Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 7 / 21 (50.000 ký tự/trang)
ག་ཏུ་ མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྤྱོད་པས་མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་ གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་བརྒྱན་པས་མཛེས་ཤིང་རིན་པོ་ཆེ་རྡོ་རྗེ་ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གནས་དང་འཁོར་ཕུན་སུམ་ཚོགས་པའི་གནས་སྐབས་ཏེ་དང་པོའོ།། །།དེའི་ཚེ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པའི་འཁོར་བཞི་ཚོགས་པའི་ཚེ་ནའོ། །མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞེས་བྱ་བ་ནི། འཛམ་བུའི་དབུས་ཀྱི་གྲོང་ཁྱེར་ཆེན་པོ་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ནི་སྔོན་འདས་པའི་སངས་རྒྱས་རབས་བདུན་གྱི་བཞུགས་གནས་ཡིན་ཏེ། དེ་ཡང་མར་མེ་མཛད་དང་། སངས་རྒྱས་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་འོད་སྲུངས་དང་བདུན་ལ་སོགས་པ་བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་ཀྱི་བཞུགས་གནས་སོ། །དེ་བཞིན་དུ་ཉན་ཐོས་དགྲ་བཅོམ་པ་རྣམས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་གནས་པའོ། །མ་ འོངས་པའི་བྱམས་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱང་དེ་བཞིན་ནོ། །ད་ལྟར་ཡང་ཤཱཀྱ་སེང་གེ་བཞུགས་ཤིང་སེམས་ཅན་གྱི་དོན་མཛད་ཅིང་ཆོས་སྟོན་པའོ། །ལྷ་དང་ལྷ་མ་ཡིན་དང་མི་དང་མི་མ་ཡིན་པས་མཆོད་པར་འོས་པའི་གནས་བྱང་ཆུབ་ཀྱི་ཞིང་ཁམས་བླ་ན་མེད་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱང་བྱང་ཆུབ་འགྲུབ་པའི་གནས་སོ། །དགེ་སློང་ས་རི་ཞེས་བྱ་བ་ནི། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་གནས་ཤིང་གསར་དུ་རབ་ཏུ་བྱུང་བའོ། །གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ། རབ་ཏུ་བྱུང་ ནས་རིང་པོ་མ་ལོན་པ་ཞེས་བྱ་བ་ནི། འདུལ་བའི་ཆོས་མ་མཉན་པས། བཙུན་པའི་སྤྱོད་ལམ་མི་ཤེས་པས་དགེ་སློང་གི་སྤྱོད་ལམ་མི་བྱེད་ཅིང་རྩེ་བ་ལ་དགའ་བའོ། །བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་ནི་རབ་ཏུ་བྱུང་ནས་ཞག་བདུན་ལོན་ཏེ། བསྙེན་པར་རྫོགས་པར་མ་ ཤེས་པས་གཞན་དང་སྤྱོད་ལམ་མ་མཐུན་པའོ། །ཆོས་འདུལ་བ་འདིར་འོངས་ནས་རིང་པོར་མ་ལོན་པ་ཞིག་གནས་པ་དེ་ཞེས་བྱ་བ་ནི། རབ་ཏུ་བྱུང་ནས་ཞག་བདུན་ལོན་ཏེ། ལོ་གྲངས་བཅུ་གཉིས་ལོན་པ་དང་། ལུས་ངག་ཡིད་གསུམ་འདུལ་བའི་བྱ་བ་མི་ཤེས་པས་ཟག་པ་ཟད་པའི་དགེ་ འདུན་གྱི་གནས་སུ་བྱོན་ནས། རང་གི་སྟེན་ལ་མི་འདུག་ཅིང་རང་དགར་གནས་པའོ། །དགེ་འདུན་གྱི་བསྲོ་ཁང་བྱ་བའི་ཕྱིར་ཤིང་གཤེགས་པ་དང་ཞེས་བྱ་བ་ནི། དགེ་སློང་ས་རི་ཞེས་བྱ་བ་དེ་ཅང་མི་ཤེས་པའི་ཕྱིར་ན། དགེ་འདུན་གྱི་བསྲོ་ཁང་ལ་རྩེད་མོ་རྩེར་ཕྱིན་ནོ། །ཤིང་རུལ་པའི་སེར་ ཀ་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་ཞེས་བྱ་བ་ནི། འདུལ་ཁྲིམས་ཉམས་པས་དེའི་རྣམ་པར་སྨིན་པས་མཆེ་བའི་དུག་ཅན། ཀླུ་གདོལ་བའི་རིགས་དུག་རྣམ་པ་བཞི་དང་ལྡན་པ། སྦྲུལ་ནག་པོའི་གཟུགས་ཅན། མིག་ན་མཐོང་བའི་དུག་ཡོད་པ། བསམ་པའི་དུག་ཅན་ རེག་པའི་དུག་ཡོད་པ་དུག་རྣམ་པ་བཞི་དང་། རིགས་རྣམ་པ་བཞི་དང་། གང་གི་དུས་ན་ཞེ་ན། ཉམས་པ་དང་གང་ཟག་གི་བྱ་བའི་བསམ་པ་གཏང་བ་དང་། ཀླུ་དེའི་རིགས་ཀྱིས་ཀྱང་ཚོར་ཏེ། རིགས་ནི་བྲམ་ཟེ་ཡིན་ཏེ། ལོག་པའི་དུས་ཀྱང་དེའི་དུས་ན་འབྱུང་སྟེ། དུག་ཀྱང་དེའི་དུས་སུ་ཆུད་ དོ། །དེ་ལ་བསམ་པའི་དུག་ཅེས་བྱའོ། །མཐོང་བའི་དུག་ནི་ཉམས་པ་དང་གང་ཟག་དང་གང་ཟག་གི་རྫས་རྣམས་མཐོང་སྟེ། དེ་མཐོང་བ་ཙམ་གྱིས་ཁྲོས་ཤིང་མཐོང་བ་ཙམ་གྱིས་ཐལ་བར་བརླག་པའོ། །ལོག་པའི་དུས་ཀྱང་དེ་ཡིན་ཏེ། དེའི་རིགས་ནི་རྒྱལ་རིགས་སོ། །རེག་པའི་ དུག་ནི་དེ་མཐོང་བ་ཙམ་གྱིས་རེག་སྟེ། དེ་ནི་མཆེ་བའི་དུག་ཅེས་བྱའོ། །རིགས་ནི་རྗེའུ་རིགས་སོ། །ཁ་རླངས་ཀྱི་དུག་ནི། བསམ་པ་དང་མཐོང་བ་དང་རེག་པའི་སྒོ་ནས་འབྱུང་སྟེ། བསམ་པ་བཏང་བ་ཙམ་གྱིས་ཀྱང་ཁ་རླངས་ཀྱི་དུག་འབྱུང་ཞིང་། མཐོང་བས་ཀྱང་དེ་བཞིན་ནོ། །རེག་པ་ལྟ་ ཅི་སྨོས་ཏེ། ཁ་རླངས་ཀྱི་དུག་ནི་གཞན་དང་མི་འདྲའོ། །མི་སྲུན་ཏེ་གདོལ་བའི་རིགས་ཅན། ཁ་རླངས་ཀྱི་དུག་དེ་ནག་པོའི་དུག་ཅེས་བྱའོ། །དེའི་རིགས་ནི་སྦྲུལ་ནག་པོའོ། །ཤིང་གཤེགས་ནས་བྱུང་ཞིང་འཇིགས་སུ་རུང་བ། དུག་རྣམ་པ་བཞིའི་རང་བཞིན། དགེ་སློང་ས་རིས་མ་ཚོར་ བར་བྱུང་ངོ་། །རྐང་པ་གཡས་པའི་མཐེ་བོང་ལ་ཟིན་པ་དང་ཞེས་བྱ་བ་ནི། མི་སྲུན་པ་སྦྲུལ་ནག་པོས་ཀྱང་དགེ་སློང་ས་རི་བརྟུལ་ཞུགས་ཉམས་པ། མཆེ་བའི་དུག་གིས་ཟིན་པའོ། །དེ་ནི་གློ་བུར་གྱིས་ཉམས་པ་ཡིན་ནོ། །ལུས་སྦྲིད་ནས་ས་ལ་འགྱེལ་ཏེ་ཞེས་བྱ་བ་ནི། དུག་གི་ནུས་པས་མདོག་ཤོར་ ཞིང་། ལུས་ཐམས་ཅད་སྐྲངས་ཤིང་སེམས་ལ་དྲན་པ་མེད་ཅིང་། ཁ་ནས་ཀྱང་དབུགས་མ་ཐོན་ནོ། །དགེ་སློང་ས་རི་དེ་ཡང་ནད་ཆེན་པོས་བཏབ་ཅིང་སྡུག་བསྔལ་ཆེན་པོས་ཉེན་པའོ། །དབུ་བར་སྐྱུག་ཅིང་མིག་ཀྱང་བསྒྱུར་ནས་ཉལ་བ་དང་ཞེས་བྱ་བ་ནི་མཆེ་བའི་དུག་གིས་ བཏབ་པས། འཆི་བའི་དུས་ལ་བབ་ཅིང་མིག་ཤོར་ཞིང་ལྕེ་ཡང་རྡོག་པོར་སོང་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ཞེས་བྱ་བ་ནི་བྱམས་པ་དང་སྙིང་རྗེ་ཆེ་ཞིང་ཐོས་པ་ཆེ་བ། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་མཛད་པ། སངས་རྒྱས་ཀྱི་བཀའ་ལས་མི་འདའ་བ། འདུལ་བའི་སྒོ་ནས་ དགྲ་བཅོམ་པ་རྣམས་ལ་བསྙེན་བཀུར་མཛད་པ། སྡོམ་པ་ལ་གནས་ཤིང་། སྙིང་རྗེ་དང་ལྡན་པ་ཀུན་དགའ་བོས་ནི། དགེ་སློང་ས་རི་ནད་ཀྱིས་བཏབ་པ་མཐོང་ངོ་། །མཐོང་བས་རིངས་པས་བཅོམ་ལྡན་འདས་ག་ལ་དེར་སོང་སྟེ་ཞེས་བྱ་བ་ནི། སྦྲུལ་ནག་པོས་ཟིན་པ་མཐོང་སྟེ། ཐབས་མི་རྙེད་ཅིང་ཐབས་ཀྱི་དོན་ལ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། དགེ་སློང་ས་རི་སྙིང་རྗེ་ཞིང་བཅོམ་ལྡན་འདས་ལ་གུས་པས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བཅོམ་ལྡན་ འདས་ལའོ། །ཕྱོགས་གཅིག་ཏུ་འདུག་གོ། །ཕྱོགས་གཅིག་ཏུ་འདུག་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་མདུན་དུ་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་མི་ལ་སོགས་པའི་ དབུས་སུའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། དགེ་སློང་ས་རིའི་དོན་དུ་བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བའོ། །བཙུན་པ་བཅོམ་ལྡན་འདས་ཞེས་བྱ་བ་ནི། རང་བཞིན་གྱིས་བཙུན་པ་སྟེ། དེ་ཡང་སྐུ་གསུང་ ཐུགས་ཐུལ་ཞིང་། མི་དགེ་བ་བཅུ་སྤངས་ཤིང་དགེ་བ་བཅུ་དང་དུ་ལེན་པ་སྟེ། སེམས་ཅན་གྱི་དོན་དུ་རང་བཞིན་གྱིས་རབ་ཏུ་བྱུང་བའོ། །དེ་བཞིན་དུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལ་སྙིང་རྗེས་ཁྱབ་པའོ། །བཅོམ་ལྡན་འདས་ནི་གཏི་མུག་ དང་། ཞེ་སྡང་དང་། འདོད་ཆགས་དང་། སེར་སྣ་དང་། ཕྲག་དོག་དང་། དེ་རྣམས་བཅོམ་ཞིང་འཁོར་བ་ལས་ལོག་པའོ། །ཡང་ན་བག་ཆགས་ཀྱི་ཤེས་བྱའི་སྒྲིབ་པ་བཅོམ་པའོ། །ལྡན་པ་ནི་སྐལ་བ་དང་ལྡན་པའོ། །འདས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའོ། །མཉན་ ཡོད་ན་ཞེས་བྱ་བ་ནི། ཡུལ་མ་ག་དྷཱའོ། །རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་འདི་ན་ཞེས་བྱ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ་ ལ་སོགས་པའི་གནས། ཡང་ན་དངོས་གྲུབ་ཀྱིས་གཅེས་པའོ། །དགེ་སློང་ས་རི་ཞེས་བྱ་བ་ནི་བྲམ་ཟེའི་རིགས་ལས་བོས་པ་སྟེ། དགེ་སློང་ཡང་རབ་ཏུ་བྱུང་བའི་མིང་གྲགས་པའོ། །དེ་གཉིས་འཛོམ་པས་ན་དགེ་སློང་ས་རི་ཞེས་པའོ། །གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ་ཞེས་བྱ་བ་ནི། ལོ་ བཅུ་གཉིས་ལོན་པ་སྟེ། གཞོན་ནུའི་དུས་སུ་རབ་ཏུ་བྱུང་ཞིང་འདུལ་བ་ནི་མི་ཤེས་པའོ། །རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་ནི། རབ་ཏུ་བྱུང་ནས་ཞག་བདུན་ལོན་པ། དགེ་སློང་གི་སྤྱོད་པ་མི་ཤེས་པ། རྩེ་བ་ལ་དགའ་བའོ། །བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ་ ཞེས་བྱ་བ་ནི། བསྙེན་པར་རྫོགས་ནས་ཞག་གཅིག་ལོན་པའོ། །ཆོས་འདུལ་བ་འདིར་མཆིས་ནས་རིང་པོ་མ་ལོན་པ་ཞིག་གནས་པ་དེ་ཞེས་བྱ་བ་ནི། ལུས་ངག་ཡིད་གསུམ་འདུལ་བས་ན་འདུལ་བ་སྟེ། ཆོས་ཀྱང་དེ་ནས་གནས་པའོ། །འདིར་མཆིས་ནས་རིང་པོ་མ་ལོན་པ་དགེ་ སློང་གི་སྤྱོད་པ་མི་ཤེས་ཤིང་། གཞོན་ནུའི་སྤྱོད་པ་ལ་གནས་པའོ། །དགེ་འདུན་གྱི་བསྲོ་ཁང་བགྱི་བའི་སླད་དུ་ཤིང་གཤེགས་པ་དང་། ཤིང་རུལ་པའི་སེར་ཀ་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་དགེ་སློང་ས་རི་རྩེད་མོ་ལ་ཕྱིན་པ་སྟེ། ཀླུ་ གདོལ་བའི་རིགས་མཆེ་བའི་དུག་ཅན་འཇིགས་སུ་རུང་བ་དུག་རྣམ་པ་བཞིའི་རང་བཞིན་ཅན། ཤིང་རུལ་པ་གཤེགས་པའི་ནང་ནས་བྱུང་བའོ། །རྐང་པ་གཡས་པའི་མཐེ་བོང་ལ་ཟིན་པ་དང་ཞེས་བྱ་བ་ནི་གློ་བུར་གྱི་རྣམ་པར་སྨིན་པས་གཟུང་བས་སོ། །ལུས་སྦྲིད་ནས་དོག་ས་ལ་འགྱེལ་ཏེ་ ཞེས་བྱ་བ་ནི། ཕྱོགས་རྣམས་མི་ཤེས་ཤིང་། ལུས་པོ་ཐམས་ཅད་སྐྲངས་ཤིང་འགས་པར་གྱུར་པའོ། །དབུ་བར་སྐྱུག་ཅིང་ལུས་ཀྱང་བསྒྱུར་ནས་ཉལ་ཞིང་མཆིས་ན་ཞེས་བྱ་བ་ནི། མིག་འཛུམས་མི་ཤེས་ཤིང་ལུས་ཀྱང་རེངས་ནས་ཁ་ནས་དབུགས་ཀྱང་མི་ཐོན་པའོ། ། བཙུན་པ་བཅོམ་ལྡན་འདས་དེ་ལ་བདག་གིས་ཇི་ལྟར་ནན་ཏན་བགྱི་ཞེས་བྱ་བ་ནི། སྔགས་དང་ཐབས་ཅི་ཡོད་ཅེས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དགེ་སློང་ས་རི་སྦྲུལ་ནག་པོས་ཟིན་པའི་གནས་སྐབས་ཏེ་གཉིས་པའོ།། །།དེ་སྐད་ཅེས་གསོལ་པ་དང་ ཞེས་བྱ་བ་ནི། དགེ་སློང་ས་རིའི་དོན་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པའི་རྟིང་ལའོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ་ཞེས་བྱ་བ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན་པ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གྱི་དོན་ལ། ཀུན་དགའ་བོའི་དྲུང་དུ་འཁོར་བཞི་དང་ཆས་ཏེ་ཁྱུ་མཆོག་དང་སེང་གེའི་སྒྲ་སྒྲོགས་པའོ། །ཀུན་དགའ་བོ་དེ་བཞིན་གཤེགས་པའི་བཀས་ཁྱོད་སོང་ལ་ཞེས་བྱ་བ་ནི། སྔོན་གྱི་དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མར་མེ་མཛད་ཀྱི་དྲུང་དུ་རྗེས་སུ་ཡི་རང་ཞིང་གསུངས་པའོ། །དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་ལ་སོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པ་སྟེ། དེ་བཞིན་ དུ་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་གསུངས་པའོ། །ད་ལྟར་ཡང་ངས་ཀྱང་གསུངས་ཏེ། ཁྱོད་ཀྱིས་ཀྱང་དེ་བཞིན་གཤེགས་པའི་བཀའ་ལ་བརྟེན་ལ་མཛོད་ཅིག་ཅེས་པའོ། །དེ་བཞིན་དུ་གཤེགས་པས་ན། དེ་བཞིན་གཤེགས་པ་སྟེ། ཡང་ ན་ངོ་བོ་ཉིད་དང་བྲལ་ཞིང་བདེ་བ་ཆེན་པོ་ཐོབ་པ་སྟོང་པ་ཉིད་ཀྱི་རང་བཞིན་ནི། །མཚན་མ་མེད་པའི་ཏིང་ངེ་འཛིན་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གྱི་རང་བཞིན་ཐོབ་པ། དེ་འདྲའི་དེ་བཞིན་གཤེགས་པའི་བཀའ་ལ་ཉོན་ལ་གསུངས་ཤིག་ཅེས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ ཆེན་མོ་འདིས་ཞེས་བྱ་བ་ནི། རིག་སྔགས་ནི་རྣམ་པ་གཉིས་ཏེ། ཕྱིའི་རིག་པ་དང་། ནང་གི་རིག་པའོ། །ཕྱིའི་རིག་པ་ནི། རིག་པ་རྣམ་པ་ལྔ་མཁྱེན་ཅིང་། ཡང་དག་པའི་ཡེ་ཤེས་ཀྱི་ལམ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་སྤྱད་ནས་རྫོགས་པར་སངས་རྒྱས་པའོ། །ནང་གི་རིག་པ་ ནི་ཡང་དག་པའི་ཡེ་ཤེས་ཏེ། ངོ་བོ་ཉིད་དང་བྲལ་ཞིང་ཤེས་རབ་ཀྱི་རང་བཞིན་མི་དམིགས་པའི་ཡེ་ཤེས་སོ། །རྒྱལ་མོ་ནི་ཐམས་ཅད་ལས་རྒྱལ་ཏེ། དེ་ཡང་བདུད་རྣམས་ཀྱིས་མི་ཚུགས་ཤིང་འཁོར་བ་བཅོམ་པའོ། །ཆེན་མོ་ནི་ནམ་མཁའ་བཞིན་དུ་ཁྱབ་སྟེ། སེམས་ཅན་གྱི་དོན་ ལ་ཐུགས་རྗེས་ཁྱབ་པའོ། །རྨ་བྱ་ནི་སྒྱུ་མ་ལྟ་བུ་སྟེ། སྒྱུ་མའི་རང་བཞིན་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སོགས་པའི་སེམས་ཅན་ལ་སྙིང་རྗེས་ཁྱབ་ནས་རིག་པའི་ལམ་ནས་འཇུག་པའོ། །ཡང་ན་རྨ་བྱ་ནི་སྐུ་གསུམ་གྱི་རང་བཞིན་ཡིན་ཏེ། ནམ་མཁའ་ ལྟ་བུ་ནི་དམིགས་པའི་རང་བཞིན་ཆོས་ཀྱི་སྐུའོ། །དེའི་གྲིབ་མ་ནི་སྒྱུ་མ་ལྟ་བུར་ལོངས་སྤྱོད་རྫོགས་པའི་སྐུའོ། །དེས་སེམས་ཅན་ལ་དོན་བྱེད་ཅིང་ནམ་མཁའ་ལྟ་བུར་ཁྱབ་སྟེ་སྤྲུལ་པའི་སྐུའོ། །ཡང་ན་རྨ་བྱ་ནི་ཡང་དག་པའི་ཡེ་ཤེས་ཀྱིས་ཕྱིའི་དུག་དང་ནང་གི་དུག་བཅོམ་ཞིང་ ཟས་སུ་དུག་ཟ་བའོ། །འདིས་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པ་སྟེ། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བ་དང་། སྟོབས་དང་ལྡན་ཞིང་། ངན་སོང་གསུམ་འཇོམས་པ་སྟེ། སེམས་ཅན་བདེ་ལ་འགོད་པའོ། །འདི་ཞེས་པ་རྨ་བྱ་ཆེན་མོའོ། །དགེ་སློང་ས་ རི་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། གདོན་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ་ཞེས་པ་དང་། དེ་བཞིན་དུ་གདོན་རེ་རེ་ལའང་ཡིན་ཏེ། ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི། ནད་ཀྱི་རིགས་གཅིག་པ་ལ་ཡང་དེ་བཞིན་ནོ། །དུག་རྣམ་པ་བཞི་སྲུང་ཞིང་ངོ་། །དགེ་ སློང་ས་རི་ལ་མཆེ་བའི་དུག་བཅོམ་ཞིང་ཉམས་པ་ཐམས་ཅད་སྐོང་བའོ། །དེ་བཞིན་དུ་གཞན་གྱི་དུག་ཀྱང་སྲུང་བར་བྱེད་པའོ། །སྲུང་བ་གྱིས་ཤིག་ཅེས་པ་ནི་སེམས་ཅན་ཐམས་ཅད་དང་དགེ་སློང་ས་རི་ལའོ། །སྦ་བ་དང་ཞེས་བྱ་བ་ནི་རིག་སྔགས་འདིའི་གཟི་བརྗིད་ཀྱིས། དུག་དང་། འབྱུང་པོ་དང་། ནད་དང་། ཉམས་པ་དང་། སྡིག་པ་དང་། ངན་སོང་གསུམ་ན་གནས་པ་སྦེད་པའོ། །ཡང་ན་སྔ་བ་ནི། སྡུག་བསྔལ་ཐམས་ཅད་ལས་ཐར་ཞིང་གཞན་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། སྡུག་བསྔལ་ལས་བསྐྱབ་ པ་སྟེ། ཆད་པ་ཐམས་ཅད་བཅོམ་ཞིང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི་འཇིགས་པ་ཐམས་ཅད་ལས་ཐར་བར་བྱེད་ཅིང་། འཇིགས་པ་ལ་མ་བཏང་སྟེ། མི་དགེ་བ་བཅོམ་ཞིང་། དགེ་བ་གཟུང་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་ བ་ནི་སྡིག་པ་ཐམས་ཅད་བཅོམ་ཞིང་འབྱུང་པོ་ལ་སོགས་པ་ཐམས་ཅད་ལས་བསྲུང་བ་སྟེ། མི་དགེ་བ་བཅོམ་ཞིང་དགེ་བ་ལ་བསྐྱང་བའོ། །ཞི་བ་དང་བདེ་ལེགས་སུ་གྱུར་པ་དང་ཞེས་བྱ་བ་ནི། ནད་དང་། འབྱུང་པོ་དང་། མི་དང་མི་མ་ཡིན་པ་ལ་སོགས་པ་ཞི་བར་བྱས་ཤིང་། སྡིག་པ་ ཐམས་ཅད་བཅོམ་ཞིང་འཁོར་བའི་སྡུག་བསྔལ་ལས་ཐར་བའོ། །འདིའི་གཟི་བརྗིད་ཀྱིས་བཀྲ་ཤིས་ཤིང་། ནད་ཐམས་ཅད་བཅོམ་ཞིང་གང་ནས་གང་དུ་ཡང་བདེ་ལེགས་འབྱུང་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། ལྷའི་གདོན་ལ་སོགས་པའམ། རྒྱལ་པོའམ། རྐུན་མ་དང་། ཆོམ་རྐུན་ནམ། ཆུ་དང་མེའམ། དུས་མ་ཡིན་པར་འཆི་བ་བརྒྱད་དམ། མཁའ་འགྲོའམ། མ་མོའམ་གཤིན་རྗེའམ། དེ་ལ་སོགས་པ་ཐམས་ཅད་སྤངས་ཤིང་། བདེ་བར་གནས་པའོ། མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། ཁྲག་ཁྲུག་ཀུན་གྱི་སྡུག་བསྔལ་ ཐམས་ཅད་སྤངས་པ་སྟེ། དེ་ལ་སོགས་པ་གློ་བུར་གྱི་མཚོན་ཆ་སྤངས་པའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི་མཆེ་བའི་དུག་ལ་སོགས་པ་སྤངས་ཏེ། དེ་རྣམས་ཀྱིས་མི་ཚུགས་ཤིང་དུག་བཅོམ་པའོ། །དུག་གསད་པ་དང་ཞེས་བྱ་བ་ནི། ནང་གི་དུག་གསུམ་ཕྱིའི་དུག་གསུམ་ སྟེ། ནང་གི་དུག་གསུམ་འདོད་ཆགས་ཞེ་སྡང་གཏི་མུག་གོ། །འདུག་པ་དང་། བྱས་པ་དང་། འགྲོ་བའི་དུག་གོ། །དེ་རྣམས་བསད་ཅིང་ཡེ་ཤེས་རྣམས་ཤར་བར་བྱེད་པས་སོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། ཁོ་ར་ཁོར་ཡུག་ཙམ་མཚམས་གཅད་དེ། འདིའི་ ནུས་པས་ཉེ་བར་མི་ནུས་སོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི། ཕྱོགས་མཚམས་སྟེང་རྣམས་བཅིངས་ཏེ་གང་གི་ངོས་ནས་ཀྱང་གླགས་ཚོལ་བར་མི་བྱེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་འདིས་ལྷའི་གདོན་ལ་སོགས་པ་ཐམས་ཅད་བཅོམ་ཞིང་ནད་ལ་སོགས་པ་ལས་ཐར་བར་ བྱེད་པའོ། །ལྷའི་གདོན་དང་ཞེས་བྱ་བ་ནི་བརྒྱ་བྱིན་གྱིས་གཙོ་བོ་བྱས་པ། ལྷའི་གདོན་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུའོ། །ལྷའི་གདོན་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དཀར་མོ་ཕྱག་ན་རྡོ་རྗེ་འཛིན་ཅིང་། གླང་པོ་ཆེ་ལ་ཞོན་པའོ། །ཀླུའི་གདོན་དང་ཞེས་བྱ་ བ་ནི། ཀླུ་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ་སྟེ། དེ་ཡང་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་ངོ་། །དེ་བཞིན་དུ་ས་བདག་དང་ས་སྲིན་ལ་སོགས་པ་ཡང་ཡིན་ནོ། །ཀླུའི་གདོན་ནི་སྣ་ཚོགས་ཀྱི་གཟུགས་ཡིན་ཏེ། སྐུ་མདོག་སྣ་ཚོགས་སུ་ གནས་ཤིང་ཞལ་གཅིག་ཕྱག་གཉིས་པ། ཕྱག་ན་སྦྲུལ་ཞགས་འཛིན་ཅིང་། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པའོ། །ལྷ་མ་ཡིན་གྱི་གདོན་དང་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་ཀྱིས་གཙོ་བོ་བྱས་པ་ལྷ་མ་ཡིན་སྟོང་ཕྲག་བརྒྱད་ཅུ་སྟེ། དེའི་སྐུ་མདོག་དང་ ཕྱག་མཚན་ནི་སྐུ་མདོག་མཐིང་ག་ཕྱག་ན་དབྱུག་ཏོ་བསྣམས་ཤིང་། ཀུ་བེ་ར་ལ་ཞོན་པའོ། །ཁྲོ་བོའི་ཚུལ་དུ་གནས་ཤིང་འཁྲུག་པ་ལ་དགའ་བའོ། །རླུང་ལྷའི་གདོན་དང་ཞེས་བྱ་བ་ནི། རླུང་ལྷའི་གདོན་རྣམ་པར་རྒྱལ་བྱེད་ལ་སོགས་པ་སྟེ། རླུང་ལྷའི་གདོན་སྟོང་ཕྲག་བརྒྱད་ ཅུ་གཟུགས་མི་གཅིག་པ་གང་ནས་གང་དུ་རྒྱུ་བའོ། །སྐུ་མདོག་སྔོ་སྐྱ། ཕྱག་ན་བ་དན་འཛིན་ཞིང་ཤ་བ་ལ་ཞོན་པའོ། །ནམ་མཁའ་ལྡིང་གི་གདོན་དང་ཞེས་བྱ་བ་ནི། ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ལ་སོགས་པ་ནམ་མཁའ་ལྡིང་གི་རྒྱལ་པོ་སྟོང་ཕྲག་བརྒྱད་ཅུ་ལ་སོགས་ པ། བྱའི་གཟུགས་སྣ་ཚོགས་མི་གཅིག་པའོ། །མིའི་ལུས་ལ་བྱའི་མགོ་གནས་ཤིང་མདོག་སེར་པོའོ། །མིག་དམར་ཞིང་མཆུ་མཐིང་གའོ། །གཤོག་པ་ཡོད་ཅིང་དབུ་ལ་རྭ་གནས་པའོ། །དྲི་ཟའི་གདོན་དང་ཞེས་པ་ནི། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་བ་ལ་སོགས་པ་སྟེ། དྲི་ ཟའི་གདོན་སྟོང་ཕྲག་བརྒྱད་ཅུ། གཟུགས་མི་གཅིག་པ་སྣ་ཚོགས་གནས་ཤིང་། གླུ་དང་བྲོ་ལ་དགའ་བ་སྟེ། སྐུ་མདོག་སེར་པོ་ཕྱག་ན་པི་ཝང་བསྣམས་པའོ། །མིའམ་ཅིའི་གདོན་དང་ཞེས་བྱ་བ་ནི། ལྗོན་པ་ལ་སོགས་པ་ཡིན་ཏེ། མི་འམ་ཅིའི་གདོན་སྟོང་ཕྲག་བརྒྱད་ ཅུ་སྟེ། མགོ་རྟ་མགོར་གནས་ཤིང་། ལུས་མིའི་ལུས་པོ་ལ། མདོག་ནི་མགོ་དམར་པོ། །ལུས་སེར་པོ་ཕྱག་ན་གླིང་བུ་བསྣམས་པའོ། །གླུ་ལ་དགའ་ཞིང་དབྱངས་བཟང་པོ་དང་ལྡན་པའོ། །ལྟོ་འཕྱེ་ཆེན་པོའི་གདོན་དང་ཞེས་བྱ་བ་ནི། ལྟོ་འཕྱེའི་རྒྱལ་པོ་གསེར་ཅན་ལ་སོགས་པ་ཡིན་ ཏེ། ལྟོ་འཕྱེའི་གདོན་སྟོང་ཕྲག་བརྒྱད་ཅུ་གཟུགས་སྣ་ཚོགས་དང་ལྡན་ཞིང་། མིའི་ལུས་ལ་སྦྲུལ་གྱི་མགོ་ཅན་ནོ། །སྐུ་མདོག་ནི་མཐིང་ག །ལུས་དམར་བ་ལ་ཕྱག་གཉིས་ཆ་ལང་འཛིན་པའོ། །སྒྲའི་ཚོགས་ལ་དགའ་ཞིང་། གར་ཡང་སྐད་ཅིག་གིས་སྒྱུར་བའོ། །གནོད་སྦྱིན་གྱི་ གདོན་དང་ཞེས་བྱ་བ་ནི། གནོད་སྦྱིན་གྱི་རྒྱལ་པོ་སོར་མོ་ལྔ་པ་ཡིན་ཏེ། གནོད་སྦྱིན་གྱི་གདོན་སྟོང་ཕྲག་བརྒྱད་ཅུ་དང་། གཟུགས་སྣ་ཚོགས་གནས་ཤིང་ཆང་ལ་དགའ་བ། སྐུ་མདོག་སེར་པོ། ཕྱག་ན་རིན་པོ་ཆེའི་དབྱུག་ཏོ་བསྣམས་པའོ། །སྲིན་པོའི་གདོན་དང་ཞེས་བྱ་བ་ནི། བདེན་ བྲལ་གྱི་རྒྱལ་པོ་འཇིགས་པ་ལ་སོགས་པ་ཡིན་ཏེ། སྲིན་པོའི་གདོན་སྟོང་ཕྲག་བརྒྱད་ཅུ་དང་། ལྷོ་ནུབ་ན་གནས་ཤིང་ཕྱིའི་རྒྱ་མཚོའི་འགྲམ་ན་གནས་པ། མདོག་ནག་པོ། ཕྱག་ན་རལ་གྲི་འཛིན་པ། སྲིན་པོའི་གདོན་སྣ་ཚོགས་བསྡུས་པའོ། །ཡི་དགས་ཀྱི་གདོན་དང་ཞེས་བྱ་བ་ནི། ཡི་དགས་ཀྱི་གདོན་གསུས་ཆེན་ལ་སོགས་པ་ཡིན་ཏེ། ཡི་དགས་སྟོང་ཕྲག་བརྒྱད་ཅུ། གཟུགས་མི་གཅིག་པ་གནས་ཤིང་། མདོག་ནག་པོ་སྐྲ་དང་སེན་མོ་རིང་བ། འཇིགས་སུ་རུང་བ་སྟེ། རུས་པ་ལ་པགས་པས་གཡོགས་པའི་གཟུགས་དང་འདྲ་བས་ཕྱག་ན་ཐོད་པ་བསྣམས་ པའོ། །ཤ་ཟའི་གདོན་དང་ཞེས་བྱ་བ་ནི། ཤ་ཟ་སུམ་གྱུར་ལ་སོགས་པ་ཡིན་ཏེ། ཤ་ཟ་སྟོང་ཕྲག་བརྒྱད་ཅུ། ཤ་ཟ་མི་གཅིག་པ་གནས་ཤིང་། ཕྱི་བའི་གདོང་ཅན་མདོག་སྣ་ཚོགས་གནས་ཤིང་། ལག་ན་གྲི་གུག་ཐོགས་ཤིང་ནད་སྣ་ཚོགས་གཏོང་བའོ། །འབྱུང་པོའི་གདོན་དང་ ཞེས་བྱ་བ་ནི། འབྱུང་པོའི་འབྲས་བུ་གསུམ་པ་ལ་སོགས་པ་ཡིན་ཏེ། འབྱུང་པོའི་གདོན་སྟོང་ཕྲག་བརྒྱད་ཅུ། གཟུགས་སྣ་ཚོགས་གནས་ཤིང་ཐལ་བའི་མདོག་ཅན། ཐལ་བའི་བུམ་པ་འཛིན་པའོ། །གྲུལ་བུམ་གྱི་གདོན་དང་ཞེས་བྱ་བ་ནི། གྲུལ་བུམ་གྱི་གདོན་མགྲིན་པ་ གསུམ་པ་རྣམས་ཡིན་ཏེ། གྲུལ་བུམ་གྱི་གདོན་སྟོང་ཕྲག་བརྒྱད་ཅུ། གསུས་པ་ཆེ་ཞིང་བཞིན་མི་སྡུག་པ། མགོ་བོ་ཆེ་ལ་མིག་གཡོ་བའོ། །མདོག་ལྗང་ནག་ཏུ་རབ་ཏུ་གནས་ཤིང་དབྱུག་པ་འཛིན་པའོ། །སྲུལ་པོའི་གདོན་དང་ཞེས་བྱ་བ་ནི། སྲུལ་པོའི་གདོན་སྟོང་ཕྲག་བརྒྱད་ཅུ། ཕག་པའི་མགོ་ཅན་ཏེ། ལུས་ནི་ཕག་པའི་མདོག་ཅན། བ་སྤུ་ཡང་ཁབ་དང་འདྲ་བ། ཕྱག་ན་མི་མགོ་འཛིན་པའོ། །ལུས་སྲུལ་པོའི་གདོན་དང་ཞེས་བྱ་བ་ནི། ལུས་སྲུལ་པོའི་གདོན་སྟོང་ཕྲག་བརྒྱད་ཅུ། ཕག་མགོ་ལྔ་ལྔ་ཡོད་པ། ཕག་གི་མགོ་བོ་དེ་ཡང་དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོ་དང་། ལྗང་གུའོ། །ལུས་ནི་ཐལ་བའི་མདོག་ཅན་ཏེ། ལག་ན་རྡོ་རྗེ་འཛིན་པའོ། །སྐེམ་བྱེད་ཀྱི་གདོན་དང་ཞེས་བྱ་བ་ནི། སྐེམ་བྱེད་ཀྱི་གདོན་དེ་ཡང་སྟོང་ཕྲག་བརྒྱད་ཅུ་སྟེ། སྤྱང་ཀིའི་མགོ་ཅན་ལ་མིའི་ལུས་པོ་ཡོད། སྤྱང་ཀི་བཞིན་ དུ་ལུས་ཀྱང་ཁྲ་བོར་གནས་ཏེ། མདའ་གཞུ་འཛིན་ཅིང་། སེམས་ཅན་རྣམས་འདར་བར་བྱེད་པའོ། །སྨྱོ་བྱེད་ཀྱི་གདོན་དང་ཞེས་བྱ་བ་ནི། སྨྱོ་བྱེད་ཀྱི་གདོན་སྟོང་ཕྲག་བརྒྱད་ཅུ་ཝའི་མགོ་ཅན་ཏེ། མདོག་ཝ་བཞིན་དུ་ཡོད་ཅིང་མིའི་ལུས་པོ་སྟེ། ཕྱག་ན་ཞགས་པ་བསྣམས་པའོ། ། གྲིབ་གནོན་གྱི་གདོན་དང་ཞེས་བྱ་བ་ནི། གྲིབ་གནོན་གྱི་གདོན་སྟོང་ཕྲག་བརྒྱད་ཅུ་སྟེ། མིའི་ལུས་ལ་ཁྱིའི་མགོ་ཅན། མདོག་དམར་པོ་ལག་ན་འཁོར་ལོ་འཛིན་པའོ། །བརྗེད་བྱེད་ཀྱི་གདོན་དང་ཞེས་བྱ་བ་ནི། བརྗེད་བྱེད་ཀྱི་གདོན་སྟོང་ཕྲག་བརྒྱད་ཅུ་གནས་ཤིང་། མིའི་ལུས་ པོ་ལ་བྱི་ལའི་མགོ་ཅན། མདོག་ནག་པོ་རལ་གྲི་འཛིན་པའོ། །གནོན་པོའི་གདོན་དང་ཞེས་བྱ་བ་ནི། སྟོང་ཕྲག་བརྒྱད་ཅུ་རྩ་བཞི་ཡོད་དེ། དྲེད་མོའི་མགོ་ཅན་ལ། མདོག་ནི་སེར་མོ་ལག་ན་དགྲ་སྟ་འཛིན་པའོ། །སྐར་མའི་གདོན་དང་ཞེས་བྱ་བ་ནི། དེ་ཡང་རྒྱུ་སྐར་ཉི་ཤུ་ རྩ་བརྒྱད་ཡིན་ཏེ། སྨིན་དྲུག་དང་ནི་སྣར་མ་དང་། །མགོ་དང་ལག་དང་ནབ་སོ་དང་། །རྒྱལ་དང་སྐག་ཅེས་བྱ་བའོ། །མཆུ་གྲེ་དབོ་དང་མེ་བཞི་དང་། །ནག་པ་ས་རི་ས་གའོ། །ལྷ་མཚམས་དང་ནི་སྣྲོན་དང་སྣྲུབས། །ཆུ་སྟོད་དང་ནི་ཆུ་སྨད་དང་། །གྲོ་ཞུན་བྱི་ཞུན་བདུན་རྣམས་ སོ། །མོན་དྲེ་དང་ནི་མོན་གྲུ་དང་། །ཁྲུམས་སྟོད་དང་ནི་ཁྲུམས་སྨད་དང་། ནམ་གྲུ་ཐ་སྐར་བྲ་ཉེའོ། །དེའི་སྐུ་མདོག་དཀར་པོ་དང་། ནག་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །ཕྱག་མཚན་ནི་འཁོར་ལོ་དང་། དབྱུག་ཏོ་དང་། པདྨ་དང་རལ་གྲིའོ། །གཤེད་བྱེད་དང་ཞེས་བྱ་ བ་ནི། ལས་ཀྱི་རྣམ་པ་ཡིན་ཏེ། དེ་བྱེད་པ་གང་ཡིན་པར་གཤེད་བྱེད་དོ། །ཡང་ན་གཤེད་བྱེད་ནི། རྣམ་པར་སྨིན་པའི་ལས་སོ། །བསྒྱུར་བའི་ལས་དང་ཞེས་བྱ་བ་ནི། གློ་བུར་དུ་བྱུང་བ་སྟེ། དེའི་ལུས་བཅོམ་ཞིང་རླག་པར་བྱེད་པའོ། །བྱད་དང་ཞེས་བྱ་བ་ནི། རྣམ་པར་སྨིན་པ་དང་། འཕྲལ་ གྱི་ལས་ཡིན་ཏེ། དེ་ལྟ་བུ་ལས་ཀྱང་བཅོམ་ཞིང་སྲུང་བར་བྱེད་པའོ། །གཡེང་བྱེད་དང་ཞེས་བྱ་བ་ནི། བརྗེད་པར་བྱེད་པའི་ལས་ཡིན་ཏེ། དེ་ལྟ་བུའི་ལས་བཅོམ་ཞིང་སྲུང་བར་བྱེད་པའོ། །རོ་ལངས་དང་ཞེས་བྱ་བ་ནི། མི་མ་ཡིན་གྱི་རིགས་རོ་ལས་འབྱུང་སྟེ། དེ་རྣམས་ཀྱི་འཇིགས་པ་སྤོང་ བར་བྱེད་ཅིང་ཟློག་པར་བྱེད་པའོ། །སེམས་བསྒྱུར་དང་ཞེས་བྱ་བ་ནི། དགེ་བའི་སེམས་སྡིག་པའི་སེམས་སུ་སྒྱུར་བར་བྱེད་པ་སྟེ། དེ་ནི་སེམས་བསྒྱུར་རོ། །ཡང་ན་སེམས་བསྒྱུར་ནི། མི་དགེ་བའི་སེམས་དང་ལྡན་པར་བསྒྱུར་བ་དེ་སེམས་བསྒྱུར་རོ། །རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེའི་ སེམས་ཀྱང་ཟློག་པར་བྱེད་པའོ། །སྦོད་གཏོང་དང་ཞེས་བྱ་བ་ནི། འཇིག་རྟེན་གྱི་རིག་པ་ཡིན་ཏེ། དེ་ནི་གཤིན་རྗེ་དང་མ་མོ་དང་། རྒྱལ་པོ་ལ་སོགས་པ་རྦད་པའོ། །བཟའ་ཉེས་དང་ཞེས་བྱ་བ་ནི། བདུད་རྩི་དུག་ཏུ་སོང་བ་སྟེ། དེ་ཡང་བྱེ་བྲག་གིས་མ་ཞུ་བ་རྣམ་པ་གཉིས་འབྱུང་བའོ། །མ་ ཞུ་བ་རྣམ་པ་གཉིས་ནི། དངས་མ་དང་ཚིགས་མའོ། །ཡང་ན་སྦྲང་རྩི་དང་། མར་དང་། དེ་ལ་སོགས་པ་ཉེས་པའོ། །སྐྱུགས་ཉེས་དང་ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱིས་སྐྱུགས་ཉེས་པར་བྱས་ཏེ། དེ་ཟློག་པར་བྱེད་པ་ནི། རིག་སྔགས་ཀྱི་རྒྱལ་མོའོ། །ཡང་ན་སྐྱུགས་པ་དེ་ནི་སྨན་ལ་ སོགས་པའི་ནུས་པ་སྐྱུགས་ཉེས་པའོ། །གནོད་སྒྲིབ་དང་ཞེས་བྱ་བ་ཡང་གདོན་ཡིན། གདོན་གྱི་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་སྟེ། དེ་རྣམས་ཀྱིས་བསྒྲིབས་པས་ན་སྒྲིབ་པའོ། །ཡང་ན་བག་ཆགས་དང་། ཤེས་བྱའི་སྒྲིབ་པས་བསྒྲིབས་པ་ནི་སྒྲིབ་པའོ། །གནོད་ལྟས་དང་ཞེས་བྱ་བ་ ནི་འབྱུང་པོ་ལ་སོགས་པ་ཐམས་ཅད་ཀྱི་དབང་གིས་གནོད་པའི་ལྟ་བ་སྐྱེས་ཏེ། དེ་ལྟ་བས་ན་གནོད་ལྟས་སོ། །ཡང་ན་གནོད་ལྟས་བྱ་བ་ནི་གནོད་པར་བྱེད་པ་གང་ཡིན་པ་རྒྱལ་པོ་དང་། རྐུན་མོ་དང་། དགྲ་བོ་དང་། དེ་ལ་སོགས་པ་ལྟ་བས་ན་ལྟ་བའོ། །ལྟ་བ་ངན་པ་མུ་སྟེགས་པ་ལ་སོགས་པ་ཆད་ པར་ལྟ་བའི་རིགས་སོ། །བྲི་ཉེས་དང་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་སྐུ་གཟུགས་རས་རིས་དང་། བདེ་བར་གཤེགས་པའི་སྐུ་གླེགས་བམ་དང་། དཀྱིལ་འཁོར་དང་། དེ་ལ་སོགས་པ་བྲི་ཉེས་པའོ། །ཡང་ན་བྲི་བ་ཉེས་པ་ནི། ལྷག་པ་དང་། ཆད་པ་སྟེ། སྦོམ་པ་དང་། ཕྲ་བ་སྟེ། ཚད་དང་མི་ལྡན་པའོ། །སྒོམ་ཉེས་དང་ཞེས་བྱ་བ་ནི། བདེ་བར་གཤེགས་པའི་བཀའ་ནས་བྱུང་བའི་ཡང་དག་པའི་དོན་བསྒོམས་པས་ཏེ། དེ་སྒོམ་ཉེས་ན་སྒོམ་ཉེས་ཏེ། དེ་ཡང་བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །ཡང་ན་སྒོམ་ཉེས་ནི། ཡང་དག་པའི་ཆོས་མི་སྒོམ་ཞིང་ ལྟ་བ་ལོག་པར་གནས་པ། ཆོས་མ་ཡིན་པ་ལ་ཡིན་པར་བསྒོམ་པའོ། །སྨད་པ་དང་ཞེས་བྱ་བ་ནི། བླ་མའམ། སངས་རྒྱས་སམ། བྱང་ཆུབ་སེམས་དཔའ་འམ། དགྲ་བཅོམ་པ་དང་། དགེ་སློང་ལ་སོགས་པའམ། དགེ་བཤེས་སམ། སྟོན་པའམ། མཁན་པོའམ། ཕ་ མ་ལ་སོགས་པ་རང་ཆེ་བར་འདོད་ཅིང་གཞན་ལ་སྨོད་པར་བྱེད་པའི་ཕྱིར་སྨོད་པའོ། །རིམས་ཉིན་གཅིག་པ་དང་ཞེས་བྱ་བ་ནི། ཡམས་ཀྱི་ནད་ཡིན་ཏེ། དེ་ལ་ཚ་བ་སྐྱེ་ཞིང་འབྱུང་བ་སྟེ། ཉིན་གཅིག་པའོ་ཞེས་པའོ། །ཡང་ན་ཉིན་གཅིག་པ་ནི། ནད་དེ་དྲག་པོར་བྱུང་ཞིང་ཉི་མ་གཅིག་ གིས་གློ་བུར་དུ་གསོད་པའོ། །ཉིན་གཉིས་པ་དང་ཞེས་བྱ་བ་ནི། སྔ་མ་བས་དྲག་པ་སྟེ། ཉི་མ་གཉིས་ཀྱིས་འཇོམས་པར་བྱེད་པའི་ཕྱིར་ན་ཉིན་གཉིས་པའོ། །ཉིན་གསུམ་པ་དང་ཞེས་བྱ་བ་ནི། དེ་བཞིན་དུ་ཉིན་གསུམ་པ་ལས་བྱུང་སྟེ། གསུམ་གྱིས་འཇོམས་པར་བྱེད་པས་ན་ གསུམ་པའོ། །ཉིན་བཞི་པ་དང་ཞེས་བྱ་བ་ནི་ཉི་མ་བཞིར་བྱུང་སྟེ། དེའི་ནད་ཀྱིས་སེམས་ཅན་ཐམས་ཅད་ཉོན་མོངས་པར་བྱེད་པས་ན་རིམས་ཏེ། ཞག་བཞིས་གསོད་པར་བྱེད་པས་ན་ཉིན་བཞི་པའོ། །ཉིན་བདུན་པ་དང་ཞེས་བྱ་བ་ནི། ནད་དེ་ཡང་དྲག་པོར་བྱུང་ཞིང་ཞག་ལྔ་ དང་དྲུག་པ་ལ་མི་ཤི་སྟེ། དེའི་ནད་ཞག་བདུན་གྱིས་འཇོམས་པར་བྱེད་པས་ན་བདུན་པའོ། །ཟླ་བ་ཕྱེད་པ་དང་ཞེས་བྱ་བ་ནི། ནད་དེ་ཡང་ཟླ་བ་ཕྱེད་ཀྱི་བར་དུ་འབྱུང་སྟེ། བྱུང་བའི་དུས་སུ་བྱུང་བས་ན་ཟླ་བ་ཕྱེད་པའོ། །ཟླ་བ་གཅིག་པ་དང་ཞེས་བྱ་བ་ནི། ཟླ་བ་ཕྱེད་བཞིན་དུ་འཇོམས་ པའོ། །ཉིན་མོ་པ་དང་ཞེས་བྱ་བ་ནི། རིམས་དེས་ཉི་མ་གཅིག་གིས་འཇོམས་པས་ན་ཉིན་མོ་པའོ། །ཡང་ན་ཉིན་མོ་པ་ནི་ནམ་ལངས་ནས། ཉི་མ་མ་ནུབ་བར་དུ་འཇོམས་པས་ན་ཉིན་མོ་པའོ། །ཡུད་ཙམ་པ་དང་ཞེས་བྱ་བ་ནི། སྐད་ཅིག་མའི་ནད་ཡིན་ཏེ། ཡུད་ཙམ་གྱིས་སེམས་ ཅན་ལ་གནོད་པས་ན་ཡུད་ཙམ་མོ། །ཡང་ན་ནད་དེ་བྱུང་ན་ལོངས་མེད་པས་ན་ཡུད་ཙམ་མོ། །རྟག་པའི་རིམས་དང་ཞེས་བྱ་བ་ནི། ནད་དེ་བྲལ་བར་མི་འདོད་ཅིང་། ཤི་མིན་གསོན་མིན་ཚེ་རིང་ཞིང་ཡུན་རིངས་སུ་ན་བའོ། །ཤི་བའི་དུས་སུ་ཡང་ནད་དེས་ཁྱེར་བས་ན་རྟག་པའོ། །རིམས་ལྡང་ དུབ་པ་ཞེས་བྱ་བ་ནི། ཟླ་བ་གཅིག་ཏུ་བྱུང་ཞིང་ན། ཟླ་བ་གཅིག་གིས་སོས་ཏེ། དེ་བཞིན་དུ་ཞག་གཅིག་དང་གཉིས་དང་གསུམ་དང་བཞི་དང་བདུན་ལ་སོགས་པ་ཉི་མ་ཕྱེད་དང་། ཕྱི་དྲོ་དང་སྐད་ཅིག་མའོ། །འབྱུང་པོའི་རིམས་དང་ཞེས་བྱ་བ་ནི། རིམས་མི་གཅིག་པའི་འབྱུང་པོ་རྣམས་ ཀྱིས་ཀྱང་གླགས་ཚོལ་ཞིང་། ནད་དྲག་པོ་འབྱུང་ཞིང་། ལུས་ཀྱི་རྩ་རྣམས་ཀྱང་དྲག་པོའོ། །མིའི་རིམས་དང་ཞེས་བྱ་བ་ནི། ཆོམ་རྐུན་ནམ། རྒྱལ་པོའམ། དེ་ལ་སོགས་པས་བསྡིགས་པའི་རྐྱེན་གྱིས་འབྱུང་སྟེ། ན་ཚ་དྲག་པོས་བཏབ་པས་ན་མིའི་རིམས་ཞེས་བྱའོ། །མི་མ་ཡིན་པའི་རིམས་ དང་ཞེས་བྱ་བ་ནི། མེ་དང་ཆུ་དང་བྱོལ་སོང་གི་རིགས་སྡེར་མོ་ཅན་དང་མཆེ་བ་ཅན་དང་། རྭ་ཅན་ལ་སོགས་པ་འཇིགས་པའི་ནད་ནི་མི་མ་ཡིན་པའི་རིམས་སོ། །རླུང་ལས་གྱུར་པ་དང་ཞེས་བྱ་བ་ནི། རླུང་གི་ནད་རིགས་བཞི་བརྒྱ་རྩ་བཞི་ལས་བྱུང་སྟེ་ནད་དེའི་གཙོ་བོར་གྱུར་པ་ནི་རླུང་བཅུའོ། ། བཅུ་ལས་བསྡུས་པ་ལྔའོ། །ལྔ་ལས་བསྡུས་པ་གསུམ། གསུམ་ལས་བསྡུས་པ་གཅིག་སྟེ། སྲོག་རླུང་ཞེས་བྱ་བ་ཡིན་ནོ། །མཁྲིས་པ་ལས་གྱུར་པ་དང་ཞེས་བྱ་བ་ནི། མཁྲིས་པ་ལས་གྱུར་པ་བཞི་བརྒྱ་རྩ་བཞི་ལས་བྱུང་སྟ། དེ་ཡང་གསུམ་ལ་འདུས་པའོ། །གསུམ་གཅིག་ལ་ འདུས། ནད་དེ་ཡང་ཚད་པ་ལས་བྱུང་བའོ། །བད་ཀན་ལས་གྱུར་པ་དང་ཞེས་བྱ་བ་ནི། བཞི་བརྒྱ་རྩ་བཞི་སྟེ། དེ་ཡང་གཉིས་ལ་འདུས་སོ། །གཉིས་ནི་གྲང་བ་དང་ཚད་པ་ལས་བྱུང་བའོ། །དེ་གཉིས་ནི་ཆུའི་ཁམས་སོ། །འདུས་པ་ལས་གྱུར་པ་ཞེས་བྱ་བ་ནི། རླུང་མཁྲིས་བད་ ཀན་གསུམ་འདུས་པས་འདུས་པའོ། །འདུས་པ་དེ་རླུང་ཤས་ཆེ་བ་ཡང་ཡོད་དེ། དེ་བཞིན་དུ་མཁྲིས་པ་དང་བད་ཀན་ཡང་དེ་བཞིན་ནོ། །ཚད་པ་དྲག་པོ་སྐྱེ་ཞིང་། བླ་འཆོལ་བྱེད་པ་སྟེ། རླུང་ཤས་ཆེ་བའོ། །ཚ་བར་ཡོད་ཅིང་ལྕེ་ལྐུགས་པ་ནི་མཁྲིས་པ་ཤས་ཆེ་བའོ། །ཚ་ཞིང་ སེམས་གསལ་བ་ནི་བད་ཀན་ཤས་ཆེ་བའོ། །དེ་བས་ན་འདུས་པའོ། །གླད་པ་ན་བ་མེད་པར་གྱིས་ཤིག་ཅེས་བྱ་བ་ནི། རླུང་དང་བད་ཀན་གྱིས་ཀྱང་ན་བ་སྟེ། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་གླད་པ་ན་བ་མེད་པར་བྱེད་ཅིང་། དེ་བཞིན་དུ་ཡན་ལག་ན་བ་ཡང་མེད་པའོ། །རླུང་ གིས་ན་བ་ནི་བཟི་བ་བཞིན་དུ་གླེན་པར་སྣང་བའོ། །ཡང་ན་ལྡང་དུབ་བྱུང་སྟེ་དྲག་པོའི་ཚུལ་དུ་ན་བའོ། །ལངས་པའི་དུས་སུ་མགོ་འཐོམ་ཞིང་འགྱེལ་བའོ། །མཁྲིས་པས་ན་བ་ནི་ཁོལ་ལེར་ན་བ་སྟེ། ལྡང་དུབ་བྱེད་ཅིང་ནད་དྲག་པོས་ཐེབས་པས་ལངས་པས་འགྱེལ་བ་ནི་རླུང་ལ་སོགས་པ་ བཞིན་དུའོ། །བད་ཀན་གྱིས་ན་བ་ནི་གསལ་ཞིང་ཡང་བ་སྟེ། ན་བ་དྲག་པོ་ནི་གཉིས་པ་བཞིན་དུའོ། །ན་བའི་དུས་ནི་རླུང་ལ་དགོངས་མོའོ། །བད་ཀན་ནི་ཐོ་རངས་ཁའོ། །མཁྲིས་པ་ནི་ཉི་མ་ཕྱེད་ནའོ། །གཞོགས་ཕྱེད་ན་བ་དང་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཡིན་ཏེ། དེ་ཡང་ལངས་པའི་དུས་སུ་འཐོམ་པ་མེད་ པའོ། །དེ་བཞིན་དུ་མིག་ན་བ་ལ་སོགས་པ་ནི་རླུང་དང་མཁྲིས་པ་དང་བད་ཀན་ལས་གྱུར་པའོ། །མེད་པར་གྱིས་ཤིག་ཅེས་བྱ་བ་ནི། ཀུན་དགའ་བོས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་བདེན་པ་དང་། ནད་དང་། འབྱུང་པོ་དང་། དུག་རྣམས་གཞོམ་པའོ། །མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང་། །ཉིན་མཚན་ཀུན་དུ་བདེ་ལེགས་དག །ཅེས་བྱ་བ་ནི་དགེ་སློང་ས་རི་དང་། སེམས་ཅན་ཐམས་ཅད་རྨ་བྱ་ཆེན་མོ་འདིའི་རིག་པའི་གསང་སྔགས་ཀྱིས་དུག་ རྣམས་ཐམས་ཅད་བཅོམ་ཞིང་། སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་འདི་གང་ན་བཞུགས་པའི་ས་ན་བདེ་བར་གནས་པའོ། །སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །ཞེས་བྱ་བ་ནི་སྔོན་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མ་སྙེད་ ཀྱི་དེ་བཞིན་གཤེགས་པའོ། །དེ་བཞིན་དུ་མ་འོངས་པ་རྣམས་ཀྱང་ངོ་། །ད་ལྟར་བཞུགས་པ་ཡང་ཤཱཀྱ་ཐུབ་པ་སྟེ། དེ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་། བདེ་བར་གནས་པའོ། །བདག་ནི་གང་ཟག་སེམས་ཅན་རྣམས་དང་། དགེ་སློང་ས་རིའོ། །ཡང་ན་ཀུན་དགའ་བོས་གསོལ་ བ་གདབ་པའོ། །གསོལ་བ་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལའོ། །རིག་སྔགས་ཀྱི་ངོ་བོ་ནི་སྟོང་པ་ཉིད་དེ་སྟོང་པ་ཉིད་དེ་ཡང་ཤེས་རབ་བོ། །ཤེས་རབ་ནི་མཚོན་པ་སྟེ། མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཉིད་དེ། ཐབས་ལྟ་བུའོ། །རིགས་ནི་རིན་པོ་ ཆེའི་རིགས་ཚོར་བའི་ཕུང་པོ་ཆུའི་ཁམས་སྣའི་སྐྱེ་མཆེད་དོ། །ཡེ་ཤེས་ལྔ་དང་ལྡན་ཞིང་སངས་རྒྱས་ལྔའི་དབུ་རྒྱན་ཅན། དབུ་ལ་རྡོ་རྗེ་རིན་པོ་ཆེས་བརྒྱན་པ། སྤྱན་གསུམ་པ་ལ་ཞལ་གསུམ་པ། །ཕྱག་དྲུག་པ་ལ་སྐུ་མདོག་སེར། །ཞལ་དང་པོ་ནི་སྒེག་པའི་ཚུལ། །གཡས་ཁྲོ་བ་ལ་གཡོན་ འཛུམ་པའོ། །གཡས་མཐིང་བ་ལ་གཡོན་དམར་བའོ། །རྒྱན་རྣམས་ཐམས་ཅད་ཀྱིས་བརྒྱན་པ། །པདྨའི་སྟེང་ན་ཟླ་བའི་གདན། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས། །ཉི་མའི་འོད་དང་ལྡན་པའོ། །གཡས་པ་ཡི་ནི་ཕྱག་གསུམ་ན། །རལ་གྲི་རྡོ་རྗེ་མདའ་གཞུའོ། །གཡོན་པ་ཡི་ ནི་ཕྱག་གསུམ་ན། །བུམ་པའི་སྟེང་ན་རྡོ་རྗེ་དང་། །རིན་ཆེན་སྟེང་ན་རྡོ་རྗེ་དང་། །རྨ་བྱའི་སྒྲོ་ནི་བསྣམས་པའོ། །བཅུ་གཉིས་པ་ཡི་ཆ་བྱད་ཅན། །དུག་ནི་རྣམ་པ་གསུམ་བཅོམ་ཞིང་། །སེམས་ཅན་རྣམས་ལ་ཐུགས་རྗེས་ཁྱབ། །དུག་བཅོམ་པ་ཡི་ཐབས་དག་ནི། །ལྕགས་དང་གསེར་ དང་དངུལ་དང་ནི། །དུག་དང་གླ་རྩི་རྨ་བྱའི་སྒྲོ། །གུ་གུལ་དཀར་ནག་གཉིས་དང་ནི། །མུ་ཟི་རྣམས་ནི་བསྲེས་ཤིང་བདུག །ཡང་ན་བྱུག་པ་བྱས་ཤིང་བསྲུང་། །རིག་སྔགས་ངོ་བོ་འདི་ལྟ་སྟེ། །རིག་སྔགས་གསང་སྔགས་ཀུན་འདོན་ཞིང་། །དུག་དང་འབྱུང་པོ་རྣམས་བཟློག་པར་བྱའོ། །དེ་བཞིན་ གཤེགས་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བ་ནི། ཨི་དི་བི་དི་ལ་སོགས་པའི་རིག་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དུག་བཅོམ་པའི་བརྟག་པ་དང་པོ་རྫོགས་སོ།། །།རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་དགེ་སློང་ས་རི་བསྲུང་བའི་གནས་སྐབས་ཏེ་གསུམ་ པའོ།། །།ང་ནི་ཡུལ་འཁོར་སྲུང་ལ་བྱམས། །ས་སྲུང་བུ་ལ་བྱམས་པ་སྟེ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བྱམས་པ་ནི། སེམས་ཅན་ཁྱད་པར་མེད་ཅིང་བྱམས་པའོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ རྣམས་ལ་བུ་གཅིག་པ་ལྟ་བུའི་བྱམས་པས་ཁྱབ་ཅིང་། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། དེ་བཞིན་དུ་ས་སྲུང་ལ་ཡང་ངོ་། །ང་ནི་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སོ། །ཡང་ན་ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བྱང་ཆུབ་སེམས་སྐྱེས་པས་སེམས་ཅན་ རྣམས་ལ་བྱམས་པའོ། །ང་ནི་མིག་མི་བཟང་ལ་བྱམས། །གཽ་ཏ་མ་ནི་ནག་མོ་དང་། །ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་མིག་མི་བཟང་དང་། ཀླུའི་རྒྱལ་པོ་གཽ་ཏ་མ་ནག་མོ་རྣམས་ལ་ཡང་བྱམས་པས་ཁྱབ་ཅིང་། སེམས་ཅན་རྣམས་ལ་མཉམ་པ་ཉིད་དུ་བསྒོམ་པའོ། །སངས་རྒྱས་ཀྱི་ བཀས་དེ་རྣམས་ཀྱི་བྱམས་པས་ཁྱབ་པའོ། །ང་ནི་ཀླུ་རྒྱལ་ནོར་བུ་དང་། །ང་ནི་ནོར་རྒྱས་བུ་ལ་བྱམས། །ཞེས་བྱ་བ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱིས། ཀླུའི་རྒྱལ་པོ་ནོར་བུ་དང་། ནོར་རྒྱས་ཀྱི་བུ་ལ་བྱམས་ཏེ། དེ་ཡང་སེམས་ཅན་གྱི་དོན་གྱིས་བྱམས་པའོ། །དབྱུག་པ་རྐང་གི་ཀླུ་དག་ དང་། །གང་བ་བཟང་ལ་ང་རྟག་ཏུ། །ཞེས་བྱ་བ་ནི་མི་དམིགས་པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ཁྱབ་སྟེ། དེ་བཞིན་དུ་དབྱུག་པ་རྐང་པ་དང་། གང་བ་བཟང་པོ་རྣམས་ལའོ། །ཀླུ་གང་དགའ་བོ་ཉེར་དགའ་བོ། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །ཞེས་བྱ་བ་ནི་གཟི་ བརྗིད་ཆེ་ཞིང་མཐུ་དང་ལྡན་པ་སྟེ། སྐད་ཅིག་གིས་ཀྱང་ཁམས་གསུམ་རྒྱུ་ནུས་ཤིང་། སེམས་ཅན་རྣམས་ལ་གནོད་པ་མི་བྱེད་དེ། ཀླུའི་རྒྱལ་པོ་དེ་རྣམས་ལ་ཡང་བྱམས་པས་ཁྱབ་པའོ། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང་། །ལྷ་ཡི་ཡུལ་ཡང་མྱོང་བར་བྱེད། །ཅེས་བྱ་ བ་ནི་ཀླུའི་རྒྱལ་པོ་དེ་རྣམས་ཀྱང་རྫུ་འཕྲུལ་ཆེ་ཞིང་གྲགས་དང་ལྡན་ཏེ། སོ་སོའི་ཁ་དོག་དང་ལྡན་ཞིང་ཡུད་ཙམ་གྱིས་ཀྱང་ལྷ་དང་ལྷ་མ་ཡིན་ཡུལ་འཁྲུག་པར་ནུས་པའོ། །མ་དྲོས་པ་དང་ཆུ་ལྷ་དང་། །འཇམ་པ་ལེན་པ་ལ་ཡང་བྱམས། །ཞེས་བྱ་བ་ནི་འཛམ་བུའི་གླིང་གི་བྱང་ངོས་ན་ གནས་ཤིང་མ་དྲོས་པའི་མཚོ་ལ་གནས་ཏེ། ཀླུའི་རྒྱལ་པོ་རྣམས་ཀྱི་གཙོ་བོར་གྱུར་ཅིང་། སེམས་ཅན་གྱི་ཐུགས་རྗེ་དང་ལྡན་ཞིང་། དེ་དང་དེ་རྣམས་ལ་བྱམས་པས་ཁྱབ་པའོ། །འཇོག་པོ་དང་ནི་མཐའ་ཡས་དང་། །དེ་བཞིན་ནོར་གྱི་སྒོ་དང་ནི། །ཞེས་བྱ་བ་ནི་མཐོང་བའི་དུག་དང་ ལྡན་ཞིང་། ཀླུའི་རྒྱལ་པོ་དེ་རྣམས་བྱང་ཆུབ་སེམས་དཔའི་རིགས་ཡིན་ཏེ། དེ་རྣམས་ལ་ཡང་བྱམས་པས་ཁྱབ་ཅིང་སེམས་ཅན་གྱི་དོན་བྱེད་པའོ། །གཞན་ལས་རྒྱལ་ལ་ང་བྱམས་ཏེ། །གཅོད་དང་ལྡན་པའི་བུ་ལ་བྱམས། །ཞེས་བྱ་བ་ནི་སེམས་ཅན་ལ་བུ་གཅིག་པ་ལྟ་བུར་བྱམས་པ་སྟེ། ཀླུའི་རྒྱལ་པོ་གཞན་ལས་རྒྱལ་བ་དང་། བུ་དང་བཅས་པའོ། །རྟག་པར་གཟི་ཅན་ཆེན་པོ་དང་། །གཟི་ཅན་ལ་ཡང་དེ་བཞིན་ནོ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སེམས་ཅན་གྱི་དོན་ལ་བདེན་པ་བདར་ཞིང་བྱམས་པས་ཏེ། མཉམ་པ་ཉིད་དུ་ བསྒོམ་ཞིང་། ཀླུའི་རྒྱལ་པོ་རྟག་པར་གཟི་ཅན་དང་གཟི་ཅན་ལ་བྱམས་པའོ། །ཕུབ་མ་མེད་དང་དུས་མཚན་དང་། །ལོངས་སྤྱོད་ལྡན་དང་དགེ་ཚུལ་དང་། །ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་དུས་དུས་སུ་ཆར་འབེབས་ནུས་ཤིང་། དུས་དུས་སུ་ལོ་ཐོག་སྨིན་པར་བྱེད་པའོ། ། སེམས་ཅན་རྣམས་ཀྱི་དོན་བྱེད་ཅིང་ཐུགས་རྗེས་ཁྱབ་སྟེ། དེ་ལྟ་བུ་ལ་བྱམས་པའོ། །ཁ་ནས་ཞོ་དང་ནོར་བུ་དང་། །པདྨ་དཀར་པོ་ཕྱོགས་དག་དང་། །ཞེས་བྱ་བ་ནི་ཀླུ་རྒྱལ་དེ་རྣམས་ཀྱིས་ཀྱང་ཕྱོགས་ཕྱོགས་སུ་སྲུང་སྟེ། ནོར་འཕེལ་བར་བྱེད་ཅིང་ཕྱུགས་ལ་བྱམས་པ། དེ་ལྟ་བུའི་ ཀླུའི་རྒྱལ་པོ་རྣམས་ལ་བྱམས་པས་ཁྱབ་པའོ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །ལ་བ་དང་ནི་མགྱོགས་མཆོག་དང་། །ཞེས་བྱ་བ་ནི་གཟུགས་སྣ་ཚོགས་བསྟན་ཅིང་སེམས་ཅན་རྣམས་སྐྱོང་བ་སྟེ། དེ་ལྟ་བུའི་ཀླུའི་རྒྱལ་པོ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཟླ་བའི་བདུད་རྩི་བཞིན་དུ། ཕན་ཐོགས་པ་སྟེ། དེ་ལྟ་བུའི་བདུད་རྩིས་ཕན་ཐོགས་པའོ། །དེ་རྣམས་ལ་ཡང་བྱམས་པས་ཁྱབ་པའོ། །ཀླུ་ཡི་རྒྱལ་པོ་དེ་དག་ལ། །ང་ནི་རྟག་ཏུ་བྱམས་པ་ཡིན། །ཞེས་བྱ་བ་ནི་སྤྲུལ་པའི་སྐུས་ཁྱབ་ཅིང་བདེན་པའི་ཚིག་བྱིན་ཏེ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྤྱི་བོའི་ གཙུག་ནས་སྤྲུལ་ནས་དུག་རྣམ་པ་བཞི་བཅོམ་པའོ། །ཡང་ན་ཀླུའི་རིགས་རྣམ་པ་བཞི་དང་། ཀླུའི་རྒྱལ་པོ་རྣམས་ལ་བྱམས་པས་ཁྱབ་པའོ། །གནས་བཅས་ཆུ་སྲིན་ཀུམྦྷི་ར། །དེ་བཞིན་ཁབ་ཀྱི་སྤུ་དག་དང་། །ཞེས་བྱ་བ་ནི་བདེན་པའི་ཚིག་འདིས་ཀྱང་ཀླུའི་རྒྱལ་པོ་རྣམས་ལ་བྱམས་ ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀྱང་། བྱོལ་སོང་གི་རིས་ནས་འཐོན་པའོ། །དྲང་འགྲོའི་བདག་པོ་ནག་པོ་དང་། །དྲང་སྲོང་ལ་ཡང་ང་བྱམས་སོ། །ཞེས་བྱ་བ་ནི་ཐབས་ལ་མཁས་པས་ཤཱཀྱ་ཐུབ་པས་བྱོལ་སོང་གི་རིགས་སུ་སྐྱེས་པའི་ཀླུའི་རྒྱལ་པོ་རྣམས་ལ་བྱམས་པའོ། ། དེ་བཞིན་རྣ་བ་ཚོང་བ་དང་། །ཤིང་རྟའི་བཞིན་ལ་བྱམས་པ་སྟེ། །ཞེས་བྱ་བ་ནི་ཀླུ་དེ་རྣམས་ལ་ཡང་མཉམ་པ་ཉིད་དུ་བུ་གཅིག་པ་ལྟ་བུར་ཁྱབ་སྟེ། དེ་བཞིན་དུ་སེམས་ཅན་རྣམས་ལའོ། །གཟི་ཅན་དང་ནི་རབ་དགའ་དང་། །པདྨའི་བུ་ལ་ང་རྟག་ཏུ། །ཞེས་བྱ་བ་ནི་ས་དང་ ནམ་མཁའ་དང་ས་འོག་ཏུ་རྟག་ཏུ་རྒྱུ་སྟེ། དེ་རྣམས་ཀྱང་དུག་རྣམ་པ་བཞི་དང་ལྡན་ཏེ་ས་ལ་གནས་པ་སྟེ། དེ་ལ་ཡང་རྟག་ཏུ་བྱམས་པའོ། །ང་ནི་ཨེ་ལའི་འདབ་ལ་བྱམས། །འཕྱང་བའི་ཚུལ་ལའང་ང་བྱམས་ཏེ། །ཞེས་བྱ་བ་ནི་ཨེ་ལའི་ལོ་མ་བཞིན་དུ་དྲི་ཞིམ་ཞིང་། སེམས་ ཅན་རྣམས་ལ་འཚེ་བར་མི་བྱེད་ཅིང་སྐྱོང་བའོ། །དེ་རྣམས་ལ་ཡང་སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཁྱབ་པའོ། །མི་མིན་ཀླུ་ནི་གང་དག་དང་། །དེ་བཞིན་མི་ཡི་བླ་མ་དང་། །ཞེས་བྱ་བ་ནི་མི་དང་མི་མ་ཡིན་པར་བརྫུ་ཞིང་བྱང་ཆུབ་ཀྱི་སེམས་སྐྱེ་བ་སྟེ། སངས་རྒྱས་ཀྱི་སྡོམ་པ་ལ་གནས་ ཤིང་བསྟན་པ་བསྲུང་བའོ། །དེ་རྣམས་ལ་ཡང་བྱམས་པའོ། །ཀླུ་ཆེན་ཚོལ་བའི་ཚུལ་ཅན་དང་། །བཏང་བཟུང་ཞེས་ནི་གྲགས་པ་དང་། །ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་སུམ་བརྒྱ་བདུན་ཅུའི་གཙོ་བོ་སྟེ། ཀླུའི་རིགས་བཞི་ལ་བརྒྱད་དུ་གནས་ཤིང་བཞི་ལས་བརྒྱད་ དུ་གྱེས་པའོ། །བརྒྱད་ནི་གང་ཞེ་ན། བྲམ་ཟེའི་བྲམ་ཟེའི་རིགས་སོ། །རྒྱལ་རིགས་ཀྱི་རྒྱལ་རིགས་ཏེ། རྗེའུ་རིགས་ཀྱི་རྗེའུ་རིགས་སོ། །དམངས་རིགས་ཀྱི་དམངས་རིགས་ནི་གདོལ་པའི་རིགས་དང་བརྒྱད་དོ། །དུག་ཀྱང་རིམ་པ་བཞིན་དུ་བཞི་སྟེ། བསམ་པའི་དུག་དང་མཐོང་བའི་དུག ། རེག་པའི་དང་ཁ་རླངས་ཀྱིའོ། །བསམ་པ་ལས་གྱེས་པ་ནི་ཚོར་བའི་དུག་གོ། །མཐོང་བ་ལས་གྱེས་པ་ནི་རྣ་བས་ཐོས་པ་ཙམ་མོ། །རེག་པ་ནི་མཆེ་བ་སྟེ། ཁ་རླངས་ནི་བཞི་ཀ་ལ་གཏོགས་པའོ། །དེ་ནི་ཀླུའི་དུག་འགྲོ་བ་ཞེས་བྱ་བའོ། །སྦྲུལ་དང་། སྡིག་པ་དང་། སྦལ་པ་ དང་། བྱི་བ་དང་། སྲེ་མོ་དང་། བུང་བ་ལ་སོགས་པའི་སེམས་ཅན་རྣམས་ལ་ཡང་། འགྲོ་བའི་དུག་མཆེ་བ་ལས་བྱུང་བའོ། །དེ་རྣམས་ལ་ཡང་བྱམས་ཤིང་། སྙིང་རྗེ་དང་བཏང་སྙོམས་ཀྱིས་ཁྱབ་པའོ། །ཀླུ་གང་ས་ལ་རྒྱུ་དག་དང་། །དེ་བཞིན་ཆུ་ལ་གནས་རྣམས་དང་། །ཞེས་ བྱ་བ་ནི་རྫུ་འཕྲུལ་དང་ལྡན་ཞིང་། གྲགས་པ་དང་ལྡན་པ་སྟེ། དེ་བཞིན་དུ་ཚེ་སྔ་མའི་དྲན་པ་ཡང་ཕྱིར་སྙེག་ཅིང་ནད་རྣམས་ཐམས་ཅད་བཏང་བའི་བདག་དང་། སྐད་ཅིག་མས་ཁམས་གསུམ་རྒྱུ་ནུས་པའོ། །གང་དག་བར་སྣང་རྒྱུ་བ་དང་། །གང་དག་ལྷུན་པོར་གནས་པ་དང་། །ཞེས་ བྱ་བ་ནི་ཀླུའི་རིགས་ལ་ཡང་ནམ་མཁའ་ལ་རྒྱུ་ཞིང་། རི་རབ་ཀྱི་རྩེ་མོ་ལ་གནས་ཤིང་། ལྷ་དང་ལྷ་མ་ཡིན་འཁྲུག་པར་ནུས་ཤིང་། གྲགས་པ་དང་། ཁ་དོག་དང་རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཞིང་། གང་ཡང་གང་དག་དང་ལྡན་པའོ། །མགོ་གཅིག་པ་དང་མགོ་གཉིས་པ། །དེ་ དག་ལ་ནི་ང་རྟག་བྱམས། །ཞེས་བྱ་བ་ནི་ཀླུའི་རྒྱལ་པོ་རྣམས་ནི་མིའི་གཟུགས་སུ་གནས་ཤིང་། སྦྲུལ་གྱི་གདེངས་ཀ་བཅས་ཤིང་། རིགས་བཞི་ལ་བརྒྱད་དུ་གནས་པ་སྟེ། བྲམ་ཟེ་ལ་ནི་སྦྲུལ་མགོ་བཅོ་ལྔ་པ་སྟེ། རྒྱལ་རིགས་ལ་བཅུ་གསུམ་པའོ། །རྗེའུ་རིགས་ལ་ བཅུ་གཅིག་པ་སྟེ། དམངས་རིགས་ལ་བདུན་པའོ། །དེ་བཞིན་དུ་བྲམ་ཟེའི་བྲམ་ཟེའི་རིགས་དང་། རྒྱལ་པོའི་རྒྱལ་པོའི་རིགས་དང་། རྗེའུའི་རྗེའུའི་རིགས་དང་། དམངས་ཀྱི་དམངས་རིགས་ལ་ནི་གདོལ་པའོ། །རིགས་དེ་ལ་ནི་དེ་ཡང་ངེས་པ་མེད་པས་བསམ་གྱིས་མི་ཁྱབ་པའོ། །དེ་ བཞིན་དུ་དེ་རྣམས་ཀྱི་སྦྲུལ་མགོ་ཡང་བཅུ་གསུམ་པ་དང་བཅུ་གཅིག་དང་བདུན་དང་གསུམ་དང་ལ་ལ་ཡང་གཉིས་དང་གཅིག་ལ་ངེས་པ་མེད་པའོ། །དེ་རྣམས་ཀྱི་ཁ་དོག་ལ་ཡང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་གུའོ། །དེ་བཞིན་དུ་ཡང་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། གཞན་དམངས་རིགས་ཀྱི་ཁ་དོག་ལ་ངེས་པ་མེད་དོ། །རྒྱལ་པོ་ཇི་བཞིན་དུ་འཁོར་རྣམས་ཀྱང་ཡིན་ཏེ། དེ་ཡང་ས་བདག་ས་སྲིན་ས་བླ་མོ་ལ་སོགས་པའི་སེམས་ཅན་སྣ་ཚོགས་ཀྱི་གཟུགས་སུ་སྣང་ཞིང་། ཀླུའི་གདོན་སྟོང་ཕྲག་བཞི་སྟོང་བརྒྱད་ ཅུའོ། །དེ་བཞིན་དུ་དེ་དག་གིས་ཀྱང་བྱམས་པའོ། །རྐང་པ་མེད་ལ་ང་བྱམས་ཏེ། །རྐང་གཉིས་པ་ལ་ང་བྱམས་སོ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུ་ཤཱཀྱ་སེང་གེས་ཁྱབ་ཅིང་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་། བཏང་སྙོམས་ ཀྱིས་ཁྱབ་པའོ། །དེ་བཞིན་དུ་སེམས་ཅན་རྣམས་རྐང་མེད་པ་དང་རྐང་གཉིས་པ་ལ་སོགས་ཏེ་ང་བྱམས་པའོ། །རྐང་བཞི་པ་ལ་ང་བྱམས་ཏེ། །རྐང་མངས་ལ་ཡང་ང་བྱམས་སོ། །ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྣམས་ཀྱི་བྱམས་པ་དང་སྙིང་ རྗེ་ནི་དམིགས་པ་མེད་པའོ། །གཞན་རྣམས་ལ་ནི་དམིགས་པ་དང་བཅས་ཤིང་རྟོག་པ་ལ་གནས་པའོ། །དེ་བཞིན་རྐང་བཞི་རྐང་མངས་ལ་ཡང་བྱམས་པས་ཁྱབ་པའོ། །རྐང་མེད་ང་ལ་གནོད་མ་བྱེད། །རྐང་གཉིས་ང་ལ་གནོད་མ་བྱེད། །ཅེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་ རྒྱས་ཤཱཀྱ་ཐུབ་པའི་བདེན་པའི་ཚིག་དང་། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟི་བརྗིད་དང་། སྟོབས་དང་མཐུས་སེམས་ཅན་རྣམས་ལ་གནོད་པར་མི་ནུས་པའོ། །རྐང་བཞི་ང་ལ་གནོད་མ་བྱེད། །རྐང་མངས་ང་ལ་གནོད་མ་བྱེད། །ཅེས་བྱ་བ་ནི་སྔར་བཤད་པ་བཞིན་དུ་ བྱམས་པ་ལ་སོགས་པས་ཁྱབ་ཅིང་རྐང་བཞི་དང་རྐང་མངས་ལ་སོགས་པའི་འབྱུང་པོ་རྣམས་ཀྱིས་གཞན་ཡང་འབྱུང་པོ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བདེན་པའི་ཚིག་དང་། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་གནོད་པར་མི་ནུས་པའོ། །གང་དག་ཆུ་ལ་ གནས་པ་ཡི། །ཀླུ་རྣམས་ཀུན་ལ་ང་བྱམས་སོ། །ཞེས་བྱ་བ་ནི་ཆུ་ལ་གནས་པའི་ཀླུའི་རིགས་རྣམས་ལ་སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་ཁྱབ་ཅིང་ཀླུའི་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་པའོ། །ཀླུའི་སྡུག་བསྔལ་གང་ཞེ་ན། ས་གཡོ་བ་དང་། མེའི་ཕྱེ་མའི་ཆར་འབབ་པ་ དང་། གང་གི་མི་གཙང་པའི་རུལ་པའི་འཇིགས་པ་དང་། རྒྱལ་པོ་དང་བྱ་ཁྱུང་གི་འཇིགས་པ་དང་བྲལ་བའོ། །དཔེར་ན་སྔོན་གྱི་དུས་སུ་བྱ་ཁྱུང་གི་འཇིགས་པ་དང་བྲལ་བར་བྱེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རིག་པའི་རྒྱལ་པོ་རྣམ་པར་ཤེས་པ་སྦྱིན་ པའི་རྒྱལ་བུར་སྐྱེས་ཏེ། ཡུམ་ནི་བཀྲ་ཤིས་སྦྱིན། བཙུན་མོ་ནི་བཀྲ་ཤིས་ལྕམ་ཡུལ་ནི་རིགས་བཟང་དམ་པའོ། །དེའི་ཡུལ་ན་ཆོས་དར་ཞིང་མི་རིགས་པ་ནི་མི་བྱེད་ཅིང་། བྱང་ཆུབ་སེམས་དང་ལྡན་པའོ། །རྒྱལ་པོ་རྣམ་ཤེས་སྦྱིན་གྱི་སྲས་མཚན་ཡང་རྣམ་ཤེས་གསོན་སྦྱིན་པའོ། ། རྒྱལ་བུ་དེ་ཡང་བྱང་ཆུབ་སེམས་དཔའི་སྤྱོད་པ་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ནོར་དང་འབྲུ་དང་གོས་ལ་སོགས་པའི་སྦྱིན་པ་བྱིན་པའོ། །རྒྱལ་བུ་དེ་ཡང་ནམ་ཞིག་ན་སྙིང་དགའ་བཤེས་གཉེན་དང་འགྲོགས་ནས་མ་ལའི་རྩེ་མོར་ཕྱིན་ཏེ། མ་ལའི་རིའི་རྩེ་མོ་ལ་ཀླུའི་ཀེང་རུས་ མཐོང་ནས་སྙིང་དགའ་བཤེས་གཉེན་ལ་དྲིས་པའོ། །ཀྱེ་ཧོ་སྙིང་གི་གྲོགས་གཉེན་འདིའི་ཀེང་རུས་ནི་གང་གི་ཀེང་རུས་ཡིན་གསུངས་པའོ། །གྲོགས་གཉེན་གྱིས་སྨྲས་པ། ཀྱེའི་རྒྱལ་བུ་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་གིས་ནང་མ་རེ་རེ་རྒྱ་མཚོའི་ནང་ནས་འོངས་ནས་ཀླུ་རྣམས་ ཀྱི་ཀེང་རུས་ཡིན་ཞེས་སྨྲས་སོ། །དེ་བསྟན་པ་དང་། རྒྱལ་བུས་ཞལ་རོག་བཞུགས་ཤིང་སྙིང་མི་དགའ་བར་གནས་པའོ། །དུས་གཅིག་ཏུ་གྲོགས་གཞན་དང་མ་འགྲོགས་ཤིང་རྒྱ་མཚོའི་འགྲམ་དུ་ཕྱིན་ནོ། །ཀླུའི་ཇོ་མོ་རྒྱལ་བུ་གཙུག་ཏོར་ཅན་གྱི་ཡུམ་བཤུམས་པ་དང་རྒྱ་མཚོའི་ འགྲམ་དུ་ཕྲད་དོ། །ཀྱི་ཧུད་ཀྱི་ཧུད་དུང་གི་གཙུག་ཏོར་ཅན། །ཀྱི་ཧུད་ཀྱི་ཧུད་ཟླ་བའི་སྤྱན་མངའི་བུ། །ཞེས་ཐོས་པ་དང་། སྙིང་རྗེ་ལྡན་ཞིང་བྱང་ཆུབ་སེམས་དཔའི་རྩར་ཕྱིན་ནོ། །བྱང་ཆུབ་སེམས་དཔས་ཀླུའི་ཇོ་མོ་ལ་སྨྲས་པ། ཀྱེ་ཧོ་ཇོ་མོ་ཅིའི་དོན་ལ་བཤུམས་ཞེས་སྨྲས་སོ། །ཡུམ་ གྱིས་སྨྲས་པ། ངའི་དོན་མི་འགྲུབ་ཅེས་སྨྲས་སོ། །ཡང་རྒྱལ་བུས་སྨྲས་པ། གལ་ཏེ་དོན་འགྲུབ་པར་གྱུར་ན་ཅི་སྟོ་ཞེས་སྨྲས་སོ། །ཡུམ་གྱིས་སྨྲས་པ་བཤུམས་ཤིང་ཁ་ནས་མི་ཐོན་ཡང་སྨྲས་སོ། །ཀྱཻ་ཧོ་སྐྱེས་བུ་དམ་པ་ངའི་བུ་དུང་གི་གཙུག་ཏོར་ཅན་སང་ཉི་མ་ཕྱེད་ན་ནམ་མཁའ་ ལྡིང་གི་རྒྱལ་པོ་གསེར་མིག་ཅན་གྱིས་ཁྱེར་ནས་ཟ་བའི་དུས་ལ་བབ་པས་ཐབས་འདྲ་བ་མངའ་འམ་ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔས་སྨྲས་པ། ངས་རྗེས་ནི་ཇི་ཙུགས་བྱེད་དུ་འོང་སྨྲས་སོ། །དེ་སྐད་ཅེས་སྨྲས་པ་དང་། རྒྱ་མཚོའི་ནང་དུ་ཁྲིད་དོ། །དེ་ནས་ཀླུའི་རྒྱལ་པོ་དུང་ཅན་ གྱི་བུ་དུང་གི་གཙུག་ཏོར་ཅན་ལོ་བརྒྱད་ལོན་པ་བལྟ་ན་སྡུག་པ་ཁ་དོག་དང་ལྡན་པ་དེ་བལྟས་ནས། ཀླུའི་བུ་མོ་ཙམ་འདུས་སོ། །དེའི་རྟིང་ལ་བྱང་ཆུབ་སེམས་དཔའ་སྔར་འོང་བའི་ཁྲི་ལ་དར་དམར་པོ་གྱོན་ནས་གཟིམས་སོ། །དེ་ནས་ཉི་མ་ཕྱེད་ཀྱི་དུས་ལ་ནམ་མཁའ་ལྡིང་གི་རྒྱལ་ པོ་གསེར་མིག་ཅན་མཆུ་དེ་ནི་བཻ་ཌཱུརྱ་དང་འདྲ་བ་མཐོ་བ་རྣོ་བ། མིག་སེར་ཞིང་དམར་བ་ལ་སོགས་པ་རིང་ཞིང་སྔོ་བ། ཡན་ལག་སྡེར་མོ་རིང་ཞིང་རྣོ་བ། བྱ་ཁྱུང་གི་གཟུགས་བཞིན་དུ་འཇིགས་པ། ནམ་མཁའ་ལ་འབྲུག་སྒྲ་དང་འགྲོགས་ཤིང་། མེའི་གློག་བཞིན་བསྟན་ ཞིང་། བར་སྣང་ནས་གཤོག་པ་རྒྱ་མཚོའི་ནང་དུ་རྡེབས་པ། གཡས་པའི་གཤོག་པ་བརྡབས་པས་རྒྱ་མཚོའི་ཆུ་མི་སྣང་བར་གྱུར་ཏོ། །གཡོན་པ་བརྡབས་པས་བདུན་བརྒྱའི་སའི་འོག་ཏུ་སླེབས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཁྲི་ལ་ཉལ་བ་དེ་ཏོག་གིས་བླངས་ནས་ ནམ་མཁའ་ལ་ཁྱེར་རོ། །དེའི་རྟིང་བར་སྣང་ལ་ཁྱེར་བ་དེ་བྱང་ཆུབ་སེམས་དཔའི་ཡབ་དང་ཡུམ་དང་། ཇོ་མོ་རྣམས་ཀྱིས་མཐོང་ནས་ཆོ་ངེས་འདེབས་ཤིང་མྱ་ངན་ལས་འདས་སོ། །དེ་ནས་བྱ་ཁྱུང་དེས་རི་མ་ལ་ཡའི་རྩེ་མོར་ཁྱེར་ནས་ཤ་ཟོས་ཁྲག་འཐུངས་ཏེ། ཤ་གཞོགས་ གཅིག་ཟད་ནས། བྱང་ཆུབ་སེམས་དཔས་གཞོགས་གཅིག་ཏུ་ཟློགས་སོ། །དེ་ནས་བྱ་ཁྱུང་འཇིགས་པའི་སེམས་དང་ལྡན་ཏེ། ཟ་བ་འཕྲོ་བཅད་ནས་ངོ་མཚར་ཆེ་ཞིང་ཀླུ་རྣམས་སྔར་ཇི་ཙམ་ཟོས་པ་ལ་འདི་འདྲ་བ་མ་བྱུང་སྙམ་ནས་འཕྲོ་བཅད་དེ་འདུག་གོ། །དེའི་ ཚེ་བྱང་ཆུབ་དཔས་སྨྲས་པ། ཀྱེ་རྒྱལ་པོ་ནམ་མཁའ་ལྡིང་ཁྱོད་ཀྱི་གསོས་ཡིན་མོད་ཁྲག་འཐུང་ཤ་ཟོ། །དེ་སྐད་ཅེས་སྨྲས་པ་དང་། བྱ་ཁྱུང་གིས་ངོ་མཚར་ཆེ་ནས་སྨྲས་པ། ཀྱེ་ཁྱོད་སུ་ཡིན་སྔ་མ་བཞིན་དུ་མ་བྱུང་ངོ་། །ངས་ཀྱང་སྔར་ཇི་ཙམ་ཟོས་ཏེ་ཁྱོད་བཞིན་ངས་མ་མཐོང་ ངོ་། །བྱང་ཆུབ་སེམས་དཔའི་ཞལ་ནས་ཁྱོད་ཀྱིས་འདིས་ཅི་སྨོས་ཟོ་ཞིག་འཐུངས་ཤིག་ཅེས་གསུངས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡབ་ཡུམ་གྱིས་ཀྱང་སླེབས་ནས་བྱ་ཁྱུང་གི་དྲུང་དུ་ཆོ་ངེས་འདེབས་ཤིང་སྨྲས་སོ། །ཀྱེ་ཧོ་ནམ་མཁའ་ལྡིང་གི་རྒྱལ་པོ། ངའི་བུས་ཉེས་ པ་ཅང་ཡོད་དམ་ཁྱོད་ཅི་ཉེས་ཅི་བསམས་ཞེས་གསུངས་སོ། །དེ་སྐད་གསུངས་པ་དང་། བྱ་ཁྱུང་དེ་ཡང་སྡུག་བསྔལ་གྱིས་ཟིན་ཏོ། །དེ་ནས་བྱ་ཁྱུང་གིས་སྨྲས་པ། ཀྱེ་ཧོ་བྱང་ཆུབ་སེམས་དཔའ་ངས་ངོ་མ་ཤེས་ན། བཟོད་པར་གསོལ། ངས་ལྷ་ཡུལ་དུ་ཕྱིན་ནས་བདུད་རྩི་ཁྱེར་ ནས་འོངས་ནས་བསྐུས་ཏེ་སོས་པར་བྱའོ་ཞེས་གསུངས་སོ། །དེ་སྐད་ཅེས་སྨྲས་པ་དང་བྱང་ཆུབ་སེམས་དཔས་སྨྲས་པ། ཀྱེ་ཧོ་རྒྱལ་པོ་ཁྱེད་ཀྱི་བྱིན་གྱི་རླབས་ཀྱིས་མི་བྱང་བྱང་ཆུབ་སེམས་དང་ལྡན་ན་ལུས་སྔར་བཞིན་དུ་སོང་ཤིག །དེའི་སེམས་དང་མི་ལྡན་ན་ད་ལྟ་བཞིན་དུ་སོང་ ཤིག་ཅེས་སྨྲས་སོ། །དེའི་ཚིག་གི་བདེན་པས་ལུས་སྔར་བཞིན་དུ་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་བྱ་ཁྱུང་ལ་སྨྲས་པ། ཁྱོད་ཀྱིས་རྒྱ་མཚོའི་ནང་དུ་སོང་ལ་ཀླུ་རྣམས་བོས་ཤིག །ཅེས་གསུངས་པ་དང་། བྱ་ཁྱུང་ལངས་ནས་རྒྱ་མཚོའི་ནང་དུ་སོང་ངོ་། །ཀླུ་རྣམས་བྱ་ཁྱུང་ མཐོང་བ་དང་། འཇིགས་ནས་ད་ཡང་ང་ཅག་རྣམས་ཐམས་ཅད་བོས་ཏེ་གསོད་སྙམ་ནས། དེའི་འཇིགས་པས་ཀླུ་རྣམས་མ་ཁུགས། བྱ་ཁྱུང་ཡར་ལོག་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་གནས་སོ། །ཀྱེ་བྱང་ཆུབ་སེམས་དཔའི་ངས་ཀླུ་རྣམས་མ་ཁུགས་སོ་ཞེས་སོ། །བྱང་ཆུབ་ སེམས་དཔས་སྨྲས་པ། ཁྱོད་ཀྱིས་ལྷའི་ཡུལ་ནས་བདུད་རྩི་ཁྱེར་ནས་འོངས་ནས་ཁྱོད་ཀྱིས་ཟོས་པའི་ཀེང་རུས་ཀྱི་ཐོག་ཏུ་བདུད་རྩི་གཏོར་ཅིག་གསུངས་སོ། །དེ་ནས་བྱ་ཁྱུང་གིས་བདུད་རྩི་གཏོར་ནས་སྔར་ཤི་བའི་ཀླུ་རྣམས་སོས་ནས་བྱུང་སྟེ། བྱང་ཆུབ་སེམས་དཔའི་སྤྱན་སྔར་གནས་ སོ། །བྱང་ཆུབ་སེམས་དཔའི་ཞལ་ནས། བྱ་ཁྱུང་གིས་ཀླུ་རྣམས་མ་ཁུགས་པས། ཁྱེད་རྣམས་ཀྱིས་ཀླུ་རྣམས་བོས་ལ་ཤོག་ཅིག་ཅེས་གསུངས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། ཀླུ་རྣམས་ཀྱིས་རྒྱ་མཚོའི་ནང་ན་ཡོད་པ་རྣམས་བོས་ནས་འོངས་སོ། །དེའི་ཚེ་བྱང་ཆུབ་སེམས་ དཔས་ཀླུ་རྣམས་ལ་སྡོམ་པ་ཕོག་སྟེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའམ་སེམས་ཅན་ལ་གནོད་པ་མི་བྱེད་པའམ་དེ་སེམས་ཅན་ལ་གནོད་བྱེད་བྱ་ཁྱུང་གིས་འཇིགས་པར་འགྱུར་རོ། །དེ་བཞིན་དུ་བྱ་ཁྱུང་གིས་ཀྱང་སྡོམ་པ་ལ་གནས་ཤིང་། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་དང་། དཀོན་མཆོག་གསུམ་ གྱི་བྱིན་རླབས་ཀྱིས་ཀླུ་རྣམས་ལ་ཡང་བྱ་ཁྱུང་གི་འཇིགས་པ་དང་བྲལ་བའོ། །དེ་བཞིན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་། ཀླུ་ལ་སོགས་པའི་སེམས་ཅན་ལ་བྱམས་པའོ། །གང་དག་ས་ལ་གནས་པ་ཡི། །འབྱུང་པོ་ཀུན་ལ་ང་བྱམས་སོ། །ཞེས་བྱ་བ་ནི་འབྱུང་ པོ་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། རླུང་ལྷ་དང་། དྲི་ཟ་དང་། མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། ཤ་ཟ་དང་། གྲིབ་གནོན་དང་། སྐེམ་བྱེད་དང་། སྨྱོ་བྱེད་དང་། གནོན་པོ་དང་། རྒྱུ་སྐར་ལ་སོགས་པའི་གདོན་རྣམས་ཡིན་ཏེ། འབྱུང་པོ་དེ་རྣམས་ཀྱང་སྟོང་ཕྲག་བརྒྱད་ཅུ་བརྒྱད་ཅུ་གནས་ཏེ། དེ་དག་ས་ལ་རྒྱུ་བ་རྣམས་ཡིན་ཏེ། དེ་བཞིན་དུ་ནམ་མཁའ་དང་། ས་སྟེངས་སུ་རྒྱུ་བའོ། །དེ་ཀུན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བྱམས་པའོ། ། སེམས་ཅན་གང་དག་གནས་པར་བཅས། །སེམས་ཅན་ཀུན་ལ་ང་བྱམས་སོ། །ཞེས་བྱ་བ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནས་གཞན་ཡང་འཇིག་རྟེན་གྱི་ཁམས་ལ་ཡང་དེ་བཞིན་ཏེ། རིག་སྔགས་ཀྱི་གཟི་བརྗིད་དང་། བདེན་པའི་ཚིག་དེས། རྡུལ་ཕྲ་མོ་ལ་གནས་པའི་སེམས་ཅན་རྣམས་ལ་ཡང་བྱམས་སོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་དག་ནི་ཐམས་ཅད་ཀྱང་། །ཞེས་བྱ་བ་ནི་བདེན་པའི་ཚིག་འདིས་དུག་གི་ནད་བསམ་པ་དང་། ཚོར་བ་དང་། ཁ་རླངས་རྣམས་ཡིན་ཏེ། དེ་ནི་ འགྲོ་བའི་དུག་གོ། །བསྡད་པའི་དུག་ནི་རྩ་བ་དང་ལོ་མ་ལ་སོགས་པའོ། །བྱེད་པའི་དུག་ནི་སྦྱོར་བ་ལས་བྱུང་བའོ། །དུག་དེ་དག་ཐམས་ཅད་ཀྱང་སེམས་ཅན་དང་སྲོག་ཆགས་དང་འབྱུང་པོ་རྣམས་ལ་ཡང་བྱམས་པའོ། །ཐམས་ཅད་བདེ་བ་འབའ་ཞིག་ཤོག །ཐམས་ཅད་ནད་ ནི་མེད་གྱུར་ཅིག །ཅེས་བྱ་བ་ནི་འཇིག་རྟེན་གྱི་སྡུག་བསྔལ་བརྒྱད་དང་། རླུང་དང་། མཁྲིས་པ་དང་བད་ཀན་ལས་གྱུར་པ་དེ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞི་རྣམས་ཡིན་ཏེ། བདེན་པའི་ཚིག་དེས་དེ་རྣམས་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་བདེ་བར་གནས་པའོ། །ཀུན་དུ་ བཟང་པོ་མཐོང་བར་ཤོག །གང་ཡང་སྡིག་པར་མ་གྱུར་ཅིག །ཅེས་བྱ་བ་ནི་མནར་མེད་པའི་སེམས་ཅན་ནས་ཚངས་པའི་ཡུལ་མན་ཆད་ཀྱི་བདེ་བར་གནས། ལས་ཀྱི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་དང་བྲལ་བའོ། །ཡང་ན་ཤེས་ནས་བྱས་ པ་དང་མི་ཤེས་ནས་བྱས་པ་རྣམས་དང་ཡང་བྲལ་བའོ། །བྱམས་པའི་སེམས་ལ་གནས་ནས་སུ། །དུག་ནི་རབ་ཏུ་གསད་པར་བྱ། །ཞེས་བྱ་བ་ནི་བྱམས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ལ་གནས་པའི་སེམས་ཅན་ལ་བུ་གཅིག་པོ་ལ་མ་བྱམས་པ་ལྟ་བུ་སྟེ། དེ་ཉེ་བར་ གཞག་པའི་སེམས་ཀྱིས་སྙིང་རྗེ་འབའ་ཞིག་ཏུ་འཁོར་བ་ལ་གནས་པའི་སེམས་ཅན་ལ་སྙིང་རྗེ་བའོ། །དེས་སེམས་ཅན་ཐོན་པའི་སེམས་ཀྱིས་དེས་རབ་ཏུ་དགའ་བའོ། །དེ་མཉམ་པ་ཉིད་དུ་གཞག་པས་བཏང་སྙོམས་སོ། །འདིར་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པས། དགེ་སློང་ས་རིའི་དོན་ལ་སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ནང་གི་དུག་གསུམ་དང་ཕྱིའི་དུག་གསུམ་ཟད་པའོ། །ནང་གི་དུག་གསུམ་ནི་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་མོ། །ཕྱིའི་དུག་གསུམ་ནི་དེ་ཉེ་བར་གཞག་པས་བྱུང་བ། འགྲོ་བ་དང་བསྡད་པ་ དང་བྱེད་པའོ། །རིག་སྔགས་ཀྱི་གཟི་བརྗིད་དང་། སངས་རྒྱས་ཀྱི་བདེན་པས་བྱམས་པས་དུག་ཟད་པའོ། །བསྲུང་དང་ཡོངས་སུ་བཟུང་བ་དང་། །དེ་བཞིན་ཡོངས་སུ་བསྐྱང་བར་བྱ། །ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་བདེན་པ་འདིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ རྣམས་ཀྱི་བཀའོ། །དེ་ཡང་འདས་པའི་སངས་རྒྱས་རྣམ་གཟིགས་དང་། །གཙུག་ཏོར་ཅན་དང་ཀུན་སྐྱོབ་དང་། ལོག་དང་སེལ་དང་གསེར་ཐུབ་འོད་སྲུངས་སོ། །དེ་ལ་སོགས་པའི་འདས་པའི་སངས་རྒྱས་བྱེ་བ་ཁྲག་ཁྲིག་གངྒཱའི་ཀླུང་གི་བྱེ་མ་སྙེད་རྣམས་ཀྱིས་གསུངས་པའོ། །མ་འོངས་པ་ ནི་དེ་བཞིན་དུ་བྱམས་པ་ལ་སོགས་པའོ། །ད་ལྟར་བ་ནི་ཤཱཀྱ་སེང་གེ་སྟེ། དགེ་སློང་ས་རིའི་དོན་ལ་སེམས་ཅན་རྣམས་ལ་གསུངས་པའོ། །དེ་བཞིན་དེ་དང་དེ་འདྲའི་སྲུང་བ་དམ་པ་ནི། སྲུང་བ་དམ་པ་སྦ་བ་དང་ཡོངས་སུ་བསྐྱབ་པ་དང་། སྡིག་པ་ཟད་པ་དང་། མཚམས་སྦྱོར་བ་དང་། ཆད་པ་གཅོད་པ་དང་། འདིའི་རིག་པ་གང་འཛིན་པས་སྲུང་ཞིང་ཡོངས་སུ་བསྐྱང་བར་འགྱུར་རོ། །སངས་རྒྱས་ཕྱག་འཚལ་བྱང་ཆུབ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་ཞིང་དམིགས་པ་མེད་པ་སྟེ། འདས་པ་དང་སྲིད་པའི་ངོ་བོ་མེད་ཅིང་ད་ལྟར་བྱུང་བ་ཡང་མེད་པའོ། ། དེའི་སྒྲིབ་པས་སྒྱུ་མ་ལྟ་བུ་སྟེ། མེ་ལོང་གི་ལྟོ་བའི་གྲིབ་མ་ལྟ་བུ་སྟེ། དེ་ནི་གཟུགས་སྐུ་དང་པོ་སྟེ། དེ་ཉེ་བར་གཞག་པའི་ངོ་བོས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྤྲུལ་པའི་སྐུས་ཁྱབ་སྟེ། དེ་ཡང་གཟུགས་སྐུ་གཉིས་པའོ། །མཚན་སུམ་ཅུ་རྩ་གཉིས་དང་ ལྡན་ཞིང་དཔེ་བྱད་བརྒྱད་ཅུས་སྐུ་ལ་བརྒྱན་པ། སེམས་ཅན་གྱི་དོན་བྱེད་པ་ནི་ཐུབ་པའི་སྐུའོ། །དེ་ལྟ་བུའི་སྐུ་གསུམ་ལ་ཕྱག་འཚལ་ལོ། །བྱང་ཆུབ་ནི་ཚད་མེད་པ་བཞིའི་སྒོ་ནས་སེམས་ཅན་རྣམས་ལ་བྱམས་པ་སྟེ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཚོགས་ཀྱི་ལམ་སྟེ། ས་བཅུ་ལ་གནས་ པའོ། །དེ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། བྱམས་པ་དང་འཇམ་དཔལ་ལ་སོགས་པའོ། །དེ་རྣམས་ལ་ཕྱག་འཚལ་ལོ་ཞེས་པའོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་བག་ཆགས་དང་ཤེས་བྱའི་སྒྲིབ་པས་མ་གོས་པ་སྟེ། དེ་ནི་ ཡེ་ཤེས་རྣམ་པར་དག་པའི་རང་བཞིན་ནོ། །དེའི་ངོ་བོ་ནི་བསམ་གྱིས་མི་ཁྱབ་པའོ། །དེ་ལྟ་བུ་ལ་ཕྱག་འཚལ་ཞེས་པའོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་ཞི་ནི་ལམ་ཡིན་ཏེ། གྱུར་ནི་འབྲས་བུའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་གི་ལམ་ནས་ སངས་རྒྱས་པ་དང་། སྨོན་ལམ་གྱི་སྟོབས་ཀྱིས་སེམས་ཅན་གྱི་དོན་བྱེད་པའོ། །དེ་བས་ན་ཞི་གྱུར་རོ། །འབྲས་བུ་ཡིན་ཏེ་འགྱུར་བ་མེད་པ་རང་བཞིན་དང་བྲལ་བས། ཡེ་ཤེས་རྣམ་པར་གསལ་བ་སྟེ། ཡེ་ཤེས་དེ་ཡང་དམིགས་པ་མེད་པའི་རང་བཞིན་གྱི་འབྲས་བུའོ། །གཞི་ ལ་མི་གནས་པའི་ཕྱིར་ཞི་འགྱུར་རོ། །གཞི་དང་གཞི་ལ་མི་གནས་པས་ཕྱག་འཚལ་ཞེས་པའོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི། འཁོར་བ་ལས་གྲོལ་བས་ན་གྲོལ་བ་སྟེ། འཁོར་བ་ནི་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་དང་ མིང་དང་གཟུགས་དང་སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་བཅུ་གཉིས་སོ། །འདུ་བྱེད་ལ་སོགས་པ་བཀག་པའི་ཕྱིར་ན། རྣམ་པར་གྲོལ་བ་སྟེ། དེ་གྲོལ་ན་མ་རིག་པའི་མིང་ཡང་ཅི་སྨོས་ཏེ། དེ་བས་ ན་རྣམ་པར་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ་ཞེས་བྱ་བ་ནི། ཚངས་པར་སྤྱོད་ཅིང་དགྲ་བཅོམ་པའི་རང་བཞིན་ཡིན་ཏེ། དེ་ཡང་ཟག་པ་ཟད་ཅིང་བག་ཆགས་ཀྱི་དྲི་མས་མི་བསྒོ་བའོ། །དེ་ནས་ བྲམ་ཟེའི་སྡིག་པས་མི་བསྒོ་བ་ལ་ཕྱག་འཚལ་ལོ། །ཡང་ན་བྲམ་ཟེའི་ཚུལ་དུ་གནས་པས་བྲམ་ཟེའོ། །དེ་དག་གིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་དང་བདེན་པའི་ཚིག་གིས་གང་ཟག་སེམས་ཅན་ཐམས་ཅད་དང་ཀུན་བདེ་བར་ གནས་པའོ། །འཇིགས་པ་ཐམས་ཅད་དང་ཞེས་བྱ་བ་ནི། འཇིག་རྟེན་ཕྱིའི་ངན་སོང་གསུམ་གྱི་འཇིགས་པ་དང་། རྐྱེན་ལས་བྱུང་བའི་ད་ལྟར་བྱུང་བའི་འཇིགས་པའོ། །ཚེ་ཕྱི་མའི་ངན་སོང་འབྱུང་བ་ནི་དང་པོ་དམྱལ་བ་ཡིན་ཏེ། ཚ་བའི་དམྱལ་བ་ལ་བརྒྱད་དོ། །དེ་ཡང་ཡང་ སོས་དང་། ཐིག་ནག་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། མནར་མེད་པ་དང་བརྒྱད་དོ། །ཡང་གྲང་བ་ལ་ཆུ་བུར་ཅན་དང་། ཆུ་བུར་ཅན་ཆེན་པོ་དང་། སོ་ཐམས་ཐམས་དང་། ཨ་ཆུ་ཆུ་དང་། འདར་ཆུག་ཆུག་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གྱེས་པ་དང་བརྒྱད་དོ། །དམྱལ་བ་དེ་རྣམས་ཀྱི་འཁོར་ནི་རེ་རེ་ལ་ཡང་བཅུ་དྲུག་བཅུ་དྲུག་གོ། །དེའི་མིང་ནི་མཚོན་གྱི་སེན་མོ་དང་། ཤལ་མ་རི་དང་། ལྕགས་ཀྱི་ཐུ་ལུམ་དང་། ཁྱིའི་གླིང་དང་། ཆུ་བོ་རབ་མེད་ དང་། འཁྲུལ་པའི་ཐོང་པ་དང་། འཁོར་ལོ་དང་། སྤུ་གྲིའི་ལམ་དང་། བྲག་དཀར་པོ་དང་། མེ་མ་མུར་དང་། རྒྱ་འཇིགས་དང་། ལྕགས་ཀྱི་སོག་ལེ་དང་། ལྕགས་ཀྱི་ཐུར་མ་དང་། བུམ་པ་དང་། ལྕེ་ལ་རྨོ་བ་དང་། སླ་ངས་བརྔོ་བ་དང་བཅུ་དྲུག་གོ། །དེ་ནི་ཚེ་ཕྱི་མའི་དམྱལ་བའི་ སྡུག་བསྔལ་དང་འཇིགས་པའོ། །ཡང་གཉིས་པ་དུད་འགྲོའི་འཇིགས་པ་ནི་གང་གིས་གང་ཟ་བའི་འཇིགས་པ་སྟེ། སྲོག་དང་འབྲལ་བའི་རང་བཞིན་གྱིས་དུད་འགྲོའི་སྡུག་བསྔལ་ནི་ཤིན་ཏུ་འཇིགས་པའོ། །གསུམ་པ་ཡི་དགས་ཀྱི་འཇིགས་པ་ནི། འཐུང་བ་དང་ཟ་བ་མེད་ཅིང་གང་གིས་ ཡང་མཐོང་བ་ལ་ཡང་ཕྲག་དོག་གིས་འཐབ་རྩོད་བྱེད་ཅིང་། ཡི་དགས་ཀྱི་སྡུག་བསྔལ་དེ་རྣམས་སོ། །ད་ལྟར་རྐྱེན་གྱིས་འཇིགས་པ་ནི། འབྱུང་པོའི་གདོན་མ་རུངས་པའི་འཇིགས་པ་དང་། གཞན་དགྲ་བོ་དང་ཕྲད་པ་དང་། དེ་ལ་སོགས་པའི་འཇིགས་པ་བརྒྱད་དང་དེ་ལ་འཇིགས་པས་ ན་འཇིགས་པ་དང་ཞེས་པའོ། །གནོད་པ་ཐམས་ཅད་དང་ཞེས་བྱ་བ་ནི་དགེ་བའི་རྩ་བ་ལ་གནོད་པ་སྟེ། བདུད་བཞིའི་རང་བཞིན་གྱིས་བགེགས་ཀྱི་ཚུལ་དུ་བྱས་ནས་མི་དང་མི་མ་ཡིན་པས་གནོད་པ་སྐྱེལ་བའོ། །ནད་འགོ་བ་དང་ཞེས་བྱ་བ་ནི། རིམས་དང་། ལྷོག་པ་དང་། འབྲས་དང་། ཁྲག་ རྣག་གཟེར་ཐུང་དང་། དེ་རྣམས་ནི་ཡུད་ཙམ་ལ་འགོས་པའོ། །ཡང་ན་འབྲུམ་བུའི་ནད་དང་གཞན་གྱིས་མི་ཐུབ་ཅིང་། སྡིག་པའི་ནང་དུ་གསུངས་པའོ། །འཁྲུག་པ་ཐམས་ཅད་དང་ཞེས་བྱ་བ་ནི། གཞན་གྱི་དཔུང་གིས་འདྲེན་པ་དང་། རང་ཡུལ་དུ་ཁྲག་ཁྲུག་འབྱུང་བ་དང་། གཟའ་ འཐབས་ལ་སོགས་པའོ། །རིམས་ཐམས་ཅད་དང་ཞེས་བྱ་བ་ནི། བད་ཀན་དང་མཁྲིས་པ་དང་། རླུང་ལས་གྱུར་པ་དེ་ནི་འདུས་པ་སྟེ། གཉིས་གཉིས་འགྲོགས་པ་ནི་ལྡན་པའོ། །ནད་དེ་དང་ལྡན་པས་ན་རིམས་སོ། །ནད་ཐམས་ཅད་དང་ཞེས་བྱ་བ་ནི། གཞོགས་ཕྱེད་ ན་བ་དང་། ཡི་ག་འཆུས་པ་དང་། མིག་ན་བ་དང་། རྣ་བ་ན་བ་དང་། ཁ་ན་བ་དང་། མགུལ་པ་ན་བ་དང་། སྙིང་ནད་དང་། ལྐོག་མའི་ལྷ་གོར་ན་བ་དང་། རྣ་བ་ན་བ་དང་། སོ་ན་བ་དང་། སྙིང་ན་བ་དང་། རྩིབ་ལོགས་ན་བ་དང་། རྒྱབ་ན་བ་དང་། ལྟོ་བ་ན་བ་དང་། མཁུར་བ་ན་བ་དང་། ཆུ་སོ་ན་བ་དང་། སྐྱེ་གནས་ན་བ་དང་། རབ་ཏུ་སྐྱེ་གནས་ན་བ་དང་། རྐེད་པ་ན་བ་དང་། བརླ་ན་བ་དང་། བྱིན་པ་ན་བ་དང་། ལག་པ་ན་བ་དང་། རྐང་པ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་ལ་སོགས་པ་ནད་བཞི་བརྒྱ་རྩ་བཞིའོ། །གདོན་ཐམས་ཅད་དང་ཞེས་བྱ་བ་ནི། ལྷའི་གདོན་ལ་སོགས་པ་བགེགས་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ་ཕྲག་ཉི་ཤུ་རྩ་བཞིའོ། །དུག་ཐམས་ཅད་ལས་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་དང་སངས་རྒྱས་ཀྱི་བདེན་པའི་ཚིག་གིས་འགྲོ་བ་དང་། བསྡད་པ་དང་བྱེད་པའི་དུག་བཅོམ། སེམས་ཅན་ཐམས་ཅད་བདེ་བར་གནས་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག །སྟོན་བརྒྱ་མཐོང་བར་ཤོག་ཤིག །ཅེས་བྱ་བ་ནི་འདི་འཆང་བ་དང་། ཀློག་པ་རྣམས་ནི། ཚེ་རིང་ཞིང་བཀྲ་ཤིས་ཏེ། སྡུག་བསྔལ་ཐམས་ཅད་དང་བྲལ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་ མོའི་བདེན་པའི་ཚིག་གི་གནས་སྐབས་ཏེ་བཞི་པའོ།། །།ཀུན་དགའ་བོ་སྔོན་བྱུང་བ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ། རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ཞེས་བྱ་བ་ཅིག་གནས་ཏེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱི་ བསྟན་པ་ལ། དགེ་སློང་ས་རི་བཞིན་མཆེ་བའི་དུག་གིས་བཏབ་པ་ལ། དྲན་པ་ཙམ་གྱིས་སོས་པར་གྱུར་ཏེ། དེ་བཞིན་དུ་གཞན་ཡང་ནད་ཐམས་ཅད་ཀྱིས་མི་ཚུགས་ཤིང་། གདོན་ཐམས་ཅད་ཀྱང་དེ་བཞིན་ནོ། །བསྒྱུར་བའི་ལས་དང་། བྱད་དང་། གཡེང་བྱེད་དང་། རོ་ལངས་ དང་། སེམས་བསྒྱུར་བ་དང་། སྦོད་གཏོང་དང་། བཟའ་ཉེས་དང་། སྐྱུགས་ཉེས་དང་། གནོད་སྒྲིབ་དང་། གནོད་བལྟས་དང་། བྲི་ཉེས་དང་། སྒོམ་ཉེས་དང་། སྨད་པ་ལ་སོགས་པའི་རིམས་ཐམས་ཅད་ཀྱིས་མི་ཚུགས་ཤིང་། དྲན་པ་ཙམ་གྱིས་སོས་པར་འགྱུར་རོ། །གངས་ ཀྱི་རི་ནི་ལྷོའི་འཛམ་བུའི་གླིང་གི་རྡོ་རྗེའི་གདན་གྱི་བྱང་ཕྱོགས་ན། རི་བོ་སྤོས་ལྡན་གྱི་རྩ་ན་མཚོ་ཆེན་པོ་མ་དྲོས་པའི་འགྲམ་ན། མཚོ་ཆེན་པོ་དེ་ལ་ཡང་ཆུ་བོ་ཆེན་པོ་འབབ་སྟེ། དེ་ཡང་གངྒཱ་དང་། པཀྵུ་དང་། སིནྡྷུ་དང་། སི་ཏ་དང་བཞིའོ། །ཆུ་བོ་ཆེན་པོ་དེ་ཡང་ཤར་ཕྱོགས་ནས་བབས་ ནས་གཡས་སྐོར་དུ་བསྐོར་ནས་ཤར་ཕྱོགས་སུ་འབབ་པོ། །དེ་བཞིན་དུ་བསྐོར་ནས་ལྷོ་དང་ནུབ་དང་བྱང་ཕྱོགས་ལ་ཡང་ཡིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་གསེར་དུ་སྣང་བ་ཡང་། སེམས་ཅན་གྱི་དོན་ལ་གངས་ཀྱི་རི་ལ་གནས་ཤིང་། ལྷ་དང་ལྷ་མ་ཡིན་དང་། གནོད་སྦྱིན་དང་། ཀླུ་དང་མི་མ་ཡིན་ལ་སོགས་པས་མཆོད་ཅིང་རྨ་བྱའི་གཟུགས་སུ་སྣང་བའོ། །བཞིན་ནི་འཛམ་བུའི་གླིང་གི་གསེར་གྱི་མདོག་འདྲ་བ། དེའི་ལུས་ལ་མཆུ་བཻ་ཌཱུརྱས་བྱས་པ། གཤོག་པ་དང་མཇུག་མ་ནི་རིན་པོ་ཆེ་སྣ་བདུན་གྱིས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་བྱས་པའི་ཁྲི་ལ་བསྡད་ཅིང་། དུག་གི་མེ་ཏོག་གིས་བརྒྱན་ཅིང་དུག་ཟ་བའོ། །རིག་སྔགས་ཀྱི་རྒྱལ་མོ་འདི་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་རྗེས་སུ་ཡི་རང་ཞིང་བྱིན་གྱིས་བརླབས་པའོ། །སྒྱུ་མའི་རང་བཞིན་དུ་གནས་པས་རྨ་བྱ་སྟེ། ཡང་ན་རྨ་བྱའི་ཕྱག་རྒྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་ཉན་ཐོས་དང་སེམས་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་ཕྱག་རྒྱས་བཏབ་པས་ན་རྨ་བྱའོ། །ཆེན་མོ་ནི་བསམ་གྱིས་མི་ཁྱབ་བའོ། །གསེར་དུ་སྣང་བ་ནི་གསེར་བཞིན་དུ་དཀོན་པ་སྟེ། གསེར་གྱིས་སེམས་ཅན་ཐམས་ཅད་ ལ་བལྟ་ན་སྡུག་པ་གསེར་དུ་སྣང་བའོ། །ཡང་ན་གསེར་རིན་པོ་ཆེས་དུག་ཐམས་ཅད་ཐུབ་པའོ། །དེ་ནང་པར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདེ་ལེགས་སུ་འགྱུར་བར་བྱ་སྟེ་ཞེས་བྱ་བ་ནི་རིག་སྔགས་འདིའི་བྱིན་རླབས་ཀྱིས་ཚེ་འདི་ལ་མ་ཤི་བར་དུ་ཉིན་མོ་བདེ་ལེགས་ཤིང་། ནུབ་ཀར་ཡང་བདེ་ལེགས་པའོ། །དེ་བཞིན་དུ་ཚེ་ཕྱི་མ་ཡང་སངས་རྒྱས་བཀྲ་ཤིས་པར་འགྱུར་རོ། །མཚན་མོ་བདེ་ལེགས་སུ་གནས་པས་སོ་ཞེས་བྱ་བ་ནི། རྨི་ལམ་ངན་པ་མི་རྨི་ཞིང་། གདུག་པ་ཅན་གྱི་འབྱུང་པོ་རྣམས་ཀྱིས་ཀྱང་གནོད་པར་མི་བྱེད་ཅིང་། བདེ་བར་གཉིད་ ལོག་ཅིང་ནང་པར་ཡང་རིག་སྔགས་ཀྱི་རྒྱལ་མོ་རྗེས་སུ་དྲན་པར་བྱའོ། །སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། སེམས་ཅན་རྣམས་ལ་དོན་བྱེད་པ། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། ནག་པོ་ལ་སོགས་པའོ། །ཚོན་གྱི་མདོག་གིས་མ་གྲུབ་པ། མཚན་ཉིད་དང་བྲལ་ཞིང་ངོ་བོ་ཉིད་ མེད་པ་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རྒྱ་ཆེ་ཞིང་བསམ་གྱིས་མི་ཁྱབ་པ་རིག་པ་མཐར་ཐུག་པ་ཆོས་ལ་ཕྱག་འཚལ་ཞེས་པའོ། །དགེ་འདུན་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། དགྲ་བཅོམ་པ་ཟག་པ་ཟད་པ། བྱེ་བྲག་ཏུ་སྨྲ་ཞིང་། གང་ཟག་གི་ཆོས་ ལ་གནས་པ་དེ་བསྟན་པ་སྲུང་ཞིང་། དགེ་འདུན་ཚེ་དང་ལྡན་པ་ལ་ཕྱག་འཚལ་ལོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ནི་རིག་སྔགས་ཀྱི་ཚད་ཡིན་ཏེ། རིག་སྔགས་ཀྱི་ཚད་ནི་སྟོང་པ་ཉིད་དོ། །སྟོང་པ་ཉིད་དེ་ཡང་ཀུན་གཞི་རྣམ་ པར་དག་པ་སྟེ། ཀུན་གཞི་རྣམ་པར་དག་པ་ནི་ཤེས་རབ་ཀྱི་རང་བཞིན་ནོ། །ཤེས་རབ་ཀྱི་རང་བཞིན་དེ་ནི་རིན་པོ་ཆེ་རྡོ་རྗེའི་རིགས་སོ། །དེའི་མཚོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའོ། །ཞལ་བཞི་ཕྱག་བརྒྱད་སྐུ་མདོག་མཐིང་ ག །དབུ་ལ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། སྤྱི་བོའི་གཙུག་ཏུ་རྡོ་རྗེས་མཚན་པ། ཡེ་ཤེས་ལྔའི་རང་བཞིན་ཞལ་དང་པོ་ཁྲོ་བའོ། །སྤྱན་གསུམ་པ། གཡས་ཞི་བ། གཡོན་འཛུམ་པ། རྒྱབ་དྲེགས་ཚུལ་དང་ལྡན་པའོ། །གཡས་དཀར་གཡོན་དམར་རྒྱབ་ལྗང་གུའོ། ། རྒྱན་ཐམས་ཅད་དང་སྦྲུལ་གྱིས་བརྒྱན་ཅིང་། གཡས་བརྐྱང་གཡོན་བསྐུམ་པའི་ཞབས་ན་ཀླུ་དང་གནོད་སྦྱིན་གདུག་པ་ཅན་མནན་པའོ། །ཕྱག་གཡས་པ་རྣམས་ན་རལ་གྲི་དང་། འཁོར་ལོ་དང་། རྡོ་རྗེ་དང་། པདྨ་བསྣམས་པའོ། །ཕྱག་གཡོན་པ་རྣམས་ན་སྡིགས་མཛུབ་དང་། ཞགས་པ་དང་། རྨ་བྱའི་སྒྲོ་དང་། རིན་པོ་ཆེ་དང་། བུམ་པ་བསྣམས་པའོ། །ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་ཡིན། ཁམས་ནི་ནམ་མཁའི་ཁམས་སོ། །སྐྱེ་མཆེད་ནི་ཡིད་ཀྱི་སྐྱེ་མཆེད་དོ། །པདྨ་སྣ་ཚོགས་ཀྱི་སྟེང་དུ་ཉི་མའི་གདན་ལ་བཞུགས་ཤིང་། བསྐལ་པ་མེ་ལྟར་ འབར་བའི་འོད་དང་ལྡན་པའོ། །ཡེ་ཤེས་ལྔའི་རང་བཞིན་ཡི་གེ་ཧཱུྃ། དེའི་འོག་ཏུ་ཉི་མའི་དཀྱིལ་འཁོར། དེ་ཡང་རིག་སྔགས་ཀྱི་སྙིང་གར་བསམ་མོ། །སེམས་ཅན་གྱི་དོན་གྱིས་རིན་པོ་ཆེ་རྡོ་རྗེའི་རིགས་ཀྱི་སྙིང་པོའོ། །ཀླུའི་སྲོག་སྙིང་དེ་རིག་སྔགས་ཀྱི་སྙིང་པོ་འདོན་པ་ཙམ་གྱིས་འབྱུང་ པོ་ཐམས་ཅད་རླག་པར་བྱེད་ཅིང་། དུག་རྣམས་ལྟ་ཅི་སྨོས། ཀླུ་དང་འབྱུང་པོ་རྣམས་འཕོ་བར་འདོད་ན། འབུམ་ཕྲག་ཁྲི་བཟླས་པ་བྱས་ནས་གུ་གུལ་དང་བཙན་དུག་གི་དུ་བ་བཏང་ཞིང་ཡུངས་ཀར་གྱིས་གདུག་པ་ཅན་གྱི་གནས་ལ་བརྡེག །རིན་པོ་ཆེ་རྡོ་རྗེའི་རིགས་ཀྱི་རིག་སྔགས་སུ་ བསམས་ལ། གདུག་པ་ཅན་རྣམས་བརླག་པར་བྱའོ། །ནད་པ་གསོ་བར་འདོད་ན། དུག་དང་གུ་གུལ་ནག་པོ་བསྲེས་ནས་ན་སར་བདུག་པར་བྱ་སྟེ། བྱུག་པའི་སྨན་ནི་བཙན་དུག་ནག་པོ་དང་། མུ་ཟི་ནག་པོ་དང་། ཟི་ར་ནག་པོ་དང་། དནྡ་རོག་པོ་དང་། རུ་རྟ་དང་། ལྡོང་རོས་དང་། ཤུ་དང་ ནག་པོ་དང་། མིའི་ཞུན་གྱིས་སྦྱར་ལ་བྱུག་པ་བྱའོ། །སྔགས་ཀྱིས་བརྡེགས་འདོད་ན་ཡུངས་ཀར་དང་རྨ་བྱའི་སྒྲོས་བརྡེག་གོ། །དུག་ཟོས་ན་ཆུ་ལ་གདབ་པོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ཀླུའི་སྲོག་སྙིང་ནི་གང་ཞེ་ན། འདི་ལྟ་སྟེ། ཧུ་ཧུ་ཧུ་ཧུ་ནཱ་ག་ལེ་ལེ་ལེ་ལ་སོགས་པའོ། །དེས་དུས་ གཞན་ཞིག་ན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མ