Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 15 / 21 (50.000 ký tự/trang)
ནི།

ལྷ་དེ་རྣམས་ཀྱང་བསོད་ནམས་ཀྱི་དབང་གིས་འཁོར་ཕུན་སུམ་ཚོགས་པའོ། །དེ་བཞིན་དུ་དབང་ཆེ་བའོ། །ལྷ་དང་ལྷ་མ་ཡིན་རྣམས་གནས་པའོ་ཞེས་བྱ་བ་ནི། ལྷ་མ་ཡིན་ནི་ཞེ་སྡང་དང་། སེར་སྣའི་དབང་གིས་ལྷ་མ་ཡིན་དུ་གྲགས་ཏེ། དེ་མེད་པ་ནི་ལྷ་ཡིན་ནོ། །དེ་བཞིན་དུ་ཡོན་ཏན་དང་
ལྡན་པའི་ལྷ་དང་ལྷ་མ་ཡིན་རྣམས་གནས་པའོ། །དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། ཐུགས་རྗེ་ཆེ་ཞིང་འཇིག་རྟེན་གྱི་ཁམས་ལ་ཁྱབ་པ། མ་ལུས་པར་རྫོགས་པའི་སེམས་ཅན་གྱི་དོན་ལ་སྲུང་བ་དང་སྐྱོབ་པར་བྱེད་དོ། །
དེ་ལྟ་བུའི་རིག་སྔགས་ཀྱི་རྒྱལ་མོ་གང་ཟག་གང་གིས་ཀྱང་གུས་ཤིང་རྗེས་སུ་ཡི་རང་ནས། ལྷ་དེ་རྣམས་ཀྱིས་སྲུང་བ་དང་སྐྱོབ་པར་བྱེད་པར་འགྱུར་ཏེ་ཚེ་ཕྱི་མ་ལ་ཡང་སྲུང་བའོ། །སྦ་བ་དང་ཞེས་བྱ་བ་ལ་སོགས་པ་ནི། སྔར་གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །རིག་སྔགས་ཀྱི་
རྒྱལ་མོ་རྨ་བྱ་ཆེན་མོ་ལས་ལྷ་རྣམས་བཤད་པའི་གནས་སྐབས་ཏེ་བཅུ་དགུ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཅན་རྣམས་ཀྱིས་གསུངས་སོ། །དྲང་སྲོང་སྙིང་རྗེ་ཆེན་པོ་རྣམས་ཀྱི་མིང་སྲུང་ཤིག་ཅེས་བྱ་བ་ནི། བརྟུལ་ཞུགས་ཀྱི་
དབང་གིས་དྲང་སྲོང་ཉི་མའི་ལྟ་བ་དང་། ཚངས་པའི་ལྟ་བ་དང་གཉིས་ཡོད་དེ། དྲང་སྲོང་ཆད་པར་ལྟ་བ་ནི་ཉི་མའི་གཞུང་ངོ་། །དྲང་སྲོང་རྟག་པར་ལྟ་བ་ནི་ཚངས་པའི་གཞུང་ངོ་། །དེ་གཉིས་རྟག་པ་དང་ཆད་པར་ལྟ་བའི་དྲང་སྲོང་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱའོ། །བརྟུལ་ཞུགས་གྲུབ་པ་
ཞེས་བྱ་བ་ནི། དེ་གཉིས་ཀྱང་དཀའ་ཐུབ་ཀྱི་དབང་གིས། རང་གི་ལུས་ལ་ཚངས་པར་སྤྱོད་པའི་རང་བཞིན་གྱིས་རང་གིས་དཀའ་ཐུབ་བྱས་པའོ། །རིག་སྔགས་གྲུབ་པ་ཞེས་བྱ་བ་ནི། རང་གི་རིག་པའི་ཡེ་ཤེས་ཀྱིས་ཕྱིའི་རིག་པ་གྲུབ་པ་སྟེ། ཕྱིའི་རིག་པ་དེ་ནི་མངོན་པར་ཤེས་པའོ། །
གྲགས་པ་འབར་བ་ཞེས་བྱ་བ་ནི། དྲང་སྲོང་དེ་རྣམས་ལ་འཇིག་རྟེན་གྱི་ཁམས་ལ་གྲགས་པའོ། །ཡང་ན་འབར་བ་ནི། དེའི་དམོད་མོས་བསྲེགས་པ་བཞིན་དུ་ཐལ་བར་གཏོང་བའོ། །ཀླུང་དང་རི་ལ་གནས་པ་ཞེས་བྱ་བ་ནི། མིའི་སེམས་ཅན་རྣམས་ལ་མི་གནས་པའི་སའམ། འབྲས་

བུ་རྩ་བ་ཤིང་གི་སྐོགས་པ་གོན་པའོ། །ཤ་མེད་པ་ཀེང་རུས་འཇིགས་པའི་ཆ་བྱད་ཅན། སྐྲ་རིང་བ་སེན་མོ་རིང་བ་ཕྲེང་བ་དང་རིལ་བ་སྤྱི་བླུགས་ཐོགས་པའོ། །སྨོད་པའི་མཚོན་ཆ་ཅན་ཞེས་བྱ་བ་ནི། རང་མགུ་བའི་དུས་སུ་ལེགས་པར་སྨྲས་ན། བཟང་བར་འགྱུར་ཏེ། ངན་པར་
སྨྲས་པས་ངན་པར་འགྱུར་རོ། །དཀའ་ཐུབ་དྲག་པ་ཞེས་བྱ་བ་ནི། སེམས་ཅན་གཞན་མ་བཞིན་དུ་སྲོག་གཅོད་པར་མི་བྱེད་ལ། མ་བྱིན་པར་མི་ལེན་པར། འདོད་པ་ལོག་པར་མི་གཡེམ་ཞིང་། མི་ཚངས་པར་མི་སྤྱོད་པ། བརྫུན་དུ་མི་སྨྲ་ཞིང་། ཕྲ་མ་དང་ངག་འཁྱལ་མེད་<དེ།,དོ། །>ཚིག་
རྩུབ་མོ་ཡོད་དོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི། ལྷ་དང་མི་དང་ཀླུ་དང་གསུམ་དུས་གཅིག་ཏུ་རྒྱུ་ནུས་པའོ། །མངོན་པར་ཤེས་པ་ལྔ་དང་ལྡན་པ་ཞེས་བྱ་བ་ནི། ལུས་ཀྱི་མངོན་པར་ཤེས་པ། ངག་གི་མངོན་པར་ཤེས་པ། ཡིད་ཀྱི་མངོན་པར་ཤེས་པ། མིག་གི་མངོན་པར་ཤེས་པ།
རྣ་བའི་མངོན་པར་ཤེས་པའོ། །ནམ་མཁའ་ལ་འགྲོ་བ་དེ་དག་གི་མིང་བརྗོད་ཀྱིས་ཁྱོད་ཟུང་ཤིག་ཅེས་བྱ་བ་ནི་ངང་པའི་རྒྱལ་པོ་གསེར་ལྟ་བུ་བཞིན་དུ་ནམ་མཁའ་ལ་རྒྱུ་བའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། དྲང་སྲོང་རྣམས་ལ་ལྟ་བའོ། །དྲང་སྲོང་ཆེན་པོ་བརྒྱད་པ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གཡོན་ཕྱོགས་པ་
ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གཡོན་ཕྱོགས་ལྷ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ལྷ་སྐྱབས་ཀྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་བྱ་བ་དང་ཞེས་བྱ་བ་ནི། ལྔ་པོ་དེ་རྣམས་ཀྱང་རྫུ་འཕྲུལ་ཆེ་བ་གཟི་བརྗིད་དང་ལྡན་ཏེ། བསམ་གཏན་བཞི་ལ་གནས་པའོ། །དེ་རྣམས་སྐུ་མདོག་དང་།
ཕྱག་མཚན་ནི། དཀར་པོ་དང་། སྔོ་སྐྱ་དང་། དཀར་སེར་དང་། སྔོན་པོ་དང་། སེར་པོའོ། །གཡས་རྣམས་ན་དབྱུ་གུ་གསུམ་པ་བསྣམས་པ། གཡོན་རྣམས་ན་ཕྲེང་བ་བསྣམས་པའོ། །དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བཀའ་ལས་མི་འདའ་ཞིང་། རིག་སྔགས་རྗེས་སུ་དྲེན་
པའོ། །དྲང་སྲོང་ཆེན་པོ་ཀུན་གྱི་བཤེས་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གནས་ནས་འཇོག་ཅེས་བྱ་བ་དང་། དྲང་སྲོང་ཆེན་པོ་གྲོག་མཁར་བ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འདྲོ་བ་སྐྱོང་གི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འདྲོ་བ་སྐྱོང་གི་བུ་རྒན་པོ་ཞེས་བྱ་བ་དང་ཞེས་བྱ་བ་ནི།

དྲང་སྲོང་ད་རྣམས་ནི་བསྟན་བཅོས་ལ་མཁས་པ། གཟུགས་ཚད་ལ་མཁས་པ་ལྔའོ། །དེ་རྣམས་ཀྱི་ཁ་དོག་དང་ཕྱག་མཚན་ནི། དམར་སྐྱ་དང་། ནག་པོ་དང་། སྔོ་བསངས་དང་། ལྗང་གུ་དང་། སེར་པོའོ། །གཡས་རྣམས་ན་པུ་སྟི། གཡོན་རྣམས་ན་ཕྲེང་བ་བསྣམས་པའོ། །ལྔ་པོ་
དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། སྲུང་བ་དང་སྐྱོབ་པར་བྱེད་དོ། །དྲང་སྲོང་ཆེན་པོ་ངན་སྤོང་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ངན་སྤོང་དགའ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འགྲོ་འཛིན་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འགྲོ་དགའ་ཞེས་བྱ་བ་དང་། དྲང་སྲོང་ཆེན་
པོ་འཇིགས་ཅན་ཞེས་བྱ་བ་དང་ལྔ་པོ་དེ་དག་ཀྱང་འགོག་པ་ལ་སྙོམས་པར་ཞུགས་པ་དང་། རྣམ་པར་ཤེས་པ་དང་། ཚོར་བ་དང་། འདུ་བྱེད་རྣམས་སྤོང་བའོ། །དྲང་སྲོང་དེ་རྣམས་ནི་ཚངས་པའི་གཞུང་གིས་རྟག་པར་ལྟ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་
པོ་དང་། ནག་པོ་དང་། ཐལ་བའི་མདོག་དང་། སྔོན་པོའོ། །གཡས་གཡོན་གཉིས་སྙོམས་པར་ཞུགས་པའི་ཕྱག་རྒྱའོ། །དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སྲུང་བ་དང་སྐྱོབ་པར་བྱེད་པའོ། །དྲང་སྲོང་ཆེན་པོ་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་དང་།
དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་མདུན་དུ་བདར་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་མགོ་བོ་ཆེ་ཞེས་བྱ་བ་དང་དྲང་སྲོང་ཆེན་པོ་གཤིན་རྗེའི་མེ་ཞེས་བྱ་བ་དང་ཞེས་བྱ་བ་ནི། རིག་བྱེད་ཀྱི་གཞུང་གིས་རིག་བྱེད་གཙོ་བོར་བྱས་ནས་རྟག་པར་སྨྲ་བ་དང་། རིག་བྱེད་བཞི་ནི་མཆོད་སྦྱིན་གྱི་རིག་
བྱེད་དང་། སྙན་དངགས་ཀྱི་རིག་བྱེད་དང་། སྲིད་སྲུང་གི་རིག་བྱེད་དང་། ཉམས་ཡོད་ཀྱི་རིག་བྱེད་དང་། དེ་བཞི་ཡང་བཀྲ་ཤིས་ཤིང་ཚེ་རིང་བའོ། །ནད་མེད་པ་དམོད་མོས་འདོད་པའོ། །དེའི་སྒོ་ནས་གྲོལ་བར་འདོད་པའི་ལྟ་བས་སོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི།
དམར་པོ་དང་། དཀར་པོ་དང་། སེར་པོ་དང་། སྔོན་པོ་དང་། ནག་པོའོ། །གཡས་རྣམས་ན་བུམ་པ་སྤྱི་བླུགས་འཛིན་ཅིང་གཡོན་རྣམས་ན་དབྱུ་གུ་གསུམ་པ་བསྣོམས་པའོ། །དྲང་སྲོང་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སྲུང་བ་དང་སྐྱོབ་པར་བྱེད་པ་

པའོ། །དྲང་སྲོང་ཆེན་པོ་གཉིས་འཐུང་གི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གཉིས་འཐུང་ནག་པོའི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ལྗང་སྔོའི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ལྗང་སྔོའི་ཚ་བོ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ངག་མཉམ་ཞེས་བྱ་བ་དང་ཞེས་བྱ་
བ་ནི། ཉི་མའི་གཞུང་གིས་ཆད་པར་ལྟ་བ་སྟེ། རྒྱ་མཚོའི་འགྲམ་ནས་རྐང་པ་གཡས་པ་ཡར་བླངས་ཤིང་། གཡོན་པ་ས་ལ་བཙུགས་ནས་ཉི་མ་ལ་ལྟ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། ལྗང་ནག་གོ། །
ཕྱག་གཉིས་ཐལ་མོ་སྦྱར་ནས་གནམ་ལ་བལྟ་བའོ། །དྲང་སྲོང་ཆེན་པོ་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་། སྐྱོབ་པ་དང་། རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །དྲང་སྲོང་ཆེན་པོ་འཕགས་པོ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ཡང་དག་འཕགས་པོ་ཞེས་བྱ་བ་དང་། དྲང་སྲོང་
ཆེན་པོ་བཟོད་པ་སྨྲ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གྲགས་པ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རབ་གྲགས་ཞེས་བྱ་བ་དང་ཞེས་བྱ་བ་ནི། ཚངས་པའི་གཞུང་གིས་རྟག་པར་ལྟ་བ་སྟེ། བུམ་པའི་རང་བཞིན་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་རྣམས་ཀྱི་
སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། དམར་སྐྱ་དང་། སེར་པོ་དང་། དམར་པོ་དང་། དཀར་པོའོ། །ཕྱག་གཉིས་བུམ་པ་སྤྱི་བླུགས་བསྣམས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། སྲུང་བ་དང་སྐྱོབ་པར་བྱེད་པའོ། །དྲང་སྲོང་ཆེན་པོ་བླ་མ་ཞེས་བྱ་བ་དང་།
དྲང་སྲོང་ཆེན་པོ་གྲུབ་པ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གྲུ་འཛིན་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རྟ་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གངས་ཅན་ཞེས་བྱ་བ་དང་ཞེས་བྱ་བ་ནི། འགོག་པའི་རང་བཞིན་གྱིས་འགོག་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དེ་རྣམས་
ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་པོ་དང་། ལྗང་ནག་དང་། སྔོ་སྐྱ་དང་། དཀར་སེར་རོ། །ཕྱག་གཉིས་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའོ། །དྲང་སྲོང་དེ་རྣམས་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སེམས་ཅན་གྱི་དོན་བྱེད་པའོ། །དྲང་

སྲོང་ཆེན་པོ་མིག་དམར་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ཆ་བྱད་འཛིན་གྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གོས་ངན་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་མདའ་ལྟར་སྣང་བ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རྒྱགས་པ་ཞེས་བྱ་བ་དང་ཞེས་བྱ་བ་ནི། དེ་རྣམས་ཀྱང་ཆད་པར་ལྟ་བ་
སྟེ། ཆོས་ཐམས་ཅད་འཆལ་པར་རྟོགས་ནས། ངོ་བོ་མི་འཛིན་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོ་དང་། ཐལ་བའི་མདོག་གོ། །གཡས་རྣམས་ན་རྩེ་གསུམ་དང་། གཡོན་རྣམས་ན་ཕྲེང་བ་
བསྣམས་པའོ། །དྲང་སྲོང་དེ་རྣམས་ནི་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། སྲུང་བ་དང་སྐྱོབ་པར་བྱེད་པའོ། །དྲང་སྲོང་ཆེན་པོ་འོད་ཅེས་བྱ་བ་དང་། དྲང་སྲོང་ཆེན་པོ་པ་བ་སངས་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ཕུར་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་
རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་དང་། དྲང་སྲོང་ཆེན་པོ་སྤེན་པ་ཞེས་བྱ་བ་ནི། དྲང་སྲོང་དེ་རྣམས་ཡང་སྐར་མའི་ལྟ་བ་ཅན་ཏེ། ལྟ་བ་ནི་བར་མ་དོར་གནས་ཤིང་སྐྱེ་བ་མི་འདོད་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དཀར་པོ་དང་། ནག་པོ་དང་། སྔོ་སྐྱ་དང་།
དམར་པོའོ། །གཡས་རྣམས་ན་དབྱུ་གུ་གསུམ། གཡོན་རྣམས་ན་བུམ་པ་སྤྱི་བླུགས་བསྣམས་པའོ། །དྲང་སྲོང་རྣམས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སྲུང་བ་དང་སྐྱོབ་པར་བྱེད་པའོ། །དྲང་སྲོང་ཆེན་པོ་གཟའ་ལྷག་ཅེས་བྱ་བ་དང་། དྲང་སྲོང་ཆེན་པོ་དུག་སེལ་
ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་ས་འཛིན་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རྭ་གཅིག་པ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་དྲང་སྲོང་རྭ་ཞེས་བྱ་བ་དང་ཞེས་བྱ་བ་ནི། རིག་བྱེད་ཀྱི་གཞུང་གིས་རྟག་པར་ལྟ་བ་སྟེ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ལྗང་ནག་དང་། སེར་པོ་དང་། དཀར་
སེར་དང་། དམར་པོ་དང་། དཀར་པོ་དང་། ནག་པོའོ། །གཡས་རྣམས་ནི་བུམ་པ་སྤྱི་བླུགས་གཡོན་རྣམས་ན་ཕྲེང་བ་བསྣམས་པའོ། །དྲང་སྲོང་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སེམས་ཅན་གྱི་དོན་བྱེད་པའོ། །དྲང་སྲོང་ཆེན་པོ་གྱུར་མིད་ཀྱི་བུ་ཞེས་

བྱ་བ་དང་། དྲང་སྲོང་ཆེན་པོ་གར་ལྡན་གྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་སྒྲའི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་འཇིགས་བྱེད་ཅེས་བྱ་བ་དང་། དྲང་སྲོང་ཆེན་པོ་འཇིགས་བྱེད་གླང་པོ་ཆེ་ཞེས་བྱ་བ་དང་ཞེས་བྱ་བ་ནི། རྟག་པར་ལྟ་བར་གནས་པ་སྟེ། བུམ་པའི་
ཏིང་ངེ་འཛིན་གྱིས་ལུས་བེམས་པོར་འདོད་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་པོ་དང་། ཐལ་བའི་མདོག་དང་། མཐིང་ག་དང་། ནག་པོའོ། །ཕྱག་གཡས་གཡོན་གཉིས་མཉམ་གཞག་གི་ཕྱག་ལ་སྙོམས་པར་ཞུགས་པའོ། །དེ་རྣམས་ཀྱིས་ཀྱང་
རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་རྗེས་སུ་ཡི་རང་ཞིང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །དྲང་སྲོང་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་གཽ་ཏ་མ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རྟ་དམར་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་བྱིས་པ་རྩེ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་མིས་སྦྱིན་
གྱི་བུ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་རི་བོ་ཞེས་བྱ་བ་དང་། དྲང་སྲོང་ཆེན་པོ་སྲིན་བུ་འཛིན་ཞེས་བྱ་བ་དང་ཞེས་བྱ་བ་ནི། དྲང་སྲོང་བདུན་པོ་དེ་དག་ནི། ལྷ་དང་ལྷ་མ་ཡིན་གྱི་བར་དུ་བྱས་ཤིང་རྟག་པར་ལྟ་བ་སྟེ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། སེར་པོ་དང་།
དམར་པོ་དང་། ལྗང་གུ་དང་། ལྗང་ནག་དང་། དམར་སྐྱའོ། །གཡས་རྣམས་ན་ཕྲེང་བ་དང་། དབྱུ་གུ་གསུམ་བསྣམས་ཤིང་། གཡོན་རྣམས་ན་རིལ་བ་སྤྱི་བླུགས་བསྣམས་པའོ། །དྲང་སྲོང་དེ་རྣམས་ཀྱང་རིག་སྔགས་རྗེས་སུ་དྲན་ཞིང་། སེམས་ཅན་རྣམས་ཀྱི་དོན་བྱེད་
པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་ནས་ཡང་དུ་གསུངས་པའོ། །དྲང་སྲོང་ཆེན་པོ་རྙིང་པ་འདི་དག་ནི། རིག་བྱེད་རྣམས་བྱེད་པ་ཞེས་བྱ་བ་ནི། དེ་རྣམས་ནི་སྔོན་གྱི་དྲང་སྲོང་ཆེན་པོ་སྟེ། དེ་རྣམས་ཀྱང་རིག་བྱེད་བཞི་འདོན་ཞིང་། རིག་
བྱེད་དེ་རྣམས་ཀྱི་དོན་ནི། བཀྲ་ཤིས་ཚེ་རིང་ཆོས་སྦྱིན་དམོད་མོས་སུ་སྣང་བའོ། །རིག་བྱེད་བཞི་པོ་དེའི་དོན་ལ་འདོན་པའོ། །གསང་སྔགས་རྣམས་བྱེད་པ་ཞེས་བྱ་བ་ནི། དངོས་གྲུབ་ཐོབ་ཅིང་རིག་པའི་གནས་ལྔ་ལ་མཁས་པ། གཞན་སེམས་ཅན་རྣམས་ལ་སྐྱོབ་པར་བྱེད་པའོ། །

དམོད་པ་འདོར་བ་ཞེས་བྱ་བ་ནི་དེའི་དམོད་པ་ནི་གང་ཡང་གྲུབ་པའོ། །བརྟུལ་ཞུགས་གྲུབ་པ་ཞེས་བྱ་བ་ནི། དགེ་སློང་བཞིན་དུ་འདོད་ཆགས་དང་། བརྫུན་དུ་སྨྲ་བ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། དེ་རྣམས་སྤངས་ལ་བསྒོམ་པ་ལ་གཙོ་བོར་བྱས་པའོ། །གཟི་
བརྗིད་ཆེ་བ་ཞེས་བྱ་བ་ནི། དྲང་སྲོང་དེ་རྣམས་ཀྱི་གཟི་བརྗིད་ཀྱིས་མཐོ་རིས་ཁྱབ་པའོ། །གྲུབ་པ་ཕ་རོལ་གནོན་པ་ཞེས་བྱ་བ་ནི། བུམ་པ་གང་བ་དང་། སེམས་བེམས་པོར་གྲུབ་ནས། དེ་རྣམས་ཀྱི་གཟི་བརྗིད་ཀྱིས་གནོན་པའོ། །གྲུབ་པ་དག་སྟེ་ཞེས་བྱ་སྟེ། དེ་རྣམས་ཀྱིས་
ཀྱང་ཐུན་མོང་གི་དངོས་གྲུབ་ཐོབ་པའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་འདི་ནི་ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་སེར་མོ་གཡས་དཀར་གཡོན་དམར་བ་སྤྱན་གསུམ་པ། རལ་པའི་
ཐོར་ཚུགས་ཅན། །དབུ་ལ་རིན་པོ་ཆེ་རྡོ་རྗེས་བརྒྱན་པ། ཡེ་ཤེས་ལྔའི་རང་བཞིན། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་གསུམ་ན་དབྱུ་གུ་གསུམ་དང་། བུམ་པ་སྤྱི་བླུགས་དང་པུ་སྟིའོ། །གཡོན་གསུམ་ན་རྨ་བྱའི་སྒྲོ་དང་ཕྲེང་བ་དང་། སྦྲུལ་བསྣམས་བའོ། །བརྟུལ་ཞུགས་ཀྱི་ཆ་བྱད་ཅན། ཟླ་བའི་གདན་ལ་
ཉི་མའི་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པའོ། །དེ་ལྟ་བུའི་རིག་སྔགས་གང་ཟག་གིས་གུས་པར་བྱས་ཤིང་འཆང་བར་འགྱུར་ན། དྲང་སྲོང་ཆེན་པོ་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦ་བ་དང་ཞེས་བྱ་བ་ལ་སོགས་པ་ནི། སྔར་
བཤད་པ་བཞིན་དུ་ཤེས་པར་བྱའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། རིག་སྔགས་ཀྱི་གསང་སྔགས་དྲང་སྲོང་རྣམས་ཀྱི་གཉེན་པོ་ལྟའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཧ་རི་ཧ་རི་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། དྲང་སྲོང་རྣམས་ཀྱི་
གནས་སྐབས་ཏེ་ཉི་ཤུ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའོ། །ཁྱོད་ཀྱི་སྐྱེ་དགུའི་བདག་པོ་གང་དག་ཅེས་བྱ་བ་ནི། ཁམས་ཀྱི་རིགས་བརྟག་པ། འགྲོ་བ་རིགས་དྲུག་གི་ལས་ཀྱི་མེ་ལོང་འཛིན་པའོ། །

ལྷ་རྣམས་དང་ཞེས་བྱ་བ་ལ་སོགས་པ་ནི། སེམས་ཅན་དམྱལ་བ་ནས། ལྷ་རྣམས་སྐྱེ་བའི་གཙུག་ལག་འཛིན་ཅིང་། ལས་ཀྱི་རི་མོ་བྲིས་ནས་དེ་ལ་བཏང་བའི་བདག་པོའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། སྐྱེ་དགུའི་བདག་པོ་རྣམས་ཀྱི་མིང་བལྟ་བའོ། །སྐྱེ་དགུའི་
བདག་པོ་ཚངས་པ་དང་། སྐྱེ་དགུའི་བདག་པོ་བུ་ཅན་དང་། སྐྱེ་དགུའི་བདག་པོ་ཟ་ཚུལ་ཅན་གྱི་བུ་དང་། སྐྱེ་དགུའི་བདག་པོ་མེ་དང་། སྐྱེ་དགུའི་བདག་པོ་གསོ་བ་དང་ཞེས་བྱ་བ་ནི། འཇིག་རྟེན་ནས་བླ་ན་མེད་པ་གནས་པ་སྟེ། དེ་ལྔ་པོ་ནི་ལྷའི་ལས་ཀྱི་མེ་ལོང་གི་རི་མོ་འཛིན་པའོ། །
དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། ནག་པོར་གནས་པའོ། །དེ་རྣམས་ཀྱི་གཡས་ན་དབྱུ་གུ་རྩེ་གསུམ་དང་། ཕྲེང་བ་དང་། བུམ་པ་སྤྱི་བླུགས་དང་། འཁོར་ལོ་དང་། ཞགས་པ་བསྣམས་པ། གཡོན་
རྣམས་ན་ལས་ཀྱི་མེ་ལོང་རི་མོ་བསྣམས་པའོ། །ཚངས་པའི་བརྟུལ་ཞུགས་སུ་ཞུགས་པ། ཁམས་གསུམ་ཙམ་ལ་དབང་བ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། སྲུང་བ་དང་སྐྱོབ་པར་བྱེད་པའོ། །སྐྱེ་དགུའི་བདག་པོ་མདུན་དུ་བདར་དང་། སྐྱེ་
དགུའི་བདག་པོ་སྤུ་ཟིང་སེལ་དང་། སྐྱེ་དགུའི་བདག་པོ་གོ་བྱེད་དང་། སྐྱེ་དགུའི་བདག་པོ་མཛེས་གནས་དང་། སྐྱེ་དགུའི་བདག་པོ་ཟིན་པོ་དང་ཞེས་བྱ་བ་ནི། སྐྱེ་དགུའི་བདག་པོ་དེ་རྣམས་ཀྱང་ས་སྟེངས་ཀྱི་ལས་ཀྱི་མེ་ལོང་འཛིན་ཞིང་། མི་དང་བྱོལ་སོང་རྣམས་ཀྱི་སྐྱེ་བའི་ལས་
འཛིན་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། ནག་པོ་དང་། ལྗང་གུ་དང་། དམར་པོ་དང་། དཀར་པོར་སྣང་བའོ། །གཡས་རྣམས་ན་འཁོར་ལོ་དང་། ཞགས་པ་དང་། དུང་དང་། བེ་ཅོན་དང་། དབྱུག་ཏོའོ། །གཡོན་རྣམས་ན་ལས་ཀྱི་
རི་མོའི་མེ་ལོང་བསྣམས་པའོ། །དེ་ལྟ་བུའི་སྐྱེ་དགུའི་བདག་པོས་ཀྱང་། ས་སྟེང་དུ་དབང་མཛད་ཅིང་། རིག་སྔགས་ཀྱི་བཀའ་ལས་མི་འདའ་བར། སེམས་ཅན་རྣམས་ཀྱི་དོན་བྱེད་པའོ། །སྐྱེ་དགུའི་བདག་པོ་ལུས་མཛེས་དང་། སྐྱེ་དགུའི་བདག་པོ་རབ་དགའ་དང་།

སྐྱེ་དགུའི་བདག་པོ་མཁས་པ་དང་། སྐྱེ་དགུའི་བདག་པོ་གུས་ཡོད་དེ་ཞེས་བྱ་བ་ནི། སྐྱེ་དགུའི་བདག་པོ་དེ་རྣམས་ཀྱི་ངས་འོག་ན་གནས་པའི་ཡི་དགས་དམྱལ་བའི་ལས་ཀྱི་མེ་ལོང་འཛིན་པའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། ལྗང་ནག་དང་། ཐལ་བའི་
མདོག་དང་། མཐིང་གར་གནས་པའོ། །གཡས་རྣམས་ན་བེ་ཅོན་དང་། ལྕགས་ཀྱུ་དང་། དབྱུག་ཏོ་དང་། ཞགས་པའོ། །གཡོན་རྣམས་ན་ལས་ཀྱི་མེ་ལོང་གི་རི་མོ་བསྣམས་པའོ། །ས་འོག་ལ་དབང་མཛད་ཅིང་། རིག་སྔགས་ཀྱི་རྒྱལ་མོའི་བཀའ་ལས་མི་འདའ་བར་སེམས་
ཅན་གྱི་དོན་མཛད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །སྐྱེ་དགུའི་བདག་པོ་བདག་ཉིད་ཆེན་པོ་འདི་དག་ནི་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་ཁམས་གསུམ་གྱི་བདག་པོར་གནས་ཤིང་། སེམས་ཅན་བཟང་ངན་
གྱི་ལས་སྨྲ་བའོ། །གནས་པ་དང་འགྲོ་བའི་འབྱུང་པོའི་ཆོགས་བསྲུང་བའི་ཕྱིར་གནས་པ་དག་གོ་ཞེས་བྱ་བ་ནི། འོང་བ་དང་ད་ལྟར་དང་འདས་པ་རྣམས་ཀྱི་མངོན་པར་ཤེས་པ་དང་ལྡན་པ། གཟི་བརྗིད་ཆེ་ཞིང་དབང་ཆེ་བ་རྫུ་འཕྲུལ་དང་ལྡན་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་
རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོའི་ངོ་བོ་ནི། ཞལ་གཅིག་ཕྱག་བཞི་པ། སྐུ་མདོག་ནག་མོ་སྤྱན་གསུམ་པ། དབུ་སྐྲ་སེར་པོ་དབུ་ལ་རྡོ་རྗེས་བརྒྱན་པ། ཡེ་ཤེས་ལྔ་དང་ལྡན་པ། ཡན་ལག་ཐམས་ཅད་སྦྲུལ་གྱིས་བརྒྱན་
པ། གཡས་པ་གཉིས་ན་བེ་ཅོན་དང་འཁོར་ལོའོ། །གཡོན་པ་གཉིས་ན་རྨ་བྱའི་སྒྲོ་དང་། ཞགས་པ་བསྣམས་པའོ། །གཡས་བརྐྱང་བ་གཡོན་བསྐུམ་པ། ཉི་མའི་གདན་དང་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པའོ། །དེ་ལྟ་བུའི་རིག་སྔགས་ལ་གང་ཟག་གང་
གིས་གུས་པར་གྱུར་ན། སྐྱེ་དགུའི་བདག་པོ་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔར་བཤད་པ་བཞིན་དུ་ཤེས་པར་བྱའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། རིག་སྔགས་ཀྱི་གསང་སྔགས་སྐྱེ་དགུའི་བདག་པོའི་གཉེན་པོ་

བལྟ་བར་བྱའོ། །རིག་སྔགས་ཀྱི་གསང་སྔགས་ནི། །ཧི་རི་ཧི་རི་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་ཁམས་གསུམ་གྱི་མངའ་བདག་སྐྱེ་དགུའི་བདག་པོ་ཆེན་པོ་རྣམས་ཀྱི་གནས་སྐབས་ཏེ་ཉི་ཤུ་གཅིག་པའོ།། །།ཀུན་དགའ་བོ་
ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །ཁྱོད་ཀྱིས་དུག་ཆེན་པོ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། ཕྱིའི་དུག་རྣམ་པ་གསུམ་སྟེ། འཇིག་རྟེན་གྱི་ཁམས་སུ་གྲགས་ཤིང་གཞན་རྣམས་ཀྱིས་མི་ཐུབ་པ། ཐུན་མོང་གི་
དུག་ཅེས་བྱ་བ་སེམས་ཅན་རྣམས་ལ་གནོད་པར་བྱེད་པའོ། །འགྲོ་བ་དང་། གནས་པ་དང་། སྦྱོར་བ་དང་གསུམ་མོ། །དུག་དེ་གསུམ་ནི། འཇིག་རྟེན་གྱི་ཁམས་ལ་ཁྱབ་སྟེ། སེམས་ཅན་རྣམས་ལ་འཇིགས་པར་བྱེད་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། འཇིག་རྟེན་
གྱི་དུག་གསུམ་ལྟ་བའོ། །ཨཎྜ་རཱ་ཞེས་བྱ་བ་ནི། སྒོ་ང་ལས་བྱུང་བའི་དུག་ཡིན་ཏེ། སྦྲུལ་ལ་སོགས་པའི་སེམས་ཅན་ལས་བྱུང་བའོ། །ཁ་རླངས་ཀྱི་དུག་དང་། མཆེ་བའི་དུག་གོ། །པཎྜ་རཱ་ནི་ཀླུའི་དུག་བསམ་པའི་དུག་གོ། །མཐོང་བ་དང་གཉིས་སོ། །ཀཱ་ར་ཊ་ནི་
ཀླུའི་དུག་རེག་པའི་དུག་གོ། །འཛིན་པའི་དུག་གོ། །ཀེ་ཡཱུ་རཱ་ནི་བུམ་པའི་དུག་ཡིན་ཏེ། དེ་ནི་རེག་པའི་དུག་གོ། །བྷཱུ་ཏངྒ་མཱ་ནི་འབྱུང་པོ་རྣམས་ཀྱི་མཐོང་བའི་དུག་ཡིན་ཏེ། དེ་ཡང་དུག་བཞི་གནས་པའོ། །བྷཱུ་ཏ་པ་ཏི་ནི་མི་
མ་ཡིན་གྱི་དུག་ཡིན་ཏེ། དེ་ཡང་མཐོང་བ་དང་། རེག་པ་དང་། བསམ་པ་ལས་བྱུང་བའི་དུག་ཡིན་ཏེ། བིནྡུ་པ་ཏི་ནི་ཐིགས་པའི་དུག་ཡིན་ཏེ། དེ་ཡང་བསམ་པ་དང་མཐོང་བ་ལས་བྱུང་བ། ཀླུའི་དུག་ཕོལ་མིག་གོ། །སི་རི་པ་ཏི་ནི་དེ་ཡང་ཀླུའི་དུག་ཡིན་ཏེ།
དམུ་ཆུའི་ནད་དོ། །ཏེ་ཇོ་པ་ཏི་ནི་ཀླུའི་དུག་མེ་དབལ་གྱི་ནད་ཡིན་ནོ། །ཡ་ཤོ་བ་ཏི་ནི་དེ་ཡང་ཀླུའི་ནད་ཡིན་ཏེ། མཛེའི་བྱེ་བྲག་གོ། །ཡ་ཤོ་གྲ་པ་ཏི་ནི་ས་བདག་གི་དུག་ཡིན་ཏེ། འབྲས་ཀྱི་ནད་དོ། །ཨ་ར་ཌཱ་ནི་ས་བདག་གི་རིགས་གཡའ་བའོ། །ཏ་ར་ཌཱ་ནི་ས་བདག་གི་རིགས་

ཤ་བཀྲའི་ནད་དོ། །ཏ་ར་ད་ནི་འབྲུམ་བུའོ། །ཏུ་ཏུ་རཱ་ནི་ལྷོག་པའི་ནད་དོ། །དནྟ་ཧ་རཱ་ནི་མཆེ་བ་ལ་སོགས་པ་ལས་བྱུང་བ་སེམས་ཅན་དུག་གི་སོའི་དུག་གོ། །ཧ་ལ་ཧ་ལ་ནི་འཇིག་རྟེན་དྲག་པོའི་དུག་ཡིན་ཏེ། སེམས་ཅན་ནང་གི་དུག་གོ། །མེ་ལཱ་ཧ་ལ་གྲ་ནི་སྦྱོར་བའི་དུག་གོ། །པཱ་ལ་ནི་འབྲས་
བུ་ལས་བྱུང་བའོ། །གུ་ཧ་ནི་གསང་བའི་དུག་གོ། །གསང་བའི་དུག་ནི་དམ་ཚིག་ལས་བྱུང་བའོ། །ཙ་རཱི་ནི་བརྟན་པ་སྟེ་མི་འགྱུར་བའོ། །དནྡུ་རཱ་ནི་བཙན་དུག་གོ། །ཨི་རི་ཀི་ཙི་ཀཱ་ནི་རྩ་བའི་དུག་གོ། །ཀམྦཱ་ནི་བལྟ་བའི་དུག་གོ། །ཤ་ཏ་དནྡུ་རཱ་ནི་ལོག་པའི་དུག་གོ། །བི་པུ་ལེ་ནི་
སྤྲིན་གྱི་དུག་གོ། །ན་ཀུ་ལེ་ནི་སྲེ་མོང་ལས་བྱུང་བའོ། །ཀི་རཱི་པི་ནི་ཕྱི་བའི་དུག་གོ། །ཏ་རངྒཱ་རྀཥྚ་ནི་སྲིན་བུ་ཀི་ཏིའི་དུག་གོ། །ཨ་མྲ་མ་ཏི་ནི་སྦྲུལ་ནག་པོའི་དུག་གོ། །ཛཱམྦཱུ་མ་ཏི་ནི་ཤ་དུག་གོ། །མ་དྷུ་མ་ཏི་ནི་བདུད་རྩི་ལས་བྱུང་བའོ། །ཀ་མ་ལེ་ནི་མཐོང་བའི་དུག་གོ། །བི་མ་ལེ་ནི་ཕྱེ་མའི་
དུག་གོ། །ཀུཎྜ་ལེ་ནི་རྩ་བའི་དུག་གོ། །ཨ་ཧ་དུ་ཧི་ནི་སྡིག་པ་མང་པོའི་དུག་གོ། །ཨ་ཌི་ན་ཌི་ནི་སྡིག་པ་དམར་པོའི་དུག་གོ། །འབུ་གེ་འབུ་གེ་ནི་ས་དུག་གོ། །བད་ས་ནཱ་བྷེ་ནི་སྤྲེའུ་དེ་བའི་དུག་གོ། །མ་ཧཱ་ག་རེ་ནི་ནག་པོ་བརྩེགས་པའི་དུག་གོ། །དུ་ལམྦེ་ནི་རྩ་བ་ནག་པོའི་དུག་གོ། །སུ་ལམ་
བེ་ནི་ཞེས་བྱ་བ་ནི། རིན་པོ་ཆེའི་དབྱིག་དུག་གོ། །སྭཱ་ཧཱ་ནི་དུག་བཅོམ་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །འདི་དག་ནི་དུག་ཆེན་པོ་དག་སྟེ་ཞེས་བྱ་བ་ནི། འཇིག་རྟེན་ལ་གྲགས་པའི་ཕྱིའི་དུག་ཅེས་པའོ། །དེ་དག་
གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། ཕྱིའི་དུག་དང་། ནང་གི་དུག་འཇོམས་ནུས་པའོ། །རིགས་པའི་རང་བཞིན་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གང་ཟག་གང་གིས་ཀྱང་གུས་པར་བྱས་ན། དུག་ནད་ཐམས་ཅད་ཀྱིས་མི་
ཚུགས་ཤིང་། དུག་ནད་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །སྦ་བ་དང་ཞེས་བྱ་བ་ནི། དུག་ནད་ཐམས་ཅད་ལས་སྦ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། དུག་དེ་རྣམས་ལས་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། ནད་དེའི་འཇིགས་པ་ལས་

གཟུང་བའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། དེའི་འཇིགས་པ་ལས་ཐར་བའོ། །ཞི་བ་དང་ཞེས་བྱ་བ་ནི། དུག་ནད་དེ་དག་ཐམས་ཅད་ཞི་བའོ། །བདེ་ལེགས་སུ་འགྱུར་བ་དང་ཞེས་བྱ་བ་ནི། དུག་ནད་བཅོམ་ནས་བདེ་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི།
དུག་ཅན་རྣམས་ཀྱི་ཆད་པ་སྤོང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། དེའི་མཐོང་བའི་དུག་གི་མཚོན་ཆ་སྤངས་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། དུག་འོང་བ་རྣམས་སྤང་བའོ། །དུག་གསོད་པ་དང་ཞེས་བྱ་བ་ནི། ཡོད་པ་ཡང་མེད་པར་བྱེད་པའོ། །ལོ་བརྒྱ་འཚོ་བར་
གྱུར་ཅིག་ཅེས་བྱ་བ་ནི། ནད་དེས་མི་ཚུགས་ཤིང་ཚེ་རིང་བའོ། །སྟོན་བརྒྱ་མཐོང་བར་ཤོག་ཤིག་ཅེས་བྱ་བ་ནི། ཕུན་སུམ་ཚོགས་ཤིང་། ནད་རྣམས་དང་བྲལ་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། དུག་གི་མིང་བསྟན་པའི་གནས་སྐབས་ཏེ་ཉི་ཤུ་རྩ་གཉིས་པའོ།། །།
ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །ཁྱོད་ཀྱིས་ཤིང་ལྗོན་པ་ཆེན་པོ་རྣམས་ཀྱི་མིང་ཟུང་ཤིག་ཅེས་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་ལྗོན་པ་ཆེན་པོ་འཛམ་བུའི་གླིང་ན་གནས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་རྣམས་བལྟ་
བའོ། །ཤིང་ལྗོན་པ་ཆེན་པོ་གསེར་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་ཁྱབ་གནས་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་སྤྲེའུ་གནས་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་པདྨ་དཀར་པོ་ཞེས་བྱ་བ་དང་། ཤིང་ལྗོན་པོ་ཆེན་པོ་སེར་པོ་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་མྱ་
ངན་འཚང་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་རྣ་ལྡན་བྱེད་ཅེས་བྱ་བ་ནི་ཤིང་ལྗོན་པ་དེ་ཡང་རིམ་པ་བཞིན་དུ། ཤར་དང་ཤར་ལྷོ་དང་ལྷོ་ནུབ་དང་། ནུབ་དང་ནུབ་བྱང་དང་། བྱང་དང་བྱང་ཤར་དང་། དེ་བཞིན་དུ་ཞིང་སྐྱོང་ལ་ཡང་རིམ་པ་བཞིན་དུ་ཤར་ནས་བསྐོར་ཏེ། གླང་པོ་ཆེའི་
གདོང་ཅན་དང་། རའི་གདོང་ཅན་དང་། མ་ཧེའི་གདོང་ཅན་དང་། ཡི་དགས་ཀྱི་གདོང་ཅན་དང་། ཆུ་སྲིན་གྱི་གདོང་ཅན་དང་། ཤ་བའི་གདོང་ཅན་དང་། རྟའི་གདོང་ཅན་དང་། གླང་གི་གདོང་ཅན་ནོ། །གཡས་རྣམས་ན་རྡོ་རྗེ་དང་། རྩེ་གཅིག་དང་། བེ་ཅོན་དང་། རལ་

གྲི་དང་། སྦྲུལ་ཞགས་དང་། བ་དན་དང་། བུམ་པ་དང་། རྩེ་གསུམ་མོ། གཡོན་རྣམས་ན་སྡིགས་མཛུབ་དང་ཞགས་པའོ། །དེ་རྣམས་ཀྱི་ཁ་དོག་ཀྱང་། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། དམར་ནག་དང་། དཀར་པོ་དང་། དུད་ཀ་དང་། སེར་པོ་དང་། མཐིང་
གའོ། །དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བར་སྲུང་བ་དང་སྐྱོབ་པར་བྱེད་དོ། །ཤིང་ལྗོན་པ་ཆེན་པོ་རྒྱས་བྱེད་ཅེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་བིལ་བ་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་ཙུ་ཏ་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་འཛམ་བུ་ཞེས་བྱ་བ་དང་། ཤིང་
ལྗོན་པ་ཆེན་པོ་ཨ་འབྲས་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་ཏཱ་ལ་ཞེས་བྱ་བ་དང་། ཤིང་ལྗོན་པ་ཆེན་པོ་ཙནྡན་ཞེས་བྱ་བ་དང་ཞེས་བྱ་བ་ནི། ཤིང་ལྗོན་པ་ཆེན་པོ་དེ་རྣམས་རྒྱ་མཚོའི་འགྲམ་ན་གནས་ཏེ། དེ་ཡང་རིམ་པ་བཞིན་དུ་གནས་ཏེ། རྒྱ་མཚོའི་ཤར་དང་། ཤར་ལྷོ་དང་། ལྷོ་དང་། ལྷོ་
ནུབ་དང་། ནུབ་དང་། ནུབ་བྱང་དང་། བྱང་དང་། བྱང་ཤར་དང་། དེ་རྣམས་ལ་གནས་པའི་ཞིང་སྐྱོང་རྣམས་ནི། རིམ་པ་བཞིན་དུ། ཁྭ་གདོང་ཅན་དང་། ཁྱིའི་གདོང་ཅན་དང་། འུག་པའི་གདོང་ཅན་དང་། ཕག་པའི་གདོང་ཅན་དང་། སེང་གེའི་གདོང་ཅན་དང་། སྟག་གི་གདོང་ཅན་དང་། སྤྱང་
ཀིའི་གདོང་ཅན་དང་། བྱའི་གདོང་ཅན་ནོ། །དེ་རྣམས་ཀྱི་ཁ་དོག་ནི། ནག་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་དང་། མཐིང་ག་དང་། དམར་པོ་དང་། ཐལ་བའི་མདོག་ཅན་དང་། མཐིང་གའོ། །དེ་རྣམས་ཀྱི་ཕྱག་མཚན་ནི། གཡས་རྣམས་ན་གྲི་གུག་
གཡོན་རྣམས་ན་ཐོད་པ་བསྣམས་པའོ། །ཤིང་དེ་རྣམས་ཀྱང་ཤིན་ཏུ་གཞོན་པ། ཡལ་ག་རྒྱས་པ། དེ་བཞིན་དུ་ལོ་མ་དང་ལྡན་པའོ། །ཤིང་ལྗོན་པ་ཆེན་པོ་དེ་དག་དང་། གཞན་དག་ལྷ་གང་དག་གནས་པ་དེ་དག་གིས་ཀྱང་ཞེས་བྱ་བ་ནི། ཤིང་དེ་ལ་སོགས་པ་གཞན་ལ་གནས་
པ་ལ་ཡང་། ལྷའི་གདོན་ལ་སོགས་པ་འབྱུང་པོ་སྟོང་ཕྲག་བརྒྱད་ཅུ་རྣམས་གནས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། ཐབས་ཤེས་རབ་གཉིས་སུ་མེད་པ་ཡེ་ཤེས་ལྔ་དང་ལྡན་པ། སེམས་ཅན་རྣམས་ལ་

ཐུགས་རྗེ་ཆེ་བ་ནི། དེ་དག་དང་ལྡན་པའི་རིག་སྔགས་ལ་གང་ཟག་གང་གིས་གུས་པར་བྱས་ནས་ནི། ཞིང་སྐྱོང་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་བྱེད་པའོ། །སྦ་བ་ལ་སོགས་པ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཤེས་པར་བྱའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་ཤིང་
ལྗོན་པ་ཆེན་པོ་བཤད་པའི་གནས་སྐབས་ཏེ་ཉི་ཤུ་གསུམ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། འབྱུང་པོ་ཐམས་ཅད་གྱི་གཉེན་པོ། སངས་རྒྱས་རྣམས་ཀྱི་ཕྱག་
རྒྱ། ཆོས་རྟགས་ཀྱི་ཕྱག་རྒྱ་གསུམ་ལ་གྲགས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱིས་གསུངས་ཤིང་རྗེས་སུ་ཡི་རང་བ་སྟེ་ཞེས་བྱ་བ་ནི། འདས་པ་དང་ད་ལྟར་ཡོད་པའི་སངས་རྒྱས་རྣམས་ཀྱིས་གསུངས་པའོ། །འདི་ལྟ་སྟེ་ཞེས་བྱ་བ་ནི། སངས་རྒྱས་རབས་བདུན་རྣམས་ལྟ་
བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི་བསྐལ་བ་དང་པོའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་ཀྱང་རྗེས་སུ་ཡི་རང་ཞིང་སེམས་ཅན་གྱི་དོན་ལ་གསུངས་ཤིང་། ཕྱག་རྒྱའི་རྒྱས་བཏབ་
པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི་བསྐལ་པ་གཉིས་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་ཀྱང་། སེམས་ཅན་གྱི་དོན་ལ་རྗེས་སུ་ཡི་རང་ཞིང་གསུངས་པའོ། །རིག་སྔགས་ཀྱི་ཕྱག་
རྒྱའི་རྒྱས་བཏབ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི་བསྐལ་པ་གསུམ་པའི་དུས་སུ། སེམས་ཅན་གྱི་དོན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་ཀྱང་། རིག་སྔགས་ཀྱི་ཕྱག་རྒྱའི་རྒྱས་
བཏབ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། བསྐལ་པ་བཞི་པའི་དུས་སུ་ཡང་། སེམས་ཅན་གྱི་དོན་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་ཀྱང་། རིག་སྔགས་ཀྱི་ཕྱག་རྒྱའི་རྒྱས་

བཏབ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱིས་ཀྱང་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། བསྐལ་པ་ལྔ་པའི་དུས་སུ་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱིས་ཀྱང་། སེམས་ཅན་གྱི་དོན་ལ་རིག་སྔགས་ཀྱི་ཕྱག་རྒྱའི་རྒྱས་བཏབ་པའོ། །
ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། བསྐལ་པ་དྲུག་པའི་དུས་སུ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་ཀྱང་། སེམས་ཅན་གྱི་དོན་ལ་རྗེས་སུ་ཡི་རང་ཞིང་རིག་སྔགས་ཀྱི་ཕྱག་རྒྱའི་རྒྱས་བཏབ་པའོ། །
སངས་རྒྱས་དྲུག་པོ་དེ་ནི། ཕ་རོལ་ཏུ་ཕྱིན་པ་དང་། མངོན་པ་དང་འདུག་པ་ལ་སོགས་པའི་ཆོས་བསྟན་ཞིང་། སེམས་ཅན་རྣམས་འདུལ་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་ཀྱང་ད་ལྟར་བཤད་ཅིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། དུས་ཐ་མ་འདི་ལ་སེམས་ཅན་གྱི་
མཚན་ལྔའི་དུས་སུ། དེ་བཞིན་དུ་ཚེ་ལོ་བརྒྱ་ཉི་ཤུ་ཐམ་པ་ལ། ཡུལ་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་རྡོ་རྗེའི་གདན་ལ། དགེ་སློང་ས་རི་མཆེ་བའི་དུག་གིས་ཟིན་པའི་དོན་དང་། སེམས་ཅན་ལ་དམིགས་ནས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་
ཆེན་མོ་འདི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་རྗེས་སུ་ཡི་རང་བ་རིག་སྔགས་ཀྱི་ཕྱག་རྒྱས་རྒྱས་བཏབ་པ། རིག་སྔགས་འདི་ནི་ཐབས་ཤེས་རབ་གཉིས་སུ་མེད་པ། ཀུན་གཞི་རྣམ་པར་ཤེས་པ་རྣམ་པར་དག་པ། ཆོས་རྟགས་ཀྱི་ཕྱག་རྒྱ་བཞིའི་སྒོ་ནས་བསྟན་པའོ། །ཀུན་དགའ་
བོ་ཞེས་བྱ་བ་ནི། མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་དཔེ་བྱད་བཟང་བོ་བརྒྱད་ཅུས་སྐུ་ལ་བརྒྱན་པ། སེམས་ཅན་གྱི་དོན་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་དོན་ལ་ཁྱབ་པའོ། །སེང་གེ་པདྨའི་གདན་ལ་བཞུགས་པ། དགེ་སློང་ས་རིའི་དོན་ལ་བཀའ་སྩལ་པའོ། །རིག་སྔགས་
ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པས་ཀྱང་བཤད་ཅིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། མ་འོངས་པའི་སངས་རྒྱས་ཡང་བསྐལ་པ་འདིའི་ཕྱི་མ་ཡང་དུས་བཟང་པོ་ལ། ཚེ་ལོ་སྟོང་སེམས་ཅན་རྣམས་ཀྱིས་ཐུབ་པ། གསེར་གྱི་ས་གཞིའི་ཡིད་བཞིན་གྱི་ནོར་བུ་ལ་སྤྱོད་པ་

སེམས་ཅན་རྣམས་ལ་ལས་བྱ་མི་དགོས་པ། ཆོས་དང་། མཚན་ཉིད་དང་། མདོ་སྡེ་དང་། འདུལ་བ་མངོན་པ་གསུམ་གྱིས་འདུལ་བའོ། །དེའི་ཚེ་དེའི་དུས་སུ། བྱང་ཆུབ་སེམས་དཔའ་བྱམས་པ་རྗེས་སུ་ཡི་རང་ཞིང་གསུངས་ཏེ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ཕྱག་རྒྱའི་
རྒྱས་བཏབ་པའོ། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་རྒྱལ་པོ། ད་རྣམས་ལ་དབང་སྒྱུར་བ། དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་མི་མཇེད་ཀྱི་བདག་པོ་ཚངས་པས་ཀྱང་སྤྱི་བོའི་གཙུག་ཏུ་བཞག་ནས།
རྗེས་སུ་ཡི་རང་ཞིང་དེའི་ཡོན་ཏན་སྨྲ་བའོ། །ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། འདོད་པའི་ཁམས་ལ་དབང་མཛད་པ། ལྷ་རྣམས་ཀྱི་དབང་པོ་སུམ་ཅུ་རྩ་གསུམ་གྱི་རྒྱལ་པོ་ལྷ་མ་ཡིན་རྣམས་འདུལ་བ། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྤྱི་གཙུག་ཏུ་
བཞག་ནས། རྗེས་སུ་ཡི་རང་སྟེ། རིག་སྔགས་ཀྱི་ཡོན་ཏན་སྨྲས་པའོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། ཕྱོགས་བཞིའི་མིའི་མགོན་མཛད་པའི། ཆོས་ཀྱི་རྒྱལ་ཁྲིམས་མཛད་པ། བཞི་པོ་དེ་དག་གིས་ཀྱང་སྤྱི་བོའི་གཙུག་ཏུ་བཞག་ནས། གུས་
པར་རྗེས་སུ་ཡི་རང་ཞིང་སྨྲ་བའོ། །དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྐྱོང་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། རི་རབ་ཀྱི་ཤར་ཕྱོགས་ན་མངའ་མཛད་ཅིང་། དྲི་ཟ་རྣམས་ཀྱི་རྒྱལ་པོ་སྟེ། དེས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོས་ཀྱང་
སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། རི་རབ་ཀྱི་ལྷོ་ཕྱོགས་ལ་མངའ་མཛད་ཅིང་། གྲུལ་བུམ་རྣམས་ཀྱི་རྒྱལ་པོ་སྟེ། རྒྱལ་པོ་དེས་ཀྱང་གུས་པར་རྗེས་སུ་ཡི་རང་བའོ། །ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། རི་རབ་ཀྱི་ནུབ་ངོས་ན་མངའ་མཛད་པ།
ཀླུ་རྣམས་ཀྱི་དབང་པོ་ཀླུའི་རྒྱལ་པོ་དེས་ཀྱང་རིག་སྔགས་ལ་གུས་པར་བྱེད་པའོ། །གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། རི་རབ་ཀྱི་བྱང་ངོས་ན་མངའ་མཛད་པ། གནོད་སྦྱིན་རྣམས་ཀྱི་རྒྱལ་པོ། དེས་ཀྱང་གུས་པར་

བྱས་པའོ། །དྲི་ཟའི་དེད་དཔོན་ཉི་ཤུ་རྩ་བརྒྱད་དག་དང་ཞེས་བྱ་བ་ནི། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་ལ་ཡང་དེད་དཔོན་ཉི་ཤུ་རྩ་བརྒྱད་ཡོད་དེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །གྲུལ་བུམ་གྱི་དེད་དཔོན་ཉི་ཤུ་རྩ་བརྒྱད་དག་དང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་འཕགས་
སྐྱེས་པོ་ལ་ཡང་། སྡེ་དཔོན་དེ་དག་དང་ལྡན་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །ཀླུའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་སྤྱན་མི་བཟང་ལ་ཡང་སྡེ་དཔོན་དེ་དག་དང་ལྡན་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །གནོད་སྦྱིན་གྱི་སྡེ་
དཔོན་ཉི་ཤུ་རྩ་བརྒྱད་དག་དང་ཞེས་བྱ་བ་ནི། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དེ་ཡང་། སྡེ་དཔོན་དེ་དག་དང་ལྡན་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་བའོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང་། འཕྲོག་མའི་བུ་ལྔ་བརྒྱ་དང་བཅས་པ་རྣམས་ཀྱིས་ཀྱང་སྨྲས་ཤིང་རྗེས་སུ་ཡི་རང་
བའོ་ཞེས་བྱ་བ་ནི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང་། གནོད་སྦྱིན་མ་འཕྲོག་མ་དང་གཉིས་ཀྱི་བུ་འཕྲོག་མའི་བུ་ལྔ་བརྒྱ་སྟེ། དེ་རྣམས་ཀྱང་གཟི་བརྗིད་དང་སྟོབས་དང་ལྡན་ཏེ། ཁ་དོག་དང་གྲགས་པ་དང་ལྡན་པ་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ལ་གུས་པར་བྱས་ཤིང་རྗེས་སུ་ཡི་རང་
བའོ། །དེ་རྣམས་ཀྱི་ཁ་དོག་ནི། སེར་པོ་དང་། གཡས་ན་དབྱུག་ཏོ་དང་། མེ་ལོང་བསྣམས་པ། གཡོན་ན་ཞགས་པ་དང་། ཨུཏྤ་ལ་བསྣམས་པའོ། །དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་གུས་པར་བྱས་ཤིང་། དེ་སེམས་ཅན་གྱི་དོན་བྱེད་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་
རྒྱས་ཀྱིས་ཡང་ནས་ཡང་དུ་རྗེས་སུ་ཡི་རང་བའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ལྷའི་གདོན་ལ་སོགས་པ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་ཀྱང་སྤྱི་བོའི་གཙུག་ཏུ་བཞག་ནས་རྗེས་སུ་ཡི་རང་བའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །ལྷའི་གདོན་དང་།
ཀླུའི་གདོན་དང་། རླུང་ལྷའི་གདོན་དང་། ལྷ་མ་ཡིན་གྱི་གདོན་དང་། ནམ་མཁའི་ལྡིང་གི་གདོན་དང་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་རྒོལ་བར་མི་འགྱུར་ཞིང་། རིག་སྔགས་ལ་རྗེས་སུ་ཡི་རང་ཞིང་བཀའ་ལས་མི་འདའ་བའོ། །དེ་རྣམས་ཀྱི་ཁ་དོག་ནི་སེར་པོ་དང་། དཀར་པོ་དང་། དམར་པོ་དང་། སྔོན་

པོ་དང་། སེར་པོའོ། །ཕྱག་རྣམས་ན་རྡོ་རྗེ་དང་། སྦྲུལ་ཞགས་དང་རལ་གྲི་དང་བ་དན་དང་། སྦྲུལ་བསྣམས་པའོ། །ཀླུའི་གདོན་ནི་རོ་སྨད་སྦྲུལ་དུ་འདུག་པ། ལྷ་མ་ཡིན་གྱི་གདོན་ནི་ཁྲོ་བོར་གནས་པ། ནམ་མཁའ་ལྡིང་གི་གདོན་ནི་བྱའི་གཟུགས་སོ། །གཞན་མ་ཡང་ལྷའི་ཆ་བྱད་དུ་ཡོད་
པའོ། །དྲི་ཟའི་གདོན་དང་། མིའམ་ཅིའི་གདོན་དང་། ལྟོ་འཕྱེ་ཆེན་པོའི་གདོན་དང་། གནོད་སྦྱིན་གྱི་གདོན་དང་། སྲིན་པོའི་གདོན་དང་། ཡི་དགས་ཀྱི་གདོན་དང་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་རིག་སྔགས་ལ་རྗེས་སུ་ཡི་རང་སྟེ། དེ་རྣམས་ཀྱི་ཁ་དོག་ནི་དཀར་པོ་དང་། སེར་པོ་དང་། སྔོ་སྐྱ་དང་།
ནག་པོ་དང་། དམར་པོ་དང་། ཐལ་བའི་མདོག་གོ། །དེ་རྣམས་ཀྱི་ཕྱག་མཚན་ནི། པི་ཝང་དང་། གླིང་བུ་དང་། ཆ་ལང་དང་། བུམ་པ་དང་། རལ་གྲི་དང་། ཐོད་པ་བསྣམས་པའོ། །མིའམ་ཅི་དང་། ལྟོ་འཕྱེ་ནི། རྟའི་མགོ་དང་། སྦྲུལ་གྱི་མགོ་དང་། ཡི་དགས་ཀྱི་གདོན་ནི། ཤ་རྣམས་སྐམ་ཞིང་འཇིགས་
པའི་ཆ་བྱད་དོ། །གནོད་སྦྱིན་དང་སྲིན་པོ་ནི་ཁྲོ་བོར་གནས་སོ། །དྲི་ཟའི་གདོན་ནི་ལྷའི་ཆ་བྱད་དོ། །ཤ་ཟའི་གདོན་དང་འབྱུང་པོའི་གདོན་དང་། གྲུལ་བུམ་གྱི་གདོན་དང་། སྲུལ་པོའི་གདོན་དང་། ལུས་སྲུལ་པོའི་གདོན་དང་ཞེས་བྱ་བ་ནི། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ལ་རྗེས་སུ་ཡི་རང་ཞིང་།
བཀའ་ལས་མི་འདའ་བའོ། །དེ་རྣམས་ཀྱི་ཁ་དོག་ནི། དམར་ནག་གི་མདོག་དང་། སྔོ་སྐྱ་དང་། མཐིང་ག་དང་། དམར་པོ་དང་། སེར་པོའོ། །ཕྱག་རྣམས་ན། སྦྲུལ་ཞགས་དང་། ཐོད་པ་དང་། དབྱུག་ཏོ་དང་། ཞགས་པ་དང་། ཕྲེང་བ་བསྣམས་པའོ། །དེ་རྣམས་ཀྱི་གདོང་ནི་ཕྱི་བ་དང་། བྱི་བ་དང་། ཕ་ཝང་
དང་། ཕག་དང་། ཡང་ཕག་པ་དང་ངོ་། །སྐེམ་བྱེད་ཀྱི་གདོན་དང་། སྨྱོ་བྱེད་ཀྱི་གདོན་དང་། གྲིབ་གནོན་གྱི་གདོན་དང་། བརྗེད་བྱེད་ཀྱི་གདོན་དང་། གནོན་པོའི་གདོན་དང་ཞེས་བྱ་བ་ནི། གདོན་དེ་རྣམས་ལ་སོགས་པ། གདོན་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །དེ་རྣམས་ཀྱི་ཁ་
དོག་ནི། དམར་པོ་དང་། སེར་པོ་དང་། མཐིང་ག་དང་། ལྗང་གུ་དང་། ཐལ་བའོ། །དེ་རྣམས་ཀྱི་ཕྱག་ན་རྒྱུ་ཞགས་དང་། སྙིང་དང་། ཐོད་པ་དང་། གྲི་གུག་དང་། དབྱུག་ཏོ་དང་ངོ་། །དེ་རྣམས་ཀྱི་གདོང་པ་ནི། ཁྱི་དང་སྤྱང་ཀི་དང་། ཕོ་རོག་དང་། རའི་གདོང་ཅན་ནོ། །གདོན་ཐམས་ཅད་ཀྱིས་འགལ་བར་

བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི། གདོན་རིགས་སྟོང་ཕྲག་བརྒྱད་ཅུ་པོ་དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་འགལ་བར་མི་ནུས་པའོ། །གཟི་བརྗིད་འཕྲོག་པ་རྣམས་དང་། ཟས་སུ་མངལ་ཟ་བ་རྣམས་དང་། ཟས་སུ་སྲོག་འཕྲོག་པ་རྣམས་དང་། ཟས་སུ་གཏོར་མ་ཟ་བ་རྣམས་དང་།
ཟས་སུ་ཤ་ཟ་བ་རྣམས་དང་། ཟས་སུ་ཁྲག་འཐུང་བ་རྣམས་དང་། ཟས་སུ་ཞག་ཟ་བ་རྣམས་དང་། ཟས་སུ་ཚིལ་ཟ་བ་རྣམས་དང་། ཟས་སུ་རྐང་ཟ་བ་རྣམས་དང་། ཟས་སུ་བཙས་པ་ཟ་བ་རྣམས་དང་ཞེས་བྱ་བ་ནི། དེ་ཡང་ཟས་ཀྱི་རིགས་མི་མཐུན་པ་ཟ་བ་མི་སྲུན་པ་རྣམས་ཡིན་ཏེ། དེ་རྣམས་
ཀྱིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ལ་འཚེ་བར་མི་ནུས་པའོ། །དེ་རྣམས་ཀྱི་གཟུགས་ནི་དྲེད་མོའི་གཟུགས་དང་། ཁྱིའི་གཟུགས་དང་། སེང་གེའི་གཟུགས་དང་། སྟག་གི་གཟུགས་དང་། སྤྱང་ཀིའི་གཟུགས་དང་། སྲེ་མོའི་གཟུགས་དང་། བྱི་བའི་གཟུགས་དང་། བྱི་ལའི་གཟུགས་དང་།
འཕྱི་བའི་གཟུགས་དང་། རའི་གཟུགས་དང་། ལུག་གི་གཟུགས་དང་ངོ་། །ཟས་སུ་དྲི་ཟ་བ་རྣམས་དང་། ཟས་སུ་མེ་ཏོག་ཟ་བ་རྣམས་དང་། ཟས་སུ་འབྲས་བུ་ཟ་བ་རྣམས་དང་། ཟས་སུ་ལོ་ཏོག་ཟ་བ་རྣམས་དང་། ཟས་སུ་བསྲེག་བྱ་ཟ་བ་རྣམས་དང་། ཟས་སུ་རྣག་འཐུང་བ་རྣམས་དང་། ཟས་སུ་ཕྱི་ས་ཟ་བ་
རྣམས་དང་། ཟས་སུ་གཅིན་འཐུང་བ་རྣམས་དང་། ཟས་སུ་མཆིལ་མ་ཟ་བ་རྣམས་དང་། ཟས་སུ་ངར་སྣབས་ཟ་བ་རྣམས་དང་། ཟས་སུ་སྣབས་ཟ་བ་རྣམས་དང་། ཟས་སུ་ལྷག་མ་ཟ་བ་རྣམས་དང་། ཟས་སུ་སྐྱུག་པ་ཟ་བ་རྣམས་དང་། ཟས་སུ་མི་གཙང་བ་ཟ་བ་རྣམས་དང་། ཟས་སུ་གཏོར་ཁུངས་ནས་
འབབ་པ་འཐུང་བ་རྣམས་དང་ཞེས་བྱ་བ་ནི། གདོན་དེ་རྣམས་ཀྱང་སྣ་ཚོགས་ཀྱི་གཟུགས་ཀྱིས་སྣང་ཞིང་། མི་སྲུན་པ་རྣམས་ཡིན་ཏེ། དེ་རྣམས་ཀྱིས་ཀྱང་རིག་སྔགས་ཀྱི་བཀའ་ལས་འདའ་བར་མི་ནུས་པའོ། །དེ་རྣམས་ཀྱི་གཟུགས་ཀྱང་མ་ཧེ་དང་། གླང་པོ་ཆེ་དང་གླང་དང་རྔ་མོ་དང་། ཤ་བ་དང་། བོང་བུ་དང་། བྱ་
རོག་དང་། འུག་པ་དང་། རྨ་བྱ་དང་། ཁྲུང་ཁྲུང་དང་། དེ་པོ་དང་། ཀྱ་ཀ་དང་། བྱ་རྒོད་དང་། བྱ་ཀང་ཀའི་གཟུགས་སོ། །དེ་རྣམས་ནི་ཤིན་ཏུ་མི་སྲུན་པ་མགོ་བརྙན་གྱི་གཟུགས་སུ་ཡོད་པ་དང་། འགལ་བར་བྱ་བ་མ་ཡིན་པ་ཞེས་བྱ་བ་ནི། ཟས་སུ་ཟ་བ་དེ་རྣམས་ཀྱིས་ཀྱང་། རིག་སྔགས་ཀྱིས་གནོད་པར་

མི་ནུས་ཤིང་། རིག་སྔགས་ལ་གུས་པར་བྱས་པའོ། །གཤེད་བྱེད་ལ་སོགས་པ་དང་ཞེས་བྱ་བ་ནི། ལས་བཅུ་བཞི་ཡོད་དེ། ཉེས་པ་དེ་རྣམས་ཀྱིས་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཉེས་པ་མི་ནུས་པའོ། །རིམས་ཉིན་གཅིག་པ་དང་ཞེས་བྱ་བ་ལ་སོགས་པ་ནི། རིམས་ཀྱི་ནད་མི་
གཅིག་པ་བཅོ་ལྔ་ཡོད་དེ། རིག་སྔགས་ཀྱི་ནུས་པས། རིམས་དེ་རྣམས་ཀྱིས་ཀྱང་མི་ཚུགས་པའོ། །རླུང་ལས་གྱུར་པ་དང་ཞེས་བྱ་བ་ལ་སོགས་པ་ནི། རླུང་ལ་ནད་བཞི་བརྒྱ་རྩ་བཞིའོ། །མཁྲིས་པ་ལ་ནད་བཞི་བརྒྱ་རྩ་བཞིའོ། །བད་ཀན་ལས་གྱུར་པ་ནད་བཞི་བརྒྱ་རྩ་བཞི་སྟེ། དེ་གསུམ་འདུས་
པས་ན་འདུས་པའི་ནད་དོ། །དེ་གཉིས་གཉིས་དང་ལྡན་པས་ན་ལྡན་པའོ། །དེ་ལྟ་བུའི་ནད་འཇིགས་པ་ཅན་གྱིས་ཀྱང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་འོང་བར་མི་ནུས་སོ། །རིམས་ནད་ཐམས་ཅད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ་ཞེས་བྱ་བ་ནི། རིམས་ཀྱི་ནད་དེ་རྣམས་ཀྱིས་ཀྱང་། རིག་
སྔགས་ཀྱི་བཀའ་ལས་མི་འདའ་ཞིང་། ནད་དེ་རྣམས་ཀྱིས་མི་ཚུགས་པའོ། །གླད་པ་ན་བ་དང་ཞེས་བྱ་བ་ལ་སོགས་པ་ནི། རླུང་དང་མཁྲིས་པ་བད་ཀན་གསུམ་གྱིས་ཡན་ལག་དང་ཉིང་ལག་ཐམས་ཅད་ན་བ་སྟེ། ནད་དེ་ཡང་བཞི་བཅུ་རྩ་བཞི་ཡོད་དེ། ནད་དེ་རྣམས་ཀྱིས་ཀྱང་མི་ཚུགས་ཤིང་བདེ་བར་
གནས་པའོ། །ཤུ་བ་དང་ཞེས་བྱ་བ་ལ་སོགས་པ་ནི། ས་བདག་གི་ནད་རིགས་མི་གཅིག་པ་བཅོ་བརྒྱད་ཡིན་ཏེ། ཤུ་བ་ལ་སོགས་པའི་ནད་ཀྱིས་མི་ཚུགས་པའོ། །ནད་ཐམས་ཅད་དང་ཞེས་བྱ་བ་ནི། ནད་རིགས་མི་གཅིག་པ་བཞི་བརྒྱ་རྩ་བཞིས་མི་ཚུགས་པའོ། །དུག་ནད་
ཐམས་ཅད་དང་ཞེས་བྱ་བ་ལ་སོགས་པ་ནི། ཕྱིའི་དུག་དང་ནང་གི་དུག་དྲུག་གོ། །དུག་དེ་རྣམས་ཀྱིས་མི་ཚུགས་སོ། །སྡང་བ་ཐམས་ཅད་དང་ཞེས་བྱ་བ་ནི། ལས་ཀྱི་རྣམ་པར་སྨིན་པས། སེམས་ཅན་རྣམས་ཀྱི་སྡང་བས་ཏེ། དེའི་འཇིགས་པ་ལས་ཐར་པའོ། །འཇིགས་པ་ཐམས་ཅད་
དང་ཞེས་བྱ་བ་ནི། དུས་མ་ཡིན་པར་འཆི་བའི་འཇིགས་པ་བརྒྱད་དོ། །ཡམས་ཀྱི་ནད་ཐམས་ཅད་དང་ཞེས་བྱ་བ་ནི། ཡམས་ནད་དེ་ནི་འགོ་བའི་ནད་ཡིན་ཏེ། ནད་དེས་ཀྱང་མི་ཚུགས་པའོ། །འཐབ་པ་དང་རྩོད་པ་དང་ཞེས་བྱ་བ་ནི། གཞན་ཡང་དགྲ་བོ་རྣམས་དང་། ཉེ་བ་ལ་སོགས་པ་

འཐབ་པ་རྣམས་ཀྱི་འཇིགས་པས་ཀྱང་མི་ཚུགས་པའོ། །གནོད་པ་དང་ཞེས་བྱ་བ་ནི། འབྱུང་པོ་དང་། རྒྱལ་པོ་ལ་སོགས་པའི་གནོད་པས་མི་ཚུགས་པའོ། །ནད་འགོ་བ་དང་། འཁྲུག་པ་ཐམས་ཅད་ཀྱི་འགལ་བར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་ནི། རིག་སྔགས་འདི་ཡི་གཟི་བརྗིད་ཀྱིས། །ནད་དེ་རྐྱེན་དེ་
རྣམས་ཀྱིས་མི་ཚུགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། ཕན་ཡོན་བསྟན་པའི་གནས་སྐབས་ཏེ་ཉི་ཤུ་རྩ་བཞི་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །གང་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་
བདག་བསྲུང་བ་བྱས་སམ་ཞེས་བྱ་བ་ནི། འདི་ལ་གུས་པར་བྱས་ནས་འཆང་བ་དང་། བསྒོམ་པ་དང་། རྒྱ་ཆེར་སྤེལ་བ་དང་། རྗེས་སུ་ཡི་རང་བ་དང་། སྔགས་ཀྱི་ཚིག་གཅིག་གཉིས་བརྗོད་པ་དང་། དཀྱིལ་འཁོར་རྒྱ་ཆེར་བྲི་བ་དང་། བསྲུང་བ་བྲིས་ནས་བཏགས་ན། འཇིགས་པ་ཐམས་
ཅད་དང་བྲལ་བར་འགྱུར་རོ། །གང་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལས་འགལ་བར་བྱས་ན། ལག་ན་རྡོ་རྗེས་དེའི་མགོ་བོ་ཚལ་པ་བདུན་དུ་འགེམས་པར་འགྱུར་རོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རང་སངས་རྒྱས་དང་། ཉན་ཐོས་ཐམས་ཅད་ཀྱི་གཟི་བརྗིད་
ཀྱིས། དེའི་སྣང་བ་མ་རུངས་པར་འགྱུར་རོ། །སེམས་མ་རུངས་པར་འགྱུར་རོ། །འཕགས་པའི་གང་ཟག་རྣམས་བསླུས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་། གཤུར་ཞེས་བྱ་བ་ལ་ཐུག་པའི་བར་གྱི་གསང་སྔགས་ཀྱིས་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་པར་འགྱུར་རོ། །ལྷ་རྣམས་
ཀྱི་དབང་པོ་བརྒྱ་བྱིན་ཡང་སུམ་ཅུ་རྩ་གསུམ་པའི་ཚོགས་ཀྱིས་བསྐོར་ཏེ། རྡོ་རྗེས་དེའི་མགོ་འགེམས་པར་འགྱུར་རོ། །ཚངས་པའི་གཟི་བརྗིད་ཀྱིས་ཀྱང་དེའི་འབྱོར་པ་ཐལ་བར་རློག་པར་འགྱུར་རོ། །དཀྱིལ་འཁོར་དང་སྲུང་བའི་བྱེ་བྲག་གང་ཞེ་ན། འདི་ལྟ་སྟེ། འོག་ཏུ་བལྟ་བའོ། །དང་པོ་
ས་ནི་བརྟག་པར་བྱ། །གཉིས་པ་ས་བླང་ཆོ་ག་བཤད། །གསུམ་པ་ས་ནི་ཡོངས་བཟུང་བ། །བཞི་པ་ས་ནི་སྦྱོང་བར་བྱ། །ལྔ་པ་ས་ནི་བྱིན་རླབས་བྱ། །དྲུག་པ་ས་ནི་གདུལ་བར་བྱ། །དེ་དག་ནི་སའི་ཆོ་གའི་བྱེ་བྲག་གོ། །དེ་ཡང་རིགས་ཀྱི་སྙིང་པོ་དང་། སའི་སྔགས་ཀྱིས་བྱིན་རླབས་

བྱའོ། །ས་གཞི་བཟང་པོའི་དཀྱིལ་འཁོར་ལ། །དྲི་དང་རྣམ་ལྔ་བསྲེས་པའི་ཆུས། །དཀྱིལ་འཁོར་ལ་ནི་བྱུག་པར་བྱ། །སྟ་གོན་ལ་སོགས་ཆོ་ག་ནི། །སྔོན་དུ་འགྲོ་བ་གང་ཡིན་པ། །རྡོ་རྗེ་སློབ་དཔོན་བཀའ་དྲིན་གྱིས། །སྔོན་འགྲོ་ཆོ་ག་ཡང་དག་ཤེས། །བཅུ་གསུམ་མམ་ནི་
ཡང་ན་དགུ། །ལྔ་དང་གཅིག་ལས་གང་ཡིན་པ། །བུམ་པའི་མཚན་ཉིད་བརྟག་པར་བྱ། །གསེར་རམ་དངུལ་ལམ་ཟངས་ལས་བྱས། །རྫ་ལ་སོགས་པ་གང་ཡོད་ལ། །གསུས་པ་ཆེ་ལ་མགྲིན་པ་རིང་། །མཆུ་འཕྱང་ནག་པོ་ར་རི་མེད། །དེ་བཞིན་མཚན་དང་ལྡན་པ་ལ། །རིག་པ་མཚན་མ་བྲི་བར་བྱ། །
རྨ་བྱའི་སྒྲོ་དང་རིགས་ལྔའི་མཚན། །དེ་རྣམས་ལ་ནི་ཡང་དག་བྲི། །གུ་གུལ་ཨ་ག་རུ་ལ་སོགས། །དུད་པས་ཡང་ནི་བདུག་པར་བྱ། །དྲི་ཆུ་དང་ནི་ཆུ་རྣམས་ཀྱིས། །བུམ་པ་ལ་ནི་ཡང་དག་དགང་། །མར་རམ་ཞོ་འམ་སྦྲང་རྩིའམ། །བུ་རམ་ཀ་ར་འོ་མ་དང་། །དེ་རྣམས་ཀྱིས་ནི་དགང་བར་བྱ། །
མུ་ཏིག་མུ་མེན་བྱི་རུ་དང་། །གསེར་དང་དངུལ་ནི་གཞུག་པར་བྱ། །འབྲས་སམ་ཏིལ་ལམ་མ་ཤ་འམ། །གྲོ་འམ་ནས་སམ་ཡང་དག་བླུགས། །མཚན་མ་ལེགས་པའི་བུམ་པ་ལ། །དར་རམ་རས་སམ་མ་ཉམས་པས། །བུམ་པའི་མགུལ་ནི་ཡང་དག་བཅིངས། །ཙནྡན་དང་ནི་གུར་ཀུམ་
དང་། །གླ་རྩི་ཆུ་དང་ག་བུར་དང་། །ཏུ་རུ་སྐ་ནི་དྲི་དང་ལྡན། །དེས་ནི་བུམ་པ་དགང་བར་བྱ། །བལ་པོ་ཤིང་དང་ཨུ་དུམྺཱ་ར། །བརྟ་དཔལ་ཤིང་ཁ་དའི་ཤིང་། །བྱང་ཆུབ་ཤིང་ནི་སྣ་ལྔས་ནི། །དེ་ཡི་ལོ་མས་མཛེས་པར་བརྒྱན། །དར་དང་རྒྱལ་མཚན་གདུགས་དང་ནི། །རིན་ཆེན་ཕྲེང་དང་མེ་
ཏོག་ཕྲེང་། །བཀྲ་ཤིས་བརྒྱད་དང་མེ་ལོང་དང་། །བུམ་པ་ལ་ནི་ཡང་དག་བརྒྱན། །རྡོ་རྗེ་སློབ་དཔོན་ཡང་དག་གིས། །དམ་ཚིག་སེམས་དང་ཡེ་ཤེས་སེམས། །བུམ་པ་ལ་ནི་ཡང་དག་གཞུག །རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །ཤེས་རབ་དང་ནི་སྙིང་རྗེ་ལྡན། །བྲི་བའི་ལས་ལ་མཁས་
པ་དང་། །མི་ཁེངས་གཤིས་ནི་བཟང་བ་དང་། །དམ་ཚིག་ལ་སོགས་བསྲུང་བ་དང་། །གུས་པར་སངས་རྒྱས་དཀོན་མཆོག་གསུམ། །སེམས་ཅན་མཉམ་པ་ཉིད་བསྒོམ་པ། །སློབ་མ་དག་ནི་སྐྱོང་བྱེད་པ། །སློབ་དཔོན་ལ་ནི་དེ་དང་ལྡན། །སློབ་དཔོན་དགེ་སློང་ལྟ་བུ་ལ། །ཚུལ་ཁྲིམས་

ཡང་དག་སྲུང་བྱེད་པ། །དེ་བཞིན་བཟོད་པ་བརྩོན་འགྲུས་ལྡན། །ལུས་ནི་ལེགས་པར་ཁྲུས་བྱས་ནས། །ཙནྡན་ལ་སོགས་ཆུ་ལ་བཀྲུ། །དེ་བཞིན་ལུས་དང་ངག་དང་ནི། །ཡིད་ཀྱིས་རྡོ་རྗེ་ཡང་དག་བཀྲུ། །དེ་བཞིན་རྡོ་རྗེ་སློབ་དཔོན་གྱིས། །དང་པོའི་ལས་ལ་ཡང་དག་འཇུག །བུམ་པ་ལྷག་པའི་ཆོ་ག་
དང་། །རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བརྟག་པའོ། །རས་སམ་དར་རམ་སྐུད་པ་ནི། །རྒྱལ་པོ་བུ་མོ་རྗེའུ་རིགས་ནི། །དེ་བཞིན་བྲམ་ཟེའི་བུ་མོ་ལ། །དེ་ལ་སོགས་པ་གཞན་དག་ཀྱང་། །ལོ་གྲངས་བརྒྱད་ནི་ལོན་པ་ལ། །ཐིག་སྐུད་ཡང་དག་བསྒྲིལ་བར་བྱ། །ཨོཾ་བཛྲ་སཱུ་ཏྲ་ཧཱུཾ་ཕཊ་ཅེས་བྱ་བར་བྱིན་
གྱིས་བརླབ་པར་བྱའོ། །སློབ་དཔོན་ཤར་བལྟ་སློབ་མ་ནུབ། །དེ་བཞིན་སློབ་དཔོན་བྱང་དུ་སྟེ། སློབ་མ་ལྷོ་ཕྱོགས་བལྟ་བ་སྟེ། །རིམ་བཞིན་ཤར་ལྷོ་ནུབ་བྱང་དང་། །བྱང་ཤར་མཚམས་དང་ལྷོ་ནུབ་དང་། །ནམ་མཁའི་ཐིག་ནི་གདབ་པར་བྱ། །ཨོཾ་བཛྲ་རེ་ཁེ་ཧཱུཾ་ཕཊ་སྭཱ་ཧཱ། དཀྱིལ་འཁོར་ས་གཞི་བཟང་
པོ་ལ། །ཐིག་ནི་ཡང་དག་གདབ་པར་བྱ། །ཐིག་ནི་ཆ་ཆེན་བཅུ་དྲུག་གདབ། །དེ་ཡི་ལོག་པོ་སུམ་ཅུ་གཉིས། །དབུས་ཀྱི་ཆ་ཆེན་དང་པོ་ལ། །པདྨའི་ལྟེ་བར་ཤེས་པར་བྱ། །གཉིས་པའི་ཆ་ནི་པདྨར་གྲགས། །ཕྱི་རིམ་ཆ་ནི་བཞི་ཆ་ལ། །མུ་ཁྱུད་རྡོ་རྗེ་ར་བར་ཤེས། །ལྷག་མའི་ཆ་ནི་སུམ་ཆ་དང་། །དེ་ཕྱིར་ཕྱེད་དང་
ལྡན་པ་ལ། །འཁོར་ལོའི་ཆ་ནི་ཡང་དག་ཡིན། །དེ་ཕྱིར་ཕྱེད་ན་ཆ་ཡོད་པ། །ནང་གི་ལྷ་རྣམས་ཤེས་པར་བྱ། །ཆ་ཆེན་ལྔ་པོ་སྣང་བ་ནི། །ནང་གི་ལྷ་རྣམས་ཡང་དག་ཡིན། །དེ་ཕྱིར་ཆ་གཉིས་ཡོད་པ་ལ། །ནང་གི་སྒོ་ནི་ཡང་དག་ཤེས། །ཕྱི་རིམ་ཆ་ནི་དགུ་སྣང་བ། །བར་གྱི་ལྷ་རྣམས་ཡིན་པ་སྟེ། །བཅུ་དང་བཅུ་གཅིག་སྣང་བ་ནི། །བར་མའི་སྒོར་ནི་
ཡང་དག་ཤེས། །བཅུ་གཉིས་སྣང་བའི་ཆ་ཆེན་ལ། །ཕྱི་ཡི་ལྷ་རྣམས་ཡིན་པ་ལ། །དེ་ཕྱིར་ཆ་ཆེན་ཕྱེད་དང་གསུམ། །ཕྱི་ཡི་སྒོར་ནི་ཡང་དག་གྲགས། །དེ་ཕྱིར་ཕྱེད་དང་གཉིས་ཡོད་པ། །རྟ་བབས་སུ་ནི་ཤེས་པར་བྱ། །དེ་ཕྱིར་པདྨ་རྡོ་རྗེ་དང་། །མེ་རི་མཁས་པས་ཕྱི་ནས་བཙལ། །ཞེས་གསུངས་སོ། །
ཆ་ཆེན་གཅིག་སྒོར་ཤེས་པ་ལ། །དེ་ཡི་ལོགས་ནི་སུམ་ཆ་དག །དེ་ཡི་ལོགས་ནི་ཆ་ཆུང་གཅིག །དེ་ཡི་ཕྱི་རིམ་ཆ་ཆེན་ལ། །སུམ་ཆ་གཅིག་ནི་ནང་གི་ཆ། །སུམ་ཆ་གཉིས་ནི་ཀ་བར་ཤེས། །རིན་ཆེན་པཉྫ་ར་ག་དང་། །ད་རུ་སྐ་དང་གསུམ་པོ་ནི། །ཆ་ཆུང་གསུམ་ནི་མཉམ་པར་བྱ། །འདོད་པའི་

ལྷ་རྣམས་དྲ་བ་དང་། །དེ་གཉིས་ཆ་ནི་མཉམ་པའོ། །ཆ་ནི་སུམ་ཆ་གཉིས་གཉིས་ཏེ། །ནང་དང་ཕྱི་དང་སྒོ་རུ་ཡང་། །མཁས་པས་དེ་བཞིན་ཤེས་པར་བྱ། །ཐིག་གི་ཆོ་ག་གསུངས་པའོ། །རིན་ཆེན་དངུལ་དང་བཻ་རླུརྱ། །གསེར་དང་པདྨ་རཱ་ག་དང་། །དེ་བཞིན་ཨིནྡྲ་ནཱི་ལ་དང་། །དེ་བཞིན་
རིགས་ལྔའི་ངོ་བོ་འདི། །དེ་ནི་རིན་ཆེན་ཕྱེ་མར་གྲགས། །རིག་སྔགས་སྙིང་པོ་རིགས་ལྔའམ། །དེ་ཡི་སྔགས་ཀྱིས་བྱིན་རླབས་བྱ། །ཨོཾ་ཏྲཱཾ་ཧྲཱིཿཁཾ་ཧཱུཾ། ཨོཾ་མ་ཧཱ་མཱ་ཡཱུ་རཱི་ཡེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེས་མཚོན་ཆ་རྣམས་བྱིན་གྱིས་བརླབ་པར་བྱའོ། །དབུས་སུ་པདྨའི་ལྟེ་བ་ལ། །ཟླ་བའི་གདན་ནི་ཤེས་
པར་བྱ། །དེ་སྟེང་རིན་ཆེན་དེ་བཞིན་རིགས། །རིག་སྔགས་རྨ་བྱ་དེར་གནས་པ། །ཤར་དང་ལྷོ་དང་ནུབ་དང་ནི། །བྱང་གི་ཕྱོགས་དང་རིམ་བཞིན་དུ། །དམར་པོ་སེར་པོ་དཀར་པོ་དང་། །སེར་པོ་དེ་ནི་བྱང་ན་གནས། །པདྨ་བཞི་པོ་དེ་བཞིན་ཤེས། །ཤར་ལྷོ་དང་ནི་ནུབ་བྱང་དང་། །མཐིང་གའི་
མདོག་ཏུ་ཤེས་པར་བྱ། །ལྷོ་ནུབ་བྱང་ཤར་མཚམས་སུ་ནི། །ལྗང་གུ་ཨིནྡྲ་ནཱི་ལའི་མདོག །རིན་ཆེན་རྡོ་རྗེའི་རིགས་དང་ནི། །དེ་བཞིན་རིན་ཆེན་རིན་ཆེན་རིགས། །རིན་ཆེན་པདྨ་རིགས་དང་ནི། །དེ་བཞིན་རིན་ཆེན་ལས་ཀྱི་རིགས། །ཤར་ཕྱོགས་རིམ་པ་དེ་བཞིན་དུ། །ལྷ་མོ་བཞི་པོ་
དགོད་པར་བྱ། །མེ་ཏོག་སྤོས་དང་དྲི་དང་ནི། །མར་མེ་དང་ནི་བཞི་པོ་དང་། །ཤར་ལྷོ་མཚམས་ན་དགོད་པར་བྱ། །ཕྱི་རིམ་མུ་ཁྱུད་ར་བ་ལ། །རྡོ་རྗེ་ར་བར་ཤེས་པར་བྱ། །དེ་ཕྱིར་འཁོར་ལོ་རྩིབས་བརྒྱད་ལ། །བཞི་པོ་རྩིབས་ནི་ཕྱོགས་དང་མཐུན། །ཟུར་གྱི་འཁོར་ལོའི་རྩིབས་བཞི་ནི། །
ཕྱོགས་བཞིར་ཕྱེད་ཕྱེད་སྣང་བའོ། །དེ་ཕྱིར་མུ་ཁྱུད་ཟླུམ་པོ་ལ། །རྡོ་རྗེ་ར་བས་བསྐོར་བར་བྱ། །ཉི་མ་ཟླ་བ་གཟའ་ཆེན་དགུ། །ཤར་ལ་སོགས་པའི་གོ་རིམས་བཞིན། །འཁོར་ལོའི་རྩིབས་ལ་དགོད་པར་བྱ། །དེ་ཕྱིར་ལྷ་རྣམས་གྲུ་བཞི་ནི། །ཁ་དོག་དམར་པོས་རྣམ་པར་བརྒྱན། །ལྷ་རྣམས་ཟུར་
བཞིར་གནས་པ་ནི། །པི་ཝང་གླིང་བུ་གར་མཁན་མ། །དེ་བཞིན་གླུ་མ་ཤེས་པར་བྱ། །ཤར་དང་ལྷོ་དང་ནུབ་དང་བྱང་གི་ཕྱོགས། །ལྷ་རྣམས་སྒོ་དང་དེ་བཞིན་དུ། །གསེར་དང་དངུལ་དང་པདྨ་རཱ་ག་དང་། །དེ་བཞིན་ཨིནྡྲ་ནཱི་ལར་ཤེས་པར་བྱ། །ལྷ་རྣམས་སྒོ་དང་བཞི་པོ་ལ། །རྒྱུ་སྐར་རིམ་བཞིན་ཤེས་

པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཏྭ་ར་ན་བཞིས་རྣམ་པར་བརྒྱན། །པཉྩ་རཱ་ག་ལྔ་པོ་ལ། །དཀར་དང་ནག་དང་སེར་དང་ནི། །དམར་དང་ལྗང་གུ་ལྔ་སྣང་བ། །དེ་བཞིན་གཤེགས་པ་ལྔའི་ངོ་བོ། །འོད་ནི་སྣང་བ་ལྔར་ཤེས་སོ། །འདོད་པའི་རིན་ཆེན་ཕ་གུ་དང་། །འདོད་ཆགས་དང་ནི་སེར་སྣ་དང་། །
ཕྲག་དོག་ད་རུ་ཁར་ནི་རྣམ་པར་གྲགས། །ཏྭ་ར་ན་བཞིས་སྣང་བ་ནི། །མཛེས་མཚོན་དུ་ནི་ཤེས་པར་བྱ། །ཕྱི་དང་ནང་དང་བར་སྒོ་དང་། །ནང་སྒོ་ཇི་བཞིན་མཁས་པས་ཤེས། །མུ་ཏིག་དྲ་བ་དྲ་ཕྱེད་དང་། །རྩིག་པའི་ལོགས་ལ་བརྒྱན་པར་བྱ། །ཆོས་ཀྱི་འཁོར་ལོ་རི་དགས་དང་། །རྟ་བབས་སྟེང་དུ་གནས་
པའོ། །གདུགས་དང་བ་དན་རྒྱལ་མཚན་དང་། །གཞལ་ཡས་ཁང་གི་སྟེང་ན་གནས། །མཛེས་ཤིང་བལྟ་ན་སྡུག་པ་སྟེ། །གཞལ་ཡས་ཁང་དུ་རྣམ་པར་གྲགས། །དཀྱིལ་འཁོར་ལྷ་དགོད་ཅིང་ཚོན་དགྱེ་བའི་རིམ་པའོ།། །།བར་སྒོ་ལ་ནི་གནས་པའི་ལྷ། །ཕྱོགས་སྐྱོང་བཅུ་རུ་ཤེས་པར་བྱ། །སྒོ་
བ་བཞི་ལ་གནས་པ་ནི། །རྒྱལ་པོ་བཞིར་ནི་རབ་ཏུ་གྲགས། །ཕྱི་རོལ་ལྷ་རྣམས་སྒོ་དང་ནི། །སྔར་བཤད་ཀླུ་རྒྱལ་རིགས་བརྒྱད་གནས། །རྡོ་རྗེ་སློབ་དཔོན་མཁས་པ་ཡིས། །དཀྱིལ་འཁོར་ལྷ་བཀོད་རིམ་བཞིན་ཤེས། །བཀྲ་ཤིས་མཚན་དང་བཀྲ་ཤིས་རྫས། །བཀྲ་ཤིས་རྟགས་དང་གསུམ་པ་དེས། །ཕྱི་ནང་
བར་སྒོ་རིམ་པ་གསུམ། །དེ་ཡི་འགྲམ་ལ་དགོད་པར་བྱ། །བསྲུང་བ་ཡན་ལག་བརྒྱད་དང་ནི། །གཏོར་མའི་རིམ་པ་གཞན་ལས་ཤེས། །དམ་ཚིག་སེམས་དང་ཡེ་ཤེས་སེམས། །རིམ་བཞིན་དཀྱིལ་འཁོར་ལྟ་ལ་ཐིམ། །ཨརྒྷ་ལ་སོགས་པཱུ་ཛ་རྣམས། །རིམ་བཞིན་མཁས་པས་དབུལ་བར་བྱ། །མདོ་དང་
བཟླས་པ་སྒོམ་པ་གསུམ། །ཐུན་མཚམས་གཏོར་མ་གཏང་བར་བྱ། །མདོ་ནི་རྒྱུན་མི་འཆད་འདོན་པ། །དེ་བཞིན་ཆོ་ག་བྱས་ནས་སུ། །སྡུག་བསྔལ་ཐམས་ཅད་ཟད་པར་འགྱུར། །རིམས་དང་ནད་རྣམས་བྱུང་བ་དང་། །མཛེ་དང་ཕོལ་མིག་དེ་བཞིན་ཏེ། །གཞན་ཡང་ནད་རྣམས་ཐམས་ཅད་ཀུན། །
བསྒྱུར་བའི་ཚུལ་ལ་སོགས་པ་ཀུན། །ལས་དང་ཤེས་བྱ་བག་ཆགས་ཀུན། །འབྱུང་པོ་ལ་སོགས་ན་བ་དང་། །གང་དག་སྡིག་པ་བྱེད་པ་དང་། །སྡིག་པ་ཐམས་ཅད་འདིས་འཇོམས་སོ། །གལ་ཏེ་དེ་ལས་འགལ་འགྱུར་ན། །སྔར་བཤད་རྡོ་རྗེ་སྙིང་པོ་སོགས། །དེ་རྣམས་ཀྱིས་ནི་ཆད་པ་གཅོད། །རིད་

སྔགས་འདི་ནི་ཡང་དག་གྲགས། །སྡུག་བསྔལ་ཐམས་ཅད་འཇོམས་བྱེད་པ། །འདི་ཡི་ཡོན་ཏན་ཡིན་པར་གྲགས། །དཀྱིལ་འཁོར་གྱི་བྱ་ཐབས་རིམ་པའོ།། །།སྐུད་པ་བཏགས་ན་ཞེས་བྱ་བ་ནི། བསང་བའི་རིམ་པ་ཡིན་ཏེ། དེ་ཡང་རས་སམ་དར་རམ་དེ་ལ་
སོགས་པ་གང་ཡང་རུང་། མདུད་པ་བརྒྱ་རྩ་བརྒྱད་བོར་ལ་ལུས་རྡོ་རྗེས་བསྲུང་བར་བྱའོ། །ཡང་ན་རས་སམ་དར་རམ་ཤིང་ཤུན་ལ་སོགས་པ་ལ་གུར་ཀུམ་དང་གི་ཝང་གིས་རས་སམ་ཤིང་ཤུན་ལ་བྲི་བའོ། །འཁོར་ལོ་རིམ་པ་བཅུ་གཉིས་བྲིས་ལ། ཆ་གཉིས་ལ་པདྨའི་ར་བ་དང་། འཁོར་ལོ་
བྲིའོ། །དེའི་ཕྱི་རིམ་ཆ་གཉིས་ལ། རིན་ཆེན་རྡོ་རྗེ་དང་ཕྱག་མཚན་གྱིས་དགོད་པར་བྱའོ། །རིག་སྔགས་ཀྱི་སྙིང་པོ་ལྔ་ལ། འཁོར་ལོ་རིམ་པ་བཞིན་དུ་དགོད་པར་བྱའོ། །འཁོར་ལོ་དེ་བཞིན་དུ་བྲིས་ནས་ལུས་ལ་གདགས་སོ། །དེ་བཞིན་དུ་བཏགས་པར་གྱུར་ན། ནད་དང་སྡུག་
བསྔལ་ཐམས་ཅད་དང་། སྡིག་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། དཀྱིལ་འཁོར་དང་སྲུང་བ་བྱེད་པའི་གནས་སྐབས་ཏེ་ཉི་ཤུ་རྩ་ལྔ་པའོ།། །།དེ་བསད་པའི་རིགས་པ་ནི་ཆད་པས་བྲལ་བར་འགྱུར་རོ་ཞེས་བྱ་བ་ནི། རིག་སྔགས་འདི་
ཡི་བྱིན་རླབས་ཀྱིས། །གསད་པར་འདོད་པའི་སེམས་ཅན་ཡང་། སྙིང་རྗེ་དང་ལྡན་པར་འགྱུར་ཏེ། ཆད་པ་དེ་ལས་ཐར་བར་འགྱུར་རོ། །ཆད་པས་གཅད་པའི་རིགས་པས་ནི་གཞུ་བཙོག་པས་སོ་ཞེས་བྱ་བ་ནི། ཆད་པས་གཅད་པར་འདོད་པའི་སེམས་ནི། སེམས་དེ་དང་མི་
ལྡན་ཏེ། ཆད་པ་ལས་བྲལ་བར་འགྱུར་རོ། །གཞུ་བཙོག་པའི་རིགས་པ་ནི་བརྒྱད་བཀག་པས་སོ་ཞེས་བྱ་བ་ནི། སེམས་ཅན་ཁ་ཅིག་གནོད་པ་སྐྱེལ་བར་འདོད་དེ། གཞན་གྱིས་བཀག་ནས་གནོད་པ་སྐྱེལ་བར་མི་ནུས་སོ། །བརྒྱད་བཀག་པའི་རིགས་པ་ནི་དམ་བཅས་པའི་རིགས་པས་སོ་ཞེས་
བྱ་བ་ནི། རིག་སྔགས་འདིའི་ནུས་པས། དེ་ལྟ་བུའི་སྡུག་བསྔལ་དང་བྲལ་ཏེ། གནོད་པར་བྱེད་པ་རྣམས་བཀག་སྟེ། དམ་བཅའ་བའི་རིགས་པས་ནི་སྤུ་ཟིང་ཞེས་བྱེད་པས་སོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་ནུས་པ་དེས་ཀྱང་དམ་བཤིག་ནས་སོ་སོར་གནས་སོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་

ནི། དེ་བཞིན་དུ་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། སོ་སོར་གནས་པ་དེ་ནི། དངོས་པོར་མི་གནས་ཤིང་ཞིག་པར་འགྱུར་རོ། །དེ་ལ་རྒྱལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་རོ་ཞེས་བྱ་བ་ནི། རྒྱལ་པོའི་ཆད་པ་ནོར་དང་སྲོག་ལས་ཐར་རོ། །ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ཞེས་བྱ་བ་ནི་ཆོམ་རྐུན་པ་
རྣམས་ཀྱིས་ཀྱང་རྐུ་བའི་སེམས་གཏང་བ་དེ་ཡང་། སེམས་ལ་མི་འཇོག་ཅིང་འཇིགས་པ་དང་བྲལ་བར་འགྱུར་རོ། །མེའི་འཇིགས་པ་མི་འབྱུང་ངོ་ཞེས་བྱ་བ་ནི། མ་རུངས་པའི་མེའི་འཇིགས་པ་དེ་ཡང་རིག་སྔགས་འདི་འཆད་པར་འགྱུར་ན། འཇིགས་པ་དེ་དང་བྲལ་བར་འགྱུར་རོ། །
ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ་ཞེས་བྱ་བ་ནི། གློ་བུར་གྱི་ནད་ཆུས་འཇིགས་པར་ཡང་མི་འགྱུར་ཏེ། གྲུ་དང་ར་བ་ལས་མྱུར་དུ་རྒལ་བའོ། །དེའི་ལུས་ལ་དུག་གིས་མི་ཚུགས་ཏེ་ཞེས་བྱ་བ་ནི། དུག་གསུམ་གྱིས་མི་ཚུགས་ཤིང་རྡོ་རྗེའི་ཕུང་པོ་ལྟ་བུའོ། །མཚོན་གྱིས་མ་ཡིན་ནོ་ཞེས་
བྱ་བ་ནི། འཁྲུག་པའི་དབུས་སུ་བསྡད་ན་ཡང་མཚོན་རྣམས་ཀྱིས་མི་ཚུགས་ཏེ། དེ་བཞིན་དུ་གློ་བུར་གྱི་མཚོན་གྱིས་ཀྱང་མི་ཚུགས་སོ། །བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་རོ་ཞེས་བྱ་བ་ནི། རྨི་ལམ་ངན་པ་དང་། ལྟས་ངན་པ་དང་། ཆགས་ཆེ་བ་དང་། མཚན་མ་ངན་པ་རྣམས་
ལོག་པ་སྟེ། ཉལ་བ་ན་ཡང་བདེ་བ་ལ་སད་པ་ན་ཡང་བདེ་བའོ། །བདེ་བ་དང་། གནོད་པ་མེད་པ་དང་། འཇིགས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། ཚེ་ད་ལྟར་དང་ཚེ་ཕྱི་མ་ཡང་དེ་བཞིན་ཏེ་ནམ་སྐྱེས་པའི་དུས་སུ་ཡང་། འཇིགས་པ་དེ་དང་བྲལ་ཞིང་བདེ་བར་གནས་པའོ། །ཕྱིར་རྒོལ་བ་བཅོམ་པ་དང་
ཞེས་བྱ་བ་ནི། སྔགས་དང་། སྦོད་གཏོང་གཏང་བ་དང་། སྔགས་དང་གཤིན་རྗེའི་སྔགས་ཀྱི་ནུས་པ་དང་། མངོན་སྤྱོད་ཀྱི་ལས་ལ་སོགས་པ་བཏང་བ་རྣམས་འཇོམས་པའོ། །དགྲ་ཆོམས་པར་འགྱུར་རོ་ཞེས་བྱ་བ་ནི། དགྲ་བོ་སྡང་བ་རྣམས་འཇོམས་ཏེ། དེའི་འཇིགས་པས་མི་ཚུགས་ཤིང་། དགྲ་
རྣམས་བདེ་བར་འགྱུར་རོ། །རྨས་པ་མེད་པར་འགྱུར་རོ་ཞེས་བྱ་བ་ནི། དེའི་ཡོན་ཏན་གྱི་ནུས་པས། རིག་པའི་གནས་ལྔ་ལ་མཁས་ཤིང་། དགེ་བའི་བཤེས་གཉེན་ནམ། འཁོར་ལོས་སྒྱུར་བའི་རྒྱལ་པོའམ། ས་བཅུའི་བྱང་ཆུབ་སེམས་དཔའ་ཐོབ་ཅིང་། སེམས་ཅན་རྣམས་ཀྱི་དོན་

བྱེད་པའོ། །ཡང་ན་འདིའི་ཟིལ་གྱིས་ཐམས་ཅད་གནོན་པའོ། །འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ་ཞེས་བྱ་བ་ནི། འཁོར་བའི་འཇིགས་པ་དང་། ད་ལྟར་གྱི་རྐྱེན་གྱི་འཇིགས་པ་དང་། དེ་ལ་སོགས་པའི་འཇིགས་པ་ཐམས་ཅད་ལས་ཐར་བའོ། །བདེ་བར་
ཡུན་དུ་ཡང་འཚོ་བར་འགྱུར་ཏེ་ཞེས་བྱ་བ་ནི། ནད་མེད་པ་ཚེ་རིང་བ་བཟའ་བ་དང་བཏུང་བ་ནུས་ཤིང་། མྱ་ངན་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །སྔོན་གྱི་ལས་ཀྱི་རྣམ་པར་སྨིན་
པ་ནི་མ་གཏོགས་སོ་ཞེས་བྱ་བ་ནི། ཟག་པ་བཞག་པ་སྟེ། ད་ལྟར་བྱས་པ་ད་ལྟར་མ་སྦྱངས་ན་སང་ཕོད་སྨེན་ལྡང་བའོ། །དཔེར་ན་གང་བཞིན་ཞེ་ན། དགྲ་ཐུ་བོའི་བུ་ལས་པ་བཞིན་དུའོ། །དེ་ཡང་ལས་རྣམ་པར་སྨིན་པའི་མདོ་ལས་ཀྱང་གསུངས་པ་ཟག་པ་གཞག་པ་ནི། ཡང་
དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མི་ནུས་ཤིང་རང་གི་ལས་ཀྱི་རྣམ་པ་ལས་བྱུང་བའོ། །ལས་རྣམ་པར་འཇོམས་པའི་མདོ་ལས་ཤེས་པར་བྱའོ། །ངས་ཀྱང་སྨྲས་པ། སྐྱེས་མ་ཐག་ཏུ་ལྟོགས་པར་སྣང་། །སྐྱེས་ནས་ལོ་བཅུ་ལོན་པ་ན། །གཞན་གྱིས་བཟུང་ཞིང་སྡུག་བསྔལ་
ཐོབ། །དེ་གྲོལ་རྒྱ་མཚོའི་ནང་ནས་ཤིང་། །འདི་ནི་ཡང་ན་སྡུག་བསྔལ་ཐོབ། །དེ་བཞིན་ལས་ཀྱི་སྨིན་པ་ནི། །མི་འགྱུར་མི་སྲིད་བརྟན་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི། ཧ་ཅང་ཆར་
ཆེ་བ་འམ། ཆར་དཀོན་པའི་ཚེ་བཀླག་པར་བྱའོ་ཞེས་བྱ་བ་ནི། འདི་ནི་སྔ་མ་བཞིན་དུ་དཀྱིལ་འཁོར་ལ་སོགས་པ་བྱས་ནས། རིའི་རྩེ་མོའམ་ཆུ་མིག་གི་འགྲམ་མམ། མཚོའི་འགྲམ་ལ་སོགས་པར་ཀླགས་པར་གྱུར་ན། ཆར་ཆུང་ན་ཆར་འབེབས་ཤིང་ཆར་ཆེས་ན་ཆར་གཅོད་པར་འགྱུར་རོ། །
དེས་ན་ཀླུ་ཐམས་ཅད་སྤྲོ་བར་འགྱུར་ཏེ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཀླགས་པ་ཙམ་གྱིས། དེ་ན་གནས་པའི་ཀླུ་རྣམས་དགའ་བ། ཀླུ་དེ་རྣམས་ཀྱང་སྡུག་བསྔལ་དང་བྲལ་བར་འགྱུར་རོ། །ཆར་ཆེ་ན་ནི་གཅོད་པར་བྱེད། ཆར་དཀོན་ན་ནི་འབེབས་སོ་ཞེས་བྱ་བ་ནི། དེ་ན་གནས་

པའི་ཀླུ་རྣམས་ནི་དགའ་བར་འགྱུར་བའི་ཕྱིར་ན། དུས་དུས་སུ་ཆར་འབེབས་ཤིང་དུས་དུས་སུ་ལོ་ཏོག་སྨིན་པ། སའི་དཀྱིལ་འཁོར་དེར་མུ་གེས་མི་ཚུགས་སོ། །དེ་བས་ན་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དེའི་བསམ་པ་ཇི་སྲིད་བར་ཆར་འབེབས་པར་འགྱུར་རོ་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་འདིའི་གཟི་
བརྗིད་ཀྱིས། ཆར་ཆེ་བ་ཡང་མི་འབྱུང་ལ། ཧ་ཅང་ཆར་ཆུང་བར་ཡང་མི་འགྱུར་ཏེ། དེ་བས་ན་རིག་སྔགས་ཀྱི་རྒྱལ་མོ་འདི་ལ་གུས་པར་བྱས་པར་གྱུར་ན། དངོས་གྲུབ་གང་ཡང་འགྲུབ་པར་འགྱུར་རོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །རིག་
སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་དྲན་པས་ཀྱང་འཇིགས་པ་དང་དགྲ་ཐམས་ཅད་ཞི་བར་འགྱུར་ན། སུས་དུམ་བུར་མ་གྱུར་ཅིང་རྫོགས་པར་བཅངས་པའམ། བདེ་ལེགས་སུ་འགྱུར་བར་བྱས་པ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་ནི། ཆོས་འདི་ལ་ཚར་བརྒྱ་རྩ་བརྒྱད་དམ། ཚར་ལྔ་དྲུག་གམ་
གཅིག་གམ། རྒྱུན་མི་འཆད་པར་འདོད་ན། དེ་དང་དེའི་འཇིགས་པ་མི་འབྱུང་སྟེ། དེ་བཞིན་དུ་བསྒོམ་པ་དང་བཟླས་པ་བྱས་པར་གྱུར་ན་ཡང་ཚེ་འདི་ལ་ཡང་བདེ་བར་འགྱུར་ཏེ། ཚེ་ཕྱི་མ་ལ་ཡང་བདེའོ། །དེ་བས་ན་ཆོས་འདི་ལ་མི་འཆད་པ་འམ་འཕྲོ་གཅད་པར་མི་བྱ་སྟེ། ཡི་གེ་གཅིག་ཀྱང་མ་ནོར་བར་བྲི་
བ་དང་བཀླག་པར་བྱའོ། །ཀུན་དགའ་བོ་ཁྱོད་ཀྱིས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའོ། །ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཟུང་ཤིག་ཅེས་བྱ་བ་ནི། ལུས་ངག་ཡིད་ཀྱིས་གུས་པར་གཟུང་ཞིང་གཞན་རྣམས་ལ་རྒྱ་ཆེར་སྤེལ་བའོ། །ཀུན་
དགའ་བོས་བཟུང་བའི་རིག་སྔགས་ནི། ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་ལྗང་གུ་ལས་ཀྱི་རིགས་ལ་གཏོགས་པ་སྤྱན་གསུམ་པ། རིགས་ལྔའི་དབུ་རྒྱན་ཅན་དབུ་ལ་རྡོ་རྗེས་མཚན་པ། ཕྱག་གཡས་ན་རལ་གྲི །གཡོན་ན་རྨ་བྱའི་སྒྲོ་བསྣམས་པའོ། །ཡན་ལག་ཐམས་ཅད་སྦྲུལ་
གྱིས་བརྒྱན་པ། གཡས་བརྐྱང་པ། གཡོན་བསྐུམ་པ། ཐབས་ཤེས་རབ་གཉིས་སུ་མེད་པ། ཉི་མའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །འཁོར་བཞི་པོ་ཞེས་བྱ་བ་ལ་སོགས་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་བསྲུང་བའི་རིག་སྔགས་འདིས་ཀྱང་སྲུང་

བ་དང་སྐྱོབ་པར་འགྱུར་རོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། རིག་སྔགས་ཀྱི་ལས་ཀྱི་སྙིང་པོ་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཡ་བནྟི་ལ་སོགས་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་བྱ་བ་ནི་འདོད་པའི་དབང་
གིས་ཞེ་སྡང་སྐྱེས་སོ། །ཞེ་སྡང་དྲག་པོ་དེས་འཇིག་རྟེན་གྱི་ཁམས་གཏི་མུག་ཏུ་མཐོང་ངོ་། །དེ་ནི་མ་རིག་པའི་རང་བཞིན་ཏེ། མ་རིག་པ་དེས་འཁོར་བའི་སྡུག་བསྔལ་ལས་མི་ཐར་བའོ། །འཁོར་བ་འཁོར་བའི་སྡུག་བསྔལ་ནི། ཡང་ནས་ཡང་དུ་འཁོར་བར་ལྷུང་སྟེ། བྱོལ་སོང་ཡི་དགས་དམྱལ་
བའི་སྡུག་བསྔལ་ལོ། །དེ་གསུམ་ལ་ཡང་ཕྱིའི་དུག་གསུམ་བཅོམ་པའོ། །དེ་བས་ན་འཇིག་རྟེན་གྱི་དུག་གསུམ་བཅོམ་པའོ། །སངས་རྒྱས་བཅོམ་ལྡན་དུག་མེད་པ། །སངས་རྒྱས་བདེན་པས་དུག་བཅོམ་མོ། །ཞེས་བྱ་བ་ནི། གཞན་ཕྱིའི་དུག་གསུམ་ནི། སངས་རྒྱས་ཀྱི་གཟི་བརྗིད་ཀྱིས་
དུག་བཅོམ་མོ། །རིག་སྔགས་འདིས་ཀྱང་ངེས་པར་བཅོམ་མོ། །ནང་གི་འཇིག་རྟེན་དུག་གསུམ་ནི་གཞན་གྱིས་འཇོམས་མི་ནུས་སོ། །རང་རང་གི་འོད་གསལ་གྱི་ཡེ་ཤེས་ཀྱིས། རང་རང་ལས་བྱུང་བའི་གཏི་མུག་གི་རང་བཞིན་དུག་གསུམ་བཅོམ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་
རྣམས། །དེ་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་བྱ་བ་ནི། འཇིག་རྟེན་ལས་གྲགས་པའི་དུག་ནི། །གསུམ་ཡིན་ཏེ། དུག་གསུམ་པོ་དེས་སྡུག་བསྔལ་དྲག་པོ་མྱོང་བར་བྱེད་པའོ། །བཅོམ་ལྡན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་པས་དུག་བཅོམ་མོ། །ཞེས་བྱ་བ་ནི། ཕྱིའི་དུག་གསུམ་པོ་ནི། རིག་
སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་ཀྱང་བཅོམ་ཏེ། ནང་གི་དུག་གསུམ་ནི་རང་རང་གིས་གཞོམ་པ་མ་ཡིན་པ། གཞན་གྱིས་གཞོམ་མི་ནུས་པ། དེ་བས་ན་ནང་གི་དུག་ཅེས་བྱའོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །འདི་དག་འཇིག་རྟེན་དུག་གསུམ་སྟེ། །ཞེས་བྱ་བ་ནི་ནང་གི་དུག་གསུམ་ནི།
བལྟས་ན་མི་སྣང་སྟེ། སྤྱད་ན་འབྲས་བུ་འབྱུང་ཞིང་སྡུག་བསྔལ་གྱི་ཕུང་པོ། འདོད་ཆགས་ཀྱིས་ཞེ་སྡང་། ཞེ་སྡང་གིས་གཏི་མུག །གཏི་མུག་གིས་སེར་སྣ། སེར་སྣས་ཕྲག་དོག་གོ། །དེའི་འབྲས་བུ་ངན་སོང་གསུམ་དུ་ཡང་ནས་ཡང་དུ་འགྲོ་བའོ། །དེ་བས་ན་ནང་གི་དུག་གསུམ་སྤང་བར་བྱའོ། །བཅོམ་

ལྡན་དགེ་འདུན་དུག་མེད་པ། །དགེ་འདུན་བདེན་པས་དུག་བཅོམ་མོ། །ཞེས་བྱ་བ་ནི། ཕྱིའི་དུག་ནི་འགྲོ་བ་དང་། མི་འགྲོ་བ། སྦྱོར་བ་དང་གསུམ་ཡིན་ཏེ། འགྲོ་བ་ནི་བསམ་པ་མཐོང་བ་རེག་པ་ཁ་རླངས་སོ། །མི་འགྲོ་བ་ནི་བཙན་དུག་བོང་དུག་ར་དུག་ལ་སོགས་པའོ། །བྱེད་པའི་དུག་ནི་སྦྲང་རྩི་དང་མར་
ལས་བྱུང་བ་བཞིན་དུ་སྦྱོར་བ་ལས་བྱུང་བའོ། །དུག་དེ་གསུམ་པོ་ནི། འཇིག་རྟེན་ན་ཕྱིའི་དུག་གསུམ་སྟེ། དེའི་དུག་ནི་དགེ་འདུན་གྱི་གཟི་བརྗིད་ཀྱིས་བཅོམ་པའོ། །ནང་གི་དུག་གསུམ་ནི། གཞན་གྱིས་འཇོམས་མི་ནུས་ཤིང་། རང་རང་གི་ཡེ་ཤེས་ཀྱིས་འཇོམས་པའོ། །ནང་གི་ཡེ་ཤེས་ནི་ཡང་དག་པར་
རྫོགས་པའི་སངས་རྒྱས་ཀྱི་ངོ་བོ། བླ་མའི་གདམས་ངག་གིས་བཅོམ་པའོ། །སངས་རྒྱས་ཀུན་གྱི་སྟོབས་གང་དང་། །དགྲ་བཅོམ་རྣམས་ཀྱི་གྲགས་པ་དང་། །ཞེས་བྱ་བ་ནི། འདས་པ་དང་མ་འོངས་པ་དང་། ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་གཟི་བརྗིད་དང་སྟོབས་ཀྱིས་དུག་བཅོམ་
མོ། །དེ་བཞིན་དུ་ཤཱ་རིའི་བུ་ལ་སོགས་པའི་སྟོབས་དང་གཟི་བརྗིད་ཀྱིས་དུག་བཅོམ་པའོ། །དེ་བཞིན་གཤེགས་ཀྱི་གཟི་བརྗིད་ཀྱིས། །ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡང་འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པ་སྟེ། བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འབུམ་ཕྲག་གི་དེ་བཞིན་གཤེགས་པ་རྣམས་
ཀྱི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །ངས་ནི་བདེ་ལེགས་འགྱུར་བར་བྱ། །ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་སེང་གེས་དགེ་སློང་ས་རིའི་དོན་ལ་སྟོང་གསུམ་གྱི་སྟོང་གི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་དོན་ལ་བདེ་བར་བྱས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི།
ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ་ཞེས་བྱ་བ་ནི། སྡོད་པའི་དུག་དང་། འགྲོ་བའི་དུག་དང་། བྱེད་པའི་དུག་གསུམ་བཅོམ་ཞིང་དེ་བཞིན་དུ་ནང་གི་དུག་གསུམ་བཅོམ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་
མོ་ལས། ནང་གི་དུག་གསུམ་བཤད་པའི་གནས་སྐབས་