱང་དུག་ཆེན་པོ་ཡིན་ནོ། །ཡང་ན་སྐུའི་དུག །གསུང་གི་དུག །ཐུགས་ཀྱི་དུག་དང་གསུམ་མོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པའམ། འཇིག་རྟེན་གྱི་དུག་གསུམ་མམ། རང་གིས་རང་དུག་བཏང་བའོ། །ཡང་ན་ནི་
རང་གིས་རང་སེལ་དུ་བཏུབ་སྟེ། འཇིག་རྟེན་གྱི་དུག་གསུམ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་མི་སེལ་ལོ། །བཅོམ་ལྡན་སངས་རྒྱས་དུག་མི་མངའ། །ཞེས་བྱ་བ་ནི་རང་གིས་རང་གི་དུག་བཅོམ་སྟེ། བཅོམ་ལྡན་འདས་ཀྱིས་དུག་བཅོམ་པའོ། །དེ་བས་ན་དུག་

མི་མངའ་བ་ཞེས་བྱ་བའོ། །སངས་རྒྱས་གཟི་བརྗིད་དུག་བཅོམ་མོ། །ཞེས་བྱ་བ་ནི་དུག་ནི་གསུམ་ཡིན་ཏེ། འགྲོ་བའི་དུག་དང་། འདུག་པའི་དུག་དང་། བྱམས་པའི་དུག་དང་གསུམ་མོ། །འགྲོ་བའི་དུག་ལ་བཞི་སྟེ། ཚོར་བ་མཐོང་བ། རེག་པ་ཁས་བླངས་པ་བཞིའོ། །འདུག་པའི་
དུག་ནས་ལས་སྐྱེས་པ་སྟེ། ས་མ་ཡ་འབུམ་སྡེའོ། །བྱེད་པའི་དུག་ནི། སྦྱོར་བ་ལ་སོགས་པ་སྟེ། དཔེར་ན་ཁམ་ཕོར་གྱི་ནང་དུ་མར་དང་སྦྲང་རྩི་མཉམ་པར་བྱས་ནས་ཞག་བདུན་བཞག་སྟེ། མཆོད་རྟེན་གྱི་མདུན་དུ་མཆོད་པར་བྱ་བ་དང་། སྦྱིན་སྲེག་བྱ་བ་དང་། མཆོད་པ་བྱ་བ་དང་། དུས་
ཁྱད་པར་དུ་འཕགས་པ་ནི། རིག་སྔགས་བཀླག་པར་བགྱིའོ་ཞེས་བྱ་བ་ནི། དེ་དག་གི་ཚུལ་ཁྲིམས་དང་ལྡན་པར་བགྱིས་ལ། རིག་སྔགས་གདོན་པར་བགྱིའོ། །མེ་ཏོག་ལ་སོགས་པ་མཆོད་པ་ལྔ་དང་ལྡན་པར་བགྱིས་ལ། འབྱུང་པོ་དག་ལ་ཡང་གཏོར་མ་སྦྱིན་ནོ། །ཚེས་བརྒྱད་
ཀྱི་ཚེ་ན་ནི་རྒྱལ་པོ་ཆེན་པོ་བཞིའི་སྐྱེས་བུ་དག་ཅེས་བྱ་བ་ནི། རྒྱལ་པོའི་གཟུགས་སུ་བྱས་ནས་མཆོད་པར་བགྱིའོ། །རྒྱལ་པོ་ཆེན་པོ་རྣམས་ཀྱི་མདུན་ན་དེ་ལ་སེམས་པར་ཞེས་བྱ་བ་ནི། སྔོན་དུ་བཤད་པ་བཞིན་དུ། རྒྱལ་པོ་ཆེན་པོ་བཞིའི་མཆོད་པར་བྱའོ། །མིང་ནས་ཀྱང་འདོན་པར་
བགྱིད་དོ་ཞེས་བྱ་བ་ནི་ཡུལ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། སྤྱན་མི་བཟང་དང་། རྣམ་ཐོས་སྲས་དང་། མཆོད་པ་ཡང་དག་པར་བྱའོ། །ཚེས་བཅུ་བཞིའི་ཚེ་ན་རྒྱལ་པོ་ཆེན་པོ་བཞི་པོ་དག་ཉིད་མདུན་ན་སེམས་པར་བགྱིད་དོ་ཞེས་བྱ་བ་ནི། ཡང་ནས་ཡང་དུ་མཆོད་པ་
ལ་སོགས་པ་བགྱིད་དོ། ནད་ལ་སོགས་པ་འཚེ་བ་ཐམས་ཅད་ཀྱིས་མི་ཚུགས་པའོ། །མིང་ནས་ཀྱང་འདོན་པར་བགྱིད་དོ། །ཚེས་བཅོ་ལྔའི་ཚེ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཉིད། སེམས་པར་བགྱིད་ཅིང་མིང་ནས་ཀྱང་འདོན་པར་བགྱིད་དོ་ཞེས་བྱ་བ་ནི། གང་ཟག་གང་གིས་
དེ་བཞིན་དུ་བྱས་པར་གྱུར་ན། ནད་དང་སྡུག་བསྔལ་གྱིས་མི་ཚུགས་ཏེ། དུས་དུས་སུ་རྒྱལ་པོ་ཆེན་པོ་བཞི་པོ་དག་ཀྱང་འཁོར་བར་འགྱུར་བའོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཞེས་བྱ་བ་ནི། སེམས་མ་དད་པ་གང་གིས་ཀྱང་། འདི་ལ་གུས་པར་བྱས་ན་ཚུགས་པར་ཡང་མི་

འགྱུར་རོ། །སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་ཞེས་བྱ་བ་ནི། དུས་གསུམ་གྱི་སངས་རྒྱས་ཀྱི་བརྒྱུད་པ་རྒྱུན་མི་འཆད་པ། ཕྱག་རྒྱ་བཞིའི་རྒྱས་གདབ་པའོ། །ལེན་པ་དང་། འཆང་བ་དང་། སྟོན་པ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དེ་ནི།
སྲོག་ཆགས་འབྱུང་པོ་ཐམས་ཅད་ལ་སྙིང་བརྩེ་ཞིང་། ཕན་པར་བགྱིད་པ་ལགས་སོ་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཚད་མེད་པ་བཞིའི་སྒོ་ནས་ལྟ་བ་དང་། གཞན་ཡང་འདིའི་བསླབས་པས། བྱམས་པ་དང་སྙིང་རྗེར་ལྡན་པས་སོ། །བཙུན་པ་
བཅོམ་ལྡན་འདས། བདག་ཅག་རྒྱལ་པོ་ཆེན་པོ་བཞིས་ཀྱང་དེ་ལ་ཞེས་བྱ་བ་ནི། བསླབ་པའི་གཞི་བཟུང་ཞིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པ་རྒྱལ་པོ་ཆེན་པོ་དག་ལ་ཡང་གུས་པར་བྱས་ན། དོན་འགྲུབ་པར་འགྱུར་རོ། །གོས་དང་ཟས་དང་། མལ་ཆ་དང་སྟན་དང་ན་
བའི་གསོས་སྨན་དང་ཡོ་བྱད་རྣམས་ཀྱིས། མི་བྲེལ་བར་བགྱིའོ་ཞེས་བྱ་བ་ནི། དེ་བཞིན་དུ་བྱས་པར་འགྱུར་ན། སེམས་ཅན་རྣམས་ཀྱང་བདེ་བར་འགྱུར་ཞིང་། ནད་རྣམས་དང་འབྲལ་བར་འགྱུར་བའོ། །སེམས་ཅན་ཐམས་ཅད་ཀྱིས་ཀྱང་། བསྟི་སྟང་བགྱིད་བར་འགྱུར་
ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ཀྱང་གུས་པར་བྱས་པའོ། །རྒྱལ་པོ་དང་བློན་པོ་རྣམས་ཀྱིས་ཀྱང་། བླ་མར་བགྱི་བ་དང་། རིམ་གྲོར་བགྱི་བ་དང་། མཆོད་པར་བགྱིད་པར་འགྱུར་བ་ལགས་སོ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་དེ་དག་གིས་ཀྱང་ལུས་
ངག་ཡིད་ཀྱིས་གུས་པར་བྱས་པའོ། །གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། སྤྱོད་པ་ཅན་དང་། ཀུན་དུ་རྒྱུ་དང་། མཛའ་བ་དང་། མི་མཛའ་བ་དག་གི་ནང་དུ་མཆིས་ཀྱང་མཆོད་པར་འགྱུར་ལགས་སོ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་རིགས་ལྟ་བ་མི་
གཅིག་པ་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་དྲུག་ཏུ་བསྡུས་ཏེ། དྲུག་པོ་གཉིས་སུ་བསྡུས་པའི་ལྟ་བ་རྣམས་ཀྱིས་ཀྱང་འདིར་གོང་དུ་བཤད་པ་བཞིན་དུ་གུས་པར་བྱས་པའོ། །རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དད་པ་དེས་གཙང་མར་བགྱིས་ཏེ་ཞེས་བྱ་བ་ནི། ཡུལ་འཛམ་བུའི་གླིང་

གི་དབུས་སུ་མིའི་ལུས་སུ་སྐྱེ་སྟེ། རིགས་ལས་འཕགས་པ་རྒྱལ་པོ་དང་བྲམ་ཟེ་དང་རྗེའུ་རིགས་སུ་སྐྱེའོ། །ལུས་གཙང་བ་དང་། གོས་དང་རྒྱན་དང་མལ་ཆ་དང་། སྟན་དང་ཡོ་བྱད་ཁྱད་པར་ཅན་དང་གཙང་མར་བགྱིའོ་ཞེས་བྱ་བ་ནི། མི་དགེ་བ་བཅུ་སྤངས་ཤིང་ཕུན་སུམ་ཚོགས་པ། དཀོན་
མཆོག་གསུམ་རྗེས་སུ་དྲན་པའོ། །ཡུལ་ངན་པ་རྙེད་པར་མི་བགྱིད་ཡུལ་ངན་པའི་མཛའ་བོ་དང་བརྟེན་པར་མི་བགྱིད། ཡུལ་ངན་པ་ན་གནས་པ་ལ་བསྔགས་པར་མི་བགྱིའོ་ཞེས་བྱ་བ་ནི། མཐའ་འཁོབ་ཏུ་ནི་མི་སྐྱེ་ཞིང་། དེ་དག་གི་མི་རྣམས་དང་། གནས་པ་དང་ཕྲད་པར་མི་འགྱུར་
བའོ། །གང་འབྱུང་པོའི་གདོན་གྱིས་ཟིན་པའི་མདུན་དུ་སྟོང་ཆེན་མོ་རབ་ཏུ་འཇོམས་པའི་མདོ་སྡེ་འདི་དྲན་པར་གྱུར་ན་ཞེས་བྱ་བ་ནི། རིམས་ནད་དང་། ཡམས་ནད་དང་དེ་ལ་སོགས་པ་ཐམས་ཅད་དང་། འཇིགས་པ་ཐམས་ཅད་དང་། སྨྱོ་འབོག་ལ་སོགས་པ་ཐམས་ཅད་ལས་ཐར་བར་
འགྱུར་རོ། །དེ་ལ་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཉིད། བསྲུང་བ་དང་ཞེས་བྱ་བ་ནི། བཞི་པོ་དེ་དག་ཀྱང་སྟོང་ཆེན་མོ་ལ་གུས་པར་བྱེད་པ་ནི་མི་ནུས་སོ། །འཁོར་དེ་དག་གིས་ཀྱང་བྱེད་མ་ནུས་སོ། །སྐྱོབ་པ་དང་སྦེད་པར་བྱེད་པར་འགྱུར་ལགས་སོ་ཞེས་བྱ་བ་ནི། གང་གིས་གནོད་པར་བྱེད་
པར་འགྱུར་ན་ཡང་མཐོང་བར་མི་ནུས་སོ། །བཙུན་པ་བཅོམ་ལྡན་འདས་དེ་ལྟར་ན་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་འདི་མཐུ་ཆེ་བ་ཞེས་བྱ་བ་ནི། དངོས་པོ་མེད་པ་དངོས་པོ་དང་བྲལ་བ་རང་བཞིན་དུ་དག་པ། ནམ་མཁའི་ངོ་བོ་བཞིན་དུ་ཡིན་ཏེ། བརྗོད་པ་ཡང་མེད་བརྗོད་དུ་ཡང་
མེད་དོ། །གང་གིས་རང་གི་ཁྱིམ་དུ་མཚན་གཅིག་གམ། ཉིན་གཅིག་ཀྱང་རུང་ཡང་དག་པར་བསམས་ན་ཞེས་བྱ་བ་ནི། འདིའི་གཞུང་བཞིན་དུ་བསྒོམ་པ་དང་། ཏིང་ངེ་འཛིན་འཆང་བ་དང་རྒྱ་ཆེར་འཕེལ་བའོ། །དེ་ལ་ལོ་གཅིག་བར་དུ་མི་མ་ལགས་པས་གླགས་རྙེད་པར་མི་
འགྱུར་ལགས་སོ་ཞེས་བྱ་བ་ནི། ཡུད་ཙམ་དུ་གུས་པར་བྱས་ན་ཡང་། འདི་སྐབས་མ་ཕྱི་གཉིས་ལ་ཆད། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་སོ། །འཇིག་རྟེན་སྐྱོང་དང་ཞེས་བྱ་བ་ནི། མེ་ལྷ་དང་། སྲིན་པོ་དང་། རླུང་ལྷ་དང་། དབང་ལྡན་དང་། གཤིན་རྗེ་དང་། གནོད་

སྦྱིན་དང་། ས་བདག་རྣམས་སོ། །དབང་ཕྱུག་ཆེན་པོ་ཞེས་བྱ་བ་ནི། ཨུ་མ་དེ་བ་ལྷ་ཡིན་ཏེ། ཡབ་ཡུམ་གཉིས་དང་ངོ་། །གནོད་སྦྱིན་དེད་དཔོན་ཐམས་ཅད་དང་། །ཞེས་བྱ་བ་ནི་དེད་དཔོན་ཉི་ཤུ་རྩ་གཉིས་དང་། མཐུ་བོ་ཆེ་ཉི་ཤུ་རྩ་བརྒྱད་དོ། །དེ་རྣམས་
ཀྱི་དེད་དཔོན་དུ་གྱུར་པ་ནི་གསུམ་ཡིན་ཏེ། ནམ་མཁའ་ལ་རྒྱུ་བ་དང་། ས་ལ་རྒྱུ་བ་དང་། ས་འོག་ལ་རྒྱུ་བ་གསུམ་མོ། །ནམ་མཁའ་ལ་རྒྱུ་བ་ནི་ཚངས་པའོ། །ས་ལ་རྒྱུ་བ་ནི་ཁྱབ་འཇུག་ཆེན་པོའོ། །ས་འོག་ལ་རྒྱུ་བ་ནི་དབང་ཕྱུག་ཆེན་པོའོ། །འཕྲོག་མའི་བུ་དང་བཅས་པ་
ཡང་། །ཞེས་བྱ་བ་ནི་འཕྲོག་མའི་བུ་ནི་ལྔ་བརྒྱ་སྟེ། ཡབ་ནི་གནོད་སྦྱིན་པཉྩི་ཀའོ། །འཕྲོག་མའི་བུ་དང་བཅས་པ་ལ་གནོད་པ་གང་ཞེ་ན། འདི་ལྟ་བུ་ཡིན་ཏེ། ཉལ་ནས་རྡུལ་ཞིང་སྐྲག་པར་བགྱིད། །རྣམ་པ་སྣ་ཚོགས་སྒྲ་ཡང་འབྱིན། །ཚིག་པ་ཟ་ཞིང་རྡུལ་བར་བྱེད། །
རྣམ་པ་སྣ་ཚོགས་གཟུགས་བསྟན་པ། །འཁྲུ་བར་བྱེད་ཅིང་སྐྱུག་པར་བྱེད་པ་དེ་དག་འཕྲོག་མའི་བུའི་མཚན་ཉིད་དོ། །དེ་དག་གི་ཆོ་ག་ནི་བཤད་པར་བྱའོ། །སྔོན་དུ་བཤད་པའི་དཀྱིལ་འཁོར་གྱི་ཆོ་ག་ལ་སོགས་པ་བྱས་ནས། རིག་སྔགས་ནི་བཀླག་པར་བྱའོ། །ཡས་སྟགས་
ནི་ཤལ་ཉ་ཤ་བཀལ་ནས། ཆན་དང་ཆང་དང་ཁུར་བ་ལ་སོགས་པ་གཏོར་མ་ལ་བཞག་ནས། ཆང་བུ་གསུམ་ཡང་མར་གྱིས་བྱུགས་ལ་ཧ་རི་ཏེ་ཞེས་བྱ་བའི་མིང་བཏོན་ལ་གཏང་ངོ་། །དེ་ནས་བྱིས་པ་ཁྱེའུ་མང་པོ་བོས་ལ། འབྲུ་ཆན་ནམ་སྲན་མའི་ཆན་བཙོས་ལ། བྱིས་པ་
ལ་སྟོན་མོ་བྱའོ། །དེ་ལྟར་བྱས་ན་ཐེ་ཚོམ་མེད་དོ། །ཐལ་མོ་དག་ནི་རབ་སྦྱར་ནས། །ཞེས་བྱ་བ་ནི་དེ་དག་རྣམས་ཀྱིས་ཐལ་མོ་སྦྱར་ནས། སངས་རྒྱས་ཀྱི་མདུན་དུའོ། །སྒྲ་སྐད་གཅིག་ཏུ་འདི་སྐད་གསོལ། །ཞེས་བྱ་བ་ནི་དེ་དག་རྣམས་ཀྱིས་སྐད་གཅིག་ཏུ་བྱས་ནས། བཅོམ་
ལྡན་འདས་ལ་ཞུ་བ་ཕུལ་བའོ། །ཉི་མ་སྟོང་ལྟར་གསལ་བའི་འོད། །ཅེས་བྱ་བ་ནི་སྟོང་ཆེན་པོ་རབ་ཏུ་འཇོམས་མའི་གཟི་བརྗིད་དང་། མཐུ་དང་སྟོབས་དེ་བཞིན་དུ་ཡིན་ནོ། །ཟླ་བ་ཉ་ལྟར་འོད་གསལ་བ། །ཞེས་བྱ་བ་ནི་ཟླ་བ་ཉ་བ་བཞིན་དུ་འོད་གསལ་བ་དེ་བཞིན་དུ།

སྟོང་ཆེན་མོ་རབ་ཏུ་འཇོམས་མས་ཀྱང་། སེམས་ཅན་ཐམས་ཅད་ལ་འོད་གསལ་བའོ། །ལྷ་མིར་བཅས་པའི་འཇིག་རྟེན་ན། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་བགེགས་རྣམས་རྗེས་གཅོད་པ་ལ་དྲག་པོ་སྟེ། ཡང་ན་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་
ཁམས་ཀྱི་སེམས་ཅན་ཐམས་ཅད་སྐྱོབ་པ་ལ་དྲག་པའོ། །ཁྱོད་དང་འདྲ་བ་ཡང་མ་མཆིས། །ཞེས་བྱ་བ་ནི་སྔོན་དུ་ཡང་མ་བྱུང་སྟེ། ཕྱི་ནས་ཀྱང་འོང་བ་མ་ཡིན་ནོ། །ལེགས་སམ་ལེགས་པར་སྦྱར་ན་ནི། །ཞེས་བྱ་བ་ནི་འདི་ལ་དད་པས་འཛིན་པ་རྣམས་ལ་བཀྲ་ཤིས་པའི་རྒྱུ་ཡིན་
ནོ། །གནོད་སྦྱིན་སྲིན་པོ་རྣམས་འཇོམས་པ། །ཞེས་བྱ་བ་ནི་སེམས་ཅན་ལ་གནོད་པ་ཐམས་ཅད་འཇོམས་པའོ། །རྒྱལ་སྲིད་ཐར་བགྱིད་ཅེས་བགྱི་བ། །ཞེས་བྱ་བ་ནི། དེ་ལ་གུས་པར་བྱེད་པ་ཐམས་ཅད་ལ་ཁོའི་རྒྱལ་སྲིད་ལས་ཐར་བའོ། །རིག་སྔགས་རྒྱལ་སྲིད་རབ་སྦྱོར་བ། །ཞེས་
བྱ་བ་ནི་དེ་དག་ནི་རྩེ་མོ་སྟེ། བསྲུང་བ་གང་གིས་ཀྱང་ཁྱད་པར་དུ་འཕགས་པའོ། །དེ་གང་ཞེ་ན། འཁོར་བར་གནས་མེད་མྱ་ངན་འདས་མེད་དོ། །གཉིས་ཀ་མེད་ཅིང་སྡུག་བསྔལ་འཇོམས་བྱེད་པ། །རིག་སྔགས་རྒྱལ་མོ་དྲག་མ་ཡིན། །སྟོང་ཆེན་གྱི་ནི་འཇིག་རྟེན་ན། །སྲུང་བའི་
མདོ་སྡེ་དམ་པ་ལགས། །ཞེས་བྱ་བ་ནི་དུས་གསུམ་གྱི་སངས་རྒྱས་ཀྱིས་ཡང་དག་པར་གསུངས་པ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཁྱབ་པ། འདི་སྲུང་བ་དང་སྐྱོབ་པ་བྱེད་པ་ལའོ། །ཕྱག་འཚལ་སྐྱེས་བུ་དཔའ་ཁྱོད་ལ། །ཕྱག་འཚལ་སྐྱེས་བུ་མཆོག་ཁྱོད་ལ། །ཞེས་
བྱ་བ་ནི་སྐྱེས་བུ་རྣམས་ཀྱི་དམ་པ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས། ཆོས་སྤྱོད་པ་ལ་འདུད་པའོ། །ཐལ་མོ་སྦྱར་ནས་ཕྱག་འཚལ་ནས། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་བའོ། །དེ་ཉིད་དུ་ནི་མི་སྣང་གྱུར། །ཞེས་བྱ་བ་ནི་དེ་ཉིད་ནི་དེ་ཁོ་ན་
ཉིད་དོ། །མྱོང་འགྱུར་སྣང་ནི་མིང་གི་གཙོ་བོ་སྟེ། དེ་དག་ཀྱང་མིའི་ནང་ནས་བྱུང་བའོ། །ཡོན་ཏན་གྱི་གནས་སྐབས་ཏེ་བཅོ་ལྔ་བའོ།། །།དེ་ནས་ཞེས་བྱ་བ་ནི། ཕན་ཡོན་བཤད་པའི་དེ་ནས་སོ། །བཅོམ་ལྡན་འདས་ནུབ་ཀའི་དུས་ཀྱི་ཚེ་ཞེས་བྱ་བ་ནི། རང་གི་

འཁོར་དགེ་སློང་ལ་སོགས་པ་ལ་བཀའ་སྩལ་པའོ། །ནང་དུ་ཡང་དག་འཇོག་ལས་བཞེངས་ནས་ཞེས་བྱ་བ་ནི། འདུལ་བ་ལ་སོགས་པ་བཀའ་ཡིན་ཏེ། གསང་བ་ལ་གནས་བཀའ་སྩལ་བའོ། །དགེ་སློང་རྣམས་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། དགེ་སློང་ལྔ་བཅུ་
ལ་སོགས་པའོ། །དགེ་སློང་དག་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་ལོངས་ཤིག་ཅེས་བྱ་བ་ནི། དད་པ་སྐྱེད་ལ་གུས་པར་གྱིས་ཤིག་ཅེས་བྱའོ། །ཆོངས་ཤིག །ལྷོགས་ཤིག །སྟོན་ཅིག །ཀུན་ཆུབ་པར་གྱིས་ཤིག་ཅེས་བྱ་བ་ནི། གུས་པར་གཞན་རྣམས་ཀྱིས་ཀྱང་རྒྱ་ཆེར་འཕེལ་
བའོ། །དེ་ལྷ་དང་བཅས་པའི་འཇིག་རྟེན་ལ། ཡུན་རིང་པོའི་དོན་ལ་ཕན་པ་དང་། བདེ་བ་ལ་རེག་པར་གནས་པར་འགྱུར་བའོ་ཞེས་བྱ་བ་ནི། འདི་ལ་དེ་བཞིན་དུ་བྱས་པར་གྱུར་ན། འཇིག་རྟེན་འདི་དང་ཕྱི་མ་ལ་ཡང་བདེ་བར་གནས་པའོ། །དགེ་སློང་དག་ངའི་དགེ་སློང་གང་ལ་ལ་
ཞིག་གིས་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བ་ནི། འདི་དང་གཞན་ཡང་མཚུངས་པ་མེད་དེ། འདི་ལ་གང་གིས་ཀྱང་གུས་པར་འཛིན་པའོ། །མདོ་སྡེ་འདིས་ཤིང་སྐམ་པོ་ལ་སྐུད་པས་བཅིངས་ན་ཞེས་བྱ་བ་ནི། འདི་འཆང་བ་དང་། ཀློག་པ་དང་རྗེས་སུ་ཡི་རང་བ་ལ་སོགས་
པས་དད་པ་སྐྱེས་ནས་དེ་བཞིན་དུ་ཚེ་ཐུང་བ་རྣམས་ལ་ཚེ་རིང་བར་འགྱུར་རོ། །བཀྲ་མི་ཤིས་པ་ནི་ཤིས་པར་འགྱུར་རོ། །རྒྱལ་བ་མི་ཐོབ་པ་རྣམས་རྒྱལ་བར་འགྱུར་བ་དང་། བུ་མེད་པ་བུ་རྙེད་པར་འགྱུར་བ་དང་། གང་གི་སྒོ་ནས་ཀྱང་འབྲས་བུ་ཐོབ་པར་འགྱུར་རོ། །དེ་ལས་ལོ་མ་དང་
མེ་ཏོག་དང་འབྲས་བུ་རྣམས་སྐྱེ་བར་འགྱུར་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས་ཏེ་ཞེས་བྱ་བ་ནི། གཞི་བེམས་པོ་ཡང་དེ་བཞིན་དུ་སྣང་སྟེ། བྱང་ཆུབ་སེམས་དང་ལྡན་པ་མི་ལ་སོགས་པའི་སེམས་ཅན་ཡང་། ཚེ་ཐུང་བ་རྣམས་ཚེ་རིང་བར་བྱེད་པ། ལོངས་སྤྱོད་
མེད་པ་རྣམས་ལོངས་སྤྱོད་དང་ལྡན་པ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་ཡང་འཇོམས་པར་བྱེད་པའོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ད་ལྟར་བྱས་པ་ད་ལྟར་འབྱང་བའོ། །དགེ་དང་མི་དགེ་བ་དེ་བཞིན་དེ་ཡིན་ཏེ། དཔེར་ན་ཞག་ཏུ་ལོན་

པའི་འོ་མ་བསྐོལ་དུ་མི་བཏུབ་པ་དེ་བཞིན་དུ། དགེ་བ་དང་མི་དགེ་བ་ཡང་དེ་བཞིན་ཡིན་ནོ། །དེས་ན་སྔོན་གྱི་ལས་མ་གཏོགས་པ་ཞེས་བྱ་བ། དེ་སྐད་ཅེས་བཀའ་སྩལ་པ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །བཅོམ་ལྡན་འདས་ལ་དགེ་སློང་དེ་དག་
གིས། འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཞུ་བ་ཕུལ་བའོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཆེན་པོ་ལྔ་གསུངས་པ་ནི། འདི་ལྟ་སྟེ་ཞེས་བྱ་བ་ནི། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཏེ།
དེ་བཞིན་དུ་ཡེ་ཤེས་རྣམ་པ་ལྔའི་སྒོ་ནས་ཀྱང་ཡོད་དེ། སྐྱེ་མཆེད་དྲུག་དང་ཁམས་ལྔའི་སྒོ་ནས་ཡང་ཡིན་ནོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྨ་བྱ་ཆེན་མོ་དང་། སོ་སོར་འབྲང་མ་དང་། བསིལ་བའི་ཚལ་དང་། གསང་སྔགས་རྗེས་སུ་འཛིན་མའོ་ཞེས་བྱ་བ་ནི། རྡོ་རྗེ་
དང་། དེ་བཞིན་གཤེགས་པ་དང་། རིན་པོ་ཆེ་དང་། པདྨ་དང་། ལས་ཀྱི་རིགས་སུ་ཞུགས་སོ། །ཡང་ན་འདུལ་བའི་དབང་དུ་བྱས་ན་ཕལ་ཆེན་པ་དང་། ཐམས་ཅད་སྨྲ་བ་དང་། གནས་བརྟན་པ་དང་། མང་པོས་བཀུར་བ་དང་། གཅིག་ནི་རིགས་ལ་མི་གཏོགས་
ཏེ། ཡང་ན་རིགས་ཐམས་ཅད་ཀྱང་ངོ་བོ་ཉིད་ཡིན་ནོ། །ཡང་བསྟན་པའོ། །བྲམ་ཟེ་དང་། རྒྱལ་རིགས་དང་། རྗེ་རིགས་དང་། དམངས་རིགས་དང་། གདོལ་བའི་རིགས་སོ། །དེ་དག་ཀྱང་ཀྲི་ཡའི་དབང་དུ་འགྱུར་ན། བྲམ་ཟེའི་རིགས་ཞེས་བྱའོ། །དེ་དག་ནི་
སེམས་ཅན་གྱི་དོན་ལ་བྱས་ཏེ། གྲོང་ཁྱེར་ཡངས་པ་ཅན་དུ་གསུངས་པ་དང་། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནས་གསུངས་པ་དང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་གསུངས་པ་དང་། སུམ་ཅུ་རྩ་གསུམ་པའི་ཡུལ་དུ་
གསུངས་པ་དང་བྱ་རྒོད་ཕུང་པོའི་རི་ལ་གསུངས་པ་དང་དེ་དག་ནི་མདོ་ཆེན་མོ་ལྔ་ཡིན་ནོ། །ཟས་སྣ་ལྔ་ནི་ཞེས་བྱ་བ་ནི་ཤ་དང་འདྲེས་པའི་ཟས་ཡིན་ཏེ་དེ་ཡང་འདོད་ཆགས་ལ་སོགས་པའི་ངོ་བོ་ཉིད་ཡིན་ནོ། །བཙུན་པ་བཅོམ་ལྡན་འདས་ཀྱིས་དེ་དག་ཟས་རྣམ་པ་ལྔ་

ཡོངས་སུ་སྤོངས་ལ་ཆོངས་ཤིག་ཅེས་ཀྱང་བཀའ་སྩལ་པ་ཞེས་བྱ་བ་ནི། ཟས་རྣམ་པ་ལྔ་ནི་དུག་དང་འདྲེས་པའི་ཟས་ཡིན་ཏེ། དེ་ཡང་འདོད་པའི་ཡོན་ཏན་ལྔ་ལས་བྱུང་དེ་དང་མི་ལྡན་པ་ནི་ཟས་ཉུང་བའོ། །ཟས་བསོད་སྙོམས་ལ་བརྟེན་ཏེ་རབ་ཏུ་བྱུང་ཤིག་
ཅེས་གསུངས་ན་ཞེས་བྱ་བ་ནི། རེ་རེ་མི་འགྲོ་ཞིང་རབ་ཏུ་བྱུང་བ་ཟླ་བ་དང་འགྲོགས་ཤིང་གནས་པ་བསོད་སྙོམས་ཀྱི་ཟས་ཀྱང་ཆགས་པ་མེད་པར་གསུམ་དུ་བགོ་སྟེ། རང་ཟ་བ་དང་ཡི་དགས་དང་གཞན་ལ་དབུལ་བའོ། །བཅོམ་ལྡན་འདས་ཟས་རྣམ་ལྔ་དང་མ་འདྲེས་པའི་བསོད་
སྙོམས་ནི་ཉུང་། འདི་ལྟར་ཟས་རྣམ་ལྔ་དང་འདྲེས་པ་དེ་ནི་མང་ལགས་ན་ཞེས་བྱ་བ་ནི། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཟས་ཀྱི་དོན་དུ་ཞུས་པའོ། །བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་ཅག་གིས་ཇི་ལྟར་ནན་ཏན་དུ་བགྱི་ཞེས་བྱ་བ་ནི། གལ་ཏེ་ཟས་རྣམ་པ་
ལྔ་ལྷུང་བཟེད་དུ་ལྷུང་བར་གྱུར་ན། ཐབས་ཅི་བདོག་ཅེས་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། ཟས་རྣམ་པ་ལྔའི་དོན་ལ་དགེ་སློང་རྣམས་ལ་ཕན་པའི་ཕྱིར་གསུངས་པའོ། །འདི་སྐད་ཅེས་
བཀའ་སྩལ་ཏོ་ཞེས་བྱ་བ་ནི། དགེ་སློང་གིས་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །དགེ་སློང་དག་དེ་ཉིད་ཀྱི་ཕྱིར། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་མདོ་སྡེ་འཆང་བ་དེས་ཞེས་བྱ་བ་ནི། སྡིག་པ་དག་ཀྱང་མི་
ཆུགས་ཏེ། ཟས་སྣ་ལྔ་དག་ཀྱང་མེད་དོ། །རྨ་མེད་པའི་ནོར་བུ་ཞེས་བྱ་བ་ནི། ཡང་དག་པའི་དོན་ཡིན་ཏེ། ཡང་དག་པའི་དོན་ནི་གང་ཞེ་ན། གཉིས་སུ་ཡང་མེད་གཉིས་སུ་བརྟགས་པ་ཡང་མེད་དོ། །སོ་སོར་བརྟགས་པ་ཡང་མེད་དོ། །གཟུངས་ཞེས་བྱ་བ་བདག་ཉིད་
སྲུང་བའི་ཕྱིར་ཞེས་བྱ་བ་ནི། སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི་ཡང་། དགེ་སློང་རྣམས་ལ་ཡང་དག་པར་གསུངས་ཏེ། དེ་ཡང་ཟས་རྣམ་ལྔ་སྲུང་བར་བྱེད་པའོ། །ཆོངས་ཤིག །དེས་བསོད་སྙོམས་ལེན་པའི་ཚེ། ཟས་ལ་མི་མཐུན་པའི་འདུ་ཤེས་བསྐྱེད་པར་བྱའོ།

ཞེས་བྱ་བ་ནི། འདི་ལ་རྣམ་པར་རྟོག་པ་མེད་པར། རིག་སྔགས་འདིས་སེལ་བའོ། །ཟས་རྣམ་ལྔ་དང་འདྲེས་པའི་བསོད་སྙོམས་ལ་ཡང་ཟས་རྣམ་ལྔ་མ་འདྲེས་སོ་སྙམ་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། གལ་ཏེ་རྒྱུས་མེད་པའི་སེམས་ཅན་རྣམས་ཀྱིས་དད་པས་བསོད་
སྙོམས་ལ་བྱོན་པར་གྱུར་ན། དེའི་དོན་ལ་མི་དམིགས་པར་བསམ་པའོ། །འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན་དང་ཞེས་བྱ་བ་ནི། འདུས་བྱས་ནི་བྱས་པའི་ཆོས་ཡིན་ཏེ། དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུར་སྣང་བའོ། །མི་རྟག་པ་ལ་སྡུག་བསྔལ་བའི་འདུ་ཤེས་
དང་ཞེས་བྱ་བ་ནི། རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་དེ་ཡང་། ལུས་ཀྱི་སྡུག་བསྔལ་དུ་ཤེས་པར་བྱའོ། །སྡུག་བསྔལ་བ་ལ་བདག་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཁམས་སྣང་བ་འདི་སྒྱུ་མ་ལྟ་བུ་ཡང་དམིགས་པ་སྟོང་པ་ཉིད་དུ་སྣང་བའོ། །ཟས་རྣམ་
ལྔ་པོ་ག་ལ་ཡོད། །ཟས་རྣམ་ལྔ་པོ་སུ་ཡི་ཡིན། །ཞེས་བྱ་བ་ནི་ཟས་ཀྱི་གནས་ཀྱང་མེད་ཅིང་བདག་འཛིན་པ་ཡང་མེད་པའོ། །སུ་ཞིག་ཟས་རྣམ་ལྔ་པོ་ཟ། །ཞེས་བྱ་བ་ནི་འཛིན་མཁན་མེད་ཅིང་གཟུང་བྱ་ཡང་མ་གྲུབ་པའོ། །དེ་བས་ན་ཟས་ཀྱི་མིང་ཡང་མེད་དོ། །
བརྗོད་དུ་མེད་པའོ། །སེམས་ཅན་ཡང་མེད་དོ། །སེམས་ཅན་ག་ལ་ཡོད། སེམས་ཅན་དམིགས་སུ་མེད་དོ་ཞེས་བྱ་བ་ནི། དགེ་བ་ཡང་མ་གྲུབ་ཅིང་། མི་དགེ་བ་གྲུབ་པ་ཡང་མེད་དོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་དམིགས་སུ་མེད་པའི་ཡེ་ཤེས་སུ་
སྣང་བའོ། །དེས་ཟས་རྣམ་ལྔ་དང་འདྲེས་ན། ཚེས་བརྒྱད་དང་། བཅུ་བཞི་དང་། བཅོ་ལྔ་ལ་བདག་བསྲུང་བ་བྱ་སྟེ་ཞེས་བྱ་བ་ནི། གལ་ཏེ་རྣམ་པར་རྟོག་པ་སྐྱེ་བར་གྱུར་ན། རིག་སྔགས་འདིའི་ཐབས་ཀྱིས་སྲུང་བར་བྱེད་པའོ། །རྒྱལ་རིགས་ཀྱི་བུ་མོ་ཞེས་བྱ་བ་
ནི་སྔོན་དུ་བཤད་པའི་མཚན་ཉིད་དང་ལྡན་པ། གཙང་སྦྲ་ལ་བརྟེན་ལ་ཁ་ཤར་ཕྱོགས་སུ་བལྟས་ལ་འཁལ་དུ་གཞུག་པའོ། །ལེགས་པར་སྲུང་བ་ཤིན་ཏུ་བརྒྱན་པ་ཞེས་བྱ་བ་ནི། ལོ་བརྒྱད་ལོན་པ། གཞན་རྣམས་དང་མ་འགྲོགས་པ་ཤིན་ཏུ་གཙང་སྦྲ་ལ་

བརྟེན་པའོ། །ཉིན་ཞག་གཅིག་ཟས་བཅད་པ། བསླབ་པའི་གཞི་བཟུང་བ་ཞེས་བྱ་བ་ནི། སྨྱུང་བར་བྱས་ཤིང་ཟ་མ་སྲུང་བའོ། །སྐུད་པ་དམར་པོ་བཞི་སྒྲིལ་དུ་འཁལ་དུ་བཅུག་ལ་ཞེས་བྱ་བ་ནི། རས་དང་ཤིང་བལ་གྱི་སྐུད་པ་ཁ་དོག་
བསྒྱུར་བ་ལ་བུ་མོ་དེས་འཁལ་བའོ། །གསང་སྔགས་འཛིན་པ་རིག་སྔགས་དྲན་པར་བྱ་སྟེ། སྐུད་པ་དེ་ལ་མདུད་ལ་ཞེས་བྱ་བ་ནི། གང་ཟག་གིས་གཞུང་བཞིན་དུ་མཆོད་པ་ལ་སོགས་པ་བྱ་སྟེ། རྫོགས་པའི་རིམ་པ་དང་། བསྐྱེད་པའི་རིམ་པ་བསྒོམ་པར་བྱའོ། །སྐུད་པ་
དེ་མཚོན་གསར་པས་གཅད་དེ་ཞེས་བྱ་བ་ནི། མཚོན་གཞན་མ་བཅད་པའི་མཚོན་གྱིས་དུམ་བུ་བདུན་དུ་བྱེད་པའོ། །རིན་པོ་ཆེའི་སྣོད་དམ་ལྕགས་ཀྱི་སྣོད་ཀྱང་རུང་བ་ཆུས་བཀང་སྟེ་ཞེས་བྱ་བ་ནི། གསེར་རམ་དངུལ་ལ་སོགས་པ་གང་ཡང་རུང་བའི་སྣོད་དུ་ཙནྡན་ལ་སོགས་པའི་དྲི་
ཞིམ་པོའི་ཆུས་བཀང་བའོ། །མེ་ཏོག་དག་གིས་ཁྱབ་པར་ཁྲོམ་ལ་ཞེས་བྱ་བ་ནི། སྣོད་ཀྱི་ནང་དུ་མེ་ཏོག་སྣ་ཚོགས་ཀྱིས་མཆོད་པར་བྱའོ། །བདུག་པ་སྣ་ཚོགས་ཀྱིས་བདུགས་ཏེ་ཞེས་བྱ་བ་ནི། ཨ་ཀ་རུ་ལ་སོགས་པས་བདུག་པར་བྱའོ། །ཡང་ན་སྔོན་དུ་བཤད་པའི་ཆོ་ག་
བཞིན་དུ་རིག་སྔགས་ཡང་དག་པར་མཆོད་ལ། ཆོ་ག་བཞིན་དུ་བཀླག་པར་བགྱིའོ། །སྣོད་ཀྱི་ནང་ནས་སྐུད་པ་དེ་སླར་འབྱོར་ཏེ་མ་བྱུང་གི་བར་དུ་རིག་སྔགས་འདི་བརྗོད་པར་བགྱིའོ་ཞེས་བྱ་བ་ནི། གཞན་དང་ངག་མ་འདྲེས་པར་གསང་སྔགས་འདོན་པར་བྱའོ། །དེ་ཡང་ལག་པ་ལ་
བཅིངས་ལ་ཞེས་བྱ་བ་ནི། སྐུད་པ་ནམ་འབྱོར་བ་དང་། བསོད་སྙོམས་པའི་དགེ་སློང་རྣམས་སྲུང་བའོ། །ཚིག་འདི་སྐད་དུ་བརྗོད་དོ་ཞེས་བྱ་བ་ནི། བདེན་པ་བདར་བའོ། །བྲམ་ཟེ་རྣམས་ཀྱིས་བསླུས་ནས་སུ། །ཤཱཀྱ་སེང་གེས་སྐྱོབ་པ་ལ། །ཞེས་བྱ་བ་ནི་མ་རུངས་པ་
ཕྲག་དོག་གི་དུག་ཅན། མུ་སྟེགས་ཀྱི་རིགས་ཅན་གྱིས་བསླུས་པའོ། །བདེ་བར་གཤེགས་པ་ཤཱཀྱ་སེང་གེ་ཡང་ཐམས་ཅད་སྐྱོབ་པའོ། །དཔལ་སྦས་ཀྱིས་ནི་དུག་ཅན་གྱི། །བསོད་སྙོམས་དག་ནི་ཕུལ་བ་དང་། །ཞེས་བྱ་བ་ནི་སྔོན་གྱི་དུས་སུ་མ་ག་དྷཱའི་བདག་པོ་དཔལ་

སྦས་ཀྱིས་ཕུལ་བའོ། །དེ་ལས་དེ་ནི་བླངས་ནས་སུ། །སྟོན་པས་དུག་ནི་བསལ་ནས་གསོལ། །ཞེས་བྱ་བ་ནི་སྔོན་གྱི་དུས་སུ་ཡང་དུག་དང་འདྲེས་པའི་ཟས་དེ་ཡང་། རྣམ་པར་རྟོག་པ་མེད་པར་རིག་སྔགས་ཀྱི་ཡོན་ཏན་གྱིས་སེལ་བའོ། །བདེན་པའི་ཚིག་ནི་འདི་ཡིས་སུ། །
ཟས་ནི་བདུད་རྩིར་གྱུར་པར་ཤོག །ཅེས་བྱ་བ་ནི་བདེ་བར་གཤེགས་པ་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་ཀྱི་ནུས་མཐུས། ཟས་ལ་དུག་མེད་པར་སྣང་བའོ། །རྣམ་པར་གཟིགས་ལ་ལྷ་གང་དང་། །གཙུག་ཏོར་ཅན་ཀུན་སྐྱོབ་པ་དང་། །ཞེས་བྱ་བ་ནི་སེམས་
ཅན་ལ་བྱམས་པ་དང་སྙིང་རྗེས་ལྟ་ཞིང་། སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་འགྲོ་བ་རིགས་དྲུག་ལ་སྐྱོབ་པའོ། །ལོག་པར་དད་པ་སེལ་བ་དང་། །སྟོབས་ཆེན་ལྷ་གང་དད་པ་དང་། །ཞེས་བྱ་བ་ནི་སངས་རྒྱས་ལོག་དད་སེལ་གྱིས་ཀྱང་སྟོབས་དང་ལྡན་ཞིང་བདུད་རྣམས་བཏུལ་
བའོ། །གསེར་དང་དཔལ་ལྡན་འོད་སྲུངས་དང་། །ཤཱཀྱ་ཡི་ནི་སེང་གེ་ལ། །ཞེས་བྱ་བ་ནི་སངས་རྒྱས་དེ་རྣམས་ཀྱང་དཔལ་དང་ལྡན་ཏེ། དམིགས་པ་མེད་པའི་ཡེ་ཤེས་སྣང་བའོ། །རབ་དད་ལྷ་ཡི་དབང་པོ་དང་། །ཚངས་དབང་སུམ་ཅུའི་དབང་ཕྱུག་དང་། །ཞེས་བྱ་
བ་ནི་གཟུགས་ཁམས་དང་འདོད་ཁམས་ལ་དབང་བྱེད་པ། གཟི་བརྗིད་དང་སྟོབས་ཀྱིས་སོ། །འཇིག་རྟེན་སྐྱོང་བ་བཞི་དག་དང་། །ནོར་བུ་བཟང་དང་དབང་ཕྱུག་ཆེ། །ཞེས་བྱ་བ་ནི་ཕྱོགས་བཞི་སྐྱོང་ཞིང་ཕྱོགས་ལ་དབང་བྱེད་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཐམས་ཅད་
ལ་དབང་བྱེད་པའོ། །སྲིན་མོ་ནག་མོ་ཆེན་མོ་དང་། །དེ་བཞིན་གདོལ་བ་གཏུམ་མོ་དང་། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བསྟན་པ་བསྲུང་ཞིང་བཟང་ལ་དགའ་བ་རྣམས་སོ། །མེ་ཏོག་དང་ནི་བདུག་པ་དང་། །བདག་གི་སྦྱིན་སྲེག་འདི་བཞེས་ཤིག །ཅེས་བྱ་བ་ནི་འདིར་
ཡང་གང་ཟག་གིས་སྦྱིན་པའི་མཆོད་པ་དེ་རྣམས་བཞེས་པར་ཞུའོ། །དེ་དག་ཚིམ་ཞིང་མཆོད་གྱུར་ནས། །བདག་གི་ཁ་ཟས་བྱང་བར་མཛོད། །ཅེས་བྱ་བ་ནི་དེ་རྣམས་ཀྱི་ཞལ་དུ་གསོལ་ཏེ། བདག་གི་བསོད་སྙོམས་ཡང་ཟས་ལྔ་དང་མ་འདྲེས་པའོ། །ཟས་ལྔ་དག་དང་འདྲེས་

པ་ཡང་། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཞེས་བྱ་བ་ནི་དེ་དག་གི་ནུས་པས་ཟས་ལྔ་དང་མ་འདྲེས་པའོ། །ཁ་ཟས་ལྔ་དང་འདྲེས་པ་ཡང་། །ཟས་དེ་ཀུན་ནི་བཟའ་བར་བགྱི། །ཞེས་བྱ་བ་ནི་བདུད་རྩི་ལྔའི་རང་བཞིན་ཟས་དཀར་པོ་ལ་བརྟེན་པའོ། །ས་བོན་དག་
ནི་མཆོག་ཀུན་ལ། །ས་ཡི་བཅུད་ནི་ཞུགས་པ་ཡི། །ཞེས་བྱ་བ་ནི་ས་ནས་སྐྱེས་པའི་སྡིག་པའི་ཟས་སུ་མ་གྱུར་པའོ། །ཁ་ཟས་འདྲེས་པ་ཐམས་ཅད་ཀྱང་། །བདག་ལ་མ་འདྲེས་མཛད་དུ་གསོལ། །ཞེས་བྱ་བ་ནི་དུག་དང་ཟས་རྣམ་ལྔ་དང་འདྲེས་པར་གྱུར་ཀྱང་། རིག་སྔགས་ཀྱི་ནུས་མཐུས་
མ་འདྲེས་པའོ། །ཇི་ལྟར་སྐུད་པ་བཅད་བསྲེགས་པ། དེ་ལྟ་བུ་ཡང་སླར་འབྱོར་བ། །ཞེས་བྱ་བ་ནི། རིག་སྔགས་ཀྱི་བདེན་པ་དེས་ཀྱང་ཟས་རྣམ་ལྔ་དང་འདྲེས་པར་མི་འགྱུར་བའོ། །དེ་ལྟར་ཟས་རྣམས་འདྲེས་པ་ཡང་། །ཞེས་བྱ་བ་ནི། བདེ་གཤེགས་ཀྱི་བཀའ་དང་། རིག་སྔགས་ཀྱི་བདེན་
པས། ཟས་འདྲེས་པའི་འཇིགས་པ་མི་འབྱུང་བའོ། །མ་འདྲེས་པར་ནི་བདག་ལ་མཛོད། །ཅེས་བྱ་བ་ནི་རིག་སྔགས་ཀྱི་བདེན་པ་ཡིན་ཏེ་རིག་སྔགས་སྐུ་གཟུགས་ནི་གང་ཞེ་ན། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར་མོ། །སྤྱན་གསུམ་པ་དབུ་ལ་རིགས་ལྔའི་སངས་རྒྱས་ཅན།
གཡས་ན་རྡོ་རྗེ་ལྕགས་ཀྱུ་འཛིན་པ། གཡོན་ན་རྡོ་རྗེ་དང་ཞགས་པ་འཛིན་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨའི་སྟེང་དུ་ཟླ་བའི་གང་ན་ཉི་མའི་འོད་དང་བཅས་པ། རྡོ་རྗེའི་རིགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །གསང་སྔགས་
ནི་གང་ཞེ་ན། སྱཱད་ཡ་ཐེ་དན། འདི་ལྟ་སྟེ། གསང་སྔགས་ནི་ཁ་ཁ་མེ། ཞེས་བྱ་བ་ལ་སོགས་པའོ། །ཁ་ཟས་ལྔ་དང་འདྲེས་པ་ཡང་། །ཇི་ལྟར་མ་འདྲེས་ཟས་བཞིན་དུ། །གང་གིས་ཇི་ལྟར་སྐུད་བསྲེགས་པ། །ཞེས་བྱ་བ་ནི་སངས་རྒྱས་ཀྱི་བཀའ་དང་རིག་སྔགས་ཀྱི་ནུས་མཐུས་སྐུད་པ་དེ་ཡང་
འབྱོར་བ། ཟས་རྣམ་པ་ལྔ་ཡང་རྣམ་པར་རྟོག་པ་མེད་པའོ། །དེ་འདྲའི་བདེན་པ་མཛད་དུ་གསོལ། །ཞེས་བྱ་བ་ནི་གསང་བའི་སྙིང་པོ་སྟེ། ཡང་རིག་སྔགས་གདོན་པར་བྱའོ། །སྱཱད་ཡཱ་ཐེ་དན། འདི་ལྟ་སྟེ་གསང་སྔགས་ནི་ཀ་ལ་ལེ་ལ་སོགས་པའོ། །སངས་རྒྱས་རྣམ་པར་གཟིགས་དང་

གཙུག་ཏོར་ཅན། །བདེ་གཤེགས་ཀུན་སྐྱོབ་སངས་རྒྱས་ལོག་པར་དད་སེལ་དང་། །ཞེས་བྱ་བ་ནི་སངས་རྒྱས་བཞི་པོ་དེ་དག་ཀྱང་། སེམས་ཅན་གྱི་དོན་བྱས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་པའོ། །གསེར་ཐུབ་འོད་སྲུངས་ཤཱཀྱ་ཐུབ་པ་གཽ་ཏ་མ། །བསྙེངས་པ་མི་མངའ་བ་ལ་
སྐྱབས་སུ་མཆི་བར་བགྱི། །ཞེས་བྱ་བ་ནི། སངས་རྒྱས་གསུམ་པོ་དེ་དག་གིས་ཀྱང་། སེམས་ཅན་རྣམས་ཀྱི་དོན་བྱས་ནས་ཐུགས་རྗེའི་སྤྱན་གྱིས་གཟིགས་པའོ། །ཡོན་ཏན་དང་ལྡན་པའི་སངས་རྒྱས་གང་ཟག་གི་སྐྱབས་སུ་འགྲོ་བའོ། །མི་མཆོག་བདུན་པོ་དེ་རྣམས་
ཀྱི་ནི་སྐུ་རྣམས་ལ། །མེ་ཏོག་དག་དང་སྤོས་རྣམས་ཀྱིས་ནི་མཆོད་པར་བགྱི། །ཞེས་བྱ་བ་ནི་ཡེ་ཤེས་ཀྱི་རང་བཞིན་མིའི་ཚོགས་སོགས་པའི་དམ་པ་དེ་རྣམས་ཡང་མིའི་ཚོགས་རྫོགས་པས་སངས་རྒྱས་པ། དེའི་ཡོན་ཏན་དང་ལྡན་པ་མིའི་མཆོག་བདུན་པོ་དེ་འདུད་པའོ། །ལུས་
དང་ཡིད་དང་རབ་ཏུ་དང་བའི་སེམས་ཀྱིས་ནི། །དེ་དག་རྣམས་ལ་སྐྱབས་སུ་ཉེ་བར་མཆི་བར་བགྱི། །ཞེས་བྱ་བ་ནི་གང་ཟག་རབ་ཏུ་གུས་པར་བྱེད་པའི་སེམས་ཀྱིས། སངས་རྒྱས་དེ་རྣམས་ལ་བསྐྱབ་ཅིང་གུས་པར་བྱེད་པའོ། །སངས་རྒྱས་རྫུ་འཕྲུལ་ཆེ་དང་ལྡན་པ་དེ་དག་ལ། །
ལྷ་གང་མངོན་པར་དང་བ་རབ་ཏུ་ཡོད་པ་ཡི། །ཞེས་བྱ་བ་ནི་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་ཐམས་ཅད་མཁྱེན་པ་གཞན་གྱིས་མི་ཐུབ་པའོ། །ལྷ་དེ་མགུ་ཞིང་ཡིད་ནི་རབ་ཏུ་དགའ་གྱུར་ནས། །ཞེས་བྱ་བ་ནི་བཀའ་དེ་རྣམས་ཀྱི་བྱིན་རླབས་ཀྱིས་ཐམས་ཅད་དགའ་ཞིང་བདེ་བར་གྱུར་
པའོ། །རབ་ཏུ་དང་བའི་སེམས་ཀྱིས་བདག་ལ་སྲུང་དུ་གསོལ། །ཞེས་བྱ་བ་ནི་ལུས་དང་ངག་དང་སེམས་ཀྱིས་ཀྱང་། སེམས་ཅན་ཐམས་ཅད་བསྲུང་བ་སྟེ། །དམ་པའི་ཆོས་འདི་གུས་པར་བྱས་ན་ནི། རྒྱུན་དུ་ཞུགས་པ་དང་། ཕྱིར་མི་ལྡོག་པའི་འབྲས་བུ་དང་། ལན་ཅིག་ཕྱིར་མི་
ལྡོག་པ་དང་། འཇིག་རྟེན་ན་ཡང་དག་པར་སོང་པ་དང་། ཡང་དག་པར་ཞུགས་པ་དང་འཇིག་རྟེན་ན་དགྲ་བཅོམ་བའི་འབྲས་བུ་ཐོབ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་ཞིང་ཁམས་ཐོབ་པ་སྟེ། དེ་བཞིན་དུ་ཉན་ཐོས་དང་།

རང་སངས་རྒྱས་ཀྱི་འབྲས་བུ་ཡང་ཡིན་ནོ། །ལྷ་ཚེ་རིང་པོའི་ཡུལ་དུ་མི་སྐྱེ་བ་དང་། མཐའ་འཁོབ་དང་རིགས་ངན་གྱི་ཡུལ་དུ་མི་སྐྱེ་བ་དང་ཆོམ་རྐུན་དང་རྐུན་མ་དང་ངན་སོང་གསུམ་ནས་ཐར་པ་དང་དེ་དག་ཀྱང་རིག་སྔགས་ལ་དད་པ་སྐྱེས་པ་ཡིན་ནོ། །དེའི་ཚེ་ན་ལྷ་དང་མིའི་ཡུལ་
དང་། འཛམ་བུའི་གླིང་གི་དབུས་ན་བྲམ་ཟེ་འམ་རྒྱལ་རིགས་སམ། གང་གི་རིགས་བཟང་བ་ལ་སྐྱེ་བར་འགྱུར་རོ། །ནམ་སྐྱེས་པའི་དུས་སུ་ཡང་ཆོས་འདི་དང་འགྲོགས་པར་འགྱུར་རོ། །ད་ལྟའི་ཚེ་ན་ཡང་འཇིགས་པ་ལས་སྐྱོབ་པ་དང་། སྦ་བ་དང་སྲུང་བ་དང་མཚམས་གཅོད་པ་ལ་
སོགས་པར་ཡང་འགྱུར་རོ། །གཟའ་དང་རྒྱུ་སྐར་དང་། རྨི་ལམ་ངན་པ་དང་ལྟས་ངན་པ་དང་། བྱད་དང་རོ་ལངས་དང་དུག་དང་དུག་སྦྱོར་བ་དང་། སྦོད་གཏོང་དང་སྔགས་དང་འབྱུང་པོ་རྣམས་ཀྱང་འཚེ་བར་མི་འགྱུར་རོ། །བསོད་སྙོམས་ཀྱི་ཆོ་གའི་གནས་སྐབས་ཏེ་བཅུ་དྲུག་པའོ།། །།
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་འདི། འཕགས་པ་ཀུན་དགའ་བོ་ལ་གཏད་པའོ། །དགེ་སློང་དེ་དག་ཡི་རངས་ཏེ་ཞེས་བྱ་བ་ནི། དགྲ་བཅོམ་པའི་ཉན་ཐོས་ལྔ་བརྒྱ་དང་། བྱང་
ཆུབ་སེམས་དཔའི་དགེ་འདུན་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། །ཚངས་ཆེན་གྱི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་བདག་པོ་བརྒྱ་བྱིན་དང་། དགའ་ལྡན་གྱི་ལྷ་རྣམས་དང་། རྒྱལ་ཆེན་རིགས་
བཞིའི་ལྷ་རྣམས་དང་། འཇིག་རྟེན་སྐྱོང་བ་རྣམས་དང་། གནོད་སྦྱིན་དེད་དཔོན་ཉི་ཤུ་རྩ་གཉིས་དང་། གནོད་སྦྱིན་མཐུ་བོ་ཆེ་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་དང་བཅས་པ་ལྔ་བརྒྱ་དང་། མིའི་རྒྱལ་པོ་མ་སྐྱེས་དགྲ་དང་མི་རྣམས་ལ་སོགས་པའོ། །བཅོམ་ལྡན་འདས་ཀྱིས་
གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་དེ་རྣམས་ཀྱི་མདུན་དུ་གསུངས་སོ། །སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འབུམ་འགྲེལ་དག་པ་ལྔ་པ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་འགྲེལ་པ། ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།

། །རྒྱ་གར་སྐད་དུ། མ་ཧཱ་མ་ཡུ་རི་བིདྱཱ་རཱཛྙཱི་སཱུ་ཏྲ་ཏ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་མདོའི་འབུམ་འགྲེལ་ཞེས་བྱ་བ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཐུབ་པའི་སྐུ་ནི་བདེ་ཆེན་པོ། །རྟག་ཏུ་གཞན་གྱི་དོན་
མཛད་པ། །དཔལ་ལྡན་ཡེ་ཤེས་རང་བཞིན་ཅན། །ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། །མི་ཤེས་མུན་པ་བསལ་བའི་ཕྱིར། །ང་ཡིས་ཡང་དག་དོན་བསམ་ལ། །རིག་སྔགས་འབུམ་འགྲེལ་བཤད་པར་བྱ། །འདི་སྐད་ཅེས་བྱ་བ་ནི་ཆོས་སྐུ་སྟེ། ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱི་བཀའོ། །བཀའ་དེ་ནི་ཕྱིན་ཅི་མ་ལོག་པ་སྟེ། དེ་ཡང་སྐུ་གསུམ་གྱི་རང་བཞིན་ནོ། །ཆོས་སྐུ་ནི་སྟོང་པ་ཉིད་དེ། མི་དམིགས་པའི་ཡེ་ཤེས་སོ། །དེ་ནི་ཆོས་སྐུའོ། །དེའི་རང་བཞིན་གྱི་གྲིབ་མས་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། སྒྱུ་མ་ལྟ་བུའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །
དེའི་རང་བཞིན་གྱིས་སྟོང་གསུམ་ཁྱབ་པ་སྟེ། སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པའོ། །དེ་ཡང་ཤཱཀྱ་སེང་གེའོ། །འདི་ལྟར་ནི་ཤཱཀྱ་སེང་གེའི་བཀའ་སྟེ། དེ་བས་འདི་སྐད་ཅེས་བྱའོ། །བདག་གིས་ཞེས་བྱ་བ་ནི། ཀུན་རྫོབ་ཀྱི་རང་བཞིན་ཏེ། ཀུན་རྫོབ་ཀྱི་ཆོས་དེ་ནི་ཡང་
དག་པར་ལོག་པའོ། །ལོག་པ་ནི་སྒྱུ་མ་དང་། ཆུ་ཤིང་དང་། ཆུ་ཟླ་དང་། སྨིག་རྒྱུ་དང་། ཆུའི་ཆུ་བུར་དང་། ཆུའི་དབུ་བ་དང་། རྨི་ལམ་དང་། དྲི་ཟའི་གྲོང་ཁྱེར་དང་། དེ་བརྒྱད་ནི་ལོག་པའི་ཀུན་རྫོབ་ཀྱི་སྒྱུ་མའོ། །ཡང་དག་པའི་ཀུན་རྫོབ་ནི་དོན་བྱེད་ནུས་པ་སྟེ། འབྱུང་
བ་བཞིའི་རང་བཞིན་ལ་སོགས་པའོ། །དེའི་རང་བཞིན་ངོ་བོ་ནི་ཀུན་དགའོ། །ཐོས་པ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཐོས་པའོ། །དེ་ཡང་མི་དམིགས་པའི་ཡེ་ཤེས་རང་བཞིན་མེད་པའོ། །ཡང་ན་སེམས་ཅན་གྱི་དོན་མཛད་ཅིང་ཡེ་ཤེས་ལྔ་ཤར་བར་
བྱེད་པའོ། །དེ་ལྟ་བུའི་ཡེ་ཤེས་ནི་སུས་ཐོས་ཤེ་ན། ཀུན་དགའ་བོས་ཐོས་པའོ། །དུས་གཅིག་ན་ཞེས་པ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། དགེ་སློང་དང་། དགེ་སློང་མ་དང་། ལྷ་དང་མི་ལ་སོགས་པ་ཚོགས་པའི་དུས་སོ། །བཅོམ་ལྡན་

འདས་ཞེས་བྱ་བ་ནི། བཞི་བཅོམ་དྲུག་ལྡན་འཁོར་བ་མྱ་ངན་འདས། བཞི་ནི་དང་པོ་འཆི་བདག་གི་བདུད་བཅོམ་སྟེ། དེ་ཞེ་སྡང་བཅོམ་པའོ། །གཉིས་པ་ཕུང་པོའི་བདུད་བཅོམ་སྟེ། འདོད་ཆགས་བཅོམ་པའོ། །གསུམ་པ་ཉོན་མོངས་པའི་བདུད་བཅོམ་
སྟེ། གཏི་མུག་བཅོམ་པའོ། །བཞི་པ་ལྷའི་བུའི་བདུད་བཅོམ་སྟེ། ཕྲག་དོག་དང་སེར་སྣ་བཅོམ་པའོ། །ལྡན་པ་ཞེས་བྱ་བ་འདི་ནི་དཔལ་དང་མཚན་ཉིད་དང་། གནས་དང་འཁོར་དང་གདན་དང་ཡོན་ཏན་དང་དྲུག་གོ། །ཡང་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའོ། །
འདས་པ་ནི་མྱ་ངན་ལས་འདས་ཏེ། ཉོན་མོངས་པ་ལྔ་ལས་འདས་པའོ། །མཉན་ཡོད་ན་ཞེས་བྱ་བ་ནི་ཡུལ་མ་ག་དྷཱ་ཡིན་ཏེ། འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་གནས་སོ། །ཡང་དག་པའི་གནས་མ་ནོར་བའོ། །མཉན་ཡོད་ཀྱི་གྲོང་ཁྱེར་གྱི་ཚད་ནི་དཔག་
ཚད་ལྔ་དང་ལྡན་པ་སྟེ། སྐྱེས་བུ་མང་པོ་བདེ་བར་གནས་པ། ཤཱཀྱ་ཐུབ་པའི་ཆོས་འཛིན་པ་དུས་དུས་སུ་ཆར་འབབ་པའོ། །དེའི་ཁོ་ར་ཁོར་ཡུག་ན་སྐྱེད་མོས་ཚལ་དང་རྫིང་བུ་དང་། ཤིང་ལྗོན་པ་རིགས་མི་གཅིག་པ་མང་པོ་ཡོད་དེ། རྫིང་བུ་དང་སྐྱེད་མོས་ཚལ་དེ་ལ་ཡང་འདོད་
པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་བདེ་བར་གནས་པའོ། །རྫིང་བུ་དེའི་གཞི་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་སྟེ། གསེར་དང་དངུལ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་དང་། པུཥྤ་རཱ་ག་དང་བདུན་ནོ། །རྫིང་བུ་དེའི་ཆུ་དེ་ཡང་དྲི་ཞིམ་ཞིང་ཙནྡན་གྱི་ཆུ་དང་འདྲ་སྟེ།
བལྟ་ན་སྡུག་པ། དང་ལ་ཡང་རྙོག་པ་མེད་པའོ། །ཆུ་དེ་ལས་སྐྱེས་པ་ནི། པུཎྜ་རཱི་ཀ་དང་། ཨུཏྤ་ལ་དང་། པདྨ་དང་། ཨུཏྤལ་དམར་པོ་དང་། ཀུ་མུ་ཏ་ལ་སོགས་པ་མེ་ཏོག་སྣ་ཚོགས་ཡོད་དེ། ཁ་དོག་དཀར་པོ་དཀར་པོས་མདངས་ཕྱེ་བ། ཁ་དོག་མཐིང་ཁ་མཐིང་ཁས་མདངས་ཕྱེ་བ།
ཁ་དོག་དམར་པོ་དམར་པོས་མདངས་ཕྱེ་བ། ཁ་དོག་སེར་པོ་སེར་པོས་མདངས་ཕྱེ་བ། ཁ་དོག་ལྗང་གུ། ལྗང་གུས་མདངས་ཕྱེ་བ། ཆུ་དེའི་ནང་ན་བྱ་སྣ་ཚོགས་ཡོད་དེ། ངང་སེར་དང་། ངང་སྐྱ་དང་། ཀྲུང་ཀྲུང་དང་། སོ་བྱ་རོག་པོ་ལ་སོགས་པས་སྐད་སྣ་ཚོགས་འབྱིན་ཅིང་སྙན་

པའོ། །སྐྱེད་མོས་ཚལ་དེ་ལ་ཡང་མེ་ཏོག་སྣ་ཚོགས་ཡོད་དེ། མེ་ཏོག་ཀུནྡ་དང་། ཛཱ་ཏི་དང་། ཀ་ཀོ་ལའི་མེ་ཏོག་དང་། ཙམ་པ་ཀའི་མེ་ཏོག་དང་། མེ་ཏོག་དམར་པོ་དང་། སེར་པོ་ལ་སོགས་པ་ཐང་ལས་སྐྱེས་པའོ། །ཡུལ་དེའི་ཁོ་ར་ཁོར་ཡུག་ན། ཤིང་སྣ་ཚོགས་ཡོད་དེ།
ཙམ་པ་ཀའི་ཤིང་དང་། ཀླུའི་ཤིང་དང་། ཙནྡན་དཀར་པོའི་ཤིང་དང་། ཙནྡན་དམར་པོའི་ཤིང་དང་། ཤིང་སཱ་ལ་དང་། ཤུག་པ་དང་། རྒྱ་ཤུག་དང་། ཁ་རྫུ་ར་ལ་སོགས་པའི་ཤིང་སྣ་ཚོགས་པ་དང་ལྡན་པའོ། །ཤིང་དེའི་གྲིབ་མས་སེམས་ཅན་ཐམས་ཅད་བདེ་བར་
གནས་པའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་བྱ་བ་ནི། མཉན་ཡོད་ཀྱི་རྒྱལ་པོའི་རྒྱལ་བུ་སྟེ། དེའི་སྐྱེད་མོས་ཚལ་ནི་མེ་ཏོག་སྣ་ཚོགས་ཡོད་པ། བལྟ་ན་སྡུག་པ་ཤིན་ཏུ་མཚར་བའོ། །དཔག་ཚད་གཉིས་ཡོད་པ། ཤིང་སྣ་
ཚོགས་ཀྱིས་མཛེས་པའོ། །ཡུལ་དེའི་སེམས་ཅན་རྣམས་འདོད་པའི་ཡོན་ཏན་ལྔ་ལ་སྤྱོད་ཅིང་ཚལ་དེ་ལ་རྩེ་བའོ། །དེ་བཞིན་དུ་རྒྱལ་བུ་ཡང་ཡིན་ནོ། །ཚོང་དཔོན་མགོན་མེད་ཀྱིས་བཞེངས་ནས། བཅོམ་ལྡན་འདས་ལ་སྦྱིན་པར་འདོད་པ། བཀྲ་ཤིས་པའི་ས་བཙལ་ཏེ།
གཞན་ནས་མ་རྙེད་པས་དེ་ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་སྐྱེད་མོས་ཚལ་ན་བཟང་ངོ་སེམས་སོ། །དེ་ནས་ཚོང་དཔོན་མགོན་མེད་ཀྱིས་རྒྱལ་པོ་ལ་སྨྲས་པ། ངས་ནི་དགེ་བ་བྱས་པའི་ས་ནི་ཁྱོད་ཀྱི་ཚལ་བཀྲ་ཤིས་པ་ངས་ཉོ་ཡི་ཞེས་པའོ། །རྒྱལ་བུས་སྨྲས་པ། ངའི་ཚལ་འདི་ནི་ཁྱོད་
ཀྱིས་ཉོ་ནུས་སམ། གསེར་གྱི་ཕ་གུས་བརྩེགས་ནས་དེ་ཁེངས་པའི་གསེར་འདོད་དེ་ཁྱོད་ཀྱིས་འཇལ་བར་ནུས་སམ། དེའི་ཐོག་ཏུ་ཡང་ངའི་མིང་འཇུག་ནུས་སམ་ཞེས་སྨྲས་པའོ། །དེ་ནས་ཚོང་དཔོན་གྱིས་གསེར་གྱི་ཕུང་པོ་བྱས་ནས་གཞལ་ཏེ། རྒྱལ་པོ་གསེར་གྱི་ཕུང་པོ་མ་འདོད་དེ།
གསེར་བརྡུངས་ནས་ཕ་གུ་བྱས་པའོ། །དེ་ནས་ཚོང་དཔོན་གྱིས་ས་གཞི་དེར་གསེར་གྱི་ཕ་གུས་བརྩེགས་ཏེ་རྒྱལ་བུ་ལ་གཞལ་བའོ། །དེའི་སྟེང་ལས་གཞི་དེ་རུ་རིན་པོ་ཆེ་སྣ་བདུན་གྱིས་ཀུན་དགའ་ར་བ་བྱས་ཏེ། སྒོ་བཞི་སུམ་ཐོག་ཏུ་བྱས་པ། ཕྱོགས་ཕྱོགས་སུ་ཀ་བས་རྣམ་

པར་མཛེས་པ། ཀ་བ་དེ་ཡང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ། གདུང་དང་ཕྱམ་ཡང་གསེར་དང་དངུལ་ལས་བྱས་པས་སུམ་ཐོག་ཀྱང་དེ་བཞིན་ནོ། །གློ་སྐར་ཕྱི་ནང་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་མུ་ཏིག་གི་དྲ་བས་བརྒྱན་པ་སྟེ། ཕྱོགས་གཞན་ཡང་དེ་
བཞིན་ནོ། །ཕྱོགས་རེ་རེ་ལ་ཡང་དཔག་ཚད་རེ་རེ་ཡོད་ཅིང་། ཕྱི་ནང་གཉིས་ཀ་ཡང་རིན་པོ་སྣ་བདུན་ལས་བྱས་པའི་རི་མོས་མཛེས་ཤིང་བལྟ་ན་སྡུག་པའོ། །ཀུན་དགའ་ར་བ་དེ་ལ་ཡང་ཕྱོགས་བཞི་ན་སྒོ་རེ་རེ་ཡོད་དེ། ད་ཡང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའོ། །སྒོ་རེ་རེ་ལ་ཡང་སེང་གེ་
གཉིས་གཉིས་ཡོད་དེ། སེང་གེ་དེ་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་ལས་བྱས་པའོ། །དེ་བཞིན་དུ་ཀ་བ་གཉིས་གཉིས་ཀྱིས་མཛེས་ཤིང་། ཆུ་སྲིན་ཏྭ་ར་ཎ་དང་། བྱ་ཁྱུང་ག་རུ་ཌ་དང་། རི་དགས་ཤ་ར་ཎ་དང་། ཤང་ཤང་ས་ར་ན་ལ་སོགས་པས་མཛེས་ཤིང་རྟ་བབས་བཞིས་ཕྱོགས་
བཞི་ནས་མཛེས་པའོ། །རྟ་བབས་དེ་ཡང་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའོ། །ཀུན་དགའ་ར་བ་དེའི་ཐོག་ན། རྒྱལ་མཚན་དང་། བ་དན་དང་། གདུགས་སྣ་ཚོགས་ཀྱིས་ཕྱོགས་བཞི་ནས་བརྒྱན་པའོ། །མུ་ཏིག་དང་། རིན་པོ་ཆེ་དང་། དྲིལ་བུ་གཡེར་ཁ་དང་། དྲིལ་བུ་ཡང་གསེར་
དང་། དངུལ་ལས་གྲུབ་པ་སྟེ། དེ་རླུང་གིས་བཏབ་པས་ཡན་ལག་བརྒྱད་དང་ལྡན་པའི་སྒྲའི་རོལ་མོ་མཁན་མཁས་པས་རོལ་མོའི་སྒྲ་སྐད་སྣ་ཚོགས་འབྱིན་པ་བཞིན་ནོ། །ཀུན་དགའ་ར་བའི་ར་བ་རིན་པོ་ཆེ་བཻ་ཌཱུརྱ་ལས་བྱས་པ་སྟེ། མཚམས་བཞི་བྱི་རུ་ལས་བྱས་པའོ། །དེའི་ཕྱི་
ནང་ཡང་དེ་བཞིན་ནོ། །ཀུན་དགའ་ར་བ་དེའི་ཕྱི་ལོགས་ན་སྐྱེད་མོས་ཚལ་བཞི་ཡོད་དེ། དེ་བཞིན་དུ་རྫིང་བུ་དང་བཅས་པའོ། །སྐྱེད་མོས་ཚལ་དང་རྫིང་བུ་ལ་ཡང་མེ་ཏོག་ཆུ་སྐྱེས་ཐང་སྐྱེས་སྣ་ཚོགས་ཡོད་དེ། དྲི་ཞིམ་ཞིང་བལྟ་ན་སྡུག་པ། དཀར་པོ་དང་། སེར་པོ་དང་། དམར་
པོ་དང་། ལྗང་གུ་དང་། སྔོན་པོ་ལ་སོགས་པས་མཛེས་པའོ། །དེ་བཞིན་དུ་བྱ་རྣམས་ཀྱང་སྐད་སྣ་ཚོགས་འབྱིན་པས་མཛེས་ཤིང་། ཤིང་ལྗོན་པ་སྣ་ཚོགས་པ་ཡང་དེ་བཞིན་ནོ། །ཚོང་དཔོན་མགོན་མེད་ཟས་སྦྱིན་ཞེས་བྱ་བའི་ངེས་ཚིག་ནི། རུས་ལས་བཏགས་པའོ། །ཡང་ན་

དགེ་བའི་རྩ་བ་ཐོགས་པ་མེད་པར་སྦྱིན་པས་ན་ཟས་སྦྱིན་ཞེས་བྱའོ། །རྒྱལ་བུའི་ཚལ་ལས་གྲུབ་པས་རྒྱལ་བྱེད་ཚལ་ཞེས་བྱའོ། །ཚོང་དཔོན་གྱིས་བཅོམ་ལྡན་འདས་ལ་ཕུལ་བས་མགོན་མེད་ཟས་སྦྱིན་ཞེས་བྱའོ། །དེ་བས་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་
དགའ་ར་བ་ན་ཞེས་པའོ། །བཞུགས་ཏེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་མི་ལ་སོགས་པ་དང་། ཐབས་ཅིག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་
ཕྲག་བྱེ་བ་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དེ་བཞིན་གཤེགས་པ་ཐམས་ཅད་དང་། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོ་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་
ཞིང་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཀུན་དུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ། སྣ་ཚོགས་མཉམ་པ་ཉིད་མཉམ་ཞིང་རྒྱ་ཆེ་ལ་ཟབ་པ་དང་། སྤོབས་པ་དང་། ཆོ་
འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་རྒྱ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་
དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང་། བདེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་འདི་ལྟ་སྟེ།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། ཉི་མ་གྲགས་པ་དང་། སྙིང་རྗེ་ཆེན་པོ་དང་། རྡོ་རྗེ་གྲགས་པ་དང་།

འཇམ་དཔལ་གྲགས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་ཉི་ཤུ་རྩ་བཞི་དང་ཐབས་ཅིག་ཏུ་བཞུགས་སོ། །ཉན་ཐོས་ཆེན་པོ་ཉིས་བརྒྱ་ལྔ་བཅུ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ།
སྲིད་པར་ཀུན་དུ་སྦྱོར་བ་ཆད་པ། ཡང་དག་པའི་ཡེ་ཤེས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་རྫུ་འཕྲུལ་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པས། ལྟ་བ་ཆགས་པ་མེད་པ་ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་
ཆགས་ཀྱི་ས་བོན་བསྲེགས་པ་ཤ་སྟག་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་
དགའ་བྱེད་དང་། ཚེ་དང་ལྡན་པ་འོད་སྲུངས་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་། དེ་དག་ལ་སོགས་པ་ཉན་ཐོས་རབ་ཏུ་མང་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། མི་དང་། ལྷ་
མ་ཡིན་དང་དྲི་ཟ་ལ་སོགས་པ་མང་པོ་འདུས་པའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་དབུས་སུ། རིན་པོ་ཆེ་རྡོ་རྗེ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་ཏེ། སེང་གེའི་ཁྲི་གང་ཞེ་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས། སངས་རྒྱས་བཅོམ་ལྡན་
འདས་གང་དུ་གཤེགས་པའི་སར་འབྱུང་བའོ། །རིན་པོ་ཆེ་དང་། རྡོ་རྗེ་པདྨའི་ཁྲིས་ཀུན་དགའ་ར་བ་མཛེས་པ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། དྲིལ་བུ་གཡེར་ཁའི་དྲ་བ་དུ་མ་སིལ་སྒྲ་འབྱུང་། རྡོ་རྗེ་དང་རིན་པོ་ཆེ་དུ་མའི་སྟེགས་བུ་ལ་རྩ་བ་ལེགས་པར་བརྟེན་པ། རྡོ་རྗེ་རིན་
པོ་ཆེ་དུ་མ་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང་། འདམ་པའི་གནམ་རྟེན་བཅུག་པ། རིན་པོ་ཆེ་དུ་མའི་སྙིང་པོ་ཅན། ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ཆེན་པོ་དང་། ཨིནྡྲ་ནཱི་ལ་དང་། ཨིནྡྲ་ནཱི་ལ་ཆེན་པོ་དང་། མདུན་ནས་འོད་ཟེར་ཆེན་པོ་བར་

སྣང་ལ་ཁྱབ་པས་ཀུན་ནས་མཛེས་པ་དང་། རིན་པོ་ཆེ་རྡོ་རྗེ་ཐུར་མས་བརྒྱན་པའི་གདུགས་ཡུ་བས་བསྟོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མའི་གྲིབ་མས་བསྒྲིབས་ཤིང་བསྐྱབས་པ། དཔག་བསམ་གྱི་ཤིང་དུ་མས་བརྒྱན་པས་མཛེས་པ། རྡོ་རྗེ་རིན་པོ་ཆེའི་པདྨའི་ཁྲི་ལ་ཀུན་དགའ་
ར་བའི་དབུས་ན་བཞུགས་ཏེ། ཉི་མ་སྟོང་བས་ལྷག་པའི་འོད་ཟེར་གྱིས་དཀྱིལ་འཁོར་གྱི་ཕྱོགས་ནི་རྣམ་པར་བརྒྱན། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་ནི་སྡུག་པར་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ།
ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་དག་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་
མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ལས་ནི་ངེས་པར་རྒྱལ། དེ་ཁོ་ན་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད། ཡེ་ཤེས་ཀྱི་སྤྱན་ལྔ་ནི་མངའ། རྣམ་པ་ཐམས་ཅད་མཁྱེན་པའི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་
ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང་། སྒྲ་དང་། ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སེང་གེ་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་ནས་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔ