Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 18 / 21 (50.000 ký tự/trang)
ས་ན་གསེར་གྱི་འཁར་བ་དང་རིལ་བ་རྙེད་དོ། །དེ་ནས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་གསེར་དེ་སྦས་ནས། དགའ་མགུ་ཞིང་རབ་ཏུ་དགའ་ སྟེ། རངས་ནས་དགའ་བ་དང་། ཡིད་བདེ་བ་སྐྱེས་ཏེ། མཉན་ཡོད་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ་། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་འཁོར་བརྒྱ་ཕྲག་དུ་མའི་མདུན་ན་ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་རྒྱང་རིང་ པོ་ནས་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱི་ཏཽ་དེའི་བུ། བྲམ་ཟེའི་ཁྱེའུ་ནེ་ཙོ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། བཙུན་པ་དེ་ལྟར་ལགས་སོ། །གལ་ཏེ་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་དེའི་ཚེ་འཆི་བའི་དུས་བྱས་པར་ གྱུར་ན་ནི། དཔེར་ན་མདའ་སྟེའུ་ཀ་མ་འཕངས་པ་བཞིན་དུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ལྟར་དེ་ང་ལ་སེམས་དད་པར་བྱས་པའི་ཕྱིར་རོ། །དགེ་སློང་དག་སེམས་དད་པའི་རྒྱུས་དེ་ལྟར་འདི་ནི་སེམས་ཅན་ཁ་ཅིག །ལུས་ཞིག་ ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ན་གང་ཟག་ཁ་ཅིག་ནི། །རབ་ཏུ་སེམས་དད་གྱུར་གཟིགས་ནས། །སྟོན་པས་དགེ་སློང་ཚོགས་རྣམས་ལ། །དོན་དེ་ཉིད་ནི་ལུང་ བསྟན་ཏོ། །ཀྱེ་མ་གསོ་བ་མི་འདི་ནི། ད་ནི་འཆི་བའི་དུས་བྱེད་ན། དེ་ཡི་སེམས་ནི་དད་པའི་ཕྱིར། །ལྷ་རྣམས་ནང་དུ་སྐྱེ་བར་འགྱུར། །དེ་བཞིན་གཤེགས་ལ་སེམས་དད་པ། །དེ་ཡི་རྒྱུས་ནི་སེམས་ཅན་རྣམས། །དཔེར་ན་མདའ་ནི་འཕངས་པ་བཞིན། །དེ་ལྟར་བཟང་འགྲོར་འགྲོ་བར་ འགྱུར། །དེ་ནས་ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ། སངས་རྒྱས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་མངོན་དུ་ཀུན་དགའ་བར་བྱ་བ་དང་། ཡང་དག་པར་དགའ་བའི་གཏམ་རྣམ་པ་མང་པོ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ། ། ཏཽ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོ་ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །བྲམ་ཟེའི་ཁྱེའུ་ཅི་ངས་ཇི་ལྟར་ལུང་བསྟན་པ་དེ་བཞིན་དུ་གྱུར་ཏམ་ཀྱེ་གཽ་ཏ་མ་མད་དེ་ཇི་ལྟར་གཽ་ཏ་མ་ཁྱོད་ཀྱིས། ཁྱི་དུང་ལུང་བསྟན་པ་དེ་དེ་བཞིན་ནོ། །སློབ་དཔོན་ལས་ ཀྱི་རྡོ་རྗེས་ཀྱང་གསུངས་པ། རྣམ་པར་སྨིན་པའི་ལས་དེ་ཡང་། །ལུས་དང་ངག་དང་ཡིད་ཀྱི་ལས། །ངན་སོང་དང་ནི་མཐོ་རིས་དང་། །འཇིག་རྟེན་རང་གི་སྤྱོད་པ་སྟེ། །དཔེར་ན་པདྨ་ཆུ་སྐྱེས་པ། །ནགས་ལ་མེ་ཡི་འཇིགས་པ་ན། །དེ་བོར་སྡོང་བུ་ཆུ་ལས་སྐྱེས། །དེར་ སྐྱེས་རྒྱུན་གྱི་ལྷགས་པས་ཚིག །མི་འགུལ་ལས་ཀྱི་རྣམ་སྨིན་ནི། །གང་གིས་ཀྱང་ནི་ཐུབ་མི་འགྱུར། །དེ་ཡང་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ལས་ཀྱི་རྣམ་པར་སྨིན་པ་བཤད་པའི་གནས་སྐབས་ཏེ་ལྔ་པའོ།། །།དེ་ནས་ཞེས་བྱ་ བ་ནི་ལས་ཀྱི་རྣམ་པར་སྨིན་པ་བཤད་པའི་དེ་ནས་སོ། །འདས་པ་དང་། མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་མར་མེ་མཛད་ལ་སོགས་པ་སྟེ། བསམ་གྱིས་མི་ཁྱབ་པའི་སངས་རྒྱས་རྣམས་ཀྱིས་གསུངས་ པའོ། །མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡིན་ཏེ། དེ་ཡང་བསམ་གྱིས་མི་ཁྱབ་པ་རྣམས་ཀྱིས་གསུང་ངོ་། །ད་ལྟར་ཡོད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྟེ། སེམས་ཅན་གྱི་དོན་ལ་རིག་སྔགས་འདི་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་ གསང་སྔགས་ཆེན་མོ་རྗེས་སུ་འཛིན་པ་འདི་ཞེས་བྱ་བ་ནི། རིག་སྔགས་འདིས་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་བྱེད་ཅིང་མི་མ་ཡིན་གྱིས་འཚེ་བར་ཡང་མི་ནུས་ཏེ། མཐོ་རིས་ཀྱི་ལམ་བསྟན་ཞིང་ཡང་དག་པའི་བྱང་ཆུབ་བསྒྲུབ་པའི་རྒྱུ་ཞེས་བྱའོ། །མི་འམ་མི་མ་ཡིན་པ་ཞེས་བྱ་བ་ལ་ སོགས་པ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སྲུང་བར་བྱེད་དེ། དེ་རྣམས་ཀྱང་གཟི་བརྗིད་ཆེ་བ། སྟོབས་ཆེ་བ། ཁ་དོག་དང་ལྡན་ཞིང་རྫུ་འཕྲུལ་ཆེ་བ་སྟེ། ལྷ་དང་ལྷ་མ་ཡིན་གྱི་འཐབ་རྩོད་ལ་ཡང་རྩོད་པར་གནས་པའོ། །དེ་བཞིན་དུ་དེ་རྣམས་ཀྱིས་ཀྱང་སྲུང་བར་བྱེད་དོ། །མིང་འདི་ ཞེས་བྱ་བ་བསྲུང་བར་བྱའོ་ཞེས་བྱ་བ་ནི། གང་ཟག་དང་། སེམས་ཅན་ཐམས་ཅད་ལ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་གདོན་དེ་རྣམས་ཀྱིས་སྙིང་རྗེ་ཆེ་ཞིང་སྲུང་བར་འགྱུར་རོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། བདེ་བར་གནས་ཤིང་ནད་ཐམས་ཅད་འཇོམས་ཏེ། ཞི་བ་ དང་། རྒྱས་པའི་ལས་ལ་འགྲུབ་ཅིང་། ཕུན་སུམ་ཚོགས་ཤིང་རིགས་ཀྱང་བྱེད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་འདིས་ཞེས་བྱ་བ་ནི། ངན་སེམས་ཡོད་པ་རྣམས་ཀྱང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས། དགེ་བའི་སེམས་དང་ལྡན་ཞིང་། སེམས་ ཅན་ཐམས་ཅད་ལ་སྙིང་རྗེ་དང་ལྡན་པའོ། །སྡང་བར་སེམས་པ་ཅན་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་ནི། རིག་སྔགས་འདིའི་སྟོབས་ཀྱིས་སྡང་བའི་མིང་ཞེས་བྱ་བ་ཡང་མེད་དེ། དེ་རྣམས་ཀྱང་སྙིང་རྗེ་སྐྱེ་ཞིང་སེམས་ཅན་ལ་གནོད་པར་མི་བྱེད་པའོ། །མྱོས་པར་བྱེད་པའོ་ཞེས་བྱ་བ་ནི་གལ་ཏེ་སྡང་བའི་ སེམས་དང་། གནོད་པའི་སེམས་དང་། སེམས་ཅན་ལ་འཚེ་བར་བྱེད་པའི་སེམས་དང་ལྡན་པར་གྱུར་ན། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དེ་རྣམས་ཀྱི་སེམས་གཏོར་ཞིང་རང་སེམས་མི་གནས་ཤིང་མྱོས་པར་འགྱུར་རོ། །རབ་ཏུ་མྱོས་པར་འགྱུར་རོ་ཞེས་བྱ་བའོ། །རེངས་པ་དང་ཞེས་བྱ་བ་ནི། གཞན་གྱི་ སྔགས་བཏང་བ་དང་། རང་གི་མ་རུངས་པར་བྱེད་པ་རྣམས་རེངས་པར་བྱེད་པའོ། །གཞན་གྱི་སྔགས་ཟློག་པར་བྱེད་པ་ནི། ལིངྒ་བྲིས་ལ་ནིར་གཙྪ་ཏ་ལ་སོགས་པའི་སྔགས་བྲིས་ལ་མནན་པར་བྱའོ། །གཞན་མ་རུངས་པ་འདུལ་བར་ཡང་དེ་བཞིན་ནོ། །ལིངྒའི་བྱེ་བྲག་གིས་དབྱེ་བར་བྱའོ། ། རྨུགས་པ་དང་། ལག་པ་དང་། རྐང་པ་དང་། སེམས་དང་། ལྕེ་གཟུང་བར་བྱའོ་ཞེས་བྱ་བ་ནི། སྔ་མ་བཞིན་བྱས་ཏེ། ཐ་མ་ལ་བི་ས་ར་ཏ། བི་ས་ར་ཏ་ལ་སོགས་པས་བསྐོར་ཞིང་ལམ་རྒྱ་གྲམ་ལ་མནན་པར་བྱ་སྟེ། གཞན་གྱི་སྦོད་གཏོང་དང་། སྔགས་དང་། རོ་ལངས་དང་། དུག་ དང་། དུག་སྦྱར་མ་དང་། གཞན་གྱི་བསམ་པ་ངན་པ་བཏང་བ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས་ནི་ཞེས་བྱ་བ་ནི། གཞན་གྱི་མི་ཐུབ་པའི་རིག་པའི་དམ་པ་རྡོ་རྗེ་ལྟ་བུ་སྟེ། གཞན་རྣམས་ཀྱིས་ཀྱང་ཐུབ་པར་མི་ འགྱུར་རོ། །གང་དང་གང་དུ་ཡང་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། འཇིག་རྟེན་འདིའི་སྡུག་བསྔལ་དང་། འཇིག་རྟེན་གྱི་ཆོས་བརྒྱད་ཀྱང་དེ་བཞིན་ཏེ། མ་རིག་པའི་མུན་པ་དང་། འཁོར་བ་ནས་ཀྱང་ཐར་བར་འགྱུར་རོ། །ཀྱེ་མ་བྲམ་ཟེ་མྱ་ངན་འདས། །འཇིག་རྟེན་དག་ན་སྲིད་ལས་རྒལ། ། ཞེས་བྱ་བ་ནི། ཚངས་པ་ཁྱོད་ཀྱིས་ཀྱང་ཟབ་མོའི་དོན་འདི་ལ་གནས་པ། མ་རིག་པའི་མུན་པ་བོར་ཞིང་མྱ་ངན་ལས་འདས་པའོ། །གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་རྣམས་བོར་ཏེ། དེ་བཞིན་དུ་མ་རིག་པ་ལ་སོགས་པའི་འདུ་བྱེད་རྣམས་སྤངས་ཏེ། འཁོར་བའི་སྡུག་བསྔལ་རྒྱ་མཚོ་འདྲ་བ་བསྒྲལ་ནས། མྱ་ངན་ལས་འདས་ཏེ། དེ་བས་ན་སྲིད་ལས་རྒལ་ཞེས་བྱའོ། །ཁོན་དང་འཇིགས་པ་ཀུན་སྤངས་པ། རིང་མོ་ཞིག་ནས་བཟོད་མཐོང་ངོ་། །ཞེས་བྱ་བ་ནི། དགེ་བ་དང་སྡིག་པ་རྣམས་ཀྱིས་མི་གོས་ཏེ། བདུད་བཞིའི་འཇིགས་པ་དང་། འཁོར་བར་ལྟུང་བའི་འཇིགས་པ་དང་། གཞན་ཡང་འཇིགས་པ་ཐམས་ཅད་དང་བྲལ་ཏེ། འཁོར་བའི་གྲོང་ཁྱེར་ཞིག་ནས་ཡང་དག་པའི་ཡེ་ཤེས་མཐོང་ངོ་། །དེའི་ངོ་བོ་གང་ཞེ་ན། སྲིད་པ་མ་ཡིན་འདས་པ་དེ་བཞིན་ནོ། །ད་ལྟར་ཡོད་པ་ལ་དེ་བཞིན་མ་ཡིན་ཏེ། སྔུན་ནམ་ཕྱིའམ་དབུས་མ་ཡིན་ཏེ། དེ་བཞིན་ཡང་དག་ དོན་དེ་ཡིན། །དེ་བས་ན་རིང་མོ་ཞིག་ནས་བཟོད་མཐོང་ངོ་ཞེས་བྱ་བ་ནི། །བཟོད་པ་དཀའ་ཐུབ་མཚོག་སྟེ་བཟོད་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་བྱ་བ་ནི། སེམས་ཅན་ཐམས་ཅད་ལ་བཟོད་པ་སྒོམ་ཞིང་མཉམ་པ་ཉིད་དུ་བསྒོམ་པ་སྟེ། སྡུག་བསྔལ་བོར་ ཞིང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པ་དང་། བོར་ནས་ཡང་དག་པའི་ཡེ་ཤེས་ཐོབ་ཅིང་ངོ་བོ་ཉིད་དང་བྲལ་བའོ། །རབ་ཏུ་བྱུང་བ་གཞན་ལ་གནོད་པ་ནི། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་བྱ་བ་ནི། དེ་བཞིན་གཤེགས་པའམ། བླ་མའམ། ཕ་ མའམ། གཞན་ཡང་དེ་ལ་སོགས་པ་ལ་འཚེ་བ་ནི། དགེ་བ་གང་བྱས་ཀྱང་ཐར་བར་མི་འགྱུར་རོ། །ཡང་ན་མིག་དང་ལྡན་པ་ཡིས། །བཙལ་བར་བྱ་བ་ཡོད་པ་བཞིན། །ཞེས་བྱ་བ་ནི་རང་གིས་སྔོན་ནས་མཐོང་སྟེ། འཇིག་རྟེན་པས་དེ་མཐོང་སྟེ། མ་རིག་པའི་མུན་པས་དེ་ཡང་མ་ མཐོང་བའོ། །མཁས་པས་འཚོ་བའི་འཇིག་རྟེན་འདིར། །སྡིག་པ་དག་ནི་ཡོངས་སུ་སྤང་། །ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་ཀྱི་མར་མེ་བལྟམ་སྟེ། འཁོར་བའི་མུན་པ་བསལ་ནས། འཁོར་བའི་སྡུག་བསྔལ་མཐོང་སྟེ། དེ་མཐོང་བའི་དྲན་པས་ན། མཁས་པས་ འཁོར་བ་སྤངས་པའོ། །ད་ལྟར་བྱུང་དང་འདས་པ་དང་། །མ་འོངས་སངས་རྒྱས་གང་ཡིན་པ། །ཞེས་བྱ་བ་ནི། འདས་པའི་འོད་སྲུངས་ནས་སངས་རྒྱས་རབས་བདུན་ལ་སོགས་པ་སྟེ། ད་ལྟར་ཡོད་པ་ཤཱཀྱ་སེང་གེའོ། །མ་འོངས་པ་ཡང་དེ་བཞིན་དུ་བྱམས་པ་ལ་སོགས་པའོ། །ཐམས་ཅད་ ལ་ཡང་བདག་ཕྱག་འཚལ། །དེ་དག་ཀུན་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ནི། དེ་ལྟ་བུའི་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བསམ་གྱིས་མི་ཁྱབ་པ། བདག་དང་སེམས་ཅན་རྣམས་ཀྱིས་ཀྱང་སྡིག་པ་བཤགས་པའི་ཕྱིར་ཕྱག་འཚལ་ཏེ། འཇིགས་པ་ ཐམས་ཅད་སྒྲོལ་བའི་ཕྱིར་ན་སྐྱབས་སུ་མཆིའོ། །འཇིག་རྟེན་དགྲ་བཅོམ་བདེ་གཤེགས་ལ། །ཟླ་བ་སྐྱབས་སུ་མཆི་ལགས་ཀྱིས། །ཞེས་བྱ་བ་ནི། འཇིག་རྟེན་འདིའི་སྡུག་བསྔལ་འཇོམས་ཤིང་། མུན་པ་མུན་ནག་བསལ་བར་བྱ་སྟེ། ཆོས་ཀྱི་ཉམས་མྱོང་གི་བདུད་རྩིས། སེམས་ ཅན་རྣམས་འཚོ་བར་བྱེད་པ་སྟེ། ཐུགས་རྗེ་ཆེ་ཞིང་བདུད་རྩི་སྣང་བ་རྣམས་ལ་སྐྱབས་སུ་མཆིའོ། །སངས་རྒྱས་འཇིག་རྟེན་ཐུགས་བརྩེ་རྣམས། །ཟླ་བ་ཐར་མཛོད་སྒྲ་གཅན་ལས། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལ་སྤྲུལ་པའི་སྐུས་ཁྱབ་སྟེ། རིག་ སྔགས་འདིའི་ཆོས་ཉིད་ཀྱི་ཉམས་མྱོང་གིས་མ་རིག་པའི་མུན་པ་ཟླ་བས་གསལ་བ་བཞིན་དུ་བསལ་ཏེ། དེ་ཡང་ཆོས་ཀྱི་རང་བཞིན་ནམ་མཁའ་བཞིན་དུ་ཁྱབ་པའོ། །སྒྲ་གཅན་ཟླ་བ་མུན་སེལ་བ། །ནམ་མཁའ་དག་ལ་འོད་བྱེད་ཅིང་། །ཞེས་བྱ་བ་ནི། འཇིག་རྟེན་ཁམས་ལ་གྲགས་པ་དང་ ལྡན་པ་ཟླ་བ་ཡིན་ཏེ། ཟླ་བ་དེས་ཀྱང་མུན་པ་བསལ་ཞིང་གསལ་བར་བྱས་སོ། །དེ་བཞིན་དུ་རིག་སྔགས་ཀྱི་ཆོས་ཀྱི་ཉམས་མྱོང་གིས་མ་རིག་པའི་མུན་པ་བསལ་སྟེ། འཁོར་བ་འཇོམས་སོ་ཞེས་བྱ་བ་སྒྲ་གཅན་ཞེས་བྱའོ། །ལམ་མེར་འདུག་ལ་དཀར་བ་དང་། །རྣམ་པར་དག་པའི་འོད་ ལྡན་པ། །ཞེས་བྱ་བ་ནི། ཆོས་ཉིད་གཞན་གྱིས་མི་གོས་ཏེ། གཞན་གྱིས་མ་བྱས་པ་རང་གིས་རང་བསལ་ཏེ། རྣམ་པར་དག་ཅིང་དངོས་པོ་མེད་དེ། དངོས་པོས་ཀྱང་ངོ་བོ་ཉིད་དང་འབྲལ་ལོ། །དེ་ལྟ་བུའི་འོད་ཀྱིས་ཀྱང་འཇིག་རྟེན་གྱི་ཁམས་ལ་ཁྱབ་པའོ། །བར་སྣང་དག་ལ་མ་བཟུང་བར། ། སྐྱེ་དགུའི་སྒྲོན་མེ་མྱུར་དུ་ཐོང་། །ཞེས་བྱ་བ་ནི། སྡིག་དང་དགེ་བ་སྐྱེ་ཞིང་མི་བྱ་སྟེ། གང་ཡང་དགེ་བ་དག་ལ་གནས་པ་སྟེ། དེ་བཞིན་དུ་བྱས་པར་གྱུར་ན་མཐོ་རིས་མྱུར་དུ་ཐོབ་པར་འགྱུར་རོ། །དེ་ནས་རིངས་བཞིན་སྒྲ་གཅན་དེ། །ལུས་ཀྱང་རྔུལ་ཞིང་སྐྲག་གྱུར་ལ། །ཞེས་བྱ་བ་ ནི་སྡིག་པ་བྱེད་པར་འགྱུར་ན་དམྱལ་བའི་མེས་ནི་སྐྲག་པར་འགྱུར་རོ། །དེ་བས་ན་སྡིག་པ་སྤང་བར་བྱ་སྟེ། སྡིག་པའི་མིང་ཡང་མི་བྱའོ། །ནད་པ་བཞིན་དུ་བརྟད་པ་ཡིན། །ཟླ་བ་རྣམ་པར་གཏོང་བར་བྱེད། །ཅེས་བྱ་བ་ནི། དཔེར་ན་སྒྲ་གཅན་ཟིན་གྱིས་ཟླ་བ་འཛིན་པ་བཞིན་དུ། མ་རིག་ པའི་མུན་པས་སེམས་ཅན་འཛིན་པའོ། །ཟླ་བ་སྒྲ་གཅན་གྱིས་བཏང་བ་བཞིན་དུ། རིག་སྔགས་ཀྱི་ཆོས་ཀྱི་ཉམས་མྱོང་། མ་རིག་པའི་མུན་པས་ཀྱང་བཏང་བའོ། །ཅི་ཡི་ཕྱིར་ན་སྒྲ་གཅན་ཁྱོད། །ལུས་ཀྱང་རྡུལ་ཞིང་སྐྲག་གྱུར་ལ། །ཞེས་བྱ་བ་ནི། རྣམ་པར་སྨིན་པའི་ལས་ཀྱིས་སྐྲག་པར་འགྱུར་ ཏེ། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀྱང་ཐར་བར་བྱེད་པའོ། །ནད་པ་བཞིན་དུ་བརྟད་པ་ཡིས། །རིངས་པར་ཟླ་བ་གཏོང་བར་བྱེད། །ཅེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་དེས། ཟླ་བ་སྒྲ་གཅན་ཟིན་གྱིས་བཟུང་བ་གཏང་བ་སྟེ། ནད་པ་དེ་ཡང་སྨན་བཟང་པོས་སོས་པར་བྱས་ཏེ། དེ་བཞིན་དུ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་སེམས་ཅན་ཐམས་ཅད་བདེ་བར་གནས་པའོ། །སངས་རྒྱས་ཚིགས་བཅད་འདི་བརྗོད་པས། །གལ་ཏེ་ཟླ་བ་མ་བཏང་ན། །ཞེས་བྱ་བ་ནི། སྒྲ་གཅན་ཟིན་གྱིས་ཟླ་བ་བཟུང་བ་བཞིན་དུ་མྱུར་དུ་མ་བཏང་ན་གཟའ་དེ་ཡང་ཉེས་པར་འགྱུར་རོ། ། དེ་བཞིན་དུ་མ་རུངས་པའི་གདོན་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་འདས་ན་མགོ་ཚལ་པ་ཚལ་པར་འགས་པར་འགྱུར་རོ། །བདག་གི་མགོ་ནི་ཚལ་བདུན་འགས། །གསོན་ཀྱང་བདེ་བར་མི་འགྱུར་རོ། །ཞེས་བྱ་བ་ནི། ལྷ་དང་། མི་དང་། འབྱུང་པོ་ལ་སོགས་པ་རྣམས་ ཀྱང་། རིག་སྔགས་ཀྱི་དམ་ཚིག་ལས་འདས་པར་གྱུར་ན། ནད་རྣམས་ཐམས་ཅད་འབྱུང་ཞིང་འཆི་བའི་དུས་སུ་མགོ་ཚལ་པར་འགས་ཏེ། ཤི་ནས་ཀྱང་དམྱལ་བ་མནར་མེད་དུ་སྐྱེའོ། །རིག་སྔགས་ཀྱི་དམོད་མོ་ཡིན་པས་གང་གིས་ཀྱང་མི་ཕན་པར་འགྱུར་རོ། །ཀྱེ་མ་ བདེ་བ་གཟིགས་པ་ཡི། །སངས་རྒྱས་རྣམས་ནི་འབྱུང་བ་སྨད། །ཅེས་བྱ་བ་ནི། སྨིག་རྒྱུ་དང་། སྒྱུ་མ་དང་། རྨི་ལམ་དང་། ཆུ་བུར་དང་། དབུ་བ་དང་། ཆུ་ཤིང་དང་། དྲི་ཟའི་གྲོང་ཁྱེར་དང་བརྒྱད་དོ། །དེ་བཞིན་དུ་སངས་རྒྱས་རྣམས་དང་། འཇིག་རྟེན་གྱི་ཁམས་ ཀྱང་ཡིན་ཏེ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་ཡང་དེ་བཞིན་ནོ། །དེ་ཀུན་ཡང་ཡོད་པར་ཤེས་སམ། མེད་པར་ཤེས་པའང་མ་ཡིན་ཏེ། མེད་པ་ཡང་མ་ཡིན། གཉིས་ཀ་ཡང་མ་ཡིན་ནོ། །སྒྱུ་མ་ཙམ་དུ་གནས་ཏེ། དེ་ཡང་སེམས་ཅན་གྱི་དོན་ ལ་གནས་པའོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་སྨད་དུ་མེད་པ་སྟེ། སྐྱོན་རྣམས་ཀྱིས་ཀྱང་མི་གོས་པའོ། །དེ་དག་གིས་ནི་ཚིགས་སུ་བཅད་པ། བརྗོད་ན་སྒྲ་གཅན་ཟླ་བ་གང་། །ཞེས་བྱ་བ་ནི། དེ་ལྟ་བུའི་ཆོས་ཀྱི་རང་བཞིན་གྱིས་ནི། སྒྲ་གཅན་ཟིན་གྱིས་ཟླ་བ་བཏང་བ་བཞིན་ དུ། ནད་ཀྱིས་ཀྱང་བཏང་བ་སྟེ། བདེན་པའི་ཚིག་འདིས་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་བར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས། འཇིག་རྟེན་དུ་སེམས་ཅན་བརྗེད་ངས་པ་མེད་པའི་ཆོས་ཅན་འབྱུང་བ་ནི་ཞེས་བྱ་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ཀྱང་བརྗེད་ངས་ པ་ཡིན་ཏེ། དང་པོ་མ་རིག་པར་བྱུང་། མ་རིག་པ་ལས་འདུ་བྱེད་བྱུང་སྟེ། འདུ་བྱེད་ཀྱིས་རྣམ་པར་ཤེས་པ་བྱུང་ངོ་། །རྣམ་པར་ཤེས་པས་མིང་དང་གཟུགས། མིང་དང་གཟུགས་ཀྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གིས་སྲིད་པ། སྲིད་པས་རེག་པ། རེག་པས་སྲེད་པ། སྲེད་པས་སྐྱེ་བ། སྐྱེ་བས་ལེན་པ། ལེན་པས་རྒ་ཤི་དེ་ནི་འཇིག་རྟེན་གྱི་ཆོས་ཅན་བརྗེད་ངས་པ་སྟེ། དེ་ལས་དེ་འཁོར་བར་ཉོན་མོངས་པ་སྐྱེ་བར་བྱེད་པའོ། །བརྗེད་པར་མི་འགྱུར་བའི་ཆོས་ཅན་ནི། མ་རིག་པས་རྒ་ཤི་འགག་པའོ། །རྒ་ཤིས་ལེན་པ་འགག་གོ། །ལེན་པས་སྐྱེ་བ་འགག་གོ། ། སྐྱེ་བས་སྲེད་པ་འགག་གོ། །སྲེད་པས་རེག་པ་འགག་གོ། །རེག་པས་སྲིད་པ་འགག་གོ། །སྲིད་པས་སྐྱེ་མཆེད་དྲུག་འགག་གོ། །སྐྱེ་མཆེད་དྲུག་གིས་མིང་དང་གཟུགས་འགག་གོ། །མིང་དང་གཟུགས་ཀྱིས་རྣམ་པར་ཤེས་པ་འགག་གོ། །རྣམ་པར་ཤེས་པས་འདུ་བྱེད་འགག་གོ། ། འདུ་བྱེད་ཀྱིས་མ་རིག་པ་འགག་གོ། །དེ་འགགས་པས་ན་སྐྱེ་བ་སྟེ། རིག་པ་ཤར་བ་དེ་ནི་བརྗེད་ངས་པ་མེད་པའོ། །དེ་བཞིན་གཤེགས་པའོ་ཞེས་ཡང་དག་པར་སྨྲས་པས་སྨྲ་བ་ནི་ཚིག་ཀྱང་མི་མངའ་སྟེ། དེ་བཞིན་གཤེགས་པའི་མིག་གི་ཡང་དག་པའི་ཡེ་ཤེས་ཐོབ་ ཅིང་། རིག་སྔགས་འདི་ཡང་འགྲུབ་པར་འགྱུར་རོ། །དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་རྐྱེན་མེད་པར་ང་མི་སྨྲ་སྟེ། སེམས་ཅན་གྱི་དོན་ལ་རིག་སྔགས་འདི་ཡང་དག་པར་བསྟན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་ པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་སྨྲས་པའོ། །གཞན་ཡང་ཚངས་པར་སྤྱོད་པ་ལ། ཕན་པའི་ཕྱིར་ཞེས་བྱ་བ་ནི། ཚུལ་ཁྲིམས་མ་དག་པ་དག་པར་བྱེད་པ་དང་། སྡོམ་པ་མེད་པ་སྡོམ་པ་ལ་འཇུག་པ་དང་། བདེན་པའི་ཚིག་འདི་དག་གིས་སྡོམ་པ་ལ་གནས་པར་འགྱུར་ རོ། །ཡང་ན་རིག་སྔགས་འདིས་སྡོམ་པ་སྲུང་བར་བྱེད་པའོ། །དེ་བཞིན་གཤེགས་པའི་ཚིག་གསུང་བ་གང་ཡིན་པ་དེ་དག་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའོ། །བདེན་པའི་ཚིག་བདེན་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཡང་དག་ པར་གསུངས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཡང་དང་ཡང་དུ་བཀའ་སྩལ་པའོ། །གཞན་ཡང་ཚིག་དེ་དག་གིས་བྱ་བ་གང་བྱེད་པའི་དོན་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ཚིག་འདིས་གང་ཡང་རུང་སྟེ། འཇིག་ རྟེན་དང་། འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱང་འགྲུབ་པའོ། །ཕན་པ་དང་། བདེ་བ་ཡང་འདིས་བྱེད་པར་འགྱུར་བ་ཞེས་བྱ་བ་ནི། རིག་སྔགས་འདིས་ཀྱང་། གང་ཡང་གང་གི་སྡུག་བསྔལ་ཡང་འདིས་འཇོམས་པར་འགྱུར་ཏེ། སེམས་ཅན་ཐམས་ཅད་མཐོ་རིས་འདྲེན་ པ་ལ་མཐུ་ཆེ་བར་རིགས་པའི་དམ་པའོ། །པདྨའི་རིགས་ཀྱི་རྡོ་རྗེའི་རིགས་ནི། མཚོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་བདག་ཉིད་དོ། །ཕུང་པོ་ནི་རྣམ་པར་ཤེས་པའི་ཕུང་པོ་སྟེ། ཁམས་ནི་ནམ་མཁའི་ཁམས་སོ། །སྐྱེ་མཆེད་ནི་ ཡིད་ཀྱི་སྐྱེ་མཆེད་དོ། །དེ་ཡང་ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ། ཞལ་གསུམ་པ། ཕྱག་དྲུག་པ། སྐུ་མདོག་མཐིང་ག །ཞལ་གཡས་དཀར་བ། གཡོན་དམར་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་པ་གསུམ་ ན། རྡོ་རྗེ་དང་། རལ་གྲི་དང་འཁོར་ལོའོ། །གཡོན་པ་གསུམ་ན། པདྨ་དང་། ཞགས་པ་དང་། དགྲ་སྟེ། ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན། ཟླ་བའི་གདན་ལ་ཉི་མའི་འོད་ཟེར་དང་ལྡན་པ། ཁྲོ་བོའི་ཚུལ་དུ་བཞུགས་པའོ། །རིག་སྔགས་ཀྱི་ཚིག་ནི་ གང་ཞེ་ན། འདི་ལྟ་སྟེ། སྭ་ཏི་མ་ཏི་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་བདེན་པའི་ཚིགས་སུ་བཅད་པའི་གནས་སྐབས་ཏེ་དྲུག་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་ཡང་བཀའ་སྩལ་ པའོ། །ས་བོན་གྱི་རྩ་བ་བཅུ་དང་ཞེས་བྱ་བ་ནི། ས་བོན་གྱི་རྩ་བ་བཅུ་ནི། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅུའོ། ། དེ་ནི་ས་བོན་བཅུ་ཞེས་བྱའོ། །ས་བོན་གྱི་རྩ་བའི་ཚིག་བཅུ་དེ་བཞིན་གཤེགས་པས་གསུངས་པ་ཡོད་དོ་ཞེས་བྱ་བ་ནི། རིམ་པ་བཞིན་དུ་ས་བཅུའི་བྱང་ཆུབ་ཀྱི་ལམ་ཡིན་ཏེ། དེ་ཡང་རབ་ཏུ་དགའ་བ་དང་། དྲི་མ་མེད་པ་དང་། འོད་བྱེད་པ་དང་། འོད་འཕྲོ་བ་དང་། ཤིན་ཏུ་སྦྱང་དཀའ་ བ་དང་། མངོན་དུ་གྱུར་པ་དང་། རིང་དུ་སོང་བ་དང་། མི་གཡོ་བ་དང་། ལེགས་པའི་བློ་གྲོས་དང་། ཆོས་ཀྱི་སྤྲིན་དང་བཅུའོ། །དེ་བས་ན་ས་བོན་གྱི་རྩ་བའི་ཚིག་བཅུ་ཞེས་བྱའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་སྨྲས་པའོ། །ཚིག་དེ་དག་དེ་བཞིན་ གཤེགས་པས་གསུངས་པར་འགྱུར་བ་དང་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུའི་འབྲས་བུ་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་ལམ་རྣམས་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་ལ་བརྟེན་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ གསུངས་པའོ། །སྟོན་པར་འགྱུར་བ་ཡང་ཡོད་དེ་ཞེས་བྱ་བ་ནི། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་ཅིང་། ས་བཅུ་དང་། དེའི་ལམ་གྱིས་ས་བཅུ་གཅིག་ཐོབ་པའོ། །དེ་དག་བསྟན་པ་འདི་ལ་ཞུགས་པའི་མི་རྣམས་ཀྱི་ཁར་བརྗོད་ན་ཞེས་བྱ་བ་ནི། བསྟན་པ་ནི་རིག་སྔགས་ཀྱི་ རྒྱལ་མོའི་བསྟན་པ་སྟེ། དེ་ལ་ཞུགས་པར་གྱུར་ན་གང་ཡང་འགྲུབ་པར་འགྱུར་རོ། །གནོད་སྦྱིན་དང་། སྲིན་པོ་རྣམས་ཀྱང་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི། འདིའི་ལམ་ནས་བྱང་ཆུབ་ཐོབ་སྟེ་ཁམས་གསུམ་གྱི་གཙོ་བོར་འགྱུར་ཞིང་། དེ་རྣམས་ཀྱང་དབང་དུ་ འདུས་པར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཕྱིར་མི་ལྡོག་པའི་སའི་ཚིག་བདེན་པ་རྣམས་ལ་འཇིག་རྟེན་གྱི་མིང་གི་མཆོག་དང་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་སེམས་ཀྱང་གཞན་མེད་དེ། སའི་འབྲས་བུ་ཐོབ་པ་ཡང་རང་བཞིན་དུ་གནས་ཤིང་། རིག་སྔགས་ ཉིད་ཀྱང་ལོགས་ན་མེད་དོ། །དེ་བཞིན་དུ་ཕྱིར་མི་ལྡོག་པའི་འབྲས་བུ་ཡང་ཡིན་ཏེ། འཇིག་རྟེན་པ་དང་། སངས་རྒྱས་གཉིས་སུ་མེད་ཅིང་། གཉིས་སུ་ཡང་དབྱེར་མེད་དོ། །དེ་ནས་བདེན་པའི་ཚིག་དགེ་སྦྱོང་རྣམས་ཀྱི་ནང་ན་དགེ་སྦྱོང་སྐྱིད་དེ་བ་ཞེས་བྱ་བ་དང་ཞེས་བྱ་བ་ནི། དགེ་བའི་རྩ་བ་འདི་ལ་གཏོགས་ན་བདེ་བ་ཆེན་པོ་ཐོབ་སྟེ། བདེ་བའི་ནང་ན་ཡང་དག་པར་རྫོགས་པའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་འཇིགས་པ་མི་མངའ་བ་ཞེས་བྱ་བ་ནི། རིག་སྔགས་འདིའི་ལམ་སྦྱོང་ཞིང་། དེ་བཞིན་གཤེགས་ པའི་ཡང་དག་པའི་འབྲས་བུ་ཐོབ་སྟེ། བདུད་བཞི་རྣམས་ཀྱིས་མི་ཐུབ་ཅིང་དྲི་མ་ཐམས་ཅད་དང་འབྲལ་བའོ། །བག་ཚ་བ་མི་མངའ་བ་སྟེ་ཞེས་བྱ་བ་ནི། མཉམ་པ་ཉིད་བསྒོམ་ཞིང་ཉོན་མོངས་པའི་དྲི་མ་དང་བྲལ་ཞིང་། ཡང་དག་པའི་ཡེ་ཤེས་ཐོབ་པའོ། །མི་སྐྲག་མི་འབྲོས་པ་འཇིགས་པ་ མེད་ཅིང་ཞེས་བྱ་བ་ནི། དངོས་པོ་ཡང་མེད་ཅིང་། ངོ་བོ་ཡང་གང་ན་གནས་པ་མེད་དོ། །དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པ་ལ་མི་གནས་ཏེ། དེ་བཞིན་དུ་འཇིགས་པ་སྤངས་ཤིང་། སྡིག་པ་དང་དགེ་བ་ལ་ཡང་མི་གནས་པའོ། །འཇིགས་པར་བྱེད་པ་དང་བྲལ་བ་ ཞེས་བྱ་བ་ནི། འཇིགས་པ་ནི་སེམས་ཡིན་ཏེ། འཇིགས་པར་བྱེད་པ་ནི་རྣམ་པར་རྟོག་པའོ། །འཇིགས་པ་སྤངས་པ་ནི་རང་གི་སེམས་ཀྱི་རྟོག་པ་ཡང་དག་པའི་ཡེ་ཤེས་ཡིན་ཏེ། དེ་ཡང་སེམས་ཀྱི་རང་བཞིན་ནོ། །ཡང་བཅོམ་ལྡན་འདས་ཀྱིས་གསུངས་པ། བསམས་ཏེ་བསམ་གྱིས་མི་ ཁྱབ་པ། བསམ་གྱིས་མི་ཁྱབ་བསྒོམ་བྱས་ན། །བསམ་པའི་འབྲས་བུ་དེ་ཐོབ་ཅིང་། །སེམས་ཉིད་ཀྱིས་ནི་གང་ཡང་འགྲུབ། །འཇིགས་པ་དང་འཇིགས་པ་སྤང་བར་བྱེད་ཅིང་ཞེས་བྱ་བ་ནི། འཇིགས་པ་ནི་སེམས་ཀྱི་རང་བཞིན་ནོ། །འཇིགས་པར་བྱེད་པ་ནི་མ་རིག་པའི་རང་ བཞིན་ཉོན་མོངས་པ་ཡིན་ཏེ། སྤངས་པ་ནི་སེམས་ཀྱི་རང་བཞིན་རྟོགས་ཤིང་། གཉུག་མའི་རང་བཞིན་ཤེས་པའོ། །སྐྱི་བུང་ཞེས་བྱེད་པ་མེད་པའོ་ཞེས་ཡང་དག་པར་སྨྲ་བས་སྨྲའོ་ཞེས་བྱ་བ་ནི། འཁོར་བ་ལ་འཇིགས་པའི་བདུད་བཞིའི་རང་བཞིན་ཉོན་མོངས་པ་ཤས་ཆེ་ ཞིང་། དེ་ལ་ཞལ་ཏ་བྱེད་པར་འགྱུར་བ་ནི་རིག་སྔགས་ཀྱི་རྒྱལ་མོ་ཡིན་ཏེ། དེ་རྣམས་འཇོམས་ཤིང་ཡང་ནས་ཡང་དུ་འཇོམས་པར་བྱེད་པ་དང་། དུས་སུ་ཡང་དག་པར་སྨྲ་བས་སྨྲ་བ་ཡིན་ཏེ་ཞེས་བྱ་བ་ནི། དེ་ཡང་བདུད་རྣམས་ནི་དགེ་བ་བྱེད་པའི་དུས་སུ་བར་དུ་གཅོད་དེ། དེའི་དུས་སུ་ཡ་མི་ང་བར་བྱེད་པ་ནི། རིག་སྔགས་ཀྱི་རྒྱལ་མོའོ། །བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དང་རིག་སྔགས་ཀྱི་རྒྱལ་མོའི་ཆོས་ཀྱང་ལྡན་ པས། གང་ཟག་དང་། སེམས་ཅན་ཐམས་ཅད་འཇིགས་པ་མེད་ཅིང་བདེ་བ་སྟེ། ཡང་དག་པའི་བྱང་ཆུབ་ཐོབ་པའོ། །བདེན་པ་དང་། བདེན་པའི་ཚིག་གང་གིས་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་ཞེས་བྱ་བ་ནི། བདེ་བར་གཤེགས་པ་ཤཱཀྱ་ཐུབ་པའི་བཀའ་ དང་། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་ཆོས་ཀྱི་བདེན་པས། ཚུལ་ཁྲིམས་བསྲུང་བ་དང་། ཚུལ་ཁྲིམས་མེད་པ་རྣམས་ཚུལ་ཁྲིམས་ཐོབ་སྟེ། སྐུས་གདུལ་གསུང་གིས་འདུལ་ཏེ། དེ་འདུལ་བའི་ཕྱིར་ན་བརྟུལ་ཞུགས་ཞེས་བྱའི། དཀའ་ ཐུབ་དང་། ཚངས་པར་སྤྱོད་པ་ལ་གང་ཅི་ཡང་རུང་བ་དེ་དག་གི་ནང་ན་ནི་ཞེས་བྱ་བ་ནི། བཀའ་དེས་ཀྱང་ཚངས་པར་མི་སྤྱོད་པ་ཚངས་པར་སྤྱོད་དེ། སེམས་ཅན་ཉོན་མོངས་པ་རྣམས་ལ་སྡོམ་པར་མི་གནས་པ་སྡོམ་པར་གནས་ཤིང་། རིག་སྔགས་ཀྱི་བདེན་པ་ འདིས་ཀྱང་སེམས་ཅན་ཐམས་ཅད་བདེ་བར་གནས་ཤིང་། སྡིག་པ་ཐམས་ཅད་ཀྱང་སྤོང་བར་བྱེད་པའོ། །འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག །ཅེས་བྱ་བ་སྟེ། དེ་བཞིན་དུ་རིག་སྔགས་ཀྱི་བདེན་པ་འདིས་ཀྱང་འཕགས་པའི་ཚུལ་ཁྲིམས་མི་ཐོབ་པ་ཐོབ་ པར་བྱས་ཏེ། སྡིག་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་ཚུལ་ཁྲིམས་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལས་འཕགས་པས་ན་འཕགས་པ་ཞེས་བྱའོ། །བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་ལ་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། བདེ་བར་གཤེགས་པའི་བཀའ་དང་། རིག་ སྔགས་ཀྱི་བདེན་པས། གང་ཟག་དད་པ་ཅན་དང་། སེམས་ཅན་ཐམས་ཅད་ལ་ཚེ་འདི་ལ་བཀྲ་ཤིས་ཤིང་ཕུན་སུམ་ཚོགས་ཤིང་ཕྱི་མ་ལ་ཡང་དེ་བཞིན་ཏེ། ཕྱིན་ཅི་མ་ལོག་པའི་རིག་སྔགས་ཀྱི་ཕྱག་རྒྱ་ཐོབ་ཅིང་། ཡང་དག་པའི་ཡེ་ཤེས་ཀྱི་ལམ་ལ་འཇུག་པའོ། །གནས་བརྟན་ རྒྱལ་པོའི་བུ་ཐུ་བོ་དང་འདྲ་བར་རབ་ཏུ་བྱུང་ནས་རིང་དུ་ལོན་པ་ཞེས་བྱ་བ་ནི། གནས་ལ་དབང་བྱས་ཤིང་གཞན་དགེ་སློང་རྣམས་ལ་དབང་བྱེད་དེ། དེ་བཞིན་དུ་བྱས་པའི་ཕྱིར་ན་ཐུ་བོ་ཞེས་བྱའོ། །ཚངས་པར་སྤྱོད་པ། མངོན་པར་སྤྱད་པ་རྣམས་ཀྱི་མཆོག །འདི་ལྟ་སྟེ་ཞེས་བྱ་བ་ནི། ཟག་ པ་ཟད་པ། ཚུལ་ཁྲིམས་ལ་གནས་ནས་སེམས་ཅན་གྱི་དོན་བྱེད་པ། སྐད་ཅིག་མས་ཀྱང་མངོན་པར་ཤེས་པ། རྫུ་འཕྲུལ་དང་ལྡན་པ་ཤ་སྟག་གོ། །དགེ་སློང་ཀུན་ཤེས་ཀཽཎྜི་ནྱའི་དང་ཞེས་བྱ་བ་ནི། སྔོན་ཤཱཀྱ་ཐུབ་པས་བྱང་ཆུབ་སེམས་དཔར་སྐྱེས་ཙམ་ན། སྲིན་པོ་ཀཽཎྜི་ནྱ་ལྔ་ཡོད་ དོ། །དེའི་དུས་སུ་ཡང་ཆུ་མེད་ཅིང་སྐོམ་ནས་ཡོད་པ་ལ་བྱང་ཆུབ་སེམས་དཔའ་དེས་ཀྱང་ཙེ་ཆུང་གཉིས་གཏར་ནས། ཀཽཎྜི་ནྱ་ལྔ་ལ་བྱིན་ནས་འཐུང་དུ་བཅུག་སྟེ། ད་ལྟར་ཡང་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་ཉམས་མྱོང་གིས་ཁམས་གསུམ་ཙམ་ཡང་ཀུན་དུ་ཤེས་ནས་དགེ་སློང་དགྲ་བཅོམ་ པ་ཐོབ་པའོ། །འདོད་པ་ཉུང་བ་སྦྱོངས་བའི་ཡོན་ཏན་ལ་གནས་པ། ཆོག་ཤེས་པ་རྣམས་ཀྱི་མཆོག་འོད་སྲུངས་ཆེན་པོ་དང་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་བྱས་ཤིང་། སྙིང་རྗེ་ཆེན་པོ་དང་། བྱམས་པ་ལ་སོགས་པ་དང་ལྡན་པ་སྟེ། ཐེག་པ་ཆུང་ངུའི་སྒོ་ནས་འོད་སྲུངས་ཆེན་པོ་ཡིན་ཏེ། འདིར་དགྲ་བཅོམ་པ་ཐོབ་ཅིང་། སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །ཤེས་རབ་ཆེ་བ་དང་། སྤོབས་པ་ཆེ་བ་རྣམས་ཀྱི་མཆོག་ཤ་ར་དྭ་ཏིའི་བུ་དང་ཞེས་བྱ་བ་ནི། ཕྱིའི་རིག་པ་སྦྱོངས་ཤིང་། བློ་དང་ལྡན་ཏེ་ཉོན་མོངས་པ་བཅོམ་ཞིང་ཉན་ཐོས་ཀྱི་གཙོ་བོར་གྱུར་ཅིང་། སེམས་ཅན་གྱི་དོན་ བྱས་པའོ། །མའི་མིང་ནས་ཀྱང་བོས་པའི་ཕྱིར་ན་ཤ་ར་དྭ་ཏིའི་བུ་ཞེས་བྱའོ། །རྫུ་འཕྲུལ་ཆེ་བ་རྣམས་ཀྱི་མཆོག །ཤཱ་རིའི་བུ་དང་། རྫུ་འཕྲུལ་ཆེ་བ་དང་། མཐུ་ཆེ་བ་རྣམས་ཀྱི་མཆོག །མཽད་གལ་གྱི་བུ་ཆེན་པོ་དང་ཞེས་བྱ་བ་ནི་རི་རབ་རེ་རེ་ལ་རྐང་པ་གཞག་ཅིང་། བདུན་བདུན་ལ་འགོད་ནུས་ཏེ། དེ་བཞིན་དུ་ཡང་མཐུ་དང་ལྡན་པ། བྲམ་ཟེའི་རིགས་སུ་སྐྱེས་ནས། ཆོས་ཀྱི་ང་རྒྱལ་དང་ལྡན་པའོ། །དེ་ཡང་མའི་མིང་ནས་བཏགས་པའོ། །ལྷའི་མིག་དང་ལྡན་པ་རྣམས་ཀྱི་མཆོག་མ་འགགས་པ་དང་ཞེས་བྱ་བ་ནི། མཐོང་བ་ལ་ནི་མ་འགགས་པ་ ཡིན་ཏེ། ཁམས་གསུམ་གྱི་བྱ་བ་ཐམས་ཅད་དུས་གཅིག་ཏུ་མཐོང་བའོ། །མཐོང་བ་ལ་འགག་པ་མེད་པའི་ཕྱིར་ན་མ་འགགས་པའོ། །མང་དུ་ཐོས་པ་རྣམས་ཀྱི་མཆོག་ཀུན་དགའ་བོ་དང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་མ་ལུས་པར་ཐོས་ཏེ། ཕ་རོལ་ཏུ་ཕྱིན་པའི་ ཆོས་ལ་སོགས་པ་ནི་ཀུན་དགའ་བོ་ལ་གཏད་པའོ། །སེམས་ཅན་ཐམས་ཅད་དགའ་བའི་ཕྱིར་ནི་ཀུན་དགའ་བོ་ཞེས་བྱའོ། །འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཉེ་བ་འཁོར་དང་ཞེས་བྱ་བ་ནི། སྐུ་དང་གསུང་དང་ཐུགས་ཐུལ་བས་འདུལ་བ་འཛིན་པ་སྟེ། དེ་འདུལ་བའི་ཕྱིར་ན་ཉེ་བ་ འཁོར་ཞེས་བྱ་བའོ། །ཆོས་སྨྲ་བ་རྣམས་ཀྱི་མཆོག་བྱམས་པའི་བུ་གང་པོ་དང་ཞེས་བྱ་བ་ནི། སེམས་ཅན་ལ་མི་འཛིན་ངག་ནས་སྨྲ་བ་ཐོགས་པ་མེད་དེ། མའི་མིང་ནས་བོས་པའི་ཕྱིར་ན་བྱམས་མའི་བུ་གང་པོ་ཞེས་པའོ། །བསླབ་པ་ལ་གུས་པ་རྣམས་ཀྱི་མཆོག་སྒྲ་གཅན་ཟིན་པ་དང་ ཞེས་བྱ་བ་ནི། ལྷའི་གདོན་ལ་སོགས་པ་བཅོམ་པ་དང་དགྲ་བཅོམ་པ་ཐོབ་སྟེ། ཉི་མ་གཟས་ཟིན་པའི་དུས་སུ་སྐྱེས་པའི་ཕྱིར་སྒྲ་གཅན་ཟིན་ཞེས་བྱའོ། །མལ་ཆ་དང་སྟན་བསྐོ་བ་རྣམས་ཀྱི་མཆོག་གྱད་ནོར་བུ་དང་ཞེས་བྱ་བ་ནི། བཅོམ་ལྡན་འདས་དང་དགྲ་བཅོམ་པ་རྣམས་ ལ་གུས་པར་བྱས་ན་ཚོགས་སོགས་པར་བྱའོ། །སེང་གེའི་སྒྲ་སྒྲོགས་པ་རྣམས་ཀྱི་མཆོག་བ་ར་དྷྭ་ཛ་བསོད་སྙོམས་ལེན་དང་ཞེས་བྱ་བ་ནི། འཇིགས་པ་མེད་ཅིང་ཁམས་གསུམ་ཙམ་ལ་ཡང་སྒྲ་སྒྲོགས་ཏེ། སེམས་ཅན་གྱི་དགེ་བའི་རྩ་བ་བསོད་སྙོམས་བླངས་པས་འཕེལ་བའི་ཕྱིར་ན། བསོད་སྙོམས་ལེན་ཞེས་བྱའོ། །ཁྱིམ་པ་དད་པ་སྐྱེད་པ་རྣམས་ཀྱི་མཆོག་ནག་པོ་འཆར་ཀ་དང་ཞེས་བྱ་བ་ནི། མ་རིག་པ་རྣམས་རིག་པར་འཇུག་སྟེ། ཁམས་གསུམ་གྱི་སེམས་ཅན་རྣམས་མ་ལུས་པར། མ་དད་པ་དད་པར་བྱེད་པའི་ཕྱིར་ན་ནག་པོ་འཆར་ཀ་ཞེས་བྱའོ། །ལྷ་དང་མིས་མཆོད་ པ་རྣམས་ཀྱི་མཆོག་ལེགས་མཐོང་བདེན་པ་དང་ཞེས་བྱ་བ་ནི། དེའི་རྫུ་འཕྲུལ་གྱིས་ཀྱང་ཁམས་གསུམ་ཙམ་ཡང་དག་པར་བྱ་སྟེ། དད་པ་དེས་ཀྱང་ཡང་དག་པར་མཆོད་པར་འོས་པ། དེ་རྣམས་ཀྱིས་མཆོད་པའི་ཕྱིར་ན་ལེགས་མཐོང་གི་བདེན་པ་ཞེས་བྱའོ། །བདེན་པའི་ཚིག་དེས་མིང་ འདི་ཞེས་བྱ་བ་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་དང་། རིག་སྔགས་ཀྱི་བདེན་པ་དང་། ཉན་ཐོས་དགྲ་བཅོམ་པ་རྣམས་ཀྱི་ཡོན་ཏན་གྱི་ངེས་ཚིག་དང་། གང་ཟག་དང་། སེམས་ཅན་ཐམས་ཅད་བདེ་བར་གནས་ཤིང་། ནད་ ཐམས་ཅད་དང་བྲལ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། དེ་རྣམས་ཀྱི་བདེན་པ་དང་། སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་། རིག་སྔགས་ཀྱི་ཕྱག་རྒྱས་བཏབ་པའོ། །རྒྱལ་པོའམ་ཞེས་བྱ་བ་ལ་སོགས་པ་ནི། བདེན་པ་དང་བདེན་པའི་ཚིག་གིས་དེ་རྣམས་ ཀྱི་འཇིགས་པ་མེད་ཅིང་། བདེ་བ་ལ་གནས་ཏེ་ཀུན་ཀྱང་བདེ་བའོ། །བདེན་པ་དང་བདེན་པའི་ཚིག་གང་གིས་སེམས་ཅན་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེ་ཐུགས་རྗེ་ཅན་གྱི་བཀའ་དང་། རིག་སྔགས་ཀྱི་རྒྱལ་མོའི་གསང་སྔགས་རྗེས་སུ་འཛིན་པའི་ བདེན་པ་དང་། ཆོས་ཀྱི་བདེན་པ་དང་། ཉན་ཐོས་རྣམས་ཀྱི་རྫུ་འཕྲུལ་རྣམས་ཀྱིས་བདེ་ལེགས་སུ་འགྱུར་རོ། །རྐང་པ་མེད་པའམ་ཞེས་བྱ་བ་ལ་སོགས་པ་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རིགས་མི་གཅིག་པ་རྣམས་ལ་བདེན་པ་དེས་བདེ་བར་བྱས་ཤིང་། སྡུག་བསྔལ་ཐམས་ཅད་དང་བྲལ་ཏེ། སེམས་ཅན་དེ་རྣམས་ཀྱང་བྱང་ཆུབ་ཀྱི་ལམ་ལ་འགོད་པའོ། །དེ་བཞིན་གཤེགས་པ་མཆོག་ཅེས་བྱ་སྟེ་ཞེས་བྱ་བ་ནི། བྱེ་བ་ཁྲག་ཁྲིག་ཕྲག་བརྒྱ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་དེ་བཞིན་གཤེགས་པ་འོད་སྲུངས་ནས་འདས་པའི་སངས་རྒྱས་རབས་བདུན་ལ་ སོགས་པ་དང་། མ་འོངས་པའི་སངས་རྒྱས་བྱམས་པ་ལ་སོགས་པ་ཡང་དེ་བཞིན་ནོ། །ད་ལྟར་ཡོད་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ཀྱང་། རིག་སྔགས་ཀྱི་ཕྱག་རྒྱས་བཏབ་ཅིང་བདེན་པ་བཀའ་སྩལ་པའོ། །བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བ་བསྲུང་བར་བྱའོ། ། སངས་རྒྱས་དེ་རྣམས་ཀྱི་བདེན་པ་དང་། རིག་སྔགས་ཀྱི་རྒྱལ་མོའི་ཆོས་ཀྱི་བདེན་པ་དང་། བདེན་པ་དེ་དག་གིས་ཀྱང་སེམས་ཅན་རྣམས་ལ་བདེ་བར་བྱས་ཏེ། སྡུག་བསྔལ་ཐམས་ཅད་དང་འབྲལ་ཞིང་། ཡང་དག་པའི་བྱང་ཆུབ་ཐོབ་པར་བྱེད་པའོ། །ཡོངས་སུ་བསྐྱབ་པ་དང་ ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་ཐམས་ཅད་ཀྱང་བདེ་བ་ལ་བཀོད་དེ། ནམ་སྐྱེ་བའི་དུས་སུ་ཕུན་སུམ་ཚོགས་པར་སྐྱེ་ཆོས་འདི་དང་ཡང་མི་འབྲལ་བར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་གང་གིས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་ པ་ཐུགས་རྗེ་ཆེ་ཞིང་སེམས་ཅན་རྣམས་ཀྱི་དོན་མཛད་པ། དེ་རྣམས་ཀྱི་ཡང་གང་དང་གང་འདོད་པ་འགྲུབ་པའོ། །འདུས་བྱས་སམ། འདུས་མ་བྱས་ཀྱི་ཆོས་ཇི་སྙེད་ཡོད་པ་དེ་དག་གང་གི་ནང་ན། འདོད་ཆགས་དང་བྲལ་བ་མཆོག་ཅེས་བྱ་སྟེ་ཞེས་བྱ་བ་ནི། འདུ་བྱེད་ཀྱིས་མ་རིག་ པ་བཀག་སྟེ། མ་རིག་པས་རྒ་ཤི་ལ་སོགས་པ་བཀག་ནས། འདོད་པའི་ཡོན་ཏན་ལྔ་ལ་སོགས་པའི་མིང་ཡང་མེད་དེ། དེས་ན་ཉོན་མོངས་པ་ལ་སོགས་པ་དང་བྲལ་ཞིང་། ཤེས་བྱའི་སྒྲིབ་པ་དང་། བག་ཆགས་ཀྱི་སྒྲིབ་པས་མ་གོས་པའོ། །བདེན་པ་དང་བདེན་པའི་ཚིག་ དེས་མིང་འདི་ཞེས་བྱ་བ་བསྲུང་བར་བྱའོ་ཞེས་བྱ་བ་ནི། དེ་ལྟ་བུའི་རིག་སྔགས་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཡིན་ཏེ། བདེན་པ་ནི་སངས་རྒྱས་རྣམས་ཀྱི་བཀའོ། །བདེན་པའི་ཚིག་ནི་རིག་སྔགས་ཀྱི་རྒྱལ་མོ་ཉིད་དོ། །གང་ཟག་དང་ སེམས་ཅན་རྣམས་ལ་རིག་སྔགས་ཀྱི་རྒྱལ་མོའི་བདེན་པའི་ཚིག་གིས་ཡང་དག་པར་བསྲུང་བར་བྱས་པའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། བདེ་བ་ལ་གནས་ཤིང་སེམས་ད་ལྟ་དང་། ཚེ་ཕྱི་མ་རྣམས་ཀྱང་སྡུག་བསྔལ་དང་བྲལ་ཞིང་། ཡང་དག་ པའི་བྱང་ཆུབ་ཐོབ་པའོ། །བདེན་པ་དང་། བདེན་པའི་ཚིག་གང་གིས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་བདེན་པའི་ཚིག་གིས་གང་ཡང་འགྲུབ་ཅིང་། རིག་སྔགས་ཀྱི་ངོ་བོ་ཐོབ་པའོ། །ཚོགས་སམ། འདུས་པའམ། མང་པོའམ། འཁོར་ཇི་སྙེད་ ཅིག་ཡོད་པ་དེ་དག་གི་ནང་ན་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མཆོག་ཅེས་བྱ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དགྲ་བཅོམ་པ་དང་། ལྷ་དང་བྲམ་ཟེ་དང་། རྒྱལ་པོ་ལ་སོགས་པའི་མི་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ ཚོགས་པའི་བདེན་པས་ཀྱང་བདེ་བར་གནས་པའོ། །བདེན་པ་དང་བདེན་པའི་ཚིག་དེས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་བདེན་པའི་ཚིག་སྨྲས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བཀའ་ཚོགས་འདུས་པ་དང་། དེའི་བདེན་པས་བདེ་ལེགས་ ཤིང་བཀྲ་ཤིས་ཏེ། དགྲའི་ཚོགས་རྣམས་ཀྱང་འབྱུང་བར་མི་འགྱུར་རོ། །རྒྱལ་ཁམས་དང་། ཡུལ་འཁོར་རམ་ཞེས་བྱ་བ་ལ་སོགས་པ་ནི། བདེན་པའི་ཚིག་དེ་དག་གིས་ཀྱང་ཡུལ་འཁོར་རྣམས་ལ་སྲུང་སྟེ། མི་ནད་དང་། ཕྱུགས་ནད་དང་། ནང་དུ་མ་རུངས་པ་འདྲེ་གདོན་ ཞུགས་པ་དང་། དེ་ལ་སོགས་པ་ནད་ཐམས་ཅད་འབྱུང་བ་དེ་མེད་ཅིང་བརླག་པར་འགྱུར་ཏེ། དེ་བཞིན་དུ་ཞིང་ལ་གནོད་པ་དང་། སད་དང་། སེར་བ་དང་། འབྲུ་དང་། འབྲུམ་བུ་དང་། བཙའ་དང་། ནེ་ཙོ་དང་། རི་བོང་དང་། རི་དགས་དང་། བྱི་བ་ལ་སོགས་པ་ཞིང་ལ་ གནོད་པ་དང་སེམས་ཅན་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་སེམས་ཅན་རྣམས་ལ་བདེ་བར་བྱས་པའོ། །ནད་པ་འདི་ལ་བསྲུང་བར་བྱའོ་ཞེས་བྱ་བ་ནི་ཆོ་ག་དང་། བསྲུང་བ་གཉིས་ཀྱིས་བསྲུང་སྟེ། སྲུང་བ་ནི་གང་ཞེ་ན། སྲུང་བའི་འཁོར་ལོ་དང་། དཀྱིལ་འཁོར་གྱི་ཆོ་གས་བསྲུང་བའོ། །བདག་ གིས་འདིར་བཤད་པའོ། །དཀྱིལ་འཁོར་བཟང་པོ་ས་གཞི་ལ། །བ་ཡི་རྣམས་ལྔས་བྱུགས་པ་སྟེ། །ཆུ་དང་ལྕི་བ་སར་བསྲེས་ལ། །ལྕི་བ་དང་ནི་སྔགས་ཀྱིས་ནི། །མཎྜལ་ལེགས་པར་བྱུགས་པར་བྱ། །ཚོན་ནི་སྣ་ཚོགས་ལེགས་བྲིས་ལ། །དཀྱིལ་འཁོར་མཉམ་པ་ཉིད་དུ་བྲི། ། གྲུ་བཞི་སྒོ་བཞི་རྟ་བབས་བཞི། །དྲ་བ་ཕྱེད་ཀྱིས་མཛེས་པ་ལ། །མུ་ཏིག་ཕྲེང་བཅས་རྣམ་པར་བརྒྱན། །རིན་ཆེན་ལྔ་ཡི་གཞལ་ཡས་ཁང་། །མཛེས་པ་དེ་ནི་མཁས་པས་བྲི། །དང་པོ་ནམ་མཁའ་རླུང་ཆགས་པ། །མེ་དང་ཆུ་དང་ས་ཆགས་ཏེ། །དེ་བཞིན་རི་རབ་རྩེ་མོ་ལ། །པདྨའི་ སྟེང་དུ་རྒྱ་གྲམ་སྟེ། །འོག་དང་སྟེང་དང་ལོགས་རྣམས་སུ། །སྣ་ཚོགས་རྡོ་རྗེའི་གུར་དུ་བསམ། །དེ་ཕྱིར་རྡོ་རྗེའི་ར་བ་ལ། །རླུང་དང་མེ་སའི་ཡུལ་དུ་འཁྱམ། །ཕྱི་རྒྱ་ཁོ་ར་ཁོར་ཡུག་དང་། །དེ་རྩར་མདའ་ཡི་དྲ་བ་འབར། །དེ་ཕྱིར་འོག་དང་སྟེང་དག་དང་། །ཕྱོགས་བཞི་ མཚམས་སུ་མེ་ཡིས་བསྐོར། །འོག་ནི་རྡོ་རྗེའི་ས་གཞི་སྟེ། །དེ་སྟེང་རྡོ་རྗེ་བླ་རེས་བརྒྱན། །དེ་འོག་རྡོ་རྗེ་ས་གཞི་ལ། །གཞལ་ཡས་ཁང་གི་དབུས་སུ་ཤེས། །དབུས་སུ་སྣ་ཚོགས་པདྨ་སྟེ། །ཕྱིར་ནི་འཁོར་ལོ་རྩིབས་བརྒྱད་དོ། །དེ་ཕྱིར་ལྷ་སྣམ་ཟླུམ་པོ་སྟེ། །གཟའ་དང་ རྒྱུ་སྐར་གནས་པའོ། །ཕྱི་རོལ་ལྷ་སྣམ་གྲུ་བཞི་ལ། །ཕྱོགས་སྐྱོང་ཡང་ནི་དེར་གནས་སོ། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་གི་སྒོ་བཞི་དང་པོ་ལ། །རྒྱལ་པོ་བཞི་ཡང་དེར་བཞུགས་སོ། །དབུས་སུ་སྣ་ཚོགས་པདྨ་ལ། །ཡེ་ཤེས་ལྷ་མོ་ལྔ་ཡང་བཞུགས། །མཚམས་ བཞི་པདྨ་སྟོང་པ་ལ། །མཆོད་པའི་ལྷ་མོ་བཞི་གནས་སོ། །དབུས་སུ་ལྟེ་བ་ཟླ་བའི་གདན། །གསང་སྔགས་འཛིན་མ་དེར་བཞུགས་སོ། །དཀྱིལ་འཁོར་གྱི་བྱ་ཐབས་སོ། །རིག་སྔགས་བུམ་པ་ལྔ་པོ་སྟེ། །མཚན་མ་ལྡན་ཞིང་ནག་པོ་མེད། །རྩ་བ་ཡངས་པ་མཆུ་ འཕྱང་བ། །དབྱིབས་ནི་ལེགས་ཤིང་ལྟོ་བ་ཆེ། །དེ་ལྟ་བུ་ཡི་མཚན་ལྡན་ལ། །ཨ་ཀ་རུ་འམ་གུ་གུལ་བདུག་པར་བྱ། །རིན་ཆེན་ལྔ་དང་འབྲུ་ལྔ་དང་། །དྲི་ལྔ་སྨན་ལྔ་དེ་བཞིན་ཏེ། །འབྲས་བུ་ཅན་གྱི་ཤིང་ལྔ་ཡི། །ལོ་མས་ཁ་ལ་རྣམ་པར་ བརྒྱན། །བདུད་རྩི་ལྔ་དང་སྙིང་པོ་ལྔ། །དེ་བཞིན་མགུལ་ཆིངས་གདུགས་ཀྱིས་བརྒྱན། །རིམ་བཞིན་དཀྱིལ་འཁོར་དགོད་པར་བྱ། །ཡན་ལག་དང་ནི་གཏོར་མ་དང་། །བདག་གིས་འདིར་ནི་མ་བཤད་དེ། །གཞན་ལ་ལྟོས་ལ་ཤེས་པར་གྱིས། །རྡོ་རྗེ་སློབ་དཔོན་དགེ་སློང་ གིས། །ཁ་ཟས་དཀར་པོ་བསྟེན་ནས་སུ། །ཆོ་ག་ཡང་དག་བསམ་པར་གྱིས། །ཁེངས་པ་མེད་ཅིང་ང་རྒྱལ་སྤང་། །ཉོན་མོངས་ཤས་ནི་མི་ཆེ་ཞིང་། །བྱམས་དང་སྙིང་རྗེ་དགའ་བ་དང་། །བཏང་སྙོམས་ལ་ནི་ཡང་དག་འཇུག །ཡི་གེ་བཞི་པའི་སྔགས་ཀྱིས་ནི། །དགུག་པ་ གཞུག་པ་བཅིང་བ་དང་། །ཡེ་ཤེས་ལྷ་ནི་དགྱེས་པར་འགྱུར། སྲོམ་མཁན་ལ་སོགས་བསང་གཏོར་བྱ། །བསྙེན་པ་ཆོ་ག་ཡང་དག་བཟུང་། །མཆོད་བསྟོད་ལ་སོགས་བྱས་ནས་སུ། །ཐུན་གཏོར་ལ་སོགས་གཏང་བར་བྱ། །ཕྱོགས་སྐྱོང་བཅུ་དང་རྒྱལ་པོ་དང་། ། གཟའ་དང་སྐར་མ་འབྱུང་པོ་རྣམས། །རྗེས་མཐུན་གཏོར་མ་བྱིན་ནས་སུ། །དེ་ལ་མཆོད་པ་བསྟོད་པ་བྱ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །ནད་པ་ཡུལ་འཁོར་ཡང་དག་བསྲུང་། །སེམས་ཅན་ལ་ནི་སྙིང་རྗེའི་ཕྱིར། །རིམ་གྲོའི་ཆོ་ག་ཡང་དག་བཤད། །དེ་ནི་དཀྱིལ་ འཁོར་བྱེད་པའི་ཐབས་སོ། །འཁོར་ལོ་རིམ་པ་བཅུ་བྲིས་ལ། །སྔར་བཤད་ལས་ཀྱི་སྙིང་པོ་དགོད། །ཕྱི་རོལ་འཁོར་ལོའི་ར་བ་ལ། །ཕྱག་མཚན་ཕྱག་རྒྱ་དགོད་པ་སྟེ། །མཉམ་གཞག་བྱང་ཆུབ་མཆོག་དང་ནི། །ཆོས་འཆད་སྐྱབ་སྦྱིན་མཆོག་སྦྱིན་དང་། །ས་གནོན་ཆོས་སྦྱིན་ ཕྱག་སྐོར་བ། །བུམ་རྟེན་རྡོ་རྗེ་རིན་ཆེན་དང་། །རལ་གྲིའི་སྟེང་ན་རྡོ་རྗེ་དང་། །དེ་བཞིན་པདྨ་དེ་བཞིན་ནོ། །འཁོར་ལོ་ལྕགས་ཀྱུ་རྡོ་རྗེ་དང་། །དེ་བཞིན་འཁོར་ལོའི་ཕྱག་རྒྱས་བསྐོར། །པདྨའི་སྟེང་ན་ཕྱག་མཚན་གནས། །སྡོང་བུ་དར་གྱིས་བཅིངས་པ་ལ། །རྒྱས་པར་ཡང་ནི་བྲི་ བར་བྱ། །འཁོར་ལོ་གཉིས་པོ་ཟླུམ་པོ་ལ། །པདྨ་རྡོ་རྗེ་ཡང་དག་བྲི། །བདེ་བར་གསང་སྔགས་ཡི་གེ་དགོད་པར་བྱ། །དེ་ནང་གསུམ་པོ་མུ་ཁྱུད་ལ། །སྔར་བཤད་སྔགས་ཀྱིས་བསྐོར་བར་བྱ། །དེ་ནང་མུ་ཁྱུད་གཅིག་པུ་ལ། །འཁོར་ལོའི་རིམ་པ་དེ་བཞིན་ཤེས། །འཁོར་ལོའི་ནང་དུ་མུ་ཁྱུད་དེ། །སྔར་ བཤད་སྔགས་ནི་བྲི་བའོ། །དེ་ཡི་ནང་ན་འཁོར་ལོ་ལ། །པདྨའི་ར་བ་ཤེས་པའོ། །འཁོར་ལོའི་ལྟེ་བར་མུ་ཁྱུད་དང་། །སྙིང་པོ་ཡི་ནི་སྔགས་བཞིན་ནོ། །ལྟེ་སྔགས་ཡི་གེ་བྲི་བ་སྟེ། བློ་དང་ལྡན་པས་བྲི་བར་བྱ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་པའི་དཀྱིལ་འཁོར་ དང་། སྲུང་བའི་འཁོར་ལོ་བཤད་པའི་གནས་སྐབས་ཏེ་བདུན་པའོ།། །།ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ལ་སོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། རིག་སྔགས་ཀྱི་བདེན་པ་དང་། སྲུང་བ་དེ་རྣམས་ཀྱིས་ཀྱང་། སྡུག་བསྔལ་ཐམས་ཅད་དང་ བྲལ་ཞིང་བདེ་བར་གནས་ཏེ། སྲུང་བ་དེས་ཡང་དག་པར་རྫོགས་པའི་སངས་རྒྱས་ཐོབ་པའོ། །འབྱུང་པོ་ཐམས་ཅད་བཟློག་པར་བྱའོ་ཞེས་བྱ་བ་ནི་བདེན་པ་འདིས་ལྷའི་གདོན་ལ་སོགས་པ་ཐམས་ཅད་ཀྱིས་མི་ཚུགས་ཤིང་། བདེ་བར་གནས་ཤིང་འཇིགས་པ་མེད་པར་གནས་པའོ། །གཟི་ བརྗིད་འཕྲོག་པ་རྣམས་བཟློག་པར་བྱའོ་ཞེས་བྱ་བ་ནི། མ་རུངས་པའི་བྱིས་པའི་གདོན་རྣམས་ཡིན་ཏེ། མའི་མངལ་ནས་འཛིན་ཞིང་། སྐྱེས་ནས་ལོ་བཅུ་གཉིས་བར་དུ་འཛིན་པའོ། །དེའི་ཕྱིར་ན་སེམས་ཅན་ལ་གཟི་བྱིན་འཕྲོག་པ་ཡིན་ཏེ། བདེན་པ་དེ་ཡིས་བདེ་བར་གནས་ ཤིང་། མངལ་ན་ཡང་འདི་ལྟ་སྟེ། སྐྱེས་ནས་ཀྱང་བདེ་བའོ། །ལོ་བཅུ་གཉིས་ནས་ཀྱང་བདེ་བར་འགྱུར་རོ། །བདེན་པ་དང་བདེན་པའི་ཚིག་ཅེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་དང་། རིག་སྔགས་ཀྱི་བདེན་པས་བདེ་བར་གནས་ཏེ་ཐེ་ཚོམ་མེད་དེ། ། གང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཡིན་ཏེ། འདས་པ་རྣམས་ནི་མར་མེ་མཛད་ལ་སོགས་པ་བསམ་གྱིས་མི་ཁྱབ་སྟེ། མ་ འོངས་པ་རྣམས་ཀྱང་དེ་བཞིན་དུ་བྱམས་པ་ལ་སོགས་པའོ། །ད་ལྟར་ཡོད་པའི་ཤཱཀྱ་ཐུབ་པས་ཀྱང་བདུད་བཞི་བཅོམ་ནས་སྟོན་པར་བྱས་པའོ། །ངས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་བྱ་བའི་ཕྱིར་ནི་ཞེས་བྱ་བ་ནི། འདོད་ཆགས་ནི་ཕུང་པོའི་ བདུད་དེ། ཞེ་སྡང་ནི་ཉོན་མོངས་པའི་བདུད་དོ། །གཏི་མུག་ནི་འཆི་བདག་གི་བདུད་ཡིན་ཏེ། དེ་འཇོམས་པ་ནི་ལྷའི་བུའི་བདུད་དོ། །སངས་རྒྱས་རྣམས་ཀྱིས་བདུད་བཞི་བཅོམ་ཞིང་། འཁོར་བ་མ་ལུས་པར་བཅོམ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར་བའོ། །ཆོས་ཀྱི་ཕུང་པོ་བརྒྱད་ ཁྲི་བཞི་སྟོང་བསྟན་པ་དང་ཞེས་བྱ་བའི་བདུད་བཞི་བཅོམ་ནས། སེམས་ཅན་གྱི་དོན་ལ། སྤྲུལ་པའི་སྐུས་ཁྱབ་ནས་ཆོས་སྟོན་པའོ། །བཤད་པ་དང་བརྗོད་པའི་ཞེས་བྱ་བ་ནི། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བསྟན་ནས། སྐུ་མྱ་ངན་ལས་འདས་པའོ། །དེ་ཡང་སེམས་ཅན་ གྱི་དོན་ལ་ཡིན་ནོ། །བདེན་པ་དང་བདེན་པའི་ཚིག་དེས་མིང་འདི་ཞེས་བྱ་བའི་ནད་བཞི་བརྒྱ་རྩ་བཞི་ཟད་པར་གྱུར་ཅིག་ཅེས་བྱ་བ་ནི། དེ་བཞིན་དུ་དེའི་བདེན་པས། བདག་དང་སེམས་ཅན་ཐམས་ཅད་བདེ་བར་འགྱུར་ཞིང་། ནད་ཐམས་ཅད་ཞི་བར་འགྱུར་རོ། །ནད་མེད་པར་གྱུར་ ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པ་འདིས། ནད་ཐམས་ཅད་འཇོམས་པར་བྱས་ཏེ། གདོན་ཐམས་ཅད་བརླག་པར་བྱས་ནས། རླུང་དང་། བད་ཀན་དང་། མཁྲིས་པ་དང་། འདུས་པ་དང་ལྡན་ པ་ལ་སོགས་པའི་ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞི་བཅོམ་ནས། ནད་པ་རྣམས་ལ་བདེ་བར་གནས་པར་བྱེད་པའོ། །བདེན་པ་འདི་ཡིས་ཀྱང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུ་ཐོབ་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ བདེན་པའི་ཚིག་གིས་ནད་པ་གསོ་བའི་གནས་སྐབས་ཏེ་བརྒྱད་པའོ།། །།དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ཚིག་འདི་བཀའ་སྩལ་པའོ། །ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་དེ་བཞིན་ བགྱིའོ་ཞེས་བྱ་བ་གསོལ་ཏོ་ཞེས་བྱ་བ་ནི། ཀུན་དགའ་བོས་ཐུགས་སུ་ཆུད་ནས། གྲོ་ག་འམ། ཤིང་ཤུན་ནམ། རས་ལ་བྲིས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་ཞེས་བྱ་བའོ། །བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། ཡངས་པའི་གྲོང་ཁྱེར་དུ་སོང་སྟེ་ཞེས་བྱ་བ་ནི། ཚེ་ དང་ལྡན་པ་ཀུན་དགའ་བོས་སེམས་ཅན་ཐམས་ཅད་དང་། ཡངས་པ་ཅན་གྱི་སེམས་ཅན་རྣམས་ཀྱི། མི་ནད་དང་། ཕྱུགས་ནད་དང་། མུ་གེ་དང་། ཆོས་རྣམས་ཀྱང་བཤད་དུ་མི་བཏུབ་ཅིང་། མ་རུངས་པ་འབྱུང་པོ་རྣམས་ཀྱིས་ཁྱེར་བའི་ཕྱིར་རོ། །སྒོ་ཡི་ཐེམ་པ་ལ་རྐང་པ་ བཞག་ནས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ཡུལ་ལྷའི་ཐེམ་པ་ལ་གནས་ནས། རིག་སྔགས་ཀྱི་ང་རྒྱལ་བྱས་ནས། རྒྱལ་མཚན་ལག་ན་ཐོགས་ནས། སེང་གེའི་སྒྲ་བསྒྲགས་སོ། །གསང་སྔགས་ཀྱི་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་ཀྱང་ སྨྲས་སོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོའི་ཞལ་ནས། ཉི་མ་སྟོང་ཕྲག་བརྒྱ་ཤར་བ་བཞིན་དུ། འོད་ཟེར་རེ་རེས་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་ཁྲོ་བོའི་ཚུལ་གྱིས་བསམ་གྱིས་མི་ཁྱབ་པ་འཕྲོས་ཏེ། གྲོང་ཁྱེར་ཡངས་པ་ཅན་དུ་ཞུགས་པའི་ལྷ་ འདྲེ་རྣམས་དེའི་འོད་ཟེར་གྱི་ཁྲོ་བོས་ལྷ་འདྲེ་རྣམས་ཕྱིར་ཕྱུང་སྟེ། རིག་སྔགས་ཀྱི་དམོད་མོས་མི་ཐེག་པས་གཟུགས་སྣ་ཚོགས་སྟོན་ཅིང་བྲོས་སོ། །རིག་སྔགས་ཀྱི་ཚིག་ནི། བི་ས་ར་ཏ། བི་ས་ར་ཏ། ཞེས་པ་ལ་སོགས་པ་ལས་སོ། །དེའི་སྔགས་ཡུངས་ཀར་བསྲེས་ ལ་ཕྱོགས་བཞིར་གཏོར་བས་ལྷ་འདྲེ་ཐམས་ཅད་ཀྱིས་མི་ཚུགས་སོ། །ནིར་གཙྪ་ཏ་ནིར་གཙྪ་ཏ་ལ་སོགས་པའི་སྔགས་ཀྱིས། སེང་ལྡེང་གི་མེ་ཕྱོགས་བཞི་མཚམས་བཞིར་སྦར་ལ་མཚམས་བཞི་ནས་བླངས་ལ། ཡུངས་ཀར་དང་། སྐྱེ་ཚེ་དང་། ཤིང་ཚེར་མ་ཅན་བསྲེས་ལ་མེའི་ནང་དུ་གཏོར་རོ། ། ཕྱོགས་བཞི་མཚམས་བཞི་ནས་ཆུ་གཏོར་རོ། །དེ་ན་ཞུགས་པའི་འབྱུང་པོ་རྣམས་ཀྱིས་མི་ཚུགས་ཤིང་འབྱུང་ངོ་། །སུམ་མུ་ལ་སོགས་པའི་སྔགས་ཀྱིས་སྲུང་སྐུད་སྣ་ལྔ་བསྔགས་ཤིང་མདུད་པ་བོར་ཏེ། དེ་བསྲུང་བར་བྱས་ན་ནད་ཐམས་ཅད་ཀྱིས་མི་ཚུགས་ཤིང་། འབྱུང་པོ་ རྣམས་ཀྱང་འབྲོས་སོ། །སུ་མུ་རུ་སུ་མུ་རུ་ཞེས་བྱ་བའི་སྔགས་ནི་རིག་སྔགས་ཀྱི་སྙིང་པོ་བསྟན་ཏོ། །དེ་ཡང་པདྨའི་རིགས་ཀྱི་ལམ་རིགས་སོ། །མཚོན་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་བདག་ཉིད་དོ། །ཕུང་པོ་ནི་འདུ་བྱེད་ ཀྱི་ཕུང་པོ་སྟེ། ཁམས་ནི་རླུང་གི་ཁམས་སོ། །སྐྱེ་མཆེད་ནི་ལུས་ཀྱི་སྐྱེ་མཆེད་དོ། །ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ་སྐུ་མདོག་ལྗང་གུ །ཞལ་གསུམ་པ། ཕྱག་དྲུག་པ། ཞལ་གཡས་དཀར་བ། གཡོན་དམར་བའོ། ། ཕྱག་གཡས་པ་གསུམ་ན། རལ་གྲི་དང་། རྡོ་རྗེ་རྒྱ་གྲམ་དང་། སྐྱབས་སྦྱིན་ནོ། །གཡོན་གསུམ་ན་བསྣམས་པ་ནི། འཁོར་ལོ་དང་། ཞགས་པ་དང་། རྡོ་རྗེའོ། །ཞབས་གཡས་བརྐྱང་བ། གཡོན་བསྐུམ་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་ པ། འཛུམ་པའི་ཞལ་དང་ལྡན་པར་བཞུགས་སོ། །རིག་སྔགས་ཀྱི་རིགས་ནི་གང་ཞེ་ན། འདི་ལྟ་སྟེ། སུ་མུ་རུ་སུ་མུ་རུ་ལ་སོགས་པའོ། །དེ་དག་སྔགས་རྣམས་གྲུབ་པར་འགྱུར། །ཞེས་བྱ་བ་ནི། གསང་སྔགས་ཀྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ལ་སོགས་པའོ། ། སངས་རྒྱས་རྣམས་ཀྱིས་བྱིན་རླབས་དང་། རིག་སྔགས་གསང་སྔགས་རྣམས་ཀྱིས་བྱིན་བརླབས་པ། རྣམ་པར་དག་པ་འདི་འདས་པ་དང་། མ་འོངས་པ་དང་། ད་ལྟར་ཡོད་པ་རྣམས་ཀྱི་བཀའ་དང་། རིག་སྔགས་ཀྱི་ཆོས་བདེན་པས། གྲོང་ཁྱེར་ཡངས་པ་ཅན་སྲུང་ཞིང་ སྐྱོབ་པ་དང་། སྦ་བ་དང་། ཞི་བ་དང་། བདེ་ལེགས་སུ་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་བཀའ་སྩལ་ཏོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་སོགས་པ། བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱད་དོ། །ཉན་ཐོས་ཀྱང་དེ་བཞིན་དུ་ཤཱ་རིའི་བུ་ལ་སོགས་པ་ཉིས་བརྒྱ་ལྔ་བཅུ་དང་ངོ་། །གཞན་ཡང་དགེ་སློང་ཕའམ། དགེ་སློང་མ་འམ། དགེ་བསྙེན་ཕའམ། དགེ་ བསྙེན་མ་ལ་སོགས་པ་མང་པོ་དང་ཐབས་ཅིག་ཏུའོ། །མི་མཇེད་ཀྱི་བདག་པོ་ཚངས་པ་དང་ཞེས་བྱ་བ་ནི། ཚངས་རིས་ཀྱི་ལྷ་རྣམས་དང་། གཟུགས་ཀྱི་ཁམས་ཀྱི་ལྷ་རྣམས་དང་ཐབས་ཅིག་གོ། །ལྷ་དང་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་ཆེན་བཞིའི་ལྷ་རྣམས་དང་ཞེས་བྱ་བ་ནི། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་ཟངས་རིས་ལ་སོགས་པ་ལྷ་མ་ཡིན་མང་པོ་དང་། གནོད་སྦྱིན་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དང་། དྲི་ཟར་བཅས་པའི་ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་གཡོག་དུ་མ་ དང་བཅས་པ་དང་འཕྲོག་མ་བུ་དང་བཅས་པ། གཡོག་འཁོར་དང་བཅས་པ་རྣམས་དང་། འཇིག་རྟེན་ཡི་རངས་ཏེ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི། བྱང་ཆུབ་ སེམས་དཔའ་དང་། ཉན་ཐོས་དང་། དགེ་སློང་ཕ་དང་། དགེ་སློང་མ་དང་། དགེ་བསྙེན་ཕ་དང་། དགེ་བསྙེན་མ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའོ། །གྲོང་ཁྱེར་ཡངས་པ་ཅན་ན་ཞུགས་པའི་འབྱུང་ པོ་རྣམས་ཕྱིར་བཏང་བའི་ཕྱིར་གནས་སྐབས་ཏེ་དགུ་པའོ།། །།པདྨའི་རིགས་ལྔ་བསྟན་པའི་བརྟགས་པ་སྟེ་གཉིས་པ་རྫོགས་སོ།། །།རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ་སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པ་ རྫོགས་སོ།། །།རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ་པཎྜི་ཏ་མཁས་པ་ཆེན་པོ་མི་མཉམ་རྡོ་རྗེའི་སྲས། པཎྜི་ཏ་དོན་ཡོད་རྡོ་རྗེས། ཇོ་མོ་སྒྲོལ་མས་ཞབས་ཀྱིས་བཅགས་པ། ཚངས་པའི་འབྱུང་གནས་རྡོ་ལུང་དགོན་པར་རང་འགྱུར་མཛད་ པའོ།། །།འདི་བསྒྱུར་བསོད་ནམས་གང་ཐོབ་པ། །དེ་ཡིས་ཁམས་སྲིད་གསུམ་དུ་ནི། །གསང་སྔགས་རྗེས་སུ་འཛིན་མ་ཡི། །དངོས་གྲུབ་གོ་འཕང་མྱུར་ཐོབ་ཤོག། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ཏི་བིདྱཱ་རཱ་ཛ་སཱུ་ཏྲཱཾ་ཏི་ས་ཧ་ར་ཥ་ཊཱི་ཀཱ་ནཱ་མ། བོད་སྐད་དུ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ་ཞེས་བྱ་བ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་ལ་ཕྱག་འཚལ་ལོ། ། བདེར་གཤེགས་ཡང་དག་རྫོགས་པའི་སྐུ། །སྐྱོན་གྱིས་མ་གོས་ཡོངས་རྫོགས་པ། །གཞན་ཡང་སེམས་ཅན་དོན་མཛད་དེ། །ཐུབ་པའི་སྐུ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་གྱི་མདོ་སྡེ་འདི། །ཡང་དག་བསམས་ལ་སྟོན་བྱེད་པ། །རབ་རིབ་ཀྱིས་ནི་མི་ཤེས་པའི། ། བདག་གི་བསམས་ལ་ཡང་དག་བཤད། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནི། འདི་སྐད་ཅེས་བྱ་བ་ནི། སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བོས་སོ། །གྲོགས་མེད་དམ་ཞེ་ན། ཉན་ཐོས་ལ་སོགས་པ་དང་ཐབས་ཅིག་ ཏུ་ཐོས་པའོ། །སུ་ལ་ཐོས་ན། བཅོམ་ལྡན་འདས་ལའོ། །གང་ཐོས་ན་བསིལ་བའི་ཚལ་གྱི་མདོ་འདི་ཐོས་པའོ། །སུས་ཐོས་ན་ཀུན་དགའ་བོས་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད་པ་པོ་ཤེས་རབ་ཆེ་བར་གོ་བ་དང་། དམ་པའི་ ཆོས་འབྱུང་བ་དཀོན་པའི་དོན་ཏོ། །སྟོན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་པ་ནི་བཞི་བཅོམ། བཞི་ནི་དགྲའོ། །དགྲ་ནི་བདུད་བཞིའོ། །བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་ བུའི་བདུད་དང་བཞིའོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེའི་གདན་ལ་བཞུགས་པའི་དུས་སོ། །ལྡན་པ་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པས་ན། བཅོམ་ལྡན་ནོ། །འདས་ཞེས་བྱ་བ་ནི། མྱ་ངན་ལས་འདས་པའོ། །འདས་པ་ནི་གང་གི་དུས་ཤེ་ན། དཔྱིད་ཟླ་ར་བའི་གནམ་སྟོང་ གི་ནུབ་མོའོ། །རྒྱལ་པོའི་ཁབ་ཅེས་བྱ་བ་ནི། དན་ཏ་ཀའི་གྲོང་ཁྱེར་དང་། ཀ་ལིང་ཀའི་གྲོང་ཁྱེར་དང་། མ་ག་ཏའི་གྲོང་ཁྱེར་དང་གསུམ་པོ་ཡོད་པ་ལས། མ་ག་ཏའི་གྲོང་ཁྱེར་ན། དྲང་སྲོང་སྒོམ་ཆེན་གཅིག་ཡོད་པ་ལས། བྱིས་པ་གཅིག་གིས་གནོད་པ་བྱས་པས། དྲང་ སྲོང་གི་ཁ་ནས་མེ་བྱུང་བས། གྲོང་ཁྱེར་གསུམ་པོ་ཚིག་པས་དུར་ཁྲོད་གསུམ་དུ་གྱུར། དེའི་ཚེ་ལྷའི་བུ་ཤེད་ལས་སྐྱེས་དང་། ཤེད་བུ་གྲོགས་གཉིས་བྱུང་སྟེ། འཇིག་རྟེན་གྱི་མི་རྣམས་བྱུང་སྟེ། དང་པོ་སའི་བཅུད་ཟ། གཉིས་པ་བདུད་རྩིའི་ཞག་ཟ། གསུམ་པ་མྱུ་གུ་ ཟ། བཞི་པ་འབྲས་སཱ་ལུའི་ལྗང་པ་ཟ་བ་ལ། སེམས་ཅན་དེ་རྣམས་མ་མཐུན་ནས། སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་ཚོགས་ཤིང་འདུས་པ་ལ། བདག་ཅག་གི་ནང་ནས་སེམས་ཅན་ལྷག་པར་གཟུགས་བཟང་བ། ལྷག་པར་ལྟ་ན་སྡུག་པ། ལྷག་པར་ མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ནི། བདག་ཅག་གི་ཞིང་རྣམས་ཀྱི་བདག་པོར་བསྐོས་དང་། དེས་བདག་ཅག་ཆད་པ་གཅད་པར་བྱ་བ་ནི་ཆད་པས་གཅོད་པར་འགྱུར། ཕན་གདགས་པར་བྱ་བ་རྣམས་ལ་ཕན་འདོགས། བདག་ཅག་གི་ཞིང་ དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། དེ་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ་ཟེར་ནས། དེ་རྣམས་ཀྱི་ནང་ནས་ལྷག་པར་གཟུགས་བཟང་བ། ལྷག་པར་མཛེས་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་གང་ཡིན་པ་དེ་ཞིང་རྣམས་ཀྱི་བདག་པོར་བསྐོས་ཏེ། འདི་སྐད་ཅེས་ཀྱེ་ སེམས་ཅན་ཁྱོད་ཚུར་ཤོག །ཁོ་བོ་ཅག་ལས་ཆད་པ་གཅད་པར་འོས་པ་རྣམས་ལ་ཆད་པ་ཆོད་ཅིག་ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་ཐོགས་ཤིག །ཁོ་བོ་ཅག་གི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། ཁྱོད་ལ་ཁོ་བོ་ཅག་གིས་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ། ། དེས་དེ་རྣམས་ལ་ཆད་པ་གཅོད་པར་བྱ་བ་ལ་ནི་ཆད་པ་གཅོད། ཕན་གདགས་པར་བྱ་བ་རྣམས་ལ་ནི་ཕན་འདོགས་པར་བྱེད་ཅིང་དེ་ལ་དེ་རྣམས་ཀྱི་ཞིང་དག་ལས་འཁྲུངས་པ་གང་ཡིན་པ་དེ་ལས། ཆོས་བཞིན་དུ་ཐོག་ཤས་འབུལ་ཏེ། སྐྱེ་བོའི་ཚོགས་ཆེན་པོས་བཀུར་ཞིང་། སྐྱེ་བོའི་ཚོགས་ཆེན་པོ་མང་པོས་བཀུར་བས་མང་པོས་བཀུར་བ་ཞེས་གྲགས་སོ། །ཞིང་དེ་རྣམས་ཀྱི་བདག་པོར་གྱུར་པ་ན། ཉམས་པ་ལས་སྐྱོ་བར་བྱེད་པས་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་གྲགས་སོ། །ཆོས་ཀྱིས་མགུ་བར་བྱེད་ཅིང་། ཚུལ་ཁྲིམས་ཉམས་སུ་བླངས་ ཏེ་གནས། ཤེས་རབ་ཉམས་སུ་བླངས་ཏེ་གནས་པས། རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །མི་རྣམས་ནི་བསོད་ནམས་རྟག་པར་བྱ་བའི་ཕྱིར། འབྲས་སཱ་ལུ་ལྗང་པ་དགོས་སོ། །འཇག་མའི་སྤྱིལ་བོ་ལ་མེ་མི་གཏང་བའི་ཁྲིམས་བཅས་སོ། །དེ་ནས་དུས་ནམ་ཞིག་ ན་རྒྱལ་པོའི་བཙུན་མོས་མེ་ཤོར་བས་རྒྱལ་པོ་ན་རེ་རང་གི་ཁྲིམས་རང་གིས་བཤིག་ཏུ་མི་བཏུབ་པས། བྱ་རྒོད་ཕུང་པོའི་རིའི་ནུབ་ཕྱོགས་སུ་ངའི་ཁྱིམ་ཅིག་རྩིགས་ཤིག་གསུངས་སོ། །དེ་ནས་བརྩིགས་པས། ཉིན་མོ་བརྩིགས་པ་ནུབ་མོ་ཞིག་པ་ལ། རྒྱལ་པོའི་ཞལ་ནས་ང་བསོད་ནམས་ ཁྱད་པར་དུ་འཕགས་པ་ཡིན་པས། ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ། །བྲིས་ཤིག་གསུངས་པས། ཕྱོགས་བཞིར་རྒྱལ་པོའི་ཁབ་ཡིན་ནོ་ཞེས་བྲིས་པས། མི་མ་ཡིན་གྱི་གནོད་པ་ཞིའོ། །དེ་ནས་ཕོ་བྲང་བཻ་ཌཱུརྱ་ཞེས་བྱ་བར་ཀྱང་གྲགས་སོ། །རྒྱལ་པོའི་ཁབ་ཀྱི་ཚད་ནི་གཞན་དུ་ ཤེས་པར་བྱའོ། །བྱ་རྒོད་ཕུང་པོའི་རི་ཞེས་བྱ་བ་ནི། གཞལ་ཡས་ཁང་ངོ་། །ཅིའི་ཕྱིར་གཞལ་ཡས་ཁང་ཞེ་ན། སངས་རྒྱས་རབས་བདུན་བཞུགས་ནས་ཆོས་གསུངས་པའི་ཕྱིར་རོ། །བྱ་རྒོད་ཕུང་པོའི་རི་ནི་བརྩེགས་པའོ། །ཅིའི་ཕྱིར་བརྩེགས་ཤེ་ན། རིན་པོ་ཆེ་སྣ་བཞི་ལས་ གྲུབ་པའི་ཕྱིར་རོ། །གསེར་དང་། དངུལ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལའོ། །རི་རབ་དེ་དེ་བཞིན་དུ་བརྒྱན་པས་གཞལ་ཡས་ཁང་ངོ་། །རི་རབ་དེའི་ཚད་ནི་འདི་ལྟ་སྟེ། མཐོ་བ་ཟླུམ་པ། གནམ་འཕང་དང་། རྒྱར་ཡངས་པ། ལོ་ཏོག་ཐམས་ཅད་ཀྱི་ས་འཛིན་མེ་ཏོག་ དང་། ཕྲེང་བ་དང་། སྤོས་རྣམ་པ་སྣ་ཚོགས་དང་ལྡན་པའོ། །དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཞེས་བྱ་བ་ནི། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་དུ་སྦྱོར་བ། ཆད་པ། ཡང་དག་པའི་ཡེ་ཤེས་ སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས། རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་འོད་སྲུངས་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་། དེ་དག་ལ་སོགས་པ་ཉན་ཐོས་རབ་ཏུ་མང་པོ་དང་། དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟ་ལ་སོགས་པ་མང་པོ་འདུས་པའོ། །ཐབས་ཅིག་ཏུ་ཞེས་བྱ་བ་ནི། འཁོར་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་ཡིན་ཏེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ། བླ་ན་ མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་འཕྲུལ་པ་དང་། ཆོ་འཕྲུལ་ཆེན་པོ་ཀུན་དུ་སྟོན་པ་དང་། སེམས་ཀྱིས་སྐད་ཅིག་ཐང་ཅིག་ཡུད་ཙམ་ ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་། སྤྱོད་པའི་རྗེས་སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་མཉམ་ཞིང་རྒྱ་ཆེ་ལ་ཟབ་པ་དང་། སྤོབས་པ་དང་། ཆོ་འཕྲུལ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་ མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་། བཏང་ སྙོམས་དང་། བྱམས་པའི་སྟོབས་དང་། དབེན་པ་དང་། ཡོངས་སུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་དང་། ནམ་མཁའི་སྙིང་པོ་དང་། ཕྱག་ན་རྡོ་རྗེ་དང་། འཇིག་རྟེན་དབང་ཕྱུག་ དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ཀུན་དུ་བཟང་པོ་དང་། ཉི་མ་གྲགས་པ་དང་། ཟླ་བའི་གྲགས་པ་དང་། རྡོ་རྗེའི་སྙིང་པོ་དང་། རྡོ་རྗེ་གྲགས་དང་། འཇམ་དཔལ་གྲགས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ སོགས་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞི་དང་ཐབས་ཅིག་ཏུའོ། །བཞུགས་ཏེ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་འདིར་ཆོས་ཀྱི་འཁོར་ལོ་ཤིན་ཏུ་བསྐོར་བ་དང་། སངས་རྒྱས་ཀྱི་མཛད་པ་ཤིན་ཏུ་ཡོངས་སུ་རྫོགས་པར་མཐར་ ཕྱིན་པ་དང་། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་ནི་ཤིན་ཏུ་ཡོངས་སུ་རྫོགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་། ས་མཉེས་པ་ནི་ཤིན་ཏུ་ཡོངས་སུ་གཟུང་། རིན་པོ་ཆེ་རྡོ་རྗེ་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་ནི་བཞུགས་ཏེ། སེང་གེའི་ཁྲི་ ནི་གང་ཞེ་ན། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་གང་དུ་གཤེགས་པའི་ས་ན་ཡོད་པའོ། །རིན་པོ་ཆེ་དང་། རྡོ་རྗེ་པདྨའི་ཁྲི་བྱ་རྒོད་ཀྱི་ཕུང་པོའི་རི་མཛེས་པ་དང་། རིན་པོ་ཆེ་དང་། མུ་ཏིག་དང་། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སི་ལི་སི་ལིའི་སྒྲ་འབྱུང་བ། རྡོ་རྗེ་དང་། རིན་པོ་ཆེ་དུ་མའི་སྟེགས་བུ་ལ། རྩ་བ་ལེགས་པར་བརྟན་པ། རྡོ་རྗེ་དང་། རིན་པོ་ཆེ་དུ་མའི་ཆུ་སྲིན་གྱི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་དང་། འདབ་མའི་རྣམ་རྟེན་བཅུག་པ། རིན་པོ་ཆེ་དུ་མའི་པདྨའི་སྙིང་པོ་ལ་ཆགས་པའི་རིན་པོ་ཆེ་ཀེ་ཀེ་རུ་དང་། ཀེ་ཀེ་རུ་ ཆེན་པོ་དང་། ཨིནྡྲ་ནཱི་ལ་དང་། ཨིནྡྲ་ནཱི་ལ་ཆེན་པོ་དང་། མདུན་ནས་འོད་ཟེར་ཆེན་པོ་བར་སྣང་ལ་ཁྱབ་པས་ཀུན་དུ་མཛེས་པ་དང་། རིན་པོ་ཆེ་དང་། རྡོ་རྗེའི་ཐུར་མས་བརྒྱན་པའི་གདུགས་ཡུ་བས་བསྟོད་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གྲིབ་མར་བསྒྲིབས་ཤིང་བསྐྱབས་ པ། དཔག་བསམ་གྱི་ཤིང་དུ་མས་བརྒྱན་པར་མཛེས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་བྱ་རྒོད་ཀྱི་ཕུང་པོའི་རྩེ་མོ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་འབར། ས་ཕྱོགས་ནི་ཉི་མ་སྟོང་པས་ལྷག་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་ནི་སྡུག་པར་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ལས་ནི་ངེས་པར་རྒྱལ། དེ་ཁོ་ན་ཐམས་ཅད་མཁྱེན་པ་ཉིད་ཐུགས་སུ་ཆུད། སྤྱན་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང་། སྒྲ་དང་ཚིགས་སུ་བཅད་པ་ནི་འཕགས། ཁྱུ་མཆོག་དང་སེང་ གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ། དཔག་ཏུ་མེད་པར་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་ དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྤྱད་པས་མངོན་པར་གྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྐུ་བརྒྱན་པར་མཛེས་ཤིང་། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་ པའོ། །རིག་སྔགས་ཀྱི་རྒྱལ་མོ་བསིལ་བའི་ཚལ་གྱི་གནས་དང་། འཁོར་ཕུན་སུམ་ཚོགས་པའི་གནས་སྐབས་ཏེ་དང་པོའོ།། །།དེའི་ཚེ་ན་ཞེས་བྱ་བ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་པའི་ཚེའོ། །ཚེ་དང་ལྡན་པ་སྒྲ་ གཅན་ཟིན་ཞེས་བྱ་བ་ནི། གཞོན་ནུ་ལ་རབ་ཏུ་བྱུང་བ། འདུལ་བའི་བྱ་བ་མང་པོ་མི་ཤེས་པ། ང་རྒྱལ་གྱིས་ཁེངས་ཤིང་སངས་རྒྱས་ཀྱི་སྲས་ཡིན་སེམས་ནས་ཆོས་ལ་མ་ཆུད་དོ། །རྒྱལ་པོའི་ཁབ་ཀྱི་དུར་ཁྲོད་ཆེན་པོ་བསིལ་བའི་ནགས་ན་ཞེས་བྱ་བ་ནི། དཔག་ཚད་བརྒྱ་ཡོད་ པ། འཇིགས་སུ་རུང་བ། རོ་དང་། རོ་ལངས་དང་། ཅེ་སྤྱང་དང་། སྟག་དང་། སྦྲུལ་དང་། སེང་གེ་དང་། ཡི་དྭགས་དང་། ཤ་ཟ་དང་། འབྱུང་པོ་རྣམས་ཀྱིས་རོ་ལ་མ་མཐུན་ཞིང་། ཕར་འགྲད་ཚུར་འགྲད་བྱས་ཤིང་སྐད་རྣམ་པ་སྣ་ཚོགས་ འདོན་པ་དང་། ཅེ་སྤྱང་རྣམས་འཐབ་པའི་སྐད་འཇིགས་སུ་རུང་བ་དང་། ཀེང་རུས་དང་། མགོ་དང་། པགས་པ་དང་། ལག་པའི་སོར་མོ་དང་། རྐང་པའི་དུམ་བུ་དང་། རོའི་དུམ་བུ་དང་། གསལ་ཤིང་ལ་བསྐྱོན་པ་དང་། ཤིང་ལ་བཏགས་ནས་མགོ་གཞུག་ ཟློག་པའི་རོ་དང་། མན་མཁལ་ལྕགས་ཀྱུས་ཕིགས་ནས་ཤིང་ལ་བཀའ་བའི་རོ་དང་། མཚོན་གྱིས་དུམ་བུར་བྱས་ཤིང་། ཁ་ཡོ་བ་དང་། མིག་ཡར་ལ་བལྟས་ཤིང་ཤི་བ་དང་། རོ་མི་གཅིག་པ་སྣ་ཚོགས་ཀྱིས་ཁེངས་ཏེ། དུར་ཁྲོད་ཤར་ན་བ་ཏྲའི་ནགས་ཚལ་ཡོད་དེ། ནགས་ ཚལ་གྱི་ནང་ན་ལྷའི་གདོན་མ་རུངས་པ་ཐམས་ཅད་གནས་པའོ། །ལྷོ་ཕྱོགས་ན་ཀ་རཉྫ་ཀའི་ནགས་ཚལ་ཡོད་དེ། གཤིན་རྗེ་དང་། གྲུལ་བུམ་དང་། མཁའ་འགྲོ་གནས་ཏེ། ནུབ་ཕྱོགས་ན་ལ་དའི་ནགས་ཚལ་ཡིན་ཏེ། འདབ་ཆགས་བྱ་དང་། ནམ་མཁའ་ལྡིང་དང་། ཀླུའི་ གདོན་གནས་པའོ། །བྱང་ཕྱོགས་ན་བྲང་ཀི་ཊཱིའི་ནགས་ཚལ་ཡོད་དེ། ནགས་ཚལ་དེའི་ནང་ན། གནོད་སྦྱིན་དང་། ཤ་ཟ་དང་། གདོན་མ་རུངས་པ་ཐམས་ཅད་གནས་པའོ། །ཤར་ལྷོ་མཚམས་ན་ཙུ་ཏའི་ནགས་ཚལ་ཡོད་དེ། མེ་ལྷ་དང་། བརྗེད་བྱེད་དང་། སྨྱོ་བྱེད་ལ་སོགས་ པའི་གདོན་རྣམས་གནས་པའོ། །ལྷོ་ནུབ་མཚམས་ན་ཨུ་དུམྺཱ་རའི་ནགས་ཚལ་ཡོད་དེ། དེའི་ནང་ན་སྲིན་པོའི་གདོན་དང་། མ་མོའི་གདོན་ལ་སོགས་པའོ། །ནུབ་བྱང་གི་མཚམས་ན་ནྱ་གྲོ་དྷའི་ནགས་ཚལ་ལ་རླུང་གི་གདོན་དང་། ལྷ་མ་ཡིན་ལ་སོགས་པ་གནས་པའོ། །བྱང་ཤར་ གྱི་མཚམས་ན་ཏ་ལའི་ནགས་ཚལ་ཡོད་དེ། དེའི་ནང་ན་དབང་ལྡན་གྱི་གདོན་དང་། འབྱུང་པོ་ཐམས་ཅད་གནས་པའོ། །དེ་བཞིན་དུ་དེ་དག་ལ་སོགས་པ་ཤིང་སྣ་ཚོགས་ཀྱིས་ཁེངས་ཤིང་འབྱུང་པོ་དང་། ཤ་ཟ་དང་། རོ་ལངས་དང་། བར་སྣང་ལ་རྒྱུ་བའི་བྱ་དང་། བྱ་རོག་ དང་། འུག་པ་དང་། བྱ་རྒོད་དང་། ཁྲུང་ཁྲུང་དང་། དེ་བཞིན་དུ་ཀ་རཎྜ་ལ་སོགས་པ་ཡང་། རྟག་ཏུ་འགྱུར་ཞིང་རོ་ལ་རྒོད་དེ། གཞན་ཡང་བྱ་ལ་སོགས་པ་སྐད་སྣ་ཚོགས་འདོན་པས་འཇིགས་སུ་རུང་སྟེ། ས་སྲིན་དང་། ས་བདག་ལ་སོགས་པ་ཡང་དེ་བཞིན་ཏེ། དངོས་གྲུབ་ ཐོབ་པ་དང་། རྣལ་འབྱོར་པའི་ཚོགས་མང་པོ་དང་། རོ་ལ་རྒོད་ཅིང་ཟ་འདོད་པའི་ཚོགས་དང་། དངོས་གྲུབ་འདོད་པས་སྒོམ་པ་ཡང་ཤ་སྟག་གོ། །ཡི་དགས་དང་། ཤ་ཟ་དང་། བྱ་དང་། རྣལ་འབྱོར་པའི་ཚོགས་ཀྱིས་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་། ཧི་ཧི་དང་ཧ་ཧ་དང་། ཀཱི་ལི་ ཀཱི་ལིའི་སྒྲ་སྒྲོགས་ཤིང་། འཇིགས་སུ་རུང་བ་དུར་ཁྲོད་བསིལ་བའི་ཚལ་ན་འབྱུང་པོ་རྣམས་གནས་སོ། །དེ་ནས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་གྱི་ཤར་ཕྱོགས་ན། དེ་ནས་དཔག་ཚད་ལྔ་ན། ན་ལེནྡྲའི་གྲོང་ཁྱེར་ཆེན་པོའོ། །དེའི་ལྷོ་ཕྱོགས་དཔག་ཚད་གཉིས་ན། གྲོང་ཁྱེར་ ཡངས་པ་ཅན་གནས་པའོ། །དེའི་ནུབ་ཕྱོགས་དཔག་ཚད་ཕྱེད་དང་གཉིས་ན་ཀ་ལིངྐའི་གྲོང་ཁྱེར་གནས་པའོ། །དེའི་བྱང་ཕྱོགས་ན། དཔག་ཚད་གཅིག་ལ་བྱ་རྒོད་ཀྱི་ཕུང་པོ་དང་། རྒྱལ་པོའི་ཁབ་ན་གནས་པའོ། །བྱ་རྒོད་ཕུང་པོ་དང་། རྒྱལ་པོའི་ཁབ་ཀྱི་བར་ན་རྒྱང་ གྲགས་གཅིག་གོ། །དེ་བཞིན་དུ་གྲོང་དང་གྲོང་རྡལ་དང་། གྲོང་ཁྱེར་དང་། ལྗོངས་དང་། གཞན་ཡང་མང་པོའོ། །བུད་ཤིང་ཆེན་པོ་སུའི་ཕྱོགས་ན་འདུག་གོ་ཞེས་བྱ་བ་ནི། ང་རྒྱལ་ཆེ་ཞིང་ཉན་ཐོས་ཙམ་ལ་འགྲན་ཏེ། ང་ཡང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ སྲས་ཡིན་སེམས་ནས། ཐོས་པ་མི་བྱེད་ཅིང་། བཅོམ་ལྡན་འདས་ལ་ཞུ་བ་མི་འབུལ་ཞིང་། རང་མཐོང་གི་ང་རྒྱལ་གྱིས། ངས་ནི་དགྲ་བཅོམ་པ་གྲུབ་པར་བྱ་ཡི་སྙམ་ནས་དུར་ཁྲོད་བསིལ་བའི་ཚལ་དུ་ཕྱིན་ཏོ། །དེར་འདི་ལྟ་སྟེ་ཞེས་པ་ནི། བསྒོམ་མོ་སྙམ་ནས་བསྡད་པ་ དང་། མ་རུངས་པའི་འབྱུང་པོ་རྣམས་ཀྱིས་འཚེ་བར་བྱས་སོ། །ལྷའི་གདོན་དང་། ལྷ་མ་ཡིན་གྱི་གདོན་རྣམས་དང་ཞེས་བྱ་བ་ནི། ལྷ་དང་དྲང་སྲོང་གང་གནས་པ། དེ་དག་ཐམས་ཅད་མི་བཟད་ཅིང་། །འཇིགས་པའི་སེམས་ཀྱིས་ཉན་བྱེད་པ། །བྱེ་བ་སྟོང་གི་ལྷ་དག་དང་། ། བྱེ་བ་ཕྲག་བརྒྱའི་ལྷ་རྣམས་དང་། །ལྷ་ཡི་བུ་མོ་སྐལ་ཆེན་དང་། །ཐགས་བཟངས་རིས་དང་སྒྲ་གཅན་དང་། །ལྷ་མིན་བྱེ་བ་ཕྲག་སྟོང་དང་། །ལྷ་མིན་བྱེ་བ་ཕྲག་བརྒྱ་དང་། །དེ་དག་བུ་མོ་འཕྲུལ་ལྡན་པ། །རྣམ་པ་སྣ་ཚོགས་གཟུགས་སྤྲུལ་ལ། །དེ་བཞིན་ སྐད་ཀྱང་སྣ་ཚོགས་འདོན། །གཞོན་ནུ་སྒྲ་ཟིན་རྩར་བསྡད་ནས། །འཚེ་བར་བྱས་ཏེ་སྡིག་པ་རྣམས། ལྷའི་གདོན་རྣམས་དང་། ལྷ་མ་ཡིན་གྱི་གདོན་རྣམས་ཀྱིས་ཀྱང་། འདུག་ཏུ་མི་སྟེར་ཞིང་དྲག་ཤུལ་བསྟན་ཏོ། །ཀླུའི་གདོན་རྣམས་དང་། གནོད་སྦྱིན་གྱི་གདོན་ རྣམས་དང་ཞེས་བྱ་བ་ནི། རབ་ཏུ་གནས་ན་རྒྱ་མཚོ་དང་། །ཀླུ་ཡི་རྒྱལ་པོ་གཟི་ཅན་དང་། །ཀླུ་ཡི་རྒྱལ་པོ་མ་དྲོས་དང་། །དགའ་བོ་ཉེ་དགའ་གཉིས་པོ་དང་། །རྡོ་རྗེ་བློ་གྲོས་པཀྵུ་དང་། །གངྒཱ་དགའ་བོ་སིན་དྷུ་མཚོ། །བྱ་ཡི་རྒྱལ་པོ་འདབ་བཟང་དང་། །རྒྱ་མཚོ་ཆེན་པོ་ འཁྲུག་བྱེད་དང་། །རིགས་ནི་ཀླུ་ནི་ཀླུ་བཞི་དང་། །ས་སྲིན་ས་བདག་ཟ་བྱེད་དང་། །མ་རུངས་བྱེད་ཅིང་ཁྲོ་བ་དང་། །གདུག་པ་བྱེད་ཅིང་འཚེ་བྱེད་དང་། །སྟོང་ཕྲག་བྱེ་བའི་ཀླུ་ཡི་གདོན། །བྱེ་བ་བརྒྱ་ཡི་ཀླུ་དག་དང་། །དེ་ཡི་བུ་མོ་སྐལ་ཆེན་རྣམས། །རྟག་ཏུ་སེམས་ཅན་ གནོད་པར་བྱེད། །གནོད་སྦྱིན་མ་རུངས་མདངས་འཕྲོག་པ། །སྙིང་རྗེ་མེད་ཅིང་ཁྲག་འཐུང་བ། །གསུས་ཆེན་འཇིགས་པ་ཆེན་པོ་སྟེ། །སྟོབས་པོ་ཆེ་ལ་སྒྲ་ཡང་ཆེ། །མགྲིན་བཅུ་པོ་ལ་མིག་སྟོང་པོ། །གདོན་ཆེན་མིག་ནི་དམར་པོ་རྣམས། །འཁོར་ནི་མང་པོ་རྣམས་གཏང་སྟེ། ། ལག་ན་མཚོན་ཐོགས་རབ་ཏུ་འཇིགས། །སྦྲུལ་གྱི་ཞགས་པ་ཐོགས་པ་དང་། །ལག་བཞི་ལག་ན་སྒྲོན་མ་ཐོགས། །ལག་ན་མཚོན་དང་མི་ལྤགས་ཐོགས། །རྡོ་རྗེ་མདུང་རྩེ་ལག་ན་ཐོགས། །རབ་ཏུ་གྲགས་པའི་གཏམ་བརྒལ་ནས། །ཕྱོགས་ཀུན་ དུ་ནི་གྲགས་པར་བྱེད། །དེ་ཡི་གནས་ན་འགོད་པ་ཡི། །ཟབ་མོ་ཡི་ནི་རྟག་ཏུ་བསྐྱང་། །མི་ཡི་འཇིག་རྟེན་འདི་དག་ཏུ། །སྐྱེས་པ་བུད་མེད་རྣམས་ཀྱང་འཛིན། །ཤ་ཁྲག་དྲོན་མོར་བཅས་པ་ལ། །རྣམ་པར་འཁྲུལ་ཅིང་འདོད་པའི་གཟུགས། །གནོད་སྦྱིན་དེ་དག་མ་རུངས་པ། ། སེམས་ཅན་རྣམས་ལ་འཚེ་བར་བྱེད། །གཞོན་ནུ་སྒྲ་ཟིན་བསྒོམ་པ་ལ། །དྲག་ཤུལ་གྱིས་ནི་གནོད་པ་བྱས། །ཀླུའི་གདོན་དང་གནོད་སྦྱིན་གྱི་གདོན་གྱིས་བསྒོམ་པར་མི་སྟེར་ཞིང་དྲག་ཤུལ་གྱིས་འཚེ་བར་བྱས་སོ་ཞེས་བྱ་བའོ། །སྲིན་པོའི་གདོན་རྣམས་དང་མི་འམ་ཅིའི་གདོན་ རྣམས་དང་ཞེས་བྱ་བ་ནི། །མི་འམ་ཅི་དང་སྲིན་པོ་དང་། །རྣམ་པ་སྣ་ཚོགས་གཟུགས་བསྟན་པ། །ཁ་ཅིག་མཚོན་གྱིས་རབ་ཏུ་འཚེ། །ལུས་དང་འབྲལ་བ་དག་ཏུ་སྣང་། །རྣམ་པར་འཁྲུགས་ཤིང་འདོད་ལ་མོས། །རྒྱུ་མའི་ཕྲེང་བས་ཀུན་དུ་དཀྲིས། །རྩེ་གསུམ་ མདུང་གིས་རབ་འདེབས་ཤིང་། །སྲོག་ཆགས་རྣམས་ལ་གནོད་པར་བྱེད། །མི་བཟད་པ་ཡི་དབུགས་འབྱིན་ཅིང་། །སྐྱེ་དགུ་འདི་དག་སྐྲག་པར་བྱེད། །སྲོག་ཆགས་རྒྱུད་ནི་ཇི་སྙེད་པ། །སྣ་ཚོགས་ཀྱི་ནི་གཟུགས་སུ་སྣང་། །ཁ་ཅིག་དག་ནི་རི་ཡང་ཐོགས། །ལ་ལ་ རལ་གྲི་འཁོར་ལོ་ཐོགས། །བགེགས་ནི་བརྒྱ་ཕྲག་སྟོང་རྣམས་ཏེ། །དབྱུག་པས་བསྡིགས་ཤིང་ཁ་དྲག་པོ། །མིག་ཕྱུང་བ་ལ་བཞིན་མི་སྡུག །སྲིན་པོ་སོ་ནི་རྣོ་བ་དང་། །སྣ་དང་རྣ་བ་བཅད་པ་དང་། །ལྕེ་བཅད་གདོང་ནི་གཉེར་མ་ཅན། །རྐང་ལག་དག་ནི་འཁུམས་པ་དང་། ། མགོ་བོ་བཅད་པའི་སྲིན་པོ་རྣམས། །སྐབས་ནི་རབ་ཏུ་འཚོལ་བར་བྱེད། །སྡིག་པ་ཅན་རྣམས་གཟི་བརྗིད་འཕྲོག །མི་དག་གི་ནི་ལུས་རྣམས་ལ། །རབ་ཏུ་ཕྲ་བའི་གདོན་དུ་སྣང་། །སྤུ་ཡི་བར་དང་གནད་རྣམས་དང་། །དེ་བཞིན་རྨ་ཡི་ཁ་རྣམས་ཟླུམ། །སྲིན་པོ་མིའམ་ཅིའི་གདོན་རྣམས་ ཀྱིས། །འཚེ་བ