Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 72
Văn bản gốc(Tây Tạng)
Trang 16 / 21 (50.000 ký tự/trang)
ཏེ་ཉི་ཤུ་རྩ་དྲུག་པའོ།། །།དགེ་སློང་ས་རི་དགེ་བར་གྱུར་ཅིག་ཅེས་བྱ་བ་ནི། སངས་རྒྱས་ཤཱཀྱ་ཐུབ་པའི་བཀས། རིག་སྔགས་ཀྱི་གཟི་བརྗིད་ཀྱིས། དགེ་སློང་ས་རི་མཆེ་བའི་དུག་གིས་ཟིན་པ་བདེ་བའོ། །ཚེ་དང་ལྡན་པ་ཀུན་དགའ་ བོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ་བྱ་བ་ནི། དགེ་སློང་ས་རི་ནི་མཆེ་བའི་དུག་གིས་ཟིན་ཅིང་དྲན་པ་མ་རྙེད་པར་ཡོད་པ། ལུས་ཀྱང་ཁ་དོག་འགྱུར་ཞིང་ཁ་ནས་དབུགས་ཀྱང་མི་ཐོན་པ། ཁ་ནས་དབུ་བ་འཛག་པ། ལུས་རེངས་ཤིང་མིག་དཀར་ལོག་ གིས་སོང་བ་མཐོང་ནས། སྙིང་རྗེ་སྐྱེས་ནས་སངས་རྒྱས་ལ་དྲིས་པ་སྟེ། དེའི་ཐབས་བསྲུང་བའི་ཕྱིར་ན། སངས་རྒྱས་ལ་བདེ་ལེགས་ཕུལ་བའོ། །བཅོམ་ལྡན་འདས་ཀྱི་ལྟར་ཉན་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་རིག་སྔགས་ཀྱི་གསང་སྔགས། སངས་རྒྱས་ཀྱིས་གསུངས་པ་བཞིན་དུ་ལུས་ངག་ཡིད་ཀྱིས་བཟུང་བའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། དགའ་བའི་སེམས་བྱས་ནས་སངས་རྒྱས་ཀྱི་བཀའ་ལ་ཉན་ནས། དགེ་སློང་ས་རིའི་དོན་དུ་རྐང་པ་ཕྱིར་བོར་ ཏེ། དགེ་སློང་ས་རི་ལ་ཁ་བལྟས་པའོ། །དགེ་སློང་ས་རི་ག་ལ་བ་དེར་སོང་སྟེ། ཕྱིན་པ་དང་ཞེས་བྱ་བ་ནི། ཡུལ་མཉན་ཡོད་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་འདུན་གྱི་བསྲོ་ཁང་བགྱི་བའི་སླད་དུ་ཤིང་གཤེགས་པས་ཤིང་རུལ་བའི་ས་ཁ་ན་དགེ་སློང་ས་རི་ནད་ཀྱིས་ཐེབས་པའོ། །རིག་ སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས། དགེ་སློང་ས་རི་ལ་ཆད་པ་སྤང་བ་བྱ་སྟེ་ཞེས་བྱ་བ་ནི། ཐོག་མ་དང་ཐ་མ་དང་ད་ལྟར་མེད་པའི་རང་བཞིན། རིག་སྔགས་ཀྱི་གཙོ་མོར་གྱུར་པ། ཐུགས་རྗེ་ཅན་གྱི་རིག་སྔགས་ཀྱི་གསང་སྔགས་ལ། ཀླུའི་ཁ་རླངས་ཀྱི་དུག་ལས་བྱུང་བ་མཆེ་བའི་ དུག་གིས་ཆད་པ་སྤང་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། དུག་ལས་སྐྱབས་ཏེ། གཞན་བར་ཆད་བྱུང་བ་ལ་ཡང་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། དུག་གི་བཟུང་བ་ལས་ཕྲལ་ཏེ། དུག་དེས་མི་ཚུགས་པའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། དུག་དང་གཞན་གྱི་འཇིགས་ པ་རྣམས་དང་ཕྲལ་ཏེ་བསྐྱང་བའོ། །ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། དུག་ནད་དེ་རྣམས་ལས་ཞི་བ་སྟེ། དེའི་ནད་ཀུན་བོར་ནས་ལུས་ཀྱི་ན་ཚ་མེད་པར་བདེ་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། དུག་གི་ཆད་པ་སྤང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། འབྱུང་པོ་རྣམས་ཀྱི་ མཚོན་ཆ་སྤང་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། མཆེ་བའི་དུག་གཞིལ་བའོ། །དུག་གསད་པ་དང་ཞེས་བྱ་བ་ནི། དུག་བྱུང་བ་གསད་པས་དུག་གཞན་འོང་བར་མི་ནུས་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱིས་གཞན་གྱི་བར་ཆོད་བྱུང་བ་ལས་བསྲུང་བའོ། །ས་བཅིང་བ་ བྱས་ཏེ་ཞེས་བྱ་བ་ནི། དེ་བཞིན་དུ་ས་གཞི་ཡང་བསྲུང་བའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བསྲུང་བ་དང་ཞེས་བྱ་བ་ནི། བྱམས་པ་དང་སྙིང་རྗེའི་སྟོབས་ཀྱིས་དགེ་སློང་ས་རི་ལ་སངས་རྒྱས་ཀྱི་བཀའ་བཞིན་དུ་བསྲུང་བའོ། །བདེ་ལེགས་སུ་འགྱུར་བར་བྱས་པས་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོས་ དགེ་སློང་ས་རི་ལ། དུག་གི་ནད་ལས་བདེ་བར་བྱས་པའོ། །ཚེ་དང་ལྡན་པ་དགེ་སློང་ས་རི་ནད་དེ་ལས་སོས་སོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་དགེ་སློང་ས་རི་ལ་དུག་གི་ནད་ཀྱི་རྐྱེན་བྱུང་སྟེ། སངས་རྒྱས་ཀྱི་བཀའ་དང་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀུན་དགའ་བོའི་ལས་ཀྱིས་བདེ་བའོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་ བོ་དང་། ཚེ་དང་ལྡན་པ་དགེ་སློང་ས་རི་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་ཞེས་བྱ་བ་ནི། དེ་གཉིས་ནི་ལུས་ངག་ཡིད་བདེ་བ་སངས་རྒྱས་ཀྱི་ཐབས་བསམ་གྱིས་མི་ཁྱབ་ལ། ཡེ་ཤེས་དང་གཟི་བརྗིད་ཀྱང་དེ་བཞིན་ཏེ། ཆོས་དེའི་ནུས་པས་སེམས་ཅན་ཐམས་ཅད་ལ་བདེ་བའོ། །དེའི་ཕྱི་ནས་སངས་ རྒྱས་ཀྱི་སྤྱན་སྔར་ཕྱིན་པའོ། །བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཞེས་བྱ་བ་ནི། གུས་པར་བྱས་ནས་ལན་གསུམ་བསྐོར་བ་བྱས་ཏེ། མགོ་བོས་ཕྱག་འཚལ་བའོ། །ཇི་ལྟར་གྱུར་པ་ཐམས་ཅད་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་གནང་སྟེ། ཕྱོགས་གཅིག་ཏུ་ འཁོད་དོ་ཞེས་བྱ་བ་ནི། མཆེ་བའི་དུག་གིས་ཟིན་པའི་ལོ་རྒྱུས་ནི། བཅོམ་ལྡན་འདས་ལ་ཞུ་བ་ཕུལ་ནས། ཀུན་དགའ་བོ་དང་དགེ་སློང་ས་རི་གཉིས། བཅོམ་ལྡན་འདས་ཀྱི་མདུན་དུ་འཁོད་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། དགེ་སློང་ས་རི་སྦྲུལ་ནག་པོས་ཟིན་པའི་གནས་སྐབས་ཞེས་བྱ་བ་ སྟེ། ཉི་ཤུ་རྩ་བདུན་པའོ།། །།དེ་ནས་ཞེས་བྱ་བ་ནི། དགེ་སློང་ས་རི་བདེ་བའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་ཀུན་དགའ་བོ་ལ་ཡང་ནས་ཡང་དུ་བཀའ་སྩལ་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། འཁོར་བཞི་དང་ སེམས་ཅན་གྱི་དོན་ལ་བཀའ་སྩལ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་པོ་འདིའི་མཐུ་མཐོང་ངམ་ཞེས་བྱ་བ་ནི། སྡེ་སྣོད་བཞིའི་རང་བཞིན། ཀུན་བརྟགས་རྣམ་པར་དག་པ། ཐབས་ཤེས་རབ་གཉིས་སུ་མེད་པ། ན་མན་ཏྲའི་རང་བཞིན་སྒྱུ་མ་ལྟ་བུ་སྟེ། གཟི་བརྗིད་དང་སྟོབས་དང་མཐུ་དང་ལྡན་ པ་སྟེ། ནམ་མཁའ་བཞིན་དུ་ཁྱབ་པ། སེམས་ཅན་རྣམས་ལ་གཉིས་སུ་མེད་པར་དོན་བྱེད་པའོ། །ཀུན་དགའ་བོས་བཅོམ་ལྡན་འདས་དེ་བཞིན་གསུངས་པ་དེ་ལ་ཕྱག་འཚལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་མཚན་ཉིད་དེ་གསུངས་པས། མགུ་བའི་སེམས་ཀྱིས་ལུས་ངག་ཡིད་ཀྱིས་སངས་རྒྱས་ལ་ མགོ་བོས་ཕྱག་འཚལ་ནས་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཞུ་བ་ཕུལ་བའོ། །འདི་སྐད་ཅེས་གསོལ་ཏོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ལ་ཀུན་དགའ་བོས་ཞུ་བ་ཕུལ་བའོ། །བཅོམ་ལྡན་འདས་ཅིའི་སླད་དུ་མ་འཚལ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདིའི་ནུས་པ་ གང་ཞིག་ཡོད་ཅེས་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་ལ་བཀའ་སྩལ་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །འདི་ལྟར་རྒྱ་མཚོ་ཆེན་པོ་བཞི་ནི་སྐམ་ཡང་སྲིད་ཅེས་བྱ་བ་ནི། རྒྱ་མཚོ་ ནི་ཐར་པ་མེད་ཅིང་རྒྱ་ཆེ་བ་སྟེ། དེ་ཡང་མེ་བདུན་གྱི་དུས་སུ་བསྐམས་ཏེ། དེ་ཡང་རྟག་པ་མེད་པའོ། །ས་ནི་ནམ་མཁའ་ལ་འཕར་ཡང་སྲིད་ཅེས་བྱ་བ་ནི། བསྐལ་པ་ཆེན་པོའི་དུས་སུ་བསྐལ་པའི་མེས་ས་རྣམས་བསྲེག་པའོ། །ཟླ་བ་དང་ཉི་མ་ནི་ས་ལ་ལྷུང་ཡང་སྲིད་ཅེས་བྱ་བ་ནི། ད་ལྟར་ ཉི་མ་དང་ཟླ་བ་སྣང་བར་འགྱུར་ཏེ། དེའི་དུས་སུ་ཡང་ཉི་མ་དང་ཟླ་བ་གཉིས་མེས་བསྲེགས་ནས། ཉི་ཟླ་གཉིས་མི་སྣང་བར་འགྱུར་རོ། །ཀླུང་ནི་རྒྱུན་ནས་ལྡོག་ཀྱང་སྲིད་ཀྱི་ཞེས་བྱ་བ་ནི་རྐྱེན་གྱི་རང་བཞིན་གྱིས་ཀླུང་དེ་ཡང་མེད་པར་འགྱུར་ཏེ། དེ་བཞིན་དུ་ས་དང་རླུང་དང་མེ་དང་ཆུ་ལ་སོགས་པ། འཇིག་རྟེན་གྱི་ཁམས་ཀྱི་སྣང་བ་འདི་ཡང་མེད་པ་སྟེ། སྒྱུ་མ་དང་རྨི་ལམ་ལྟ་བུའི་རང་བཞིན་ནོ། །དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ་ཞེས་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་ནི་བསམ་གྱིས་མི་ཁྱབ་པའོ། །མ་འོངས་པ་རྣམས་ཀྱང་དེ་བཞིན་ཏེ། ད་ལྟར་ཤཱཀྱ་སེང་གེས་བསྟན་ པའི་བདེན་པ་འདི་བསྟན་པའོ། །དེ་ནས་ཞེས་བྱ་བ་ནི། བདེན་པའི་ཚིག་གི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡང་ནས་ཡང་དུ་གསུངས་པའོ། །ཀུན་དགའ་བོ་དེ་ལྟ་བས་ན་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ཡོན་ཏན་ནི། བསམ་གྱིས་མི་ཁྱབ་ཅིང་བརྗོད་དུ་མེད་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་ཞེས་བྱ་བ་ནི། ཐུགས་རྗེ་ཆེ་ཞིང་སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །འཁོར་བཞི་པོ་ཞེས་བྱ་བ་ནི། ཉེ་བའི་འཁོར་དང་ནང་གི་འཁོར་དང་ཕྱིའི་འཁོར་རྣམས་སོ། །ཉེ་བའི་འཁོར་ནི་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ ཁྲིག་འབུམ་ཕྲག་བརྒྱད་ཅུ་རྩ་བཞིའོ། །ནང་གི་འཁོར་ནི་ཉན་ཐོས་དགྲ་བཅོམ་པ་ཉིས་བརྒྱ་ལྔ་བཅུ། དེ་ལ་སོགས་པ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའོ། །ཕྱིའི་འཁོར་ནི་ལྷ་དང་མི་ལ་སོགས་པའོ། །དགེ་སློང་མ་ཞེས་བྱ་བ་ལ་སོགས་པ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་ མོ་འདིས་སྲུང་བ་དང་སྐྱོབ་པར་བྱེད་པའོ། །ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ཏེ་ཞེས་བྱ་བ་ནི། ཀུན་དགའ་བོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པས། མགུ་ནས་ལེགས་སོ་ཞེས་ཞུ་བ་ཕུལ་བའོ། །བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས་ཞེས་བྱ་བ་ནི། སྡུད་ པ་པོ་ཀུན་དགའ་བོ་འཁོར་བཞི་ལ་བཀའ་སྩལ་པའོ། །འཁོར་བཞི་པོ་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་ཅུའོ། །ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཉིས་བརྒྱ་ལྔ་བཅུའོ། །དགེ་སློང་དང་ཞེས་བྱ་བ་ནི། དགེ་སློང་ས་རི་ལ་སོགས་པ། རྒྱལ་བུ་ རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་དགེ་སློང་ཙམ་མོ། །དགེ་སློང་མ་དང་ཞེས་བྱ་བ་ནི། སྒྲ་གཅན་འཛིན་གྱི་མ་ཤཱཀྱ་འཛིན་ལ་སོགས་པ་བརྒྱ་བཅོ་བརྒྱད་དང་ངོ་། །དགེ་བསྙེན་དང་ཞེས་བྱ་བ་ནི། ཚོང་དཔོན་མགོན་མེད་ལ་སོགས་པ་དགེ་བསྙེན་མང་པོའོ། །དགེ་བསྙེན་མ་རྣམས་ཀྱིས་རིག་ སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་གུས་པར་བྱས་སོ་ཞེས་བྱ་བ་ནི། རྒྱ་ཆེར་སྤེལ་ལོ། །རྗེས་སུ་ཡི་རང་ངོ་། །ཀློག་པར་བྱས་སོ། །འཆང་དུ་གཞུག་གོ། །མཆོད་པར་བྱས་སོ། །བླ་མར་བྱས་སོ། །བསྒོམ་པར་བྱས་སོ། །དེ་བཞིན་དུ་དེའི་ཡོན་ཏན་གྱིས་སེམས་ཅན་ཐམས་ཅད་ནི་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་བདེ་ བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ཆོས་ཀུན་དགའ་བོ་ལ་གཏད་དོ་ཞེས་བྱ་བ་ནི། ཚེ་དང་ལྡན་པ་ཀུན་དགའ་བོ་དང་ཞེས་བྱ་བ་ནི། ཀུན་དགའ་བོ་ལ་སོགས་པ་ཉན་ཐོས་ཉིས་བརྒྱ་ལྔ་བཅུའོ། །ཚེ་དང་ལྡན་པ་ས་རི་དང་ཞེས་བྱ་ བ་ནི་དེ་བཞིན་ཉན་ཐོས་ལ་སོགས་པའོ། །ལྷ་དང་ཞེས་བྱ་བ་ནི་ལྷའི་དབང་པོ་ལ་སོགས་པ་གཟུགས་ཁམས་དང་འདོད་པའི་ཁམས་ཀྱི་ལྷ་རྣམས་དུ་མ་འདུས་པའོ། །མི་དང་ཞེས་བྱ་བ་ནི་མིའི་རྒྱལ་པོ་མ་སྐྱེས་དགྲ་ལ་སོགས་པའོ། །དུ་མ་གནས་པའི་ལྷ་མ་ཡིན་དང་ཞེས་བྱ་བ་ནི་ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟངས་རིས་ ལ་སོགས་པ་གྲངས་མེད་པར་གནས་པའོ། །རླུང་ལྷ་དང་ཞེས་བྱ་བ་ནི་རླུང་ལྷའི་རྒྱལ་པོ་གྲངས་འཛིན་ལ་སོགས་པ་གྲངས་མེད་པ་དུ་མ་གནས་པའོ། །ནམ་མཁའ་ལྡིང་དང་ཞེས་བྱ་བ་ནི་ནམ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན་ལ་སོགས་པ་ནམ་མཁའ་ལྡིང་གྲངས་མེད་པའོ། །དྲི་ཟ་དང་ཞེས་བྱ་བ་ནི་དྲི་ཟའི་རྒྱལ་པོ་ཟུར་ ཕུད་ལྔ་པ་ལ་སོགས་པ་གྲངས་མེད་པའོ། །མིའམ་ཅི་དང་ཞེས་བྱ་བ་ནི་མི་འམ་ཅིའི་རྒྱལ་པོ་ལྗོན་པ་ལ་སོགས་པ་གྲངས་མེད་པའོ། །ལྟོ་འཕྱེ་ཆེན་པོ་དང་ཞེས་བྱ་བ་ནི་ལྟོ་འཕྱེའི་རྒྱལ་པོ་ཡོན་ཏན་གྲགས་ལ་སོགས་པ་དུ་མར་གནས་པའོ། །གནོད་སྦྱིན་དང་ཞེས་བྱ་བ་ནི་གནོད་སྦྱིན་གྱི་རྒྱལ་པོ་ཀུ་བེ་ར་ལ་སོགས་པ་མང་པོར་གནས་ པའོ། །སྲིན་པོ་དང་ཞེས་བྱ་བ་ནི་སྲིན་པོའི་རྒྱལ་པོ་འཇིགས་པ་ལ་སོགས་པ་མང་པོར་གནས་པའོ། །མི་དང་མི་མ་ཡིན་པ་གང་དག་འཁོར་དེར་འདུས་ཏེ་འཁོད་པ་དེ་དག་ཐམས་ཅད་ཡི་རངས་ཏེ་ཞེས་བྱ་བ་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དེ་དག་ཐམས་ཅད་བཅོམ་ལྡན་འདས་ ཀྱི་སྤྱན་སྔར་གནས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ལ་གུས་པར་རྗེས་སུ་ཡི་རང་བའོ། །བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ་ཞེས་བྱ་བ་ནི་ཆོས་འདི་བསམ་གྱིས་མི་ཁྱབ་པ་དེ་དག་ཐམས་ཅད་ཀྱི་དྲུང་དུ། བཅོམ་ལྡན་འདས་ཀྱིས་བདེན་པར་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་ རྗེས་སུ་ཡི་རང་བའི་གནས་སྐབས་ཏེ་ཉི་ཤུ་རྩ་བརྒྱད་པའོ།། །།རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་བརྟག་པ་ལྔ་པ་རྫོགས་སོ།། །།རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་འབུམ་འགྲེལ། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པ་རྫོགས་སོ།། །།པཎྜི་ཏ་མཁས་པ་ཆེན་པོ་ཨ་མོ་གྷ་བཛྲས་རང་འགྱུར་དུ་མཛད་པའོ།། །། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་མནྟྲཱ་ནུ་དྷཱ་ར་ནི་ཤཱུ་ཏྲཱཾ་ཏི་ས་ཧ་ར་ཥ་ཊཱི་ཀཱ། བོད་སྐད་དུ། གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་མདོའི་འབུམ་འགྲེལ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ་ལ་ཕྱག་འཚལ་ལོ། །ཡང་དག་ ཡེ་ཤེས་སྣང་བར་ལྡན། །རྟག་ཏུ་སེམས་ཅན་དོན་བྱེད་པ། །དེ་བཞིན་ཡོན་ཏན་ཡང་དག་ལྡན། །འཇིག་རྟེན་གསུམ་མགོན་ཕྱག་འཚལ་ནས། །རབ་རིབ་ཀྱིས་ནི་མི་ཤེས་པའི། །དེ་ཡི་གཏི་མུག་སེལ་བྱེད་པ། །ཡང་དག་བསམས་ལ་ཡང་དག་དགྲོལ། །བདག་ གིས་འབུམ་འགྲེལ་བཤད་པར་བྱ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་ཞེས་བྱ་བ་ནི། །འདི་སྐད་ཅེས་བྱ་བ་ནི་སྒྲོ་སྐུར་དང་བྲལ་བའོ། །བདག་གིས་ཐོས་པ་ཞེས་བྱ་བ་ནི་ཀུན་དགའ་བས་སོ། །གྲོགས་མེད་དམ་ཞེ་ན། ཉན་ཐོས་ལ་སོགས་པ་དང་ཐབས་ ཅིག་ཏུ་ཐོས་པའོ། །སུ་ལ་ཐོས་ན་བཅོམ་ལྡན་འདས་ལའོ། །གང་ཐོས་ན་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་གསང་སྔགས་རྗེས་སུ་འཛིན་མའི་མདོ་འདི་ཐོས་པའོ། །སུས་ཐོས་ན་ཀུན་དགའ་བོས་ཐོས་པའོ། །དུས་གཅིག་ན་ཞེས་བྱ་བའི་སྒྲ་ནི་དོན་གཉིས་ལ་འཇུག་སྟེ། སྡུད་པ་པོ་ཤེས་རབ་ཆེ་བར་གོ་བ་དང་། དམ་པའི་ཆོས་འབྱུང་བར་དཀོན་པའི་དོན་ཏོ། །སྟོན་པ་ནི་བཅོམ་ལྡན་འདས་སོ། །བཅོམ་ལྡན་འདས་ཞེས་བྱ་བ་ནི། བཅོམ་པ་ནི་བཞི་བཅོམ། བཞི་ནི་དགྲ་སྟེ་དགྲ་ནི་བདུད་བཞིའོ། །བདུད་བཞི་ནི་ཕུང་པོའི་བདུད་དང་། ཉོན་ མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་དོ། །གང་གི་དུས་ན་བཅོམ་ཞེ་ན། རྡོ་རྗེའི་གདན་ལ་བཞུགས་པའི་དུས་ནའོ། །ལྡན་པ་ཞེས་བྱ་བ་ནི། སྐལ་བ་དང་ལྡན་པས་བཅོམ་ལྡན་འདས་སོ། །འདས་པ་ནི་མྱ་ངན་ལས་འདས་པའོ། །འདས་ པ་ནི་གང་གི་དུས་ཤེ་ན། དཔྱིད་ཟླ་ར་བའི་གནམ་སྟོང་གི་ནུབ་མོའོ། །འདམ་བུའི་ཁྲོད་ན་གཟིགས་པའི་འདུག་གནས་ན་བཞུགས་ཏེ་ཞེས་པ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ལྷ་དང་ལྷ་མ་ཡིན་དང་། མི་མ་ཡིན་པ་རྣམས་ཀྱིས་བྱས་པའི་གཞལ་ཡས་ཁང་ཡོད་དེ། ཕྱོགས་རེ་རེ་ལ་དཔག་ཚད་ལྔ་ལྔ་ཡོད་པ་གྲུ་བཞི་པ། སྒོ་བཞི་པ། ནང་གི་ཀ་བ་བརྒྱད་དང་། ཕྱིའི་ཀ་བ་བརྒྱད་ཀྱིས་བརྒྱན་པ། སྒོ་རེ་རེ་ལ་སེང་གེ་གཉིས་གཉིས་ཀྱིས་བརྒྱན་པ་སྟེ། དེ་བཞིན་དུ་ཏྭ་ར་ནས་ཀྱང་བརྒྱན་པའོ། །ཀ་བ་དང་། སྐར་ཁུང་དང་། སྒོ་ལོགས་དང་། ཡ་ཐེམ་དང་། མ་ཐེམ་དང་། སྒོ་འགྲམ་ལ་སོགས་པ་རིན་པོ་ཆེ་རྣམས་ལས་བྱས་པ་ཡིན་ཏེ། ཀ་རྟེན་ནི་མ་ར་ཀ་ཏ་ལྗང་གུའོ། །ཀ་ཞུ་ནི་ཨིནྡྲ་ནཱི་ལ་སྟེ། ཀ་བ་ནི་གསེར་ལས་བྱས་པ་སྟེ། འཕྲ་ནི་བྱུ་རུ་ལ་སོགས་པས་བྱས་པའོ། །དེ་བཞིན་དུ་གདུང་ ཡང་གསེར་ལས་བྱས་པ་སྟེ། ཕྱམ་ལ་སོགས་པ་ནི་དངུལ་ལས་བྱས་པའོ། །རྩིག་པ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པ། ཕྱི་ལོགས་དང་ནང་ལོགས་གཉིས་ཀ་རི་མོ་མཁས་པས་བྲིས་པ་བཞིན་དུ་སྣང་བའོ། །ས་གཞི་ནི་རིན་པོ་ཆེ་པདྨ་རཱ་ག་ལས་བྱས་པ་སྟེ། ར་བ་ ནི་བཻ་ཌཱུརྱ་ལས་བྱས་པའོ། །སྒོ་བཞི་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པ། དེ་ཡང་གསེར་དང་། དངུལ་དང་། ཨིནྡྲ་ནཱི་ལ་དང་། མ་ར་ཀ་ཏ་དང་། པདྨ་རཱ་ག་དང་། བཻ་ཌཱུརྱ་དང་། ཤེལ་དང་བདུན་ནོ། །སེང་གེ་བརྒྱད་ཀྱང་རྒྱུ་ཤེལ་ལས་བྱས་ཤིང་། གཉའ་ རལ་ལ་སོགས་པ་ནི་ཨིནྡྲ་ནཱི་ལ་དང་། བྱུ་རུ་ལས་བྱས་པའོ། །མིག་དང་ཁ་ནི་ཨིནྡྲ་ནཱི་ལ་དང་པདྨ་རཱ་གས་མཛེས་ཤིང་། སོ་དང་མཆེ་བ་ནི་དངུལ་ལས་བྱས་པའོ། །རྒྱ་ཕིབས་དང་ལྡན་ཞིང་། རྒྱ་ཕིབས་ཀྱི་རྟེན་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་སྣ་ཚོགས་ཀྱི་ གཟུགས་སུ་སྣང་བའོ། །དྲ་བ་དང་། དྲ་བ་ཕྱེད་པས་བརྒྱན་ཞིང་། གདུགས་དང་བ་དན་དང་རྒྱལ་མཚན་གྱིས་ཕྱོགས་ཕྱོགས་སུ་བརྒྱན་ཞིང་། རིན་པོ་ཆེ་ལ་སོགས་པ་མར་ལ་འཕྱང་ཞིང་། དྲིལ་བུ་དང་། དྲིལ་བུ་གཡེར་ཀ་དང་། རླུང་གིས་བཏབ་པས་སྐད་སྣ་ཚོགས་འབྱུང་ སྟེ། དཔེར་ན་རོལ་མོ་མཁས་པས་ཡན་ལག་བརྒྱད་དང་ལྡན་པའི་རོལ་མོ་བྱས་པས་སྐད་སྣ་ཚོགས་འབྱུང་བ་བཞིན་ནོ། །དེའི་ཕྱོགས་བཞི་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ལྕགས་རི་གཅིག་གིས་བསྐོར་བའི་ནང་ན་སྐྱེད་མོས་ཚལ་བཞི་ཡོད་དེ། སྐྱེད་མོས་ ཚལ་རེ་རེ་ལ་ཡང་རྫིང་བུ་རེ་རེ་ཡོད་པའོ། །སྐྱེད་མོས་ཚལ་དེའི་མིང་ཡང་། དགའ་བ་དང་། མཆོག་ཏུ་དགའ་བ་དང་། ཀུན་དུ་དགའ་བ་དང་། རྣམ་པར་དགའ་བ་དང་། རྣམ་པ་བཞི་ཡིན་ནོ། །དེ་བཞིན་དུ་རྫིང་བུའི་མིང་ཡང་ཡིན་ནོ། །རྫིང་བུའི་འོག་ནི་ བཻ་ཌཱུརྱ་ལས་བྱས་པ། ལོགས་དང་། སྐས་ཀ་ནི་རིན་པོ་ཆེ་སྣ་བདུན་ལས་བྱས་པའོ། །རྫིང་བུ་དེའི་ཆུ་ཡང་ཤེལ་ཆགས་པ་བཞིན་དུ་དངས་ལ་གསལ་བ། འཐུངས་ན་ཡང་བ། ལྟ་ན་ཡིད་དུ་འོང་བ། ཙནྡན་དང་། ག་པུར་ལ་སོགས་པ་དྲི་དང་ལྡན་པ། རྫིང་བུ་དེའི་ནང་ ན་རང་བཞིན་གྱིས་ཆུ་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་ཡོད་དེ། དེ་བཞིན་དུ་ཁ་དོག་སྣ་ཚོགས་ཀྱིས་བརྒྱན་པ། པདྨ་དང་། པདྨ་དཀར་པོ་དང་། པུཎྜ་རཱི་ཀ་དང་། པུཎྜ་རཱི་ཀ་ཆེན་པོ་དང་། ཨུཏྤ་ལ་དང་། ཨུཏྤ་ལ་སྔོན་པོ་དང་། ཀུ་མུ་ཏ་དང་། ཀུ་མུ་ཏ་ཆེན་པོ་ལ་ སོགས་པ། དྲི་སྣ་ཚོགས་དང་ལྡན་ཞིང་། སོ་སོའི་ཁ་དོག་དང་ལྡན་པ། ལྟ་ན་མཛེས་པའོ། །རྫིང་བུ་དེའི་ནང་ན་བྱའི་ཚོགས་སྣ་ཚོགས་ཡོད་དེ། ཁྲུང་ཁྲུང་དང་། བྱ་ངང་པ་དཀར་པོ་དང་། བྱ་ངང་པའི་རྒྱལ་པོ་དཀར་པོ་དང་། ངང་པ་སེར་པོ་དང་། ས་ར་ས་ལ་སོགས་ པའི་བྱའི་སྐད་སྣ་ཚོགས་འབྱུང་བས་མཛེས་ཤིང་མཉན་པའོ། །དེ་བཞིན་དུ་སྐྱེད་མོས་ཚལ་གྱི་ནང་ན་ཡང་ཐང་ལས་སྐྱེས་པའི་མེ་ཏོག་གི་ཤིང་ནགས་ཚལ་ཡོད་དེ། ཙམ་པ་ཀའི་མེ་ཏོག་གི་ཤིང་དང་། ཀུནྟའི་མེ་ཏོག་གི་ཤིང་དང་། ཛཱ་ཏིའི་མེ་ཏོག་གི་ཤིང་དང་། ཀཀྐོ་ལའི་མེ་ ཏོག་གི་ཤིང་དང་། ཀླུའི་མེ་ཏོག་གི་ཤིང་དང་། ཨ་རུ་རའི་ཤིང་དང་། བ་རུ་རའི་ཤིང་དང་། སྐྱུ་རུ་རའི་ཤིང་དང་། ཏ་ལ་དང་། ཏ་ལ་ཆེན་པོའི་ཤིང་དང་། ཙནྡན་གྱི་ཤིང་ལ་སོགས་པ་རང་བཞིན་གྱིས་ཤིང་སྣ་ཚོགས་སྐྱེས་ཏེ། ཤིང་དེའི་མེ་ཏོག་དང་འབྲས་བུས་ཀྱང་སེམས་ཅན་ ཐམས་ཅད་ལ་ཕན་འདོགས་ཤིང་བདེ་བར་གནས་པའོ། །སྐྱེད་མོས་ཚལ་དང་། རྫིང་བུ་ལ་ཡང་། དགེ་སློང་ངམ། དགེ་བསྙེན་ནམ། དགེ་བསྙེན་མའམ། ལྷ་དང་། མི་རྣམས་ཀྱིས་ཀྱང་སྒོམ་ཞིང་། ཚོགས་སོགས་པའི་ས་དང་། དེ་ན་གནས་པའི་བྱིས་ པ་རྣམས་ཀྱང་ཞེ་སྡང་མེད་ཅིང་ཆོས་དང་མཐུན་པར་གནས་པའོ། །དེ་ལྟ་བུའི་གཞལ་ཡས་ཁང་གི་དབུས་སུ་རྡོ་རྗེ་སེང་གེའི་ཁྲི་ས་ཡ་དང་བཅས་པ་ཡོད་དེ། རྡོ་རྗེ་ས་ལ་པདྨ་སྣ་ཚོགས་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ས་ཡ་སྣ་བདུན་དང་བཅས་ པ། རྒྱན་རྣམ་བཞི་ཏྭ་ར་ན་དང་ལྡན་པ། རྡོ་རྗེ་རིན་པོ་ཆེ་སྣ་བཞིའི་བྱ་ཁྱུང་གི་ཏྭ་ར་ན་དང་ལྡན་པ། རྡོ་རྗེ་རིན་པོ་ཆེའི་མུ་ཏིག་དང་། བྱི་རུ་དང་། མུ་མེན་ལ་སོགས་པས་གསེར་གྱི་རྒྱུ་ལས་འཕྲ་བྱས་ཤིང་། ཀླུའི་ཞགས་པ་བྱ་ཁྱུང་ཏྭ་ར་ནས་ཁར་བཅུག་པའོ། །རི་དགས་ ཤྭ་ར་ན་ནི་རིན་པོ་ཆེ་སྣ་བཞི་ལས་བྱས་པ་སྟེ། མཛེས་ཤིང་བལྟ་ན་སྡུག་པའོ། །དེའི་འོག་ཏུ་ཤང་ཤང་ན་ར་ན་ཡིན་ཏེ། རྡོ་རྗེ་རིན་པོ་ཆེ་སྣ་བཞི་ལས་བྱས་ཤིང་གཡས་གཡོན་གཉིས་ནས་མཛེས་པར་བརྒྱན་པའོ། །ཆུ་སྲིན་ཏྭ་ར་ན་ནི་རྡོ་རྗེ་རིན་པོ་ཆེ་སྣ་བདུན་ལས་བྱས་ཤིང་ མཇུག་མ་པ་ཏྲ་སྣ་ཚོགས་སུ་འཁྱིལ་ཞིང་བལྟ་ན་སྡུག་པའོ། །རྡོ་རྗེ་སེང་གེའི་པདྨ་ཆེན་པོའི་ཁྲི་ནི། མནན་ན་ནེམས་བྱེད་པ། བཞག་ན་མཐོ་བ། རེག་ན་འཇམ་པ། ལྟ་ན་མཛེས་པའོ། །གཞལ་ཡས་ཁང་དང་། སེང་གེའི་ཁྲི་དེ་ནི་རང་བཞིན་དུ་ཡོད་ཅིང་སྔོན་གྱི་སྨོན་ལམ་ གྱི་སྟོབས་ལས་བྱུང་བའོ། །དེ་བཞིན་དུ་གདུང་གཡོགས་དང་། བླ་རེ་དང་རྡོ་རྗེ་རིན་པོ་ཆེའི་མུ་ཏིག་གི་ཕྲེང་བའི་དྲ་བས་བརྒྱན་པའོ། །བྱང་ཆུབ་སེམས་དཔའི་རིགས་མི་གཅིག་པ་བརྒྱ་སྟོང་འབུམ་གྱི་འཁོར་དང་བཅས་ཤིང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ ཕྱིར་མི་ལྡོག་པར་མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་གྱི་སངས་རྒྱས་ཀྱི་ཞིང་དུ་རྣམ་པར་སྤྲུལ་པ་དང་། ཆོ་འཕྲུལ་ཀུན་དུ་སྟོན་པ་དང་། སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་གཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྗེས་ སུ་འཇུག་པའི་ཆོས་བསྟན་པ་སྣ་ཚོགས་མཉམ་པ་ཉིད་དུ་མཉམ་ཞིང་རྒྱ་ཆེ་ལ་ཟབ་པ་དང་། <སྦོབས་,སྤོབས་ >པ་དང་། ཆོ་འཕྲུལ་དང་ལྡན་པ་སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང་། རྣམ་པར་ཐར་པའི་སྒོ་དང་། གཟུངས་དང་། ཏིང་ངེ་འཛིན་དང་། དབང་དང་། མངོན་པར་ཤེས་པ་དང་། མ་འདྲེས་པ་དང་། བྱང་ཆུབ་ཀྱི་ཡན་ལག་དང་། ལམ་དང་། ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། ཐབས་ལ་མཁས་པ་དང་། བསྡུ་བའི་དངོས་པོ་དང་། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་དང་། བྱམས་པའི་སྟོབས་དང་། དབེན་པ་དང་། ཡོངས་སུ་བྱས་པའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་གོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། རྡོ་རྗེ་གཏུམ་པོ་དང་། རྡོ་རྗེ་སེམས་དཔའ་དང་། ལག་ན་རྡོ་རྗེ་མདའ་གཞུ་ དང་། རྡོ་རྗེ་བྱིན་གྱིས་བརླབས་པ་དང་། རྡོ་རྗེའི་རྒྱན་དང་། རྡོ་རྗེའི་འོད་དང་། སྤྱན་རས་གཟིགས་དང་། ཀུན་དུ་བཟང་པོ་དང་། ཀུན་དུ་གཟིགས་པ་དང་། རྡོ་རྗེ་དཔལ་དང་། པདྨ་འབྱུང་གནས་དང་། ཞལ་རྣམ་པར་མཆེ་བ་གཙིགས་པའི་རྡོ་རྗེ་དང་། པདྨ་སྙིང་ པོ་དང་། པདྨའི་སྤྱན་དང་། འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་དགེ་འདུན་དང་ཐབས་ཅིག་གོ། །ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་དུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང་། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕྲུལ་བའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ། ཀུན་ ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་བསྲེགས་པ་ཤ་སྟག་ལ། འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང་ལྡན་པ་ཀ་པི་ན་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་སྐུལ་བྱེད་དང་། ཚེ་དང་ལྡན་པ་དགའ་བྱེད་དང་། ཚེ་དང་ལྡན་པ་འོད་སྲུངས་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དང་། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུངས་དང་། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་དང་། དགེ་སློང་དང་། དགེ་ སློང་མ་དང་། དགེ་བསྙེན་ནམ། དགེ་བསྙེན་མའམ། ལྷ་དང་། མི་དང་། འཁོར་དུ་མ་འདུས་པའི་ནང་དུ་བཅོམ་ལྡན་འདས་ཀྱིས་འཁོར་ལོ་ཤིན་ཏུ་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་ཤིན་ཏུ་མཐར་ཕྱིན། བསོད་ནམས་དང་ཡེ་ཤེས་ ཀྱི་ཚོགས་ནི་ཤིན་ཏུ་རྫོགས། ཐམས་ཅད་མཁྱེན་པ་ཉིད་ཀྱི་བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་། ས་བརྙེས་པ་ཤིན་ཏུ་ཡོངས་སུ་བཟུང་། སྤྱི་གཙུག་ནི་སེམས་ཅན་ཐམས་ཅད་ཀྱིས་བལྟ་བར་མི་མཐོང་། བདུད་ཀྱི་ལས་ཐམས་ཅད་ལས་ནི་ངེས་པར་ རྒྱལ། དེ་ཁོ་ན་ཐམས་ཅད་མཁྱེན་པ་ནི་ཐུགས་སུ་ཆུད། སྤྱན་ལྔ་ནི་མངའ། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ནི་ལྡན། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་ནི་ལྡན། བདུད་དང་ཕས་ཀྱི་རྒོལ་བའི་ཚོགས་ཐམས་ཅད་ ནི་བཅོམ། དགྲ་དང་ལས་ནི་འཕགས། ཁྱུ་མཆོག་དང་སེང་གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་པ་དཔག་ཏུ་མེད་པའི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་ འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དཀའ་བ་སྤྱད་པས། མངོན་པར་འགྲུབ་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་ སྐུ་མཛེས་ཤིང་། རིན་པོ་ཆེ་རྡོ་རྗེ་ཆེན་པོའི་པདྨའི་སྙིང་པོ་སེང་གེའི་ཁྲི་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་འབར། ས་ཕྱོགས་ནི་ཉི་མ་སྟེང་བས་ལྷག་པའི་འོད་ཟེར་གྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་གང་བ་ལྟར་འཇིག་རྟེན་ཐམས་ཅད་ལ་ནི་ སྡུག་པར་སྣང་། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར་སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་ཏུ་རྒྱས་ཤིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ་ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་ རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་བསྟན་ཏོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་པའི་གནས་དང་། འཁོར་ཕུན་སུམ་ཚོགས་པའི་སྐབས་ཏེ་གནས་སྐབས་དང་པོའོ།། །།དེ་ནས་ཞེས་བྱ་བ་ནི། གནས་ཕུན་ སུམ་ཚོགས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་ཡུད་ཙམ་ཅིག་ཅི་ཡང་མ་སྨྲས་པར། སྨིན་མཚམས་དང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་གྱི་དྲ་བ་འཕྲོས་ཏེ། དེ་བཞིན་དུ་ ཡང་ནས་ཡང་དུ་སྤྲོས་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་ཁྱབ་སྟེ། སླར་ལོག་ནས་འོད་ཟེར་གྱི་དྲ་བ་དེ་སྨིན་མཚམས་དང་། བ་སྤུའི་བུ་ག་ཐམས་ཅད་དུ་ཐིམ་མོ། །དེ་ནས་ཀུན་དགའ་བོ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་ འཚལ་ཏེ། བསྐོར་བ་ལན་གསུམ་བྱས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་འོད་ཟེར་དྲ་བ་འདི་ནི་རྒྱུ་དང་རྐྱེན་ཅི་ལགས། དོན་མེད་པར་འོད་ཟེར་གྱི་དྲ་བ་མི་འགྱེད་ན་ཞེས་ཞུས་ སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོང་ཁྱེར་ཡངས་པ་ཅན་གྱི་ནང་ན། མ་རུངས་པར་བྱེད་པ། ལྷའི་གདོན་དང་། ཀླུའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའ་ལྡིང་གི་གདོན་དང་། རླུང་ལྷའི་གདོན་དང་། དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། འབྱུང་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གནོན་དང་། ལུས་སྲུལ་པོའི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་ གདོན་དང་། གྲིབ་གནོན་གྱི་གདོན་དང་། གནོན་པོའི་གདོན་དང་། དེ་ལ་སོགས་པ་མཁའ་འགྲོ་དང་། བགེགས་དང་། ལོགས་འདྲེན་དང་། མ་རུངས་པར་བྱེད་པ་གཞན་གྱི་སྲོག་འཕྲོག་པར་བྱེད་པ་དང་། གཟི་བརྗིད་འཕྲོག་པ་དང་། ཟས་སུ་ཤ་ཟ་བ་ རྣམས་དང་། གཞན་ཡང་མ་རུངས་པར་བྱེད་པའི་ཡི་དགས་དང་། འབྱུང་པོ་རྣམས་ཀྱིས་ཀྱང་ཡུལ་དེར་ཕྱིན་ནས། ཡམས་ཀྱི་ནད་དང་། རིམས་དང་། ཚ་བ་དང་། འདུས་པ་དང་། རླུང་དང་། བད་ཀན་དང་། མཁྲིས་པ་དང་། ཤུབ་དང་། གཡན་པ་དང་། མཛེ་དང་། ཕོལ་མིག་དང་། ལྷོག་པ་དང་། འབྲུམ་བུ་དང་། ཤ་བཀྲ་དང་། འབྲས་དང་། མེ་དབལ་དང་། དེ་ལ་སོགས་པའི་ནད་ཐམས་ཅད་འབྱུང་སྟེ། ཡུལ་དེར་མུ་གེ་དང་། ཀླུའི་ཚད་པས་ཀྱང་མི་ཚུགས་ཏེ། གྲོང་ཁྱེར་ ཡངས་པ་ཅན་གྱི་ཆོས་ཐམས་ཅད་དར་ཞིང་། ཆོས་ཀྱི་གཟི་བརྗིད་འཕྲོག་ཅིང་ཆོས་ཀྱི་ནུས་པ་ཡང་མེད་པར་གྱུར་ཏོ། །དེ་བཞིན་དུ་མི་ནད་དང་། ཕྱུགས་ནད་དང་། གྲོང་ཁྱེར་ཡངས་པ་ཅན་དུ་མ་རུངས་པ་ཐམས་ཅད་བྱུང་སྟེ། འཇིགས་སུ་རུང་བ་བྱུང་ནས་སེམས་ཅན་ ཐམས་ཅད་ལ་འཚེ་བར་བྱས་སོ། །དེའི་ཕྱིར་ན་འོད་ཟེར་གྱི་དྲ་བ་འགྱེད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ་ཞེས་གསུངས་སོ། །ཀུན་དགའ་བོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ཡངས་པའི་གྲོང་ཁྱེར་དུ་བྱོན་ནས། ཡངས་པའི་གྲོང་ཁྱེར་ག་ལ་བ་དེར་དོང་ངོ་ཞེས་བྱ་བ་ནི་ཡངས་པ་ཅན་གྱི་གྲོང་ཁྱེར་ནི་དཔག་ཚད་བརྒྱ་ལྔ་བཅུ་ཡོད་པ། དབྱིབས་ལེགས་པ། ལྟ་ན་མཛེས་པ། ཕྱོགས་བཞིའི་སྲང་བར་ནས། རྒྱལ་མཚན་དང་། བ་དན་དང་། གདུགས་ལ་སོགས་པས་བརྒྱན་པ། ཚོང་དུས་མི་གཅིག་པ་བརྒྱ་རྩ་བརྒྱད་ཡོད་པ། དེ་བཞིན་དུ་འདོད་པ་དང་། འདོད་པར་བྱེད་པ་རྣམས་ཀྱིས་ཉོ་བ་དང་། ལེན་པ་དང་། ར་བ་གཅིག་གིས་བསྐོར་ཞིང་། སྨན་གྱི་ཤིང་དང་། མེ་ཏོག་གི་ཤིང་སྣ་ཚོགས་གྱིས་བསྐོར་ཞིང་། དེ་བཞིན་དུ་སྐྱེད་མོས་ཚལ་དང་རྫིང་ བུ་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །རྫིང་བུ་དང་། སྐྱེད་མོས་ཚལ་དེ་དག་ལ་ཐང་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་དང་། བྱ་རིགས་མི་གཅིག་པ་སྣ་ཚོགས་དང་། རི་དགས་ཀྱི་ཚོགས་རྣམས་ཡོད་དེ། དེ་ལྟ་བུའི་གྲོང་ཁྱེར་གྱི་ནང་དུ་འགྲོ་ བ་སེམས་ཅན་གྱི་དོན་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། བཙུན་པ་དེ་ལྟར་བགྱི་ཞེས་གསོལ་ནས་ཞེས་བྱ་བ་ནི། ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་མཉན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་བཀའ་སྩལ་པའོ། །ཚེ་དང་ལྡན་ པ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱི་ལྟར་མཉན་ཏོ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དོན་ལ་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སྙིང་རྗེ་ལ་གནས་ནས་ཡང་དག་པའི་ཆོས་ཀྱི་འཁོར་ལོ་མ་ནོར་བར་ བསྐོར་རོ། །དེའི་ཕྱིར་ན་ཀུན་དགའ་བོས་ཀྱང་ལེགས་པར་གསན་པའོ། །དེ་ནས་ཞེས་བྱ་བ་ནི། ཀུན་དགའ་བོ་ལ་བཀའ་སྩལ་པ་དེ་ནས་སོ། །བཅོམ་ལྡན་འདས་ཡུལ་བྲི་ཛིར་ཡུལ་རྒྱུ་ཞིང་གཤེགས་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ སེམས་ཅན་ཐམས་ཅད་འདུས་པའི་ས། དེ་བཞིན་དུ་འབྱུང་པོ་རྣམས་ཀྱང་འདུ་བའི་ས་ཡིན་ནོ། །གསེར་གྱི་ས་གཞི་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། །སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེའི་གདན། །སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ། མ་རུངས་ པར་བྱེད་པའི་འབྱུང་པོ་ཐམས་ཅད་འདུལ་བའི་ས་ཡིན་ནོ། །ཡངས་པའི་གྲོང་ཁྱེར་དུ་བྱོན་ནས་ཞེས་བྱ་བ་ནི། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་། ལྷ་ལ་སོགས་པ་འཁོར་རྣམ་བཞི་དང་བཅས་ནས། གྲོང་ཁྱེར་ཡངས་པ་ཅན་དུ་ཞབས་ཀྱིས་བཅགས་སོ། །དེ་ ནས་གནས་གཙང་མའི་ལྷ་དང་། ཚངས་པ་ལ་སོགས་པའི་ལྷའི་མེ་ཏོག་བཟང་པོས་སིལ་མར་བཀྲམ་སྟེ། སྤོས་དང་། དྲི་དང་། རྒྱལ་མཚན་དང་། བ་དན་དང་། གདུགས་ལ་སོགས་པ་བཅོམ་ལྡན་འདས་ལ་འབུལ་ཞིང་། ལྷའི་རོལ་མོ་སྣ་ཚོགས་ཀྱིས་མཆོད་པར་ བྱས་སོ། །བཅོམ་ལྡན་འདས་གར་གཤེགས་པའི་ས་ནས་ཀྱང་ལྷའི་དར་ལ་སོགས་པས་བཏིང་ནས། ལྷའི་མེ་ཏོག་མནྡ་ར་བ་དང་། མནྡ་ར་བ་ཆེན་པོ་ལ་སོགས་པ་མེ་ཏོག་གི་ཆར་འབེབས་སོ། །དེ་བཞིན་དུ་གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ བླ་ན་མེད་པའི་མཆོད་པ་བྱས་སོ། །ཡངས་པའི་གྲོང་ཁྱེར་གྱི་ཨ་མྲ་སྲུང་བའི་ཚལ་ན་བཞུགས་སོ་ཞེས་བྱ་བ་ནི། ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་དབུས་ན་སེམས་ཅན་ཐམས་ཅད་འདུ་བའི་གནས་ཨ་འབྲས་ཀྱི་ཤིང་གིས་བསྐོར་བ། སྐྱེད་མོས་ཚལ་ དང་། རྫིང་བུ་དང་། ཝ་ཆུ་འདྲེན་པའི་ས་དང་། རྡོ་རྗེའི་ཁྲིའམ། པདྨ་ཆེན་པོའི་གདན་ལ་བཞུགས་སོ། །དེ་ནས་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཨ་མྲའི་ཚལ་ན་བཞུགས་པའི་དེ་ནས་སོ། །བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་ སྩལ་པ་ཞེས་བྱ་བ་ནི། གྲོང་ཁྱེར་ཡངས་པ་ཅན་གྱི་སེམས་ཅན་གྱི་དོན་ལ་གདོན་མ་རུངས་པ་རྣམས་འདུལ་བའི་ཕྱིར་ན། ཀུན་དགའ་བོ་ལ་བཀའ་སྩལ་པའོ། །ཀུན་དགའ་བོ་ཡངས་པའི་གྲོང་ཁྱེར་དུ་སོང་ལ། ཕྱི་ནས་སྒོའི་ཐེམ་པ་ལ་རྐང་པ་ཞོག་སྟེ་ཞེས་བྱ་བ་ ནི། གྲོང་ཁྱེར་ཡངས་པ་ཅན་གྱི་དབུས་སུ་ཡུལ་ལྷའི་ཐོག་ཏུ་དབང་པོའི་དུས་སུ་རྐང་པ་གཡས་པ་བཞག་ལ། སེང་གེའི་སྒྲ་བསྒྲགས་ལ། ཁྱུ་མཆོག་དང་བཅས་ཤིང་གསང་སྔགས་རྗེས་སུ་འཛིན་མ་ཆེན་མོ། ཡམས་ཀྱི་ནད་དང་། གདོན་མ་རུངས་པ་ ཐམས་ཅད་འདུལ་བའི་ཕྱིར་རོ། །གསང་སྔགས་ཚིགས་སུ་བཅད་པ་སྨྲས་པའོ། །རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི། གསང་སྔགས་གཞི་འདི་དག་དང་། ཚིགས་སུ་བཅད་པ་འདི་དག་སྨྲོས་ཤིག་ཅེས་བྱ་བ་ནི། གཞན་གྱིས་མི་ཐུབ་ པ་སྟོང་པ་ཉིད་ཀྱི་རང་བཞིན་ནད་ཐམས་ཅད་དང་། གདོན་ཐམས་ཅད་རླག་པར་བྱེད་པ། མཚོན་པ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའོ། །རིགས་ནི་པདྨའི་རིགས་སོ། །ཕུང་པོ་ནི་འདུ་ཤེས་ཀྱི་ཕུང་ པོ། ཁམས་ནི་མེའི་ཁམས། སྐྱེ་མཆེད་ནི་རོའི་སྐྱེ་མཆེད་དོ། །རིག་སྔགས་དེའི་སྐུ་མདོག་དང་། ཕྱག་མཚན་ནི་གང་ཞེ་ན། འདི་ལྟ་སྟེ། ཞལ་གསུམ་པ། ཕྱག་བཅུ་གཉིས་པ། སྐུ་མདོག་དཀར་མོ། གཡས་སེར་བ། གཡོན་དམར་བ་སྤྱན་ གསུམ་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། པདྨའི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པའོ། །ཕྱག་གཡས་གཡོན་གཉིས་ཀྱིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱའོ། །དེའི་འོག་མ་ གཉིས་ནི་མཉམ་གཞག་གོ། །གཡས་པའི་གསུམ་པ་ནི་རལ་གྲི། །བཞི་པ་ན་རྡོ་རྗེ། ལྔ་པ་ན་འཁོར་ལོ། །དྲུག་པས་མཆོད་སྦྱིན་ནོ། །གཡོན་པའི་གསུམ་པ་ནི་རིན་པོ་ཆེའི་སྟེང་ན་རྡོ་རྗེའོ། །བཞི་པ་ན་པདྨ། ལྔ་པ་ན་བུམ་པའི་སྟེང་ན་རྡོ་རྗེ། དྲུག་པ་ན་ལྕགས་ ཀྱུ། མཾ་ཡིག་འབྲས་བུ་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའོ། །རིགས་ལྔའི་སངས་རྒྱས་ཀྱིས་དབུ་ལ་བརྒྱན་པ་ནི་ཡེ་ཤེས་ལྔ་རྣམ་པར་དག་པའོ། །སྤྱན་གསུམ་ནི་སྐུ་གསུང་ཐུགས་རྣམ་པར་དག་པའོ། །ཞལ་གསུམ་ནི་ཏིང་ངེ་འཛིན་གསུམ་རྣམ་པར་དག་པའོ། ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་དག་པའོ། །ཕྱག་བཅུ་གཉིས་ནི་རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པའོ། །རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་ནི་མི་ཤིགས་པ་རྡོ་རྗེའི་གདན་རྣམ་པར་དག་པའོ། །ཟླ་བ་དང་ཉི་མའི་འོད་ནི། ཐབས་ཤེས་ རབ་ཟུང་དུ་འབྲེལ་བའོ། །ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་ནི་སངས་རྒྱས་དང་སེམས་ཅན་གཉིས་སུ་མེད་པའོ། །མཉམ་གཞག་ནི། རྡོ་རྗེའི་རང་བཞིན་ཏིང་ངེ་འཛིན་རྣམ་པར་དག་པའོ། །རལ་གྲི་ནི་ཤེས་རབ་རྣམ་པར་དག་པའོ། །རྡོ་རྗེ་ནི་སྟོང་པ་ཉིད་རྣམ་ པར་དག་པའོ། །འཁོར་ལོ་ནི་འཁོར་བ་གཅོད་པའོ། །མཆོད་སྦྱིན་ནི་སྦྱིན་པ་རྣམ་པར་དག་པའོ། །རྡོ་རྗེ་དང་རིན་པོ་ཆེ་ནི་ཐབས་ཤེས་རབ་རྣམ་པར་དག་པའོ། །པདྨ་ནི་རིགས་རྣམ་པར་དག་པའོ། །བུམ་པ་དང་རྡོ་རྗེ་ནི་ནང་གི་དུག་དང་། ཕྱིའི་དུག་རྣམ་པར་ དག་པའོ། །ལྕགས་ཀྱུ་ནི་མ་རིག་པའི་སེམས་ཅན་རྣམས་ཡར་ལ་འདྲེན་པའོ། །དེ་ལྟ་བུའི་རིག་སྔགས་ཚིགས་སུ་བཅད་པ་སྨྲས་ཤིང་། མ་རིག་པ་ཐམས་ཅད་བཅོམ་སྟེ། མུན་པའི་ནགས་ཚལ་བསལ་བར་བྱེད་ཅིང་། རིག་སྔགས་ཀྱི་ཚིགས་སུ་བཅད་པ་སྨྲས་པའོ། ། བི་ས་ར་བི་ས་ར་བི་ས་ར་ཏ་ལ་སོགས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་ཏོ་ཞེས་བྱ་བ་ནི། ཐུགས་རྗེ་ཆེ་ཞིང་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས། སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ལ་སྤྲུལ་པའི་སྐུས་ཁྱབ་ཅིང་། སེམས་ཅན་གྱི་དོན་ལ་གསང་སྔགས་རྗེས་སུ་འཛིན་པ་བཀའ་སྩལ་པའོ། །སངས་རྒྱས་ཐམས་ཅད་ཀྱིས་དགོངས་པ་ཞེས་བྱ་བ་ནི། བྱེ་བ་ཁྲག་ཁྲིག་བརྒྱད་ཅུ་རྩ་བཞིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འདས་པའི་སངས་ རྒྱས་ཀྱང་རྗེས་སུ་ཡི་རང་བའི་ཕྱག་རྒྱས་བཏབ་པའོ། །མ་འོངས་པ་དང་ད་ལྟར་བྱུང་བས་དེ་བཞིན་ནོ། །རང་སངས་རྒྱས་ཐམས་ཅད་ཀྱི་བསམ་པ་ཞེས་བྱ་བ་ནི། ཞི་གནས་དང་ལྷག་མཐོང་གིས་ཀྱང་སྐུའི་སྒོ་ནས་ཆོས་བསྟན་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་ མོ་གསང་སྔགས་རྗེས་སུ་འཛིན་མ་རང་བཞིན་གྱིས་ངོ་བོར་གནས་པའོ། །དགྲ་བཅོམ་པ་ཐམས་ཅད་ཀྱི་བསམ་པ་ཞེས་བྱ་བ་ནི། འཇིག་རྟེན་ནས་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དང་། ཕྱིར་མི་ལྡོག་པ་དང་། ལན་ཅིག་ཕྱིར་མི་ལྡོག་ པ་རྣམས་ཡིན་ཏེ། དེའི་སྒོམ་པ་ནི་དབུགས་འབྱུང་བ་དང་། དབུགས་རྔུབ་པ་རྣམས་ཡིན་ཏེ། སེམས་དྲན་པ་མེད་ཅིང་བུམ་པ་གང་བ་བཞིན་དུ་འགོག་པའི་རང་བཞིན་གྱིས་ལུས་བེམས་པོའི་རང་བཞིན་དུ་གྱུར་པ་ནི་ཏིང་ངེ་འཛིན་ཡིན་ཏེ། དེ་བཞིན་དུ་རིག་སྔགས་ ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མ་དེའི་ངོ་བོ་ཉིད་ཀྱིས་ཀྱང་བསམས་པའོ། །ཉན་ཐོས་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། ངག་གི་སྒོ་ནས་བསྟན་པའི་ཆོས་འདི་རྟགས་མངོན་དུ་བྱས་ནས། དེ་བཞིན་དུ་མི་རྟག་པར་བསྒོམས་ཏེ། ལྟ་བ་ནི་འཕགས་པའི་ བདེན་པ་བཞི་འཛིན་ཞིང་། དེ་བཞིན་དུ་ངོ་བོ་ཉིད་འཛིན་པས་ཀྱང་། རིག་སྔགས་ཀྱི་ལམ་གྱི་ངོ་བོ་ཉིད་ཡིན་ནོ། །བདེན་པའི་ཚིག་དང་ལྡན་པ་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་ དགྲ་བཅོམ་པ་རྣམས་ཡིན་ཏེ་དེ་རྣམས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་ཕྱག་འཚལ་ཏེ། ཕྱག་རྒྱའི་རྒྱས་བཏབ་པའོ། །ཆོས་ཀྱིས་བསམས་པ་ཞེས་བྱ་བ་ནི། ཀུན་རྫོབ་དང་། དོན་དམ་པ་གཉིས་ཡིན་ཏེ། ཀུན་རྫོབ་ཀྱང་ལོག་པའི་སྒྱུ་མ་མི་དམིགས་པ་དང་། ཡང་ དག་པའི་སྒྱུ་མའི་དོན་བྱེད་ནུས་པ་གཉིས་སོ། །དོན་དམ་པའི་ངོ་བོ་ཉིད་དང་བྲལ་ཞིང་དམིགས་པ་མེད་པ། གནས་པ་མེད་པ་སྡིག་པ་དང་། དགེ་བ་དང་བྲལ་བ་ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་པའི་གནས་ཡིན་ནོ། །ཚངས་པས་བསམ་པ་ཞེས་བྱ་ བ་ནི། བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་ཡིན་ཏེ། ཚངས་པར་སྤྱོད་པའི་ངོ་བོ་ཉིད་འཛིན་ཞིང་། ལུས་པོ་བེམས་པོར་བཏང་ནས། མི་དམིགས་པ་བསྒོམས་ཏེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་ངོ་བོ་ཉིད་ ཀྱི་ངོ་བོ་ཡིན་ནོ། །ཚངས་པས་སོ་སོར་བསམས་པ་ཞེས་བྱ་བ་ནི་ཚངས་རིགས་ཀྱི་ལྷ་རྣམས་དང་། གནས་གཙང་མའི་ལྷ་རྣམས་ཀྱི་འབྲས་བུ་དང་། བསམ་གཏན་བཞིའི་ལྷ་རྣམས་ཡིན་ཏེ། ཚངས་པ་ཆེན་པོའི་ཏིང་ངེ་འཛིན་ནི། སེམས་བཀག་ནས་བེམས་པོར་ གནས་ཏེ། མི་དམིགས་པའི་ཏིང་ངེ་འཛིན་དུ་གནས་སོ། །དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གནས་པ་ཡིན་ནོ། །འདོད་པའི་དབང་ཕྱུག་གིས་བསམས་པ་ཞེས་བྱ་བ་ནི། ཁམས་གསུམ་ཙམ་ལ་དབང་མཛད་དེ། འདོད་པའི་ཡོན་ཏན་ལྔས་སེམས་ཅན་ལ་དབང་མཛད་དེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོའི་ལམ་ནས་ཡིན་ནོ། །དབང་པོས་བསམས་པ་ཞེས་བྱ་བ་ནི། ལྷའི་དབང་པོ་བརྒྱ་བྱིན་གྱིས་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ལ་དབང་མཛད་པ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ་ངོ་བོ་ཉིད་ཀྱིས་ཐོབ་པའོ། །ལྷས་ བསམས་པ་ཞེས་བྱ་བ་ནི་རིགས་བཞི་དང་། རིགས་བདུན་གྱི་རྣམ་པ་ཡིན་ཏེ། འདོད་པ་ཐམས་ཅད་ལ་སྤྱོད་ཅིང་བདེ་བ་ལ་གནས་ཏེ། དེ་ཡང་རིག་སྔགས་ཀྱིས་བདེ་བར་གནས་པའོ། །ལྷ་མ་ཡིན་གྱི་དབང་པོས་བསམས་པ་ཞེས་ བྱ་བ་ནི། ཐག་བཟངས་རིས་ཡིན་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ཅིང་། བྱང་ཆུབ་ཀྱི་སེམས་བསྐྱེད་དེ། ཁམས་གསུམ་ཙམ་ལ་དབང་མཛད་ཅིང་། ལྷ་རྣམས་ཀྱིས་ཀྱང་མི་ཐུབ་ཅིང་རིག་སྔགས་གྲུབ་ པའོ། །ལྷ་མ་ཡིན་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། ལྷ་མ་ཡིན་རྣམས་ནི་ཞེ་སྡང་སྐྱེས་ཤིང་། ལྷ་རྣམས་ཀྱི་རྩོད་པ་ནི། རིག་སྔགས་ཀྱི་སྟོབས་ཀྱིས་རྩོད་པའོ། །ལྷ་མ་ཡིན་གྱི་མངག་གཞུག་པས་བསམས་ཞེས་བྱ་བ་ནི། སངས་རྒྱས་སྒྲ་གཅན་འཛིན་ རྣམས་ཡིན་ཏེ། ཉི་མ་དང་ཟླ་བ་འཛིན་ནུས་ཤིང་། འཇིག་རྟེན་གྱི་བྱ་བ་ལ་སྟོབས་དང་ལྡན་པ་འཇིག་རྟེན་པས་ཐུབ་པ་ཙམ་མེད་དེ། དེ་ཡང་རིག་སྔགས་ཀྱི་སྟོབས་ཀྱིས་བྱས་པའོ། །འབྱུང་པོ་ཐམས་ཅད་ཀྱིས་བསམས་པ་ཞེས་བྱ་བ་ནི། སངས་རྒྱས་དང་། ཆོས་ དང་། དགེ་འདུན་ལ་དགའ་བ་རྣམས་ཡིན་ཏེ། དེའི་སྟོབས་དང་། གཟི་བརྗིད་དང་ལྡན་པ་ནི། རིག་སྔགས་ཀྱི་ལམ་ནས་ཡིན་ནོ། །གཞན་ཡང་འབྱུང་པོ་རྣམས་ཀྱིས་རིག་སྔགས་ཀྱི་བཀའ་ལས་འདའ་མི་ནུས་སོ། །གལ་ཏེ་བཀའ་ལས་འདའ་བར་གྱུར་ ན། མགོ་བོ་ཨརྫ་ཀ་བཞིན་དུ་ཚལ་པ་བརྒྱར་འགས་ཏེ། ལྷོག་པ་དང་། ཤ་བཀྲ་དང་། འབྲས་རྣམས་ཀྱི་ནད་ཀྱིས་བཏབ་ཅིང་། རིག་སྔགས་ཀྱི་དམོད་མོས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །རིག་སྔགས་ཀྱི་ཚིག་ནི་ཡང་ ནས་ཡང་དུ་བཀླག་ཅིང་ཕྱིར་རྦད་པར་བྱའོ། །དེ་ཡང་བི་ས་ར་ཏ་ལ་སོགས་པ་སྨྲས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཞལ་ནས་སྤྲུལ་ཏེ། དེ་ཡང་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་དམར་མོ། ། ཁྲོ་མོ་སྤྱན་གསུམ་པ། དབུ་སྐྲ་སེར་པོ་གྱེན་དུ་འབར་བ། ཁ་གདངས་པ། མཆེ་བ་གཙིགས་པ། ཡན་ལག་སྦྲུལ་གྱིས་བརྒྱན་པ། ཞབས་གཡོན་བརྐྱང་པ། གཡས་བསྐུམ་པས། ཀླུ་གཏུམ་པོའི་རིགས་མནན་པ། ཕྱག་གཡས་པ་ན་པདྨ་དབྱུག་ཏོ་ཅན་ བསྣམས་པ། གཡོན་ན་ཞགས་པ་དང་སྡིགས་མཛུབ་བསྣམས་ཏེ། གདུག་པ་ཐམས་ཅད་རླག་པར་བྱེད་ཅིང་། སོ་སོར་རྟོག་པའི་ཡེ་ཤེས་མཚོན་ཞིང་། མཚོན་བྱེད་ནི་རིག་སྔགས་སོ། །མེའི་ཁམས་ཀྱི་ངོ་བོ་ཉིད་དང་ལྡན་ཞིང་། དབང་ནི་ལྕེ་ལ་བྱས་པའོ། །ཡེ་ཤེས་ལྔའི་ ངོ་བོ་ཉིད་དང་ལྡན་ཞིང་། ནམ་མཁའ་བཞིན་དུ་ཐམས་ཅད་ལ་ཁྱབ་པའོ། །རིག་སྔགས་ཀྱི་ཚིག་ནི་མུཉྩ་ཏ་ལ་སོགས་པའོ། །ཡམས་ཀྱི་ནད་ཕྱིར་སོང་ཅིག་ཅེས་བྱ་བ་ནི། མ་རུངས་པར་བྱེད་པའི་གདོན་དང་འབྱུང་པོ་རྣམས་དང་། གོང་དུ་བཤད་པའི་ནད་རྣམས་ཕྱིར་བསྐྲད་ཅིང་། རིག་སྔགས་ཀྱི་དམོད་མོས་འདུག་པར་མི་ཚུགས་ཤིང་གནོད་བྱེད་རྣམས་ཕྱིར་དབྱུང་བའོ། །ཕྱིར་བསྐྲད་པའི་ཚིགས་སུ་བཅད་པ་ནི། ནིར་གཙྪ་ཏ་ལ་སོགས་པའོ། །སངས་རྒྱས་ལྷ་ཆེན་པོ་ལྷའི་ཡང་ལྷའི་བླ་མ་གཤེགས་ཤིང་ཞེས་བྱ་བ་ནི། སངས་རྒྱས་ལྷ་ཆེན་ནི་ཤཱཀྱ་ཐུབ་པའི་ཞལ་ ནས་གསུངས་པ། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ། ཡམས་ཀྱི་ནད་དང་། རིམས་ཀྱི་ནད་ལ་སོགས་པས་མི་ཚུགས་ཏེ། གཞན་ཡང་མ་རུངས་པར་བྱེད་པ། སྡིག་པའི་སེམས་དང་ལྡན་པ། སྡང་བའི་སེམས་དང་ལྡན་པ་དང་། དྲག་ཤུལ་གྱི་ སེམས་དང་ལྡན་པ་དང་། གཞན་གྱི་སྲོག་འཕྲོག་པ་རྣམས་དང་། འཚེ་བར་བྱེད་པའི་འབྱུང་པོ་དང་། ནད་ཐམས་ཅད་འཇོམས་པར་བྱེད་པའོ། །ལྷ་ཆེན་པོའི་ཚོགས་ནི་འབྱུང་པོའི་ཚོགས་ཡིན་ཏེ། དེ་ཡང་ཕན་གནོད་བྱེད་པའི་ཕྱིར་ན། རིག་སྔགས་ཀྱི་རྒྱལ་ མོའི་གཟི་བརྗིད་ཀྱིས་ཕྱིན་ཏེ། གནོད་བྱེད་གང་ཞེ་ན། ལྷ་ཆེན་པོའི་འཁོར་ལ་བགེགས་རྣམས་ཀྱི་བདག་པོ་འབྱུང་པོའི་ཚོགས་ཀྱི་རྒྱལ་པོ་དབང་ལྡན་གྱི་མཚམས་ན་གནས་པའོ། །སྐྱེར་མི་སྟེར་ཞིང་མའི་མངལ་ནས་གནོད་པར་བྱེད་པ་ནི། འདི་རྣམས་ཡིན་ནོ། །རི་དགས་ རྒྱལ་དང་སྐེམ་བྱེད་དང་། །བརྗེད་བྱེད་དང་ནི་ཁུ་ཚུར་ཅན། །ནམ་གྲུ་སྲུལ་པོ་ཛ་མི་ཀ །འདོད་པ་ཅན་དང་མ་དགའ་བྱེད། །བཞིན་རྒྱལ་ཅན་དང་གཉའ་ལག་ཅན། བྱ་གཟུགས་མི་འཆང་འཇོམས་པ་མོ། །མ་མོ་དང་། དེ་རྣམས་འབྱུང་པོ་གནོད་བྱེད་པ། ། ལོ་གྲངས་བཅུ་གཉིས་བར་དུ་ནི། །བྱིས་པ་རྣམས་ལ་འཇིགས་པར་བྱེད། །གཞན་ཡང་གང་གིས་མི་མཐོང་བ། །དེ་རྣམས་འབྱུང་པོ་ས་ལ་རྒྱུ། །ལྷ་ཡི་ལྷ་ནི་གཉིས་ཡོད་དོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་ འདས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །འཇིག་རྟེན་པ་ནི་ལྷའི་དབང་པོ་བརྒྱ་བྱིན་ནོ། །དེ་ཡང་ཤར་གྱི་ཕྱོགས་ན་གནས་ཏེ། ཕན་པ་དང་། གནོད་པ་བྱེད་ཅིང་གནས་པའོ། །གནོད་བྱེད་ནི། དབང་ཕྱུག་ཆེན་པོ་བིཥྞུ་དང་། བྷྲྀང་གི་རི་ཏི་དགའ་བྱེད་དབང་། གཞོན་ནུ་སྨིན་ དྲུག་ཚོགས་ཀྱི་བདག །སྟོབས་དབྱངས་ལེགས་ལྡན་དེ་བཞིན་ནོ། །དེ་རྣམས་ཤར་ཕྱོགས་ན་ཕན་པར་བྱེད་པ་དང་། འཚེ་བར་བྱེད་པ་རྣམས་ཡིན་ནོ། །ལྷའི་བླ་མ་ནི་གཉིས་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་དང་། དཔའ་བ་བཟང་ཡིན་ནོ། །དེ་ཡང་འཇིག་རྟེན་ དང་། འཇིག་རྟེན་ལས་འདས་པའི་བླ་མའོ། །གནོད་པར་བྱེད་པ་དང་། ཕན་པར་བྱེད་པ་དང་། ལོ་ལེགས་པར་བྱེད་པ་དང་། ལོ་ཉེས་པར་བྱེད་པ་རྣམས་ནི། ཉི་མ་དང་ནི་ཟླ་བ་དང་། །ཕུར་བུ་དང་ནི་པ་བ་སངས། །སྤེན་པ་དང་ནི་ལག་དང་ནི། །སྒྲ་གཅན་འཛིན་དང་མཇུག་ རིངས་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་རྣམས་ཀྱིས་དེ་བཞིན་དུ། །བཟང་བ་དང་། ངན་པ་དང་། ཚེས་གྲངས་འཛིན་ཞིང་། བཀྲ་ཤིས་པ་དང་། མི་ཤིས་པར་བྱེད་པའོ། །དབང་པོ་དང་བཅས་པའི་ལྷ་རྣམས་དང་ཞེས་བྱ་བ་ནི། རྒྱལ་པོ་བཞི་འཁོར་དང་བཅས་པ་ཡིན་ཏེ། དེ་ཡང་ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སུ་འཁོད་ཅིང་གནོད་པར་བྱེད་པ་རྣམས་ནི་ཕྱིར་ཁྱེར་ཅིག་ཅེས་པའོ། །རྒྱལ་པོ་བཞི་པོ་འཕགས་སྐྱེས་པོ་དང་། ཡུལ་འཁོར་སྲུང་དང་། མིག་མི་བཟང་དང་། ལུས་ངན་པོ་རྣམས་ཡིན་ཏེ། དེའི་འཁོར་ནི། དྲི་ཟ་ནོར་བུ་བཟང་དང་། དྲི་ཟ་གང་བ་བཟང་དང་། དྲི་ཟ་མེ་ཏོག་དང་། འདོར་རུ་རྣམས་ཡིན་ཏེ། གྲུལ་བུམ་གཏུམ་མོ་དང་། ཉེས་གཏུམ་མོ་དང་། གྲུལ་བུམ་རྒན་མོ་དང་། ཁྱབ་འཇུག་ལེན་དང་། གྲུལ་བུམ་ཞེ་རྒན་མོ་རྣམས་ཡིན་ནོ། ། ཀླུའི་རྒྱ་མཚོ་དང་། རྒྱ་མཚོའི་བུ་དང་། དུག་མེད་དང་། མཚོ་ཆེན་རྣམས་སོ། །གནོད་སྦྱིན་གྱི་དབང་པོ་ལ་བ་དང་། །ཆུ་ལྷ་དང་ནི་སྐྱེ་དགུའི་བདག །བ་ར་དྷྭ་ཛ་དབང་ལྡན་དང་། །ཙནྡན་འདོད་པའི་གཙོ་བོ་དང་། །མགྲིན་ངན་དང་ནི་མགུལ་ཉེས་དང་། །བི་ཌི་དང་ ནི་ནོར་བུ་སྤྱོད། །གྲ་རབ་ཉེར་ལྔའི་མཉམ་པ་དང་། །གསེར་ཅན་གང་པོ་སོན་ཏེ་བ། །གཡོན་ཅན་ནོར་འཛིན་བ་ལང་སྐྱོང་། །འབྲོག་གནས་མི་ཡི་རྒྱལ་པོ་དང་། །རྒྱལ་བ་ཁྱུ་མཆོག་ཚོགས་ལྔ་སེར། །མགྲིན་བཟངས་རིང་པོ་འཁོར་བཅས་དང་། །དྲི་ཟ་སྣ་ ཚོགས་སྡེ་དང་ནི། །འབྲས་བུ་གསུམ་པ་མགུལ་གསུམ་པ། །ལྕགས་མདུང་རིང་པོ་མ་ལྡན་དང་། །གནོད་སྦྱིན་དེད་དཔོན་དེ་རྣམས་ཀྱིས། །བྱང་ཕྱོགས་ན་ནི་གནས་པའོ། །དབང་ལྡན་དང་བཅས་པ་རྣམས་ཞེས་བྱ་བ་ནི། མི་མཇེད་ཀྱི་བདག་པོ་ཚངས་པ་ནས། ཚངས་རིས་ཀྱི་ལྷ་དང་། ཚངས་ཆེན་དང་། ཚངས་པའི་འཁོར་རྣམས་ཡིན་ཏེ། དེ་དག་ཀྱང་སྟེང་ན་གནས་པའོ། །དབང་བདག་དང་བཅས་པ་རྣམས་དང་ཞེས་བྱ་བ་ནི། གནས་གཙང་མའི་ལྷ་རྣམས་ཡིན་ཏེ། ལྷའི་བུ་དབང་ལྡན་དང་། དབང་ཆེན་དང་། དབང་གྲགས་རྣམས་ཡིན་ནོ། ། བྱང་ཤར་མཚམས་ན་གནས་པའོ། །སྐྱེ་དགུའི་བདག་པོ་དང་བཅས་པ་རྣམས་དང་ཞེས་བྱ་བ་ནི། འགྲོ་བ་དང་། འདུག་པ་དང་། བྱེད་པའི་བདག་པོ་ཡིན་ཏེ། ལྷ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་དང་། གནོད་སྦྱིན་ དང་། སྲིན་པོ་དང་། མི་དང་། དུད་འགྲོའི་འགྲོ་བ་མཐོ་རིས་དང་། དམྱལ་བ་དང་། བཟང་བ་དང་། ངན་པའི་ཕྱོགས་ཤེས་ཤིང་། ཁམས་གསུམ་གྱི་བྱ་བ་ཤེས་པའོ། །སྐྱེ་དགུའི་བདག་པོ་ཚངས་པ་དང་། ཨ་ཏྲེ་ཡ་དང་། མེ་དང་། ཉི་མ་དང་། མི་ དང་། བཟང་པོ་ལ་སོགས་པ་ཡིན་ཏེ། དེ་དག་གིས་ཀྱང་མངོན་པར་ཤེས་པའོ། །འཇིག་རྟེན་སྐྱོང་བ་བཞི་པོ་དག་ཀྱང་ངོ་ཞེས་བྱ་བ་ནི། མེ་དང་བདེན་བྲལ་དང་། རླུང་དང་། གཤིན་རྗེའོ། །མེའི་འཁོར་རྣམས་ནི། མེ་ཞིང་དང་ནི་ནག་པ་དང་། །ཡང་དག་ ཤེས་དང་མདུན་བདར་དང་། །གྱ་གྱུ་གྱུར་མིད་ཨ་གུར་དང་། །གཡོ་འདོད་དང་ནི་ཤར་ལྷོ་གནས། །ལང་ཀ་མགྲིན་བཅུ་མེ་དང་། བུམ་པ་མགྲིན་རྣ་བུམ་སྣ་དང་། གཟིགས་ཤིང་གསོད་བྱེད་ལ་སོགས་ལྷོ་ནུབ་མཚམས་ན་གནས། ། སུམ་རྩེ་དང་ནི་རབ་ཤིམ་དང་། །ལྷ་མིན་ཧེ་རོན་ཀེ་རུ་དང་། །ཀུན་དུ་སྣ་ཚོགས་ལ་སོགས་ནུབ་བྱང་མཚམས་ན་གནས། །རྡོ་རྗེ་གཞོན་ནུ་མ་དང་ནི། །ནམ་གྲུ་དང་ནི་ནག་མོ་དང་། །རྡོ་རྗེ་ལུ་གུ་རྒྱུད་སོགས་དང་། །ལྷོ་ཡི་ཕྱོགས་ན་གནས་པའོ། །ལྷ་འབུམ་ཕྲག་ དུ་མ་དག་དང་། ལྷ་མ་ཡིན་གྱི་དབང་པོ་རྣམས་དང་། ལྷ་མ་ཡིན་འབུམ་ཕྲག་དུ་མ་རྣམས་ཀྱང་འོང་ཞེས་བྱ་བ་ནི། འདོད་པའི་ཁམས་ཀྱི་ལྷ་རིས་དྲུག་དང་། གཟུགས་ཁམས་ཀྱི་ལྷ་རིས་བཅོ་བརྒྱད་ཀྱང་དད་པ་སྐྱེས་ནས་བྱུང་སྟེ། གནོད་སྦྱིན་རྣམས་སོང་ཤིག་ཅེས་པའོ། །བཅོམ་ ལྡན་འདས་ལ་མངོན་པར་དད་པའི་འབྱུང་པོ་འབུམ་ཕྲག་ཀྱང་། སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་འོང་སྟེ་ཞེས་བྱ་བ་ནི། ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། རླུང་ལྷ་དང་། དྲི་ཟ་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། གནོད་སྦྱིན་དང་། སྲིན་པོ་ དང་། འབྱུང་པོ་རྣམས་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། སྲུལ་པོ་དང་། ལུས་སྲུལ་པོ་དང་། བརྗེད་བྱེད་དང་། སྨྱོ་བྱེད་དང་། གྲིབ་གནོན་དང་། གནོད་བྱེད་དང་། གནོན་པོ་རྣམས་ཡིན་ཏེ། གཞན་ཡང་མདངས་འཕྲོག་པ་དང་། ལོ་ཏོག་ཟ་བ་རྣམས་ ཡོད་དེ། དེ་ལ་སོགས་པ་འབྱུང་པོའི་རིགས་མི་གཅིག་པ་སྟོང་ཕྲག་ཉི་ཤུ་ཡོད་དེ། དེ་རྣམས་ཀྱང་དད་པ་སྐྱེས་ནས་འོང་བར་འགྱུར་རོ། །དེ་དག་ཁྱེད་རྣམས་ལ་གནོད་པ་ཆེན་པོར་བྱེད་པར་འགྱུར་དུ་འོང་གིས་ཞེས་བྱ་བ་ནི། དེ་ལྟ་བུའི་རིགས་ཀྱིས་ཀྱང་གནོད་པ་བྱས་ཏེ། དེས་མི་ཚུགས་ པར་བྱ་བའི་ཕྱིར་རིག་སྔགས་ཀྱི་ཚིགས་སུ་བཅད་པ་གདོན་པར་བྱའོ། །རིག་སྔགས་ནི་ནིར་གཙྪ་ཏ་ལ་སོགས་པའོ། །མྱུར་དུ་བྱེར་ཅིག་ཅེས་བྱ་བ་ནི། སྙིང་རྗེའི་སེམས་དང་ལྡན་པ་དང་སྡང་བའི་སེམས་དང་ལྡན་པ་རྣམས་སོ་སོར་སོང་ཅིག །བཟང་བ་དང་། ངན་པ་མ་འགྲོགས་ ཤིག །རིག་སྔགས་ཀྱི་དམོད་མོས་ངན་བྱེད་རྣམས་མགོ་ཚལ་པ་ཚལ་པར་འགས་ཤིང་། སེམས་ཅན་དམྱལ་བར་འགྲོ་བའོ། །ཁྱེད་ཅག་ལ་གང་དག་སྡང་བའི་སེམས་དང་ལྡན་པ་དེ་དག་ནི་ཕུང་བར་གྱུར་ཅིག་ཅེས་བྱ་བ་ནི། གཞན་ཡང་སྲོག་འཕྲོག་པར་འདོད་པ་ དང་། སྡིག་པའི་སེམས་དང་ལྡན་ཞིང་། དྲག་ཤུལ་བྱེད་འདོད་པ་སྟེ། རིག་སྔགས་ཀྱི་དམོད་མོའི་མཚོན་གྱིས། དུམ་བུ་དུམ་བུར་བརླག་ཅིང་རིག་སྔགས་ཀྱི་མེས་ཐལ་བར་བཏང་བའོ། །གང་དག་བྱམས་པའི་སེམས་དང་ལྡན་ཞིང་། ཉེས་པར་མི་འདོད་ལ། སྲུང་ བར་འཇུག་པར་འདོད་པ་དེ་དག་ཀྱང་ཁྱེད་ཅག་ཅེས་བྱ་བ་ནི། འཇིག་རྟེན་སྐྱོང་བ་དང་། ཆོས་སྐྱོང་བ་རྣམས་ཡིན་ཏེ། ལྷ་དང་མི་དང་ལྷ་མ་ཡིན་དང་། གནོད་སྦྱིན་དེད་དཔོན་ཆེན་པོ་ལ་སོགས་པས་ཀྱང་། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་རྗེས་སུ་འཛིན་མའི་གཟི་ བརྗིད་དང་། སྟོབས་ཀྱིས་སྲུང་ཞིང་སྐྱོབ་པའོ། །ལུས་ལ་ཡང་འཇུག་པར་གྱིས་ཤིག་ཅེས་བྱ་བ་ནི། སྐུ་དང་གསུང་དང་། ཐུགས་རྣམས་སྲུང་སྟེ། སྐུ་སྲུང་བ་ནི། ཚོན་སྐུད་སྣ་ཚོགས་ལ་མདུད་པ་བརྒྱ་རྩ་བརྒྱད་བོར་ཞིང་ལུས་ལ་བཏགས་པའོ། །ཡང་ན་དར་རམ། ཤིང་ ཤུན་ནམ། གྲོ་ག་ལ་གི་ཝཾ་ངམ། གུར་གུམ་ལ་སོགས་པས་བྲིས་ན། གཞན་ངན་བྱེད་ཐམས་ཅད་དང་། གློ་བུར་གྱི་སྡིག་པས་མི་ཚུགས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་གྱིས་བཀའ་སྩལ་པ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་ཐུབ་པའི་ཐུགས་ཀ་ནས་སྤྲུལ་ཏེ། གཟི་བརྗིད་དང་ལྡན་ཞིང་། སྟོབས་ཆེ་བ། ནམ་མཁས་ཁྱབ་པ་བཞིན་དུ། གྲགས་པ་ཡང་དེ་བཞིན་ནོ། །ཡེ་ཤེས་ལྔའི་རང་བཞིན་སངས་རྒྱས་ལྔའི་དབུ་རྒྱན་ཅན། ཅུང་ཟད་ཁྲོ་བ། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ ནག་མོ། སྤྱན་གསུམ་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། ཕྱག་གཡས་ན་རྡོ་རྗེ་གཡོན་ན་སྡིགས་མཛུབ་དང་ཞགས་པ་བསྣམས་པའོ། །ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སེམས་ཅན་ཐམས་ཅད་གྲོལ་བར་བྱེད་པའི་ རིག་སྔགས་ཀྱི་ཚིག་ནི་གང་ཞེ་ན། འདི་ལྟ་སྟེ། སུ་མུ་སུ་མུ་ལ་སོགས་པའོ། །སངས་རྒྱས་འཇིག་རྟེན་ལ་ཐུགས་བརྩེ་བ་ཅན་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། སྤྱི་བོ་གཙུག་ནས་སྤྲུལ་ཏེ། རིག་སྔགས་སྐུའི་ རང་བཞིན་ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག་དཀར་མོ་ཞི་བའི་ཚུལ་དུ་བཞུགས་པ། ཡེ་ཤེས་ལྔའི་རང་བཞིན། སངས་རྒྱས་ལྔས་དབུ་ལ་བརྒྱན་པ། སྤྱན་གསུམ་པ། ཕྱག་གཡས་ན་འཁོར་ལོ། གཡོན་པ་ན་ཞགས་པ་བསྣམས་པའོ། །ཟླ་བའི་གདན་ལ་ཟླ་ བའི་འོད་དང་བཅས་ཤིང་། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སེམས་ཅན་ཐམས་ཅད་ལ་ཕན་པར་ལྷག་པ། དགོངས་པ་དང་ལྡན་པ་ཞེས་བྱ་བ་ནི། འགྲོ་བ་རིས་དྲུག་གི་སེམས་ཅན་ལ་དགོངས་ཏེ། རིག་སྔགས་འདིའི་གཟི་བརྗིད་ཀྱིས། དམྱལ་བའི་སྡུག་བསྔལ་དཔག་ ཏུ་མེད་པ་ལ་གསོད་པ་དང་། སྲེག་པ་དང་། རྡེག་པ་དང་། དུམ་བུར་གཏུབ་པ་དང་། ཚིག་པ་དང་། རེངས་པའི་སྡུག་བསྔལ་ལས། ཡོངས་སུ་ཐར་བའོ། །དུད་འགྲོའི་སྡུག་བསྔལ་ནི། བྱ་དང་ཅེ་སྤྱང་ལ་སོགས་པ་རྣམས་ཀྱིས་གཅིག་ལ་གཅིག་ཟ་བའོ། །རིག་སྔགས་ཀྱི་ རྒྱལ་མོ་འདིས། དེ་ལྟ་བུའི་འགྲོ་བ་ལས་ཐར་བར་བྱས་ཤིང་། གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་དང་བྲལ་བའོ། །ཡི་དགས་ཀྱི་སྡུག་བསྔལ་ནི། བཏུང་བ་དང་། བཟའ་བ་མེད་པའི་སྡུག་བསྔལ་ཡིན་ཏེ། མཐོང་མ་ཐག་ཏུ་ཞེ་སྡང་གིས་གཅིག་ལ་གཅིག་ཕྲག་དོག་བྱེད་ཅིང་འཐབ་ རྩོད་བྱེད་པའོ། །དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་འདིའི་གཟི་བརྗིད་ཀྱིས་བཏུང་བ་དང་། བཟའ་བ་མེད་པའི་སྡུག་བསྔལ་འཇོམས་པའོ། །ལྷ་མ་ཡིན་གྱི་སྡུག་བསྔལ་ནི། ཕྲག་དོག་གིས་སྤྱོད་པ་ཞེ་སྡང་གི་སེམས་སྐྱེ་སྟེ་སེར་སྣའི་རང་བཞིན་གྱིས་འདོད་པ་ལ་མ་མཐུན་ནས། དེ་ ཡང་གཡུལ་འགྱེད་པའི་སྡུག་བསྔལ་ལོ། །དེའི་སྡུག་བསྔལ་ཐམས་ཅད་ཞི་བར་བྱེད་པ་ནི། རིག་སྔགས་ཀྱི་རྒྱལ་མོའི་དཔུང་གིས་འཇོམས་པའོ། །ལྷའི་སྡུག་བསྔལ་ནི། འཆི་འཕོའི་སྡུག་བསྔལ་ཡིན་ཏེ། བྱས་པའི་དགེ་བའི་རྩ་བ་རྣམས་ཟད་པ་དང་ལྷའི་བུ་རྣམས་ཀྱིས་ཀྱང་དེའི་ འཆི་འཕོ་བ་ཚོར་ཏེ། དཔེར་ན་སྔོན་གྱི་དུས་སུ་ལྷའི་བུ་དགའ་བྱེད་ཅེས་བྱ་བ། སུམ་ཅུ་རྩ་གསུམ་ནས་མར་ལ་ལྟུང་བ་ཚོར་ཏེ། གར་འཕོ་བ་ཚོར་ཞེ་ན། ཡུལ་བཱ་རཱ་ཎ་སཱིར་ཕག་པའི་ཕྲུ་གུར་སྐྱེ་བར་ཚོར་རོ། །དེ་ཚོར་བའི་སྡུག་བསྔལ་གྱིས་ལྷའི་བུ་དེ་ཡང་ངུ་ཞིང་། ལྷའི་མེ་ཏོག་གམ་ ལྷའི་རྫས་ལ་སོགས་པ་ལ་ལྟ་ཞིང་ཡང་ནས་ཡང་དུ་སྡུག་བསྔལ་སྐྱེའོ། །ལུས་ལས་ཀྱང་དྲི་མ་འབྱུང་སྟེ། མེ་ཏོག་དེ་ཀུན་ཡང་སྐམས་སོ། །ལྷའི་གྲོགས་པོ་རྣམས་ཀྱིས་བོར་ཏེ། འོད་ཀྱང་མེད་དོ། །ཞག་བདུན་བར་དུ་ལྷའི་ལོངས་སྤྱོད་བོར་ནས། མི་གཙང་བ་ ཟའོ་སྙམ་ནས་ཡང་ནས་ཡང་དུ་སྡུག་བསྔལ་དྲན་ཞིང་ངུའོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྐྱེད་མོས་ཚལ་དུ་རྩེད་མོ་ལ་འོངས་པས་སྐད་མི་སྙན་པ་ཐོས་ཏེ། དེ་ནས་དེའི་རྩར་ཕྱིན་ནས། དེ་ནས་ལྷའི་བུ་དེ་ལ་དྲིས་པ་དང་། ལྷའི་བུས་སྨྲས་པ། ལྷའི་ལྷ་ཞག་བདུན་པ་འཛམ་ བུའི་གླིང་དབུས་སུ། གྲོང་ཁྱེར་བཱ་རཱ་ཎ་སཱིར་བདག་ཞག་བདུན་ན་ཕག་པའི་ཕྲུ་གུར་སྐྱེའོ་ཞེས་སྨྲས་སོ། །བརྒྱ་བྱིན་གྱིས་སྨྲས་པ། ལྷའི་བུ་དགའ་བ་ཁྱོད་ཀྱིས། སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་འགྲོ་བ་གྱིས་ཤིག །དེས་ཕན་པར་འོང་སྟེ། གཞན་གྱི་ཐབས་ནི་མེད་དོ་ཞེས་གསུངས་སོ། །ལྷའི་བུ་དེས་དེའི་གདམས་ངག་ཐོས་པ་དང་། སྐྱབས་སུ་འགྲོ་བ་ཉིན་མཚན་མེད་དུ་བྱས་པ་དང་། ཞག་བདུན་གྱི་ནང་པར་གནས་གཙང་མའི་ལྷར་སྐྱེས་སོ། །ལྷའི་ལོངས་སྤྱོད་དང་ལྡན་ཞིང་ལྷའི་བུ་གསེར་འོད་ཅེས་བྱ་བར་ སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སྐྱེད་མོས་ཚལ་དུ་ལྷའི་ལོངས་སྤྱོད་ལ་འོངས་ཏེ། ལྷའི་བུ་དེ་དྲན་ནས་ལྷའི་སྤྱན་གྱིས་འཛམ་བུའི་གླིང་དུ་བལྟས་པས། དེར་ཡང་མ་མཐོང་ངོ་། །དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་དང་། གཞན་ཡང་མིའི་ཡུལ་ཤར་ལུས་ འཕགས་པོ་དང་། བ་ལང་སྤྱོད་དང་། སྒྲ་མི་སྙན་དུ་བལྟས་པ་དང་། དེ་རྣམས་སུ་ཡང་མ་མཐོང་ངོ་། །དེ་ནས་རང་གི་ཡུལ་དང་། ལྷ་མ་ཡིན་དང་། རྒྱལ་ཆེན་རིགས་བཞིའི་ལྷའི་ཡུལ་དང་། རི་བདུན་གྱི་ལྷ་ལ་སོགས་པ་རྣམས་སུ་བལྟས་ཏེ། དེ་རྣམས་ན་ཡང་མ་མཐོང་ ངོ་། །དེ་ནས་དེ་རྣམས་སུ་ཡང་ནས་ཡང་དུ་བལྟས་ཀྱང་མ་མཐོང་སྟེ། དེ་ངོ་མཚར་ཆེ་བས། ལྷོའི་འཛམ་བུའི་གླིང་གི་དབུས་སུ། གྲོང་ཁྱེར་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ ཤཱཀྱ་སེང་གེ་བཞུགས་ཏེ། དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས། ལྷའི་མེ་ཏོག་དང་། ལྷའི་སྤོས་དང་། ལྷ་རྫས་ཀྱི་མཆོད་པ་ཁྱད་པར་འཕགས་པ་ཁྱེར་ནས། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་སྨྲས་པ། བཅོམ་ལྡན་འདས་ལྷའི་ བུ་དགའ་བ་ཞེས་བྱ་བ་འཆི་འཕོས་ནས་ཕག་པའི་ཕྲུ་གུར་སྐྱེར་འགྲོ་བའི་དུས་སུ། ངས་གསུམ་ལ་སྐྱབས་སུ་འགྲོ་བ་བྱིན་ཏེ། དེའི་བྱིན་རླབས་ཀྱིས་གར་སྐྱེས་ཆ་མེད་པས་བདག་གིས་དབང་ཚད་ལ་བལྟས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་ཁྱོད་ཀྱིས་མཐོང་བར་མི་འགྱུར་ ཏེ། ཁྱོད་ཀྱིས་ལོངས་སྤྱོད་པས་མཐོ་བའི་གནས་གཙང་མའི་ལྷའི་བུ་གསེར་འོད་ཅེས་བྱ་བར་སྐྱེས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ། ལྷ་རྫས་ཀྱི་མཆོད་པ་ཡང་ནས་ཡང་དུ་བྱས་ནས། ཡིད་ཆེས་ཤིང་ངོ་མཚར་ཆེ་བར་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་ བ་བྱས་སོ། །དེ་བཞིན་དུ་རིག་སྔགས་ཀྱི་རྒྱལ་མོས་ལྷའི་འཆི་འཕོ་བའི་སྡུག་བསྔལ་ཡང་འཇོམས་པའོ། །མིའི་སྡུག་བསྔལ་ནི། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་ལ་སོགས་པའི་སྡུག་བསྔལ་ཡིན་ཏེ། དེ་ཡང་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་ མའི་གཟི་བརྗིད་དང་སྟོབས་ཀྱིས། འདི་འཆང་བ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་ལས་བྲལ་བར་འགྱུར་རོ། །འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་འཇོམས་པའི་ཕྱིར་ན། ཐུགས་རྗེས་བསྐྱབ་པ་ཞེས་བྱའོ། །བྱམས་པ་ལ་གནས་པ། ཐུགས་ རྗེ་དང་ལྡན་པ་ཞེས་བྱ་བ་ནི། འགྲོ་བ་རིགས་དྲུག་གི་སེམས་ཅན་ལ་བུ་གཅིག་པ་ལྟ་བུར་བྱས་ནས། དེ་ལ་བསྙེན་བཀུར་བྱེད་ཅིང་འཚེ་བའི་སེམས་མི་སྐྱེ་ཞིང་། ཁམས་གསུམ་གྱི་སེམས་ཅན་ལ་དེ་ལྟ་བུའི་སེམས་བཞག་ཅིང་བྱམས་པ་སྟེ། དེ་བཞིན་དུ་འཁོར་བ་ལ་གནས་པའི་སེམས་ཅན་ ལ་སྙིང་རྗེས་ཁྱབ་སྟེ། དེ་འདོད་པའི་སེམས་ཉེ་བར་བཞག་པ་སྙིང་རྗེའོ། །དགའ་བ་ལ་གནས་པ། བཏང་སྙོམས་ལ་གནས་པའོ། །གཤེགས་ཀྱིས་ཞེས་བྱ་བ་ནི། དགེ་བའི་རྩ་བ་ལ་དགའ་བ་སྟེ། འགྲོ་བ་རིགས་དྲུག་གི་སེམས་ཅན་ཡར་ལ་ཐོན་པ་དང་། མུན་པ་མུན་ནག་བཅོམ་ པས་དགའ་སྟེ། དེ་བཞིན་དུ་མཉམ་པ་ཉིད་དང་། བསྒོམ་ཞིང་སེམས་ཅན་ཐམས་ཅད་ལ་ཁྱད་པར་མེད་པས་ན། བཏང་སྙོམས་སོ། །ཡེ་ཤེས་ཀྱི་མཆོག་དང་། ཆོས་ཉིད་ཀྱིས་ལྷ་ཐམས་ཅད་དང་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པ་ཡང་དག་པའི་ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ཡིན་ ཏེ། གང་ལ་ཡོད་ཅེ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ལྟ་བའོ། །དེའི་ཡེ་ཤེས་ནི་རིག་པའི་ལྷ་རྣམས་ཡིན་ཏེ། རིག་པའི་ལྷ་རྣམས་ནི་གང་ཞེ་ན། སྟོང་ཆེན་མོ་རབ་ཏུ་འཇོམས་མ་དང་། རྨ་བྱ་ཆེན་མོ་དང་། བསིལ་བའི་ཚལ་དང་། སོ་སོར་འབྲང་མ་དང་། གསང་སྔགས་ཀྱི་རྗེས་སུ་འཛིན་མ་རྣམས་ཡིན་ནོ། །མཚོན་པ་ནི་ཡེ་ཤེས་རྣམས་ཡིན་ནོ། །མཚོན་བྱེད་ནི་རིག་པའི་ལྷ་མོ་རྣམས་སོ། །སོ་སོའི་ཡེ་ཤེས་ནི། མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་། བྱ་བ་ནན་ཏན་གྱི་ཡེ་ཤེས་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་དང་ལྔའོ། །རིགས་ནི་རྡོ་རྗེ་དང་། རིན་པོ་ཆེ་དང་། ལས་དང་། དེ་བཞིན་གཤེགས་པ་དང་། པདྨོའི་རིགས་སོ། །ཕུང་པོ་ནི་རྣམ་ཤེས་དང་། ཚོར་བ་དང་། འདུ་བྱེད་དང་། གཟུགས་དང་། འདུ་ཤེས་སོ། །ཁམས་ནི་ནམ་མཁའ་ དང་། ཆུ་དང་། རླུང་དང་། ས་དང་། མེའོ། །སྐྱེ་མཆེད་ནི། རྣ་བ་དང་། སྣ་དང་། ལུས་དང་། མིག་དང་། ལྕེའི་རང་བཞིན་ཏེ། ཡིད་ཀྱི་རང་བཞིན་ནི་སྟོང་ཆེན་མོ་རབ་ཏུ་འཇོམས་མའོ། །ཞལ་གསུམ་གསུམ། ཕྱག་དྲུག་དྲུག །སངས་རྒྱས་ལྔའི་དབུ་རྒྱན་ཅན། ཞལ་ རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་གཡས་བསྐུམ་པ། གཡོན་བརྐྱང་པས། པདྨའི་སྟེང་ན་ཟླ་བའི་སྟན་ལ་ཉི་མའི་འོད་ཟེར་དང་བཅས་པའོ། །ཞལ་རྣམས་ནི་ཁྲོ་བ་དང་། སྒེག་པ་དང་། འཛུམ་པ་དང་། ཞི་བ་དང་། ཅུང་ཟད་ཁྲོ་ བའོ། །སྐུ་མདོག་ནི། ནག་པོ་དང་། སེར་པོ་དང་། ལྗང་གུ་དང་། དཀར་པོ་དང་། དམར་པོའོ། །གཡས་པའི་ཞལ་རྣམས་ནི། དཀར་པོ་དང་། མཐིང་ག་དང་། དཀར་པོ་དང་། དཀར་བའོ། །གཡོན་པའི་ཞལ་རྣམས་ནི། དམར་པོ་དང་། ལྗང་གུ་དང་། སེར་པོ་དང་། དམར་པོ་དང་། མཐིང་གའོ། །དང་པོའི་ཕྱག་གཉིས་ན་རྡོ་རྗེ་འཛིན་ཞིང་། གཡོན་པ་ན་དྲིལ་བུ་དཀུར་བརྟེན་པའོ། །གཡས་པ་གཉིས་ན་རལ་གྲི་སྟེ། གསུམ་པ་ན་མདའ་བསྣམས་པའོ། །གཡོན་པ་གཉིས་ན། སྡིགས་མཛུབ་ཞགས་པ་སྟེ། གསུམ་པ་ན་གཞུ་བསྣམས་པའོ། །ལྷ་མོ་ རྣམས་ནི་ཡེ་ཤེས་ལྔའི་རང་བཞིན་དུ་ལྡན་པ་སྟེ། ཆོས་ཉིད་ནི་སྟོང་པ་ཉིད་དོ། །ལྷ་མོ་ནི་དངོས་པོའི་རང་བཞིན་ཐབས་སོ། །འབྱུང་པོ་ཐམས་ཅད་ལ་བཀའ་སྩལ་པའི་གསང་སྔགས་ཀྱི་བཞི་འདི་དག་ནི་གྲུབ་པའོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ་འདི་ འབྱུང་པོ་ཐམས་ཅད་ཀྱི་བདག་མོ། །གསང་སྔགས་ཀྱི་ཚིག་གིས་ཁམས་གསུམ་ཙམ་ཡང་འདར་བར་བྱེད་དེ། འབྱུང་པོ་རྣམས་ཀྱིས་མི་ཚུགས་སོ། །འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་བྱ་བ་གྲུབ་སྟེ། གསང་སྔགས་ཀྱི་ཚིག་འདི་གྲུབ་ན་ཡང་དག་པའི་ཡེ་ཤེས་ཐོབ་པའོ། ། ཚིགས་སུ་བཅད་པ་འདི་དག་ནི་གྲུབ་པའོ་ཞེས་བྱ་བ་ནི། ཚེ་འདི་ལ་ཡང་བཀྲ་ཤིས་ཏེ། ཕྱི་མ་ཡང་དེ་བཞིན་ནོ། །དེ་བཞིན་གང་བསྒྲུབ་པར་འདོད་པ་ཡང་འགྲུབ་སྟེ། རྒྱལ་བ་རྣམས་ཀྱིས་གསུངས་ཏེ་ཐེ་ཚོམ་མེད་དོ། །གང་ལ་སེར་སྣ་རྣམ་ཆགས་པ། །རྣམ་བཅོམ་དྲི་མ་སེལ་མཛད་ ཅིང་། །ཞེས་བྱ་བ་ནི། ང་རྒྱལ་སྤངས་ཤིང་འཚེ་བར་མི་བྱེད་པ་སྟེ། ཡང་དག་པའི་ཡེ་ཤེས་ཤར་ནས། དྲི་མ་དེ་ཡང་སྤོང་བྱེད་པ། །གང་ཡང་གྲུབ་སྟེ་ཐེ་ཚོམ་མེད། །ཐུགས་ཞི་གནོད་པ་མི་མངའ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། ང་རྒྱལ་སྤངས་ཤིང་ འཚེ་བར་མི་བྱེད་པ་སྟེ། དེའི་སེམས་ཉེ་བར་བཞག་ན། རིག་སྔགས་འདི་ནི་འགྲུབ་སྟེ། གཉིས་པའི་སེམས་མེད་པས་ན། ཕུམ་སུམ་ཚོགས་ཤིང་བཀྲ་ཤིས་འདི་འགྲུབ་པའོ། །འདྲེན་པ་གང་ཞིག་འགྲོ་བ་རྣམས། །ཐར་པའི་ལམ་དུ་འཛུད་བྱེད་ཅིང་། །ཞེས་བྱ་བ་ནི། ཐེག་པ་ཡང་ དག་པར་བསྟན་པ་སྟེ། མུན་པ་མུན་ནག་ལ་ཡེ་ཤེས་ཀྱི་མར་མེ་བསྟན་པའོ། །མཐོ་རིས་ཐར་པའི་ལམ་འདི་ནི་རྒྱལ་བ་རྣམས་ཀྱིས་གསུངས་པ་འདི་ལ་སེར་སྣ་ལ་སོགས་པ་གང་ཡང་མེད་དོ། །ཆོས་རྣམས་ཐམས་ཅད་སྟོན་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་ བ་ནི། རིག་སྔགས་འདི་ནི་བསྟན་པས་ན། གྲུབ་པར་འགྱུར་ཏེ། གཉིས་པའི་སེམས་སྤངས་ཤིང་གཞི་དད་པའི་སེམས་ཀྱིས་འདིར་ནི་བཀྲ་ཤིས་ཏེ་ཐེ་ཚོམ་མེད་དོ། །སྟོན་པ་འགྲོ་བ་རྣམས་ཀྱིས་བསྟེན། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཞེས་བྱ་བ་ནི། གང་ཡང་སངས་ རྒྱས་ཀྱི་ཆོས་ལ་མོས་པ་སྐྱེས་ན། བྱམས་པ་དང་། སྙིང་རྗེའི་སེམས་ནི་རྟག་ཏུ་བཞག་པ་སྟེ། རིག་སྔགས་འདི་ལ་གཞི་དད་པ་བསྐྱེད་ན་འཁོར་བའི་དྲ་བ་གཅོད་པའོ། །གང་གིས་བདེ་བ་མངའ་མཛད་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། འཁོར་ བའི་སྡུག་བསྔལ་འདི་བོར་ལ་དགེ་བའི་སེམས་ནི་ཡོངས་སུ་བཟུང་ལ། བདེ་བ་ཡང་དག་ཐོབ་སྟེ། གཉིས་པའི་སེམས་ནི་མི་འཛིན་པ། བཀྲ་ཤིས་འདི་ནི་ཡང་དག་པར་ཐོབ་པའོ། །སྐྱོབ་པ་གང་ཞིག་བྱམས་པ་ཡི། །ཐུགས་ཀྱི་འགྲོ་བ་འདི་དག་ཀུན། །ཞེས་བྱ་བ་ནི། འཁོར་བའི་སེམས་ཅན་ལ། དེའི་སེམས་ཉེ་བར་བཞག་སྟེ། སྙིང་རྗེས་ནི་ཐམས་ཅད་ལ་ཁྱབ་སྟེ། མུན་པའི་མུན་ནག་བཅོམ་པའོ། །བུ་གཅིག་བཞིན་དུ་རྟག་བསྐྱངས་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། འགྲོ་བ་རིས་དྲུག་ནི་མཉམ་པར་ བཞག་སྟེ། བྱམས་པའི་སྟོབས་ཀྱིས་སྐྱོབ་པའི་སེམས་བཞག་ནས། རྟག་ཏུ་སེམས་ཅན་ལ་སྙིང་རྗེའི་སེམས་དང་ལྡན་ན། ཚེ་འདི་ལ་བཀྲ་ཤིས་པར་འགྱུར་རོ། །གང་ཞིག་འཁོར་བར་འཁོར་བ་ཡི། །སེམས་ཅན་ཀུན་གྱི་རྟེན་གྱུར་ཅིང་། །ཞེས་བྱ་བ་ནི། འཁོར་བ་ནི་ མ་རིག་པ་སྟེ། འཁོར་བའི་བྱེད་པ་ནི་གཏི་མུག་གིས་འཁོར་ཏེ། གཏི་མུག་གི་སྟེང་དུ་སེར་སྣས་བཅིངས་ཏེ། སེར་སྣའི་སྟེང་དུ་ཞེ་སྡང་བྱུང་ངོ་། །ཞེ་སྡང་ལ་འདོད་ཆགས་འཁོར་རོ། །དེའི་རྟིང་ལ་མ་རིག་པའི་སྙིང་རྗེ་སྐྱེས་ཏེ། དེས་ན་འཁོར་བའི་འཁོར་བ་ཞེས་བརྟགས་པའོ། ། དེ་བརྟེན་པ། གཅོད་པར་བྱེད་པ་ནི། རིག་པ་སྟེ། རིག་པ་ནི་ཡང་དག་པའི་ཡེ་ཤེས་སོ། །ཡེ་ཤེས་དེ་ནི་རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མའི་ངོ་བོ་ཉིད་ཡིན་ཏེ། དེས་འཁོར་བ་རྣམས་འཇོམས་པའོ། །གླིང་དང་དཔུང་གཉེན་གྱུར་པ་ སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། དེ་བཞིན་དུ་དེ་ལ་བསྙེན་ཞིང་གྲུབ་པ་སྟེ། གཞན་ལ་སྙིང་རྗེ་ཡང་དག་པར་སྐྱེ་སྟེ། ཚེ་འདི་ལ་བཀྲ་ཤིས་པར་འགྱུར་ཏེ། ཡང་དག་པར་གྲུབ་པའོ། །གང་ཞིག་ཆོས་ཀུན་མངོན་སུམ་གྱུར། །གཙང་ཞིང་སླུ་བ་མི་ མངའ་ལ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བདེན་པ་འདི་ལ། ཆོས་ལ་ཐེ་ཚོམ་མེད་དེ། ལུས་དང་། ངག་དང་། ཡིད་ཀྱི་ཐེ་ཚོམ་མེད་པའི་སེམས་ནི་བཞག་པར་གྱུར་ན། ཆོས་ཀྱི་རྩ་བ་ཡང་དག་པར་ཐོབ་པའོ། །གསུམ་གཙང་གཙང་བར་ མཛད་པ་སྟེ། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། བརྫུན་དང་། ཕྲ་མ་དང་། ངག་འཁྱལ་པ་དང་། ཚིག་རྩུབ་པ་དང་། གཞན་གྱི་རྣ་བར་མི་སྙན་པའི་ངག་མི་སྨྲ་བའོ། །ཡང་ན་ངག་འཁྱལ་པ་སྤངས་ཤིང་། གཞན་ལ་དགའ་བའི་གཏམ་བྱིན་ཏེ། མི་ དགེ་བ་སྤངས་ཤིང་དགེ་བ་འདི་བྱས་ན། ཚེ་འདི་ལ་ཡང་བཀྲ་ཤིས་པར་འགྱུར། དཔའ་བོ་ཆེན་པོ་གང་སྐྱེས་པས། །ཕུན་སུམ་ཚོགས་དོན་འབྱོར་འགྱུར་ཞིང་། །ཞེས་བྱ་བ་ནི། བདུད་དང་། བདུད་ཀྱི་རིས་བཅོམ་པ་ལ། ཆོས་སྐྱོང་བ་ལ་ནི་དཔའ་བའི་སེམས་དང་། བརྩོན་འགྲུས་ ནི་ཡང་དག་པར་སྐྱེ་སྟེ། དེ་བཞིན་དུ། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བསམ་གཏན་དང་། ཤེས་རབ་ཀྱི་ཕུན་སུམ་ཚོགས་པའོ། །དོན་གྲུབ་ཚོགས་ཀྱང་གྲུབ་པ་སྟེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། དེ་ལ་དེ་བཞིན་དུ་བྱས་པར་གྱུར་ ན། རིག་པ་འདི་ཡང་འགྲུབ་སྟེ། དོན་འགྲུབ་ཅིང་འདི་ལ་ཐེ་ཚོམ་མེད་དེ། གང་ཡང་བཀྲ་ཤིས་འདི་ལས་འབྱུང་ངོ་། །གང་ཞིག་སྐྱེས་པས་ས་རྣམས་ནི། །ནགས་ཚལ་བཅས་པ་རབ་གཡོས་ཤིང་། །ཞེས་བྱ་བ་ནི། འདིའི་ཆོས་ཀྱིས་ཉམས་སུ་མྱོང་བ་ཐོབ་པས་ན། ས་རྣམས་ ཐམས་ཅད་གཡོ་ཞིང་འདར་ཏེ། དེའི་གཟི་བརྗིད་ཀྱིས་སེམས་ཅན་ཐམས་ཅད་ཀྱང་དགའ་བར་འགྱུར་རོ། །སེམས་ཅན་ཐམས་ཅད་དགའ་བ་དེས། ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་གསང་སྔགས་ཀྱི་རྗེས་སུ་འཛིན་མ་འདི་སྒྲུབ་ན། དགའ་ བ་སྨོས་ཅི་དགོས་ཏེ། ཡང་དག་པའི་བྱང་ཆུབ་ཐོབ་པའོ། །བཀྲ་ཤིས་ཤིང་ཆོས་གྲུབ་པར་འགྱུར་བ་སྟེ། ཚེ་འདི་དང་། ཕྱི་མ་ལ་ཡང་དེ་བཞིན་ནོ། །བྱང་ཆུབ་སྙིང་པོར་གང་དག་གིས། །ས་དག་རྣམ་དྲུག་གཡོས་གྱུར་ཅིང་། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་ འཇིག་རྟེན་གྱི་ཁམས་ཀྱང་འདར་བ་སྟེ། དེ་ཡང་འདི་འགྲུབ་པས། །བླ་ན་མེད་པའི་བྱང་ཆུབ་ཐོབ་པས་ན། །ས་ནི་དེ་བཞིན་དུ་གཡོ་བའི་ཕྱིར་རོ། །བདུད་ཡིད་མི་བདེར་གྱུར་པ་དེས། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་བྱང་ཆུབ་ཀྱི་ས་ གཞི་ལ་བཞུགས་པའི་དུས་སུ། གཏི་མུག་དང་། འཁོར་བར་འཁོར་བ་རྣམས་ཡིད་མི་དགའ་སྟེ། དེ་ཡང་དེའི་ནུས་པས། མི་དགའ་བ་རྣམས་གཅོད་པའོ། །རིག་སྔགས་ཀྱི་གཟི་བརྗིད་ཀྱིས་བཀྲ་ཤིས་ཤིང་བདེ་བར་གནས་པའོ། །ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །འཕགས་ པའི་བདེན་པ་རྣམས་གསུང་བ། །ཞེས་བྱ་བ་ནི། ཡང་དག་པའི་བདེན་པ་བདར་ཏེ་ཆོས་ཀྱི་འཁོར་ལོ་ལན་བདུན་བསྐོར་ཞིང་། དེ་ཡང་གསུམ་དུ་འདུས་ཏེ། སྐུའི་བདེན་པ་དང་། གསུང་གི་བདེན་པ་དང་། ཐུགས་ཀྱི་བདེན་པ་དང་། དེ་བཞིན་དུ་འདུལ་བའི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་འཕགས་པ་རྣམས་ཀྱི་ལམ་ཡིན་ནོ། །དེ་ཡང་བདེན་པས་ན་བཀྲ་ཤིས་པར་འགྱུར་ཏེ། ཐེ་ཚོམ་མེད་དོ། །འདི་ལ་གང་ཡང་གྲུབ་པའོ། །ཐུབ་པའི་མཉན་པ་གང་བྱུང་དེ། །ཁྱེད་ལ་བདེ་ལེགས་བྱེད་པར་འགྱུར། །ཞེས་བྱ་བ་ནི། ཡང་དག་པའི་ཆོས་ཡིན་ཏེ། ཆོས་ ནི་རིག་སྔགས་ཀྱི་རྒྱལ་མོ་དེའི་ཕྱག་རྒྱས་རྒྱས་བཏབ་སྟེ། འདི་ཡིས་གཟི་བརྗིད་གང་བྱེད་པ་དེ་ནི་བཀྲ་ཤིས། ཕྱག་རྒྱས་རྒྱས་བཏབ་པའོ། །ཡིད་འཕྲོག་གང་གིས་མུ་སྟེགས་བྱེད། །ཐམས་ཅད་ཆོས་ཀྱིས་ཕམ་མཛད་ཅིང་། །ཞེས་བྱ་བ་ནི། ལྟ་བ་མི་གཅིག་པ་བསམ་གྱིས་ མི་ཁྱབ་པ་ཡོད་དེ། དེ་རྣམས་ཀྱང་། རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་ལ་བསྡུའོ། །དེ་རྣམས་གང་དུ་ཡང་མི་གནས་ཤིང་། ཆོས་ཀྱི་རང་བཞིན་གསལ་ལ་བཞག་པའོ། །དེ་ཡིས་དེ་འདུལ་བར་བྱེད་པས་ན། མུ་སྟེགས་ཀྱི་ཆོས་ཀྱང་ ཕམ་པར་འགྱུར་རོ། །ཚོགས་ཀུན་དབང་དུ་མཛད་པ་དེ། །ཁྱེད་ལ་བདེ་ལེགས་མཛད་པར་འགྱུར། །ཞེས་བྱ་བ་ནི། འདིའི་ནུས་པ་དང་། གཟི་བརྗིད་ཀྱི་ཆོས་ཀྱི་ཉམས་མྱོང་ཡང་དག་པར་སྐྱེས་ཏེ། དེ་ཡིས་དེ་ཀུན་འདུལ་བའི་ཕྱིར་རོ། །དེའི་གཟི་བརྗིད་ཀྱིས་འདིར་ནི། བཀྲ་ཤིས་ཤིང་ཕུན་སུམ་ཚོགས་པའོ། །སངས་རྒྱས་ཁྱེད་ལ་བདེ་ལེགས་མཛད། །བརྒྱ་བྱིན་ལྷར་བཅས་བདེ་ལེགས་དང་། །ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ལ། འཁོར་བའི་སྡུག་བསྔལ་ལས་ཐར་བར་བྱེད་པའི་བདེ་བ་ ཆེན་པོ་སྐྱེ་བར་བྱེད་པ་སྟེ། ཡང་དག་པའི་ཡེ་ཤེས་ཀྱི་མར་མེ་ཕྱེ་བཞིན་བཀྲ་ཤིས་པར་བྱེད་དོ། །ཡང་དག་པའི་བྱང་ཆུབ་ལ་འགོད་པའོ། །དེ་བཞིན་དུ་ལྷའི་སེམས་ཅན་རྣམས་ཀྱང་བཀྲ་ཤིས་པར་འགྱུར་ཏེ། ལྷ་རྣམས་ཀྱི་ལྟུང་བའི་སྡུག་བསྔལ་དང་བྲལ་བའོ། །འབྱུང་པོ་ཀུན་ཀྱང་བདེ་ ལེགས་ནི། །ཁྱེད་ལ་རྟག་ཏུ་སྦྱིན་གྱུར་ཅིག །ཅེས་བྱ་བ་ནི། ལྟུང་བ་མེད་པས་སེམས་ཅན་ལ་འཚེ་བ་མེད་དེ། འདིའི་ནུས་པས་འཚེ་བར་མི་བྱེད་ཅིང་། རྟག་ཏུ་བཟའ་བ་དང་། བཏུང་བ་རྙེད་པར་འགྱུར་རོ། །བཟའ་བ་ལ་ལྕགས་ཀྱི་ཐུ་ལུམ་དུ་མཐོང་བ་རྣམས་དང་། བཏུང་བ་ལ་ཟངས་ཀྱི་ཁུ་བར་མཐོང་བ་རྣམས་ནི། དེ་དག་གིས་ཀྱང་རྟག་ཏུ་མཆོད་པ་ཆེན་པོ་ཐོབ་པར་འགྱུར་རོ། །སངས་རྒྱས་བསོད་ནམས་མཐུ་དག་དང་། །ལྷ་རྣམས་ཀྱིས་ནི་བསམ་པ་ཡིས། །ཞེས་བྱ་བ་ནི། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ ཚོགས་གཉིས་ཡིན་ཏེ། བསོད་ནམས་ཀྱི་ཚོགས་ནི་ཤཱཀྱ་ཐུབ་པ་བཞིན་དུ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་ཡང་དག་པའི་ཡེ་ཤེས་ཐོབ་པའོ། །ཡེ་ཤེས་ཀྱི་ཚོགས་ནི། ངོ་བོ་དང་བ