Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 72

Văn bản gốc(Tây Tạng)

Trang 12 / 21 (50.000 ký tự/trang)
་། འཁོར་ལོ་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །དེ་རྣམས་ནི་སེམས་ཅན་ལ་འཚེ་བ་མི་བྱེད་པའོ། །ཀླུའི་རྒྱལ་པོ་རྒྱ་མཚོ་དང་། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དང་། ཀླུའི་
རྒྱལ་པོ་དུག་མེད་བཅས་དང་། ཀླུའི་རྒྱལ་པོ་མཚོ་ཆེན་དང་། ཀླུའི་རྒྱལ་པོ་མཚོ་ཆེན་བུ་དང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དཀར་

པོ་དང་། དཀར་སེར་དང་། དམར་སེར་དང་། དུང་གི་མདོག་གོ། །དེ་རྣམས་ཀྱང་ཞི་བའི་ཚུལ་དུ་གནས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་གདན་ལ་བཞུགས་པའོ། །གཡས་རྣམས་ན་རིན་པོ་ཆེ་དང་། བུམ་པ་དང་། རིན་པོ་ཆེ་མྱུ་གུ་དང་། རིན་
པོ་ཆེའི་ཕྲེང་བ་དང་། མེ་ཏོག་ཀུ་མུ་ཏའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །དེ་རྣམས་སེམས་ཅན་ལ་གནོད་པ་མི་བྱེད་པའོ། །ཀླུའི་རྒྱལ་པོ་ཆུ་སྲིན་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང་། ཀླུའི་རྒྱལ་པོ་མི་ཞུམ་པ་དང་། ཀླུའི་རྒྱལ་པོ་ཉེ་བར་མི་
ཞུམ་པ་དང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱང་། སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། སེར་པོ་དང་། དཀར་པོ་དང་། ལྗང་གུ་དང་། དམར་པོའོ། །གཡས་རྣམས་ན།
ཤིང་ཐོག་བཱི་ཛ་པཱུ་ར་ཀ་དང་། ཨུཏྤ་ལ་དང་། ནཱ་ག་པུཥྤ་དང་། རིན་ཆེན་ཕྲེང་བ་དང་། མེ་ཏོག་མནྡཱ་ར་བའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་དང་། དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། བལྟ་ན་སྡུག་པ་མིའི་ཆ་བྱད་དུ་ཡོད་པ། རིག་སྔགས་
ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ལྟ་ན་མཛེས་དང་། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། ཀླུའི་རྒྱལ་པོ་སྐྱ་རེངས་དང་། ཀླུའི་རྒྱལ་པོ་ཆུ་ལྷ་དང་། ཀླུའི་རྒྱལ་པོ་པཎྜ་ཀ་དང་། ཀླུའི་རྒྱལ་པོ་སོར་མོ་དྲུག་པ་དང་།
ཀླུའི་རྒྱལ་པོ་སྙིང་པོར་འགྲོ་དང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། གསེར་མདོག་དང་། དཀར་པོ་དང་། སྔོ་སྐྱ་དང་། སྣ་ཚོགས་མདོག་ཅན་དང་།
དམར་པོ་དང་། དཀར་སེར་དང་། དཀར་པོ་དང་། ལྗང་གུའོ། །གཡས་རྣམས་ན་མེ་ལོང་དང་། ཨུཏྤ་ལ་སེར་པོ་དང་། ཨ་ཤོ་ཀའི་ལོ་མ་དང་། རིན་པོ་ཆེ་འབར་བ། རིན་པོ་ཆེ་དང་། མེ་ཏོག་ཨུཏྤ་ལ་སྔོན་པོ་དང་། པདྨ་དང་། ཀུ་མུ་ཏའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་

བསྣམས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །དེ་རྣམས་ནི་ཅུང་ཟད་ཁྲོ་བོར་གནས་པའོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། གནོད་སྦྱིན་གྱི་ཚུལ་དུ་གནས་པ། བྲམ་ཟེའི་རིགས་བསམ་པའི་དུག་
ཅན་སྔ་དྲོའི་དུས་ཅན་ནོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་སྦྲུལ་གྱི་གདེངས་ཀ་བཅོ་ལྔ་བཅོ་ལྔ་ཡོད་པ། བྲམ་ཟེ་བྲམ་ཟེའི་རིགས་ལ་ནི། སྦྲུལ་གྱི་གདེངས་ཀ་དང་། གཡོན་རྣམས་ན་གནས་པའི་སྦྲུལ་གྱི་ཞགས་པ་ནི་དཀར་པོའོ། །ཀླུའི་རྒྱལ་པོ་བྲམ་ཟེ་བྲམ་ཟེའི་རིགས་ཉི་ཤུ་རྩ་གསུམ་པོ་
འདི་དག་ནི། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བའམ།
ནམ་མཁའ་ལྡིང་གི་འཇིགས་པ་མེད་པ། མེ་དང་བྱེ་མའི་འཇིགས་པ་མེད་པ། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བ། ས་འཛིན་པ། རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་ན་གནས་པ། ཚེ་རིང་བ། བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། ལོངས་སྤྱོད་ཆེ་བ། རྫུ་འཕྲུལ་ཆེ་བ། འཁོར་
ཕལ་ཆེ་བ། དགྲ་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་དག་ནི་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ།
སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ་དེ་དག་ནི་ཤར་ཕྱོགས་ན་གནས་པའོ། །ཀླུའི་རྒྱལ་པོ་དཔལ་ལྡན་དང་། ཀླུའི་རྒྱལ་པོ་དཔལ་མགྲིན་དང་། ཀླུའི་རྒྱལ་པོ་
དཔལ་འཕེལ་དང་། ཀླུའི་རྒྱལ་པོ་དཔལ་བཟངས་དང་། ཀླུའི་རྒྱལ་པོ་སྟོབས་བཟངས་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་པོ་དང་། དཀར་པོ་དང་།

ལྗང་གུ་དང་། སྔོན་པོའོ། །གཡས་རྣམས་ན་དཔལ་བེའུ་དང་། གདུགས་དང་། འཁོར་ལོ་དང་། དུང་དང་བུམ་པའོ། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་ལྷའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་
པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ཆུ་སྐྱེས་དང་། ཀླུའི་རྒྱལ་པོ་སྟག་རེ་དང་། ཀླུའི་རྒྱལ་པོ་ལག་བཟངས་དང་། ཀླུའི་རྒྱལ་པོ་རི་རབ་དང་། ཀླུའི་རྒྱལ་པོ་ཉི་འོད་དང་ཞེས་བྱ་བ་ནི། སངས་
རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། སེར་པོ་དང་། དམར་སེར་དང་། དམར་པོ་དང་། མཐིང་གའོ། །གཡས་རྣམས་ན་དགྲ་སྟ་དང་། ལྕགས་ཀྱུ་དང་། རལ་གྲི་དང་། འཁོར་ལོ་དང་། རྩེ་གསུམ་བསྣམས་པ་
གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། དྲི་ཟའི་ཆ་བྱད་དུ་ཡོད་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ཟླ་འོད་དང་།
ཀླུའི་རྒྱལ་པོ་བཟང་སྡུག་དང་། ཀླུའི་རྒྱལ་པོ་ངར་པ་དང་། ཀླུའི་རྒྱལ་པོ་འབྲུག་སྒྲོགས་དང་། ཀླུའི་རྒྱལ་པོ་གློག་འབྱིན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། སེར་
པོ་དང་། དམར་སེར་དང་། སྤྲིན་གྱི་མདོག་དང་། སྔོ་སྐྱའོ། །གཡས་རྣམས་ན་པདྨ་དཀར་པོ་དང་། བུམ་པ་གང་བ་དང་། ཙནྡན་གྱི་བེ་ཅོན་དང་། དབྱུག་ཏོ་དང་། མེ་ལོང་ངོ་། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་དབུ་ལ་སྦྲུལ་གྱི་གདེངས་ཀ་དང་
བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། མིའི་ཆ་བྱད་ཅན་ནོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་རྒྱས་བྱེད་དང་། ཀླུའི་རྒྱལ་པོ་ཆར་འབེབས་དང་། ཀླུའི་རྒྱལ་པོ་དྲི་མེད་དང་། ཀླུའི་རྒྱལ་པོ་སྟོབས་ཅན་མགོ་དང་།

ཀླུའི་རྒྱལ་པོ་ལྕང་ལོ་ཅན་གྱི་མགོ་དང་། ཀླུའི་རྒྱལ་པོ་རྟ་མགོ་ཅན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ལྗང་གུ་དང་། ནག་
པོའོ། །གཡས་རྣམས་ན་འཁོར་ལོ་དང་། རིན་པོ་ཆེ་དང་། པུཎྜ་རཱི་ཀ་དང་། རལ་གྲི་དང་། རྡོ་རྗེ་དང་། གོས་སྣ་ཚོགས་པ་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །མཐོང་
བའི་དུག་ཅན། རྒྱལ་པོའི་རྒྱལ་རིགས། དུས་ཉི་མ་ཕྱེད་ན་རྒྱུ་བ། སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་སྟེང་ན་བཞུགས་པ། སྦྲུལ་དེ་ཡང་སྦྲུལ་མགོ་བཅུ་གསུམ་བཅུ་གསུམ་དུ་ཡོད་པ། སྦྲུལ་གྱི་ཁ་དོག་སེར་པོར་གནས་པ། གཡོན་གྱི་ཕྱག་ན་བསྣམས་པའི་སྦྲུལ་ཡང་སེར་པོའོ། །
ཀླུའི་རྒྱལ་པོ་ཉི་ཤུ་རྩ་གཅིག་ལྷོ་ཕྱོགས་ན་གནས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར། དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཐོག་སྒྲུབ་པ། སངས་རྒྱས་
མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་བྲལ་བ། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བ། ས་འཛིན་པ། རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོར་གནས་པ། ཚེ་རིང་བ། བསྐལ་
པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲ་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་ཟེར་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་
ཀྱང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། དེ་དག་ནི་ལྷོ་

ཕྱོགས་ན་གནས་པའོ། །ཀླུའི་རྒྱལ་པོ་བ་ལང་མགོ་དང་། ཀླུའི་རྒྱལ་པོ་རི་དགས་མགོ་དང་། ཀླུའི་རྒྱལ་པོ་གླང་པོ་ཆེའི་མགོ་དང་། ཀླུའི་རྒྱལ་པོ་རླན་སྟོབས་ཅན་དང་། ཀླུའི་རྒྱལ་པོ་སྐྱེ་བོ་འཚེ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་
སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་དམར་པོ་དང་། སེར་པོ་དང་། དམར་སེར་དང་། དཀར་པོ་དང་། ལྗང་གུའོ། །གཡས་རྣམས་ན་རྡོ་རྗེ་དབྱུག་ཏོ་དང་། པདྨའི་དབྱུག་ཏོ་དང་། རྡོ་རྗེའི་ཐོ་བ་དང་། རྡོ་རྗེ་ལྕགས་ཀྱུ་དང་། རྡོ་རྗེའི་དགྲ་སྟའོ། །གཡོན་རྣམས་ན་སྦྲུལ་ཞགས་
བསྣམས་པའོ། །ལྷའི་ཆ་བྱད་དུ་བཞུགས་སོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པའོ། །སྦྲུལ་གྱི་མདུད་པའི་སྟེང་དུ་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་རིས་བཀྲ་དང་། ཀླུའི་རྒྱལ་པོ་མིག་བཀྲ་དང་། ཀླུའི་རྒྱལ་པོ་སྣ་
ཚོགས་སྡེ་དང་། ཀླུའི་རྒྱལ་པོ་མི་གཏོང་བ་དང་། ཀླུའི་རྒྱལ་པོ་གཏོང་བ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་སེར་དང་། ལྗང་གུ་དང་། ལྗང་ནག་དང་། དཀར་པོ་དང་། སེར་པོའོ། །
གཡས་རྣམས་ན་པདྨ་དམར་པོ་དང་། པདྨ་དཀར་པོ་དང་། ཨུཏྤ་ལ་དཀར་པོ་དང་། ཨུཏྤ་ལ་སེར་པོ་དང་། ནཱ་ག་པུཥྤ་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་ཞགས་སོ། །དྲི་ཟའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །
རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། ཀླུའི་རྒྱལ་པོ་བཏང་བཟུང་དང་། ཀླུའི་རྒྱལ་པོ་སྒྲ་སྒྲོགས་ཀྱི་བུ་དང་། ཀླུའི་རྒྱལ་པོ་རྟོགས་པའི་བུ་དང་། ཀླུའི་རྒྱལ་པོ་དཔལ་དང་། ཀླུའི་རྒྱལ་པོ་དཔལ་ཅན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་
མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། སྔོ་སྐྱ་དང་། དཀར་པོའོ། །གཡས་རྣམས་ན་པདྨ་དམར་པོ་དང་། པུཎྜ་རཱི་ཀ་དང་། རིན་པོ་ཆེ་དང་། ཨུཏྤ་ལ་དང་། མེ་ཏོག་ཀུ་མུ་ཏ་བསྣམས་སོ། །གཡོན་རྣམས་

ན་སྦྲུལ་གྱི་ཞགས་པའོ། །མིའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་འཕྱང་བ་དང་། ཀླུའི་རྒྱལ་པོ་སྲིན་བུ་དང་། ཀླུའི་རྒྱལ་པོ་
མཐའ་ཡས་དང་། ཀླུའི་རྒྱལ་པོ་གསེར་དང་། ཀླུའི་རྒྱལ་པོ་གླང་པོའི་རྩལ་དང་། ཀླུའི་རྒྱལ་པོ་དགའ་གསལ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། དམར་པོ་དང་། སེར་པོ་དང་།
ནག་པོ་དང་། ལྗང་གུ་དང་། དུང་གི་མདོག་གོ། །གཡས་རྣམས་ན་ཨུཏྤ་ལ་དང་། པདྨ་དཀར་པོ་དང་། ནཱ་ག་པུཥྤ་དང་། ཨ་སོ་ཀའི་ལོ་མ་དང་། ཙམ་པ་ཀའི་མེ་ཏོག་དང་། མེ་ཏོག་ཀུནྡ་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །གནོད་སྦྱིན་གྱི་ཆ་བྱད་དུ་བཞུགས་
པའོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་ལྡན་པའོ། །སྦྲུལ་གྱི་མདུད་པའི་ཁྲི་ལ་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །སྦྲུལ་བཅུ་གཅིག་བཅུ་གཅིག་ཏུ་གནས་པ། སྦྲུལ་དམར་པོར་གནས་པ། གཡོན་ན་བསྣམས་པ་ཡང་དམར་
པོའོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་རྗེའུ་རིགས་ཀྱི་རྗེའུ་རིགས། རེག་པའི་དུག་ཅན། དུས་ཕྱི་དྲོ་ན་རྒྱུ་བའོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་གཞན་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་
དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་པའོ། །ས་འཛིན་པ་རིན་པོ་ཆེའི་གཞལ་ཡས་ཁང་
ཆེན་པོ་ན་གནས་པ་ཚེ་རིང་བ་བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་འཕེལ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་

ཆེ་བ་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་ཆུང་མ་དང་བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་
དང་བཅས་པ། འཁོར་དང་བཅས་པ་དེ་དག་ནི་ནུབ་ཕྱོགས་ན་གནས་པའོ། །ཀླུའི་རྒྱལ་པོ་སེར་སྐྱ་དང་། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང་། ཀླུའི་རྒྱལ་པོ་དཀར་པོ་དང་། ཀླུའི་རྒྱལ་པོ་དུང་དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་
མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་ལྗང་གུ་དང་། སེར་པོ་དང་། མཐིང་ནག་དང་། དམར་པོ་དང་། ལྗང་ནག་གོ། །གཡས་རྣམས་ན་རལ་གྲི་དང་། སྣ་ཚོགས་ཀྱི་རྡོ་རྗེ་དང་། སྣ་ཚོགས་ཀྱི་གོས་དང་། རིན་པོ་ཆེ་དང་། འཁོར་ལོ་བསྣམས་
པའོ། །གཡོན་རྣམས་ན་སྦྲུལ་ཞགས་སོ། །ལྷའི་ཆ་བྱད་དུ་སྣང་བའོ། །སྦྲུལ་གྱི་གདེངས་ཀ་དང་ལྡན་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ནག་པོ་དང་། ཀླུའི་རྒྱལ་པོ་ཉེ་ནག་པོ་དང་།
ཀླུའི་རྒྱལ་པོ་སྟོབས་ལྷ་དང་། ཀླུའི་རྒྱལ་པོ་སྲེད་མེད་ཀྱི་བུ་དང་། ཀླུའི་རྒྱལ་པོ་ལ་བ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དག་གོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་ནག་པོ་དང་མཐིང་ག་དང་། ལྗང་ནག་དང་། སྔོ་སྐྱ་
དང་། དམར་ནག་གི་མདོག་དང་ངོ་། །གཡས་རྣམས་ན་ཕྲེང་བ་དང་། བུམ་པ་སྤྱི་བླུགས་དང་། བུམ་པ་གང་བ་དང་། རིན་པོ་ཆེ་དང་། དུང་བསྣམས་པ། གཡོན་རྣམས་ན་སྦྲུལ་ཞགས་སོ། །དྲི་ཟའི་ཚུལ་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་
པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་སྐྲག་བྱེད་དང་། ཀླུའི་རྒྱལ་པོ་སྲིན་པོ་དང་། ཀླུའི་རྒྱལ་པོ་བྲག་ལག་དང་། ཀླུའི་རྒྱལ་པོ་གངྒཱ་དང་། ཀླུའི་རྒྱལ་པོ་སིནྡྷུ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ།

དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་པོ་དང་། སེར་པོ་དང་། དམར་ནག་དང་། ལྗང་ནག་དང་། མཐིང་ཁའོ། གཡས་རྣམས་དབྱུག་ཏོ་དང་། བེ་ཅོན་དང་། དབྱུག་ཏོ་དམིག་ཅན་དང་། རྡོ་རྗེ་ཐོ་བ་དང་། རལ་གྲིའོ། །གཡོན་རྣམས་ན་
སྦྲུལ་ཞགས་སོ། །མིའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་པཀྵུ་དང་། ཀླུའི་རྒྱལ་པོ་སཱི་ཏ་དང་། ཀླུའི་རྒྱལ་པོ་བཀྲ་ཤིས་དང་།
ཀླུའི་རྒྱལ་པོ་མ་དྲོས་པ་དང་། ཀླུའི་རྒྱལ་པོ་རབ་བརྟན་དང་། ཀླུའི་རྒྱལ་པོ་ས་སྲུང་གི་བུ་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སྔོ་སྐྱ་དང་། དཀར་པོ་དང་། སེར་པོ་དང་། དམར་པོ་དང་།
སྔོན་པོ་དང་། ནག་པོའོ། །གཡས་རྣམས་ན་རིན་པོ་ཆེ་དང་། བུམ་པ་གང་བ་དང་། རིན་པོ་ཆེ་འབར་བ་དང་། ཨུཏྤ་ལ་དང་། ནཱ་ག་པུཥྤ་དང་། པདྨ་དཀར་པོ་དང་ངོ་། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །དེ་རྣམས་གནོད་སྦྱིན་གྱི་ཆ་བྱད་ཅན་ནོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་
ལྡན་ནོ། །སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །དམངས་རིགས་ཀྱི་དམངས་རིགས། ཁ་རླངས་ཀྱི་དུག །དུས་དགོངས་ཀ་རྒྱུ་བ། སྦྲུལ་གྱི་གདེངས་ཀ་ནི་དགུ་དགུར་གནས་པའོ། །སྦྲུལ་དེ་ཡང་ལྗང་
གུར་གནས་པ། གཡོན་གྱི་སྦྲུལ་ཡང་ལྗང་གུའོ། །གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར། དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། བསླབ་པའི་གཞི་བཟུང་བ། སངས་རྒྱས་
མཐོང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བ། ས་འཛིན་པ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན་གནས་པ། ཚེ་རིང་བ་བསྐལ་པར་གནས་པ། དབང་

ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་
དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ། དེ་དག་
ནི་བྱང་ཕྱོགས་ན་གནས་པའོ། །ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་མུ་ཁྱུད་འཛིན་དང་། ཀླུའི་རྒྱལ་པོ་མདོག་འཛིན་དང་། ཀླུའི་རྒྱལ་པོ་བཟང་པོ་དང་། ཀླུའི་རྒྱལ་པོ་རབ་ཏུ་བཟང་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་
སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་པོ་དང་། ནག་པོ་དང་། དཀར་པོ་དང་། ལྗང་གུའོ། །གཡས་རྣམས་ན་ཕྲེང་བ་དང་། བུམ་པ་སྤྱི་བླུགས་དང་། བུམ་པ་གང་བ་དང་། རྩེ་གསུམ་དང་། ནོར་བུ་རིན་པོ་ཆེའོ། །གཡོན་རྣམས་ན་སྦྲུལ་
ཞགས་བསྣམས་པའོ། །གཟུགས་ལྷའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་ལྡན་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ནོར་བཟངས་དང་། ཀླུའི་རྒྱལ་པོ་
སྟོབས་བཟངས་དང་། ཀླུའི་རྒྱལ་པོ་ནོར་བུ་དང་། ཀླུའི་རྒྱལ་པོ་ནོར་བུ་མགུལ་དང་། ཀླུའི་རྒྱལ་པོ་ནག་པོ་གཉིས་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དཀར་
པོ་དང་། ལྗང་གུ་དང་། དམར་པོ་དང་། ནག་པོའོ། །གཡས་རྣམས་ན་ནོར་བུ་རིན་པོ་ཆེ་དང་། ཨ་འབྲས་ཀྱི་སྙིང་པོ་དང་། བུམ་པ་གང་བ་དང་། རིན་པོ་ཆེའི་སྣོད་དང་། ནོར་གྱི་རྐྱལ་པ་བསྣམས་པའོ། གཡོན་རྣམས་ན་སྦྲུལ་གྱི་ཞགས་པའོ། །དྲི་ཟའི་ཆ་བྱད་དང་། སྦྲུལ་གྱི་

གདེངས་ཀ་དང་། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་སེར་པོ་གཉིས་དང་། ཀླུའི་རྒྱལ་པོ་དམར་པོ་གཉིས་དང་། ཀླུའི་རྒྱལ་པོ་དཀར་པོ་གཉིས་དང་། ཀླུའི་རྒྱལ་པོ་ཕྲེང་ལྡན་དང་། ཀླུའི་རྒྱལ་
པོ་དམར་ཕྲེང་ཅན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། མཐིང་ནག་གོ། །གཡས་རྣམས་ན་དགྲ་སྟ་དང་། རྩེ་གཅིག་དང་།
རྩེ་གསུམ་དང་། འཁོར་ལོ་དང་། རིན་པོ་ཆེའི་ཕྲེང་བ་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པའོ། །མིའི་ཆ་བྱད་དུ་གནས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་ལྡན་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ་སེམས་ཅན་གྱི་དོན་
བྱེད་པའོ། །ཀླུའི་རྒྱལ་པོ་བེའུ་དང་། ཀླུའི་རྒྱལ་པོ་ཁྲུམས་སྟོད་དང་། ཀླུའི་རྒྱལ་པོ་རྔ་དང་། ཀླུའི་རྒྱལ་པོ་ཉེ་རྔ་དང་། ཀླུའི་རྒྱལ་པོ་ཨ་མྲ་མུ་སྟེགས་དང་། ཀླུའི་རྒྱལ་པོ་ནོར་བུའི་བུ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །
དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་པོ་དང་། དམར་སེར་དང་། སེར་པོ་དང་། དཀར་པོ་དང་། ནག་པོ་དང་། ལྗང་གུའོ། །གཡས་རྣམས་ན་མེ་ཏོག་ཕྲེང་བ་དང་། ཨུཏྤ་ལ་དམར་པོ་དང་། རིན་ཆེན་གྱི་སྣོད་དང་། རྔ་རྐེད་ཉག་དང་། རྐེ་རིངས་དང་། མེ་ཏོག་ཙམ་པ་ཀ་བསྣམས་
པའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པའོ། །གནོད་སྦྱིན་གྱི་ཚུལ་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །བྲམ་ཟེའི་རིགས་ཚོར་བའི་དུག་ཅན་
སྲོད་ལ་རྒྱུ་བའོ། །སྦྲུལ་གྱི་གདེངས་ཀ་དགུ་དགུར་གནས་པ། མདོག་དམར་པོར་གནས་པ། གཡོན་གྱི་ཞགས་པ་ཡང་དམར་པོའོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱིས། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་

དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བའོ། །ས་འཛིན་
པ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན་བཞུགས་པ། ཚེ་རིང་བ་བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲ་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་
དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་ཡང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ།
གཡོག་དང་བཅས་པ། འཁོར་དང་བཅས་པ། ཀླུའི་རྒྱལ་པོ་དེ་རྣམས་ནི་ཤར་ལྷོ་མཚམས་ན་བཞུགས་པའོ། །ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། ཀླུའི་རྒྱལ་པོ་འཕགས་སྐྱེས་པོ་དང་། ཀླུའི་རྒྱལ་པོ་མིག་མི་བཟང་དང་། ཀླུའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང་། ཀླུའི་རྒྱལ་པོ་ཤིང་
རྟའི་བཞིན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། མཐིང་ག་དང་། དམར་པོ་དང་། ལྗང་གུ་དང་། སེར་པོའོ། །གཡས་རྣམས་ན་པི་ཝང་དང་། དབྱུག་ཏོ་
དང་། དུང་དང་། བུམ་པ་དང་། རལ་གྲིའོ། །གཡོན་རྣམས་ན་སྦྲུལ་ཞགས་སོ། །ལྷའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་
རྒྱལ་པོ་ཙམ་པར་སྐྱེས་དང་། ཀླུའི་རྒྱལ་པོ་གཽ་ཏ་མ་དང་། ཀླུའི་རྒྱལ་པོ་ལྔ་ལེན་དང་། ཀླུའི་རྒྱལ་པོ་གཙུག་ཕུད་ལྔ་དང་། ཀླུའི་རྒྱལ་པོ་བདུད་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེའི་སྐུ་མདོག་དང་ཕྱག་མཚན་ནི། དཀར་སེར་དང་།

སེར་པོ་དང་། ཁ་དོག་དྲུག་དང་། དཀར་པོ་དང་། དམར་པོ་རྣམས་སོ། །གཡས་རྣམས་ན་ཕྲེང་བ་དང་། དབྱུག་པ་གསུམ་དང་། བུམ་པ་དང་། རིན་པོ་ཆེ་དང་། ཞགས་པ་རྣམས་སོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པའོ། །དྲི་ཟའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་
དང་བཅས་པ། སྦྲུལ་གྱི་མདུད་པའི་ཁྲི་ལ་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ཐིགས་པ་དང་། ཀླུའི་རྒྱལ་པོ་ཉེ་བའི་ཐིགས་པ་དང་། ཀླུའི་རྒྱལ་པོ་བུམ་པ་དང་། ཀླུའི་རྒྱལ་པོ་དུས་ལས་བྱུང་བ་དང་། ཀླུའི་རྒྱལ་པོ་སྟོབས་
ཅན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ནག་པོ་དང་། ལྗང་གུའོ། །གཡས་རྣམས་ན་ཨ་འབྲས་དང་། ནོར་བུ་རིན་པོ་ཆེ་དང་།
པདྨ་དང་། ཨུཏྤ་ལ་དང་། ནཱ་ག་པུ་ཥྤ་འོ། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །མིའི་ཆ་བྱད་དུ་བཞུགས་པའོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་ཁྲི་ལ་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་
པའོ། །ཀླུའི་རྒྱལ་པོ་ཆུང་ཟད་དང་། ཀླུའི་རྒྱལ་པོ་ཚིམ་པ་ཀ་དང་། ཀླུའི་རྒྱལ་པོ་གཽ་ཏ་མ་ནག་པོ་དང་། ཀླུའི་རྒྱལ་པོ་ཡིད་བཟང་དང་། ཀླུའི་རྒྱལ་པོ་མེ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེ་རྣམས་ཀྱི་སྐུ་མདོག་དང་
ཕྱག་མཚན་ནི། དམར་ནག་དང་། དུད་ཀ་དང་། མཐིང་ཁ་དང་། དཀར་སེར་དང་། དམར་སེར་དང་། དམར་པོ་དང་ངོ་། །གཡས་རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་། རིན་པོ་ཆེ་དང་། པདྨ་དང་། དགྲ་སྟའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །གནོད་
སྦྱིན་གྱི་ཆ་བྱད་དུ་བཞུགས་པའོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པ་ལ་བཞུགས་པ། རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །འདི་མངོན་པའི་དུས་ཅན། རྒྱལ་རིགས་ནམ་ཕྱེད་ན་རྒྱུ་བའོ། །སྦྲུལ་མགོ་དགུ་པ་དང་

བཅས་པ། སྦྲུལ་གྱི་ཁ་དོག་ཀྱང་དུད་ཀར་གནས་པ། སྦྲུལ་ཞགས་ཀྱང་དུད་ཀའོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་
སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་པ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོ་ལས་ཀྱི་འཇིགས་པ་ལས་ཐར་པ། ས་འཛིན་པ། རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོར་གནས་པ་ཚེ་རིང་བ་
བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་
བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་
པའོ། །ཀླུའི་རྒྱལ་པོ་དེ་རྣམས་ནི་ལྷོ་ནུབ་མཚམས་ན་བཞུགས་པའོ། །ཀླུའི་རྒྱལ་པོ་མིའི་རྩ་བ་དང་། ཀླུའི་རྒྱལ་པོ་མིའི་བླ་མ་དང་། ཀླུའི་རྒྱལ་པོ་གླང་པོ་ཆེ་དང་། ཀླུའི་རྒྱལ་པོ་མི་མ་ཡིན་དང་། ཀླུའི་རྒྱལ་པོ་གཟིངས་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་
མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སྔོན་པོ་དང་། སྔོ་བསངས་དང་། སེར་པོ་དང་། དམར་པོ་དང་། ལྗང་གུའོ། །གཡས་རྣམས་ན་རྩེ་གསུམ་དང་། བ་དན་དང་། རླུང་འཁྲིལ་དང་། རིན་པོ་ཆེ་དང་། ཨ་འབྲས་སྙིང་པོའོ། །གཡོན་
རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ལྷའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་མཆོག་དང་། ཀླུའི་རྒྱལ་པོ་བ་ལུ་ཀ་དང་།

ཀླུའི་རྒྱལ་པོ་ཨ་ལུ་ཀ་དང་། ཀླུའི་རྒྱལ་པོ་ཧུ་ལུ་ཀ་དང་། ཀླུའི་རྒྱལ་པོ་ཨེ་ལ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི་ནག་པོ་དང་། དཀར་པོ་དང་། ལྗང་ནག་དང་། དཀར་
སེར་དང་། སྔོན་པོའོ། །གཡས་རྣམས་ན་དགྲ་སྟ་དང་། རལ་གྲི་དང་། རྩ་གཅིག་དང་། ཕྲེང་བ་དང་། བུམ་པ་དང་། གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པ། དྲི་ཟའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་ཅན། སྦྲུལ་གྱི་མདུད་པའི་ཁྲི་ལ་བཞུགས་པ། རིག་
སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་ཨེ་ལའི་ལོ་མ་དང་། ཀླུའི་རྒྱལ་པོ་འགྲོ་སྒྲ་དང་། ཀླུའི་རྒྱལ་པོ་འཆི་སྒྲ་དང་། ཀླུའི་རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་སྟོབས་ཅན་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་
གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དམར་པོ་དང་། སྔོན་པོ་དང་། ལྗང་གུ་དང་། དམར་སེར་དང་། དཀར་པོར་གནས་པའོ། །གཡས་རྣམས་ན་རྒྱལ་མཚན་དང་། བ་དན་དང་། གདུགས་དང་། དུང་དང་། རིན་པོ་ཆེ་བསྣམས་པའོ། །གཡོན་
རྣམས་ན་སྦྲུལ་གྱི་ཞགས་པའོ། །མིའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་ལྡན་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་སེར་སྐྱ་དང་། ཀླུའི་རྒྱལ་པོ་ཞི་བ་འཛིན་
དང་། ཀླུའི་རྒྱལ་པོ་མེ་ཏོག་ཨུཏྤ་ལ་དང་། ཀླུའི་རྒྱལ་པོ་སེན་མོ་ཅན་དང་། ཀླུའི་རྒྱལ་པོ་འཕེལ་བ་དང་། ཀླུའི་རྒྱལ་པོ་ཐར་པ་དང་ཞེས་བྱ་བ་ནི། སངས་རྒྱས་གྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ཀླུའི་
རྒྱལ་པོ་དེ་རྣམས་ནི་ཁྲ་བོར་གནས་པའོ། །གཡས་རྣམས་ནི་བུམ་པ་དང་། རྒྱལ་མཚན་དང་། གདུགས་དང་། དུང་དང་། འཁོར་ལོ་དང་། པདྨ་དང་ངོ་། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །གནོད་སྦྱིན་གྱི་ཆ་བྱད་དུ་བཞུགས་པའོ། །དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་

པའོ། །སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །རྗེའུ་རིགས་འཛིན་པའི་དུག་དུས་ནམ་ཕྱེད་ཡོལ་ན་རྒྱུ་བའོ། །སྦྲུལ་དེ་ཡང་ལྔ་ལྔར་གནས་པ། སྦྲུལ་དེ་ཡང་ཁྲོ་བོར་གནས་པ། གཡོན་ན་
གནས་པའི་སྦྲུལ་དེ་ཡང་ཁྲ་བོར་གནས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་དུས་སུ་ལོ་ཏོག་སྨིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་
པའི་གཞི་བཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་པའོ། །ས་འཛིན་པ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་པ། ཚེ་རིང་བ། བསྐལ་པར་གནས་པ། དབང་ཆེ་བར་
གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་
དེ་རྣམས་ནི་ཆུང་མ་དང་བཅས་པ། བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ། ཀླུའི་རྒྱལ་པོ་དེ་རྣམས་ནི་ནུབ་བྱང་
མཚམས་ན་གནས་པའོ། །ཀླུའི་རྒྱལ་པོ་བློ་ཅན་དང་། ཀླུའི་རྒྱལ་པོ་རབ་ཐར་དང་། ཀླུའི་རྒྱལ་པོ་ལ་བ་དང་། ཀླུའི་རྒྱལ་པོ་མགྱོགས་རབ་དགའ་དང་། ཀླུའི་རྒྱལ་པོ་ཨེ་ལ་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །
དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སྔོན་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་གུ་དང་། ནག་པོའོ། །གཡས་རྣམས་ན་ནཱ་ག་པུཥྤ་དང་། ཕྲེང་བ་དང་། པདྨ་དང་། ཀུནྡ་དང་། ཨུཏྤ་ལ་སྔོན་པོའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པ་བསྣམས་པའོ། །ལྷའི་ཆ་

བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པ། རིག་སྔགས་གྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་འདུས་པ་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང་།
ཀླུའི་རྒྱལ་པོ་གསལ་བ་ཅན་དང་། ཀླུའི་རྒྱལ་པོ་ལྟ་མཛེས་ཆེན་པོ་དང་ཞེས་བྱ་བ་ནི། སངས་རྒྱས་གྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་
གུའོ། །གཡས་རྣམས་ན་དུང་དང་། པུཎྜ་རཱི་ཀ་དང་། རིན་པོ་ཆེ་དང་། ཨ་འབྲས་དང་། རིན་པོ་ཆེ་འབར་བ་དང་ངོ་། །གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །དྲི་ཟའི་ཆ་བྱད་ཅན་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་
པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་རྒྱལ་པོ་མཆོག་ཅན་དང་། ཀླུའི་རྒྱལ་པོ་མཆོག་ལྡན་འགྲོ་མ་དང་། ཀླུའི་རྒྱལ་པོ་བཞིན་བཟངས་དང་། ཀླུའི་རྒྱལ་པོ་མེ་ལོང་གདོང་དང་། ཀླུའི་རྒྱལ་པོ་དྲི་འཛིན་དང་ཞེས་བྱ་བ་ནི། སངས་རྒྱས་
ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། ནག་པོ་དང་། སྔོན་པོ་དང་། ལྗང་ནག་དང་། དམར་ནག་དང་། མཐིང་གར་གནས་པའོ། །གཡས་རྣམས་ན་དགྲ་སྟ་དང་། རྩེ་གཅིག་དང་། འཁོར་ལོ་དང་། རྩེ་གསུམ་
དང་། མདུང་བསྣམས་པའོ། །གཡོན་རྣམས་ན་སྦྲུལ་གྱི་ཞགས་པའོ། །མིའི་ཆ་བྱད་དུ་བཞུགས་པ། དབུ་ལ་སྦྲུལ་གྱི་གདེངས་ཀ་དང་བཅས་པ། སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་པའོ། །ཀླུའི་
རྒྱལ་པོ་སེང་གེ་འཛིན་དང་། ཀླུའི་རྒྱལ་པོ་འགྲོ་ལྡིང་དང་། ཀླུའི་རྒྱལ་པོ་ནག་པོ་གཉིས་དང་། ཀླུའི་རྒྱལ་པོ་དཀར་པོ་གཉིས་དང་། ཀླུའི་རྒྱལ་པོ་ཉེ་དཀར་གཉིས་དང་། ཀླུའི་རྒྱལ་པོ་ཉེ་ནག་གཉིས་དང་ཞེས་བྱ་བ་ནི། སངས་རྒྱས་ཀྱི་བསྟན་པ་སྲུང་བ། དཀོན་མཆོག་གསུམ་ལ་

སྐྱབས་སུ་འགྲོ་བའོ། །དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་ནི། སེར་པོ་དང་། དམར་པོ་དང་། སྔོན་པོ་དང་། དཀར་པོ་དང་། དཀར་སེར་དང་། མཐིང་གའོ། །གཡས་རྣམས་ན་རིན་པོ་ཆེ་དང་། པདྨ་དཀར་པོ་དང་། ནཱ་ག་པུཥྤ་དང་། ཨ་འབྲས་ཀྱི་སྙིང་པོ་དང་། མེ་ཏོག་
ཙམ་པ་ཀ་དང་། ཨུཏྤ་ལ་སྔོན་པོ་དང་། གཡོན་རྣམས་ན་སྦྲུལ་ཞགས་བསྣམས་པའོ། །གནོད་སྦྱིན་གྱི་ཆ་བྱད་དུ་གནས་པའོ། །དབུ་ལ་སྦྲུལ་གྱི་གདིངས་ཀ་དང་བཅས་པའོ། །སྦྲུལ་གྱི་མདུད་པའི་སྟེང་ན་བཞུགས་པའོ། །རིག་སྔགས་ཀྱི་བཀའ་ལས་མི་འདའ་བ། སེམས་ཅན་གྱི་དོན་བྱེད་
པའོ། །གདོལ་པའི་རིགས་མཆེ་བའི་དུག་དུས་ཐོ་རངས་རྒྱུ་བའོ། །སྦྲུལ་གྱི་གདེངས་ཀ་གསུམ་དང་ལྡན་པ། སྦྲུལ་ནག་པོར་སྣང་བ། ཞགས་པ་ཡང་ནག་པོའོ། །ཀླུའི་རྒྱལ་པོ་དེ་དག་དང་། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲ་སྒྲོགས་པ། དུས་
དུས་སུ་གློག་འབྱིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་སྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་གཟུང་བ། གསུམ་ལ་སྐྱབས་སུ་འགྲོ་བ། ནམ་མཁའ་ལྡིང་གི་འཇིགས་པ་དང་། མེ་དང་བྱེ་མའི་འཇིགས་པ་དང་། རྒྱལ་པོའི་ལས་ཀྱི་འཇིགས་
པ་ལས་ཐར་བ། ས་འཛིན་པ་རིན་པོ་ཆེའི་གཞལ་ཡས་ཁང་ཆེན་པོ་ན་གནས་པ། ཚེ་རིང་བ་བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་
དོག་དང་ལྡན་པ། གྲགས་པ་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ། །ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བུ་དང་བཅས་པ། ཆུང་མ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། དེད་དཔོན་དང་བཅས་པ། ཕོ་ཉ་དང་
བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པའོ། །ཀླུའི་རྒྱལ་པོ་དེ་རྣམས་ནི། ཕྱོགས་རེ་རེ་ན་ཡང་རིགས་བཞི་བཞི་དང་ལྡན་པ། དེ་བཞིན་དུ་དུག་དང་། དུས་རྣམས་ཀྱང་ཡིན་ནོ། །གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་

སུ་འབྲུག་སྒྲ་སྒྲོགས་པ་ཞེས་བྱ་བ་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སམ། འཛམ་བུའི་གླིང་འདིར་ཡང་དུས་དུས་སུ་འབྲུག་སྒྲ་སྒྲོགས་པའོ། །དུས་དུས་སུ་གློག་འབྱིན་པ་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་ནམ་མཁའ་ལ་གློག་ཡང་དག་པར་འབྱིན་
པའོ། །དུས་དུས་སུ་ཆར་འབེབས་པ་ཞེས་བྱ་བ་ནི། དབྱར་དགུན་ཡང་ཆར་འབེབས་པར་བྱེད་པའོ། །དུས་དུས་སུ་ལོ་ཏོག་སྒྲུབ་པ་ཞེས་བྱ་བ་ནི། མ་སྨིན་པ་སྨིན་པར་བྱེད་པ་སྟེ། སེམས་ཅན་གྱི་དོན་ལ་ལོ་ལེགས་པར་བྱེད་པའོ། །སངས་རྒྱས་མཐོང་བ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་
སངས་རྒྱས་རྣམ་པར་གཟིགས་ལ་སོགས་པའི། འདས་པའི་སངས་རྒྱས་རྣམས་དང་ཡང་ཞལ་མཇལ་ཏེ། མ་འོངས་པའི་བྱམས་པ་ལ་སོགས་པ་རྣམས་ཀྱང་མཐོང་བར་འགྱུར་རོ། །ད་ལྟར་ཤཱཀྱ་ཐུབ་པ་དང་ཞལ་མཇལ་ནས་སྐྱབས་སུ་འགྲོ་བའོ། །བསླབ་པའི་གཞི་བཟུང་བ་ཞེས་བྱ་
བ་ནི། ཚེས་བརྒྱད་དམ། བཅུ་བཞིའམ། ཉ་ལ་སོགས་པའི་སྡོམ་པ་རྟག་ཏུ་ཡང་དག་པར་བཟུང་བའོ། །གསུམ་ལ་སྐྱབས་སུ་སོང་བ་ཞེས་བྱ་བ་ནི། སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་དང་གསུམ་ལ་སྐྱབས་སུ་སོང་བའོ། །ནམ་
མཁའ་ལྡིང་གི་འཇིགས་པ་དང་ཞེས་བྱ་བ་ནི། གཞན་ཀླུ་རྣམས་ལ་ནམ་མཁའ་ལྡིང་གི་འཇིགས་པ་ཡོད་དེ། ཀླུའི་རྒྱལ་པོ་དེ་རྣམས་ལ་མི་ཚུགས་སོ། །མེ་དང་བྱེ་མའི་འཇིགས་པ་དང་ཞེས་བྱ་བ་ནི། ཀླུ་གཞན་གྱི་ཡུལ་ན་མེ་དང་བྱེ་མའི་འཇིགས་པ་ཡོད་དེ། དེ་རྣམས་ལ་དེས་མི་
ཚུགས་པའོ། །རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བ་ཞེས་བྱ་བ་ནི། རྒྱལ་པོ་རྣམས་ཀྱིས་ས་རྐོ་བའམ། ཤ་རུལ་པས་འཇིགས་པའམ། ཁྲག་ལ་སོགས་པ་རུལ་བའམ། སྨན་མི་རྙེད་པའམ། དེ་རྣམས་ཀྱི་འཇིགས་པ་ལས་ཐར་བའོ། །ས་འཛིན་པའམ་ཞེས་བྱ་བ་ནི། ཀླུ་དེ་
རྣམས་གར་བསྡད་པའི་སར་ལོ་ལེགས་པའམ། ཆར་ཆེ་བའམ། ཆུ་བཟང་བའམ། མུ་གེས་ཚུགས་པར་མི་འགྱུར་ཏེ། སེམས་ཅན་རྣམས་ལ་དཔལ་འཕེལ་བའམ། ཀླུའི་འཇིགས་པས་ཚུགས་པར་མི་འགྱུར་རོ། །རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་ན་གནས་པ་ཞེས་བྱ་བ་ནི།

ཤར་ཕྱོགས་ན་གནས་པའི་གཞལ་ཡས་ཁང་ནི་གཞི་དངུལ་ལས་བྱས་ནས་རིན་པོ་ཆེ་སྣ་བདུན་ལ་སོགས་པས་བྱས་པའོ། །ལྷོ་ཕྱོགས་ཀྱི་གཞལ་ཡས་ཁང་ནི་གཞི་གསེར་ལས་བྱས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །ནུབ་ཕྱོགས་ཀྱི་གཞལ་ཡས་ཁང་ནི་
གཞི་པདྨ་རཱ་ག་ལས་བྱས་པ་སྟེ། རིན་པོ་ཆེ་སྣ་བདུན་ལ་སོགས་པས་བརྒྱན་པའོ། །བྱང་ཕྱོགས་ཀྱི་གཞལ་ཡས་ཁང་ནི། གཞི་མ་ར་ཀ་ཏས་བྱས་པ་ལས་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའོ། །མཚམས་བཞི་ཡང་ཕྱོགས་བཞི་དང་མཐུན་པའོ། །བལྟ་ན་སྡུག་པའི་གཞལ་ཡས་
ཁང་གི་ནང་ན་བཞུགས་པའོ། །ཚེ་རིང་བ་བསྐལ་བར་གནས་པ་ཞེས་བྱ་བ་ནི། བར་གྱི་བསྐལ་པ་གཅིག་ཏུ་གནས་པའོ། །དབང་ཆེ་བར་གྲགས་པ་ཞེས་བྱ་བ་ནི། གཞན་ཀླུ་རྣམས་ཀྱང་དབང་ཆེ་བ་སྟེ། འཇིག་རྟེན་ཁམས་ན་གྲགས་པའོ། །རྫུ་འཕྲུལ་ཆེ་བ་ཞེས་བྱ་བ་ནི། ས་འོག་
ས་སྟེང་ས་བླ་རྣམས་ན་གཟུགས་སྣ་ཚོགས་སྤྲུལ་ཞིང་། གོང་ནས་གོང་དུ་རྒྱུ་བའོ། །ལོངས་སྤྱོད་ཆེ་བ་ཞེས་བྱ་བ་ནི། ལྷའི་ལོངས་སྤྱོད་ཡོད་པ་ཇི་བཞིན་དུ་དེ་རྣམས་ཀྱང་ལོངས་སྤྱོད་པའོ། །འཁོར་ཕལ་ཆེ་བ་ཞེས་བྱ་བ་ནི། ས་སྲིན་ནམ་ས་བདག་གམ། ཀླུ་བཙན་ནམ། ཀླུ་ལ་སོགས་པའི་
འཁོར་བསམ་གྱིས་མི་ཁྱབ་པ་གནས་པའོ། །དགྲའི་དཔུང་རབ་ཏུ་འཇོམས་པ་ཞེས་བྱ་བ་ནི། དེ་རྣམས་ནི་གཞན་གྱིས་མི་ཐུབ་སྟེ། གང་དུ་འགྲོ་བ་ན་ཡང་རྒྱལ་བ་རྣམ་པར་རྒྱལ་བའོ། །རྫུ་འཕྲུལ་དང་ལྡན་པ་ཞེས་བྱ་བ་ནི། སྐད་ཅིག་མས་སྟོང་གསུམ་ཁྱབ་པའོ། །འོད་དང་ལྡན་པ་
ཞེས་བྱ་བ་ནི། དེའི་འོད་ཀྱིས་རང་གི་ཡུལ་ཁྱབ་པ་རང་རང་གི་འོད་ཀྱིས་རང་གསལ་བར་བྱེད་པའོ། །ཡང་ན་རིན་པོ་ཆེ་སྣ་བདུན་གྱི་འོད་ཀྱིས་ཁྱབ་པའོ། །ཁ་དོག་དང་ལྡན་པ་ཞེས་བྱ་བ་ནི། རང་རང་གི་ཁ་དོག་བལྟ་ན་སྡུག་པ་མཛེས་པའོ། །གྲགས་པ་དང་ལྡན་པ་ཞེས་བྱ་བ་ནི། ཀླུ་བྱང་
ཆུབ་སེམས་དཔའ་སེམས་ཅན་གྱི་དོན་བྱེད་པར་གྲགས་པའོ། །ལྷ་དང་ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་སྟེ་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་བལྟ་བར་ནུས་ཤིང་། ལྷ་དང་ལྷ་མ་ཡིན་གྱི་གཡུལ་བཀྱེ་བའི་རྫུ་འཕྲུལ་དང་ལྡན་པའོ། །ཀླུའི་རྒྱལ་པོ་ཆུང་

མ་དང་བཅས་པ་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་རེ་རེ་ལ་ཆུང་མ་བརྒྱ་བརྒྱ་དང་ལྡན་པ། འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་པའོ། །ཀླུ་མོ་དེ་རྣམས་ཀྱང་སྐྱེ་ལེགས་པ་བལྟ་ན་སྡུག་པ། རིགས་ཇི་བཞིན་དུ་ཀླུ་མོ་རྣམས་ཀྱང་དེ་བཞིན་ནོ། །བུ་དང་བཅས་པ་ཚ་བོ་དང་བཅས་པ་ཞེས་བྱ་བ་ནི།
དེ་རྣམས་ལ་བུ་དང་ཚ་བོ་ཡང་བརྒྱ་བརྒྱ་ཡོད་དེ། ལོངས་སྤྱོད་ལ་སོགས་པ་ཡང་དེ་བཞིན་ནོ། །སྤུན་དང་བཅས་པ་ཞེས་བྱ་བ་ནི། དེ་བཞིན་དུ་སྤུན་བརྒྱ་བརྒྱ་ཡོད་དེ་རྒྱལ་པོ་རྣམས་ཀྱི་གཅུང་པོའོ། །ལོངས་སྤྱོད་ལ་སོགས་པ་ཡང་གོང་བཞིན་ནོ། །བློན་པོ་དང་བཅས་པ་ཞེས་བྱ་བ་ནི།
བློན་པོ་ཡང་དེ་བཞིན་ནོ། །དེད་དཔོན་དང་བཅས་པ་ཞེས་བྱ་བ་ནི། འཁྲུག་པའི་དུས་ཡང་དེད་དཔོན་དེ་རྣམས་ཀྱིས་ལག་ཏུ་ལེན་པའོ། །ཕོ་ཉ་དང་བཅས་པ་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་རེ་རེ་ལ་ཕོ་ཉ་རེ་རེ་ཡོད་དེ། ཕོ་ཉའི་དུས་སུ་ཕོ་ཉ་གཏོང་བའོ། །མངག་པ་དང་བཅས་པ་ཞེས་བྱ་བ་
ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱི་འཕྲིན་ནོ། །གཡོག་དང་བཅས་པ་ཞེས་བྱ་བ་ནི། དེ་རྣམས་ནི་ནང་ན་ཡོད་པ་སྟེ། གཡོག་བརྒྱ་བརྒྱ་དང་ལྡན་པའོ། །འཁོར་དང་བཅས་པ་ཞེས་བྱ་བ་ནི། ནང་འཁོར་ཕྱི་འཁོར་གཉིས་ཡིན་ཏེ། དེ་ཡང་བསམ་གྱིས་མི་ཁྱབ་པར་གནས་པའོ། །འཁོར་
དང་གཡོག་དང་མངག་པ་དང་། དེ་རྣམས་ནི་མིའི་ཆ་བྱད་ལ་སྨད་སྦྲུལ་དུ་འདུག་པའོ། །སེམས་ཅན་ལ་གནོད་པ་སྐྱེལ་བ་ནད་སྣ་ཚོགས་གཏོང་བའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། ཐབས་ཤེས་རབ་གཉིས་
སུ་མེད་པའི་རང་བཞིན་སྒྲོ་འདོགས་མེད་པ་གཉུག་མའི་རང་བཞིན་ངོ་བོ་ཉིད་དང་བྲལ་བ། དེ་ལྟ་བུའི་རིག་སྔགས་ལ་གང་ཟག་གང་དང་གང་གིས་གུས་པར་བྱེད་པར་གྱུར་ན། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་སྲུང་བ་དང་སྐྱོབ་པར་འགྱུར་རོ། །སྦ་བ་དང་ཞེས་བྱ་བ་ནི། འཇིགས་པ་ལས་སྦ་
བའོ། །ཡོངས་སུ་སྐྱོབ་པ་དང་ཞེས་བྱ་བ་ནི། ཀླུའི་འཇིགས་པ་ལས་སྐྱོབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི། འཇིགས་པ་ལས་ཡོངས་སུ་གཟུང་བའོ། །ཡོངས་སུ་བསྐྱང་བ་དང་ཞེས་བྱ་བ་ནི། འཇིགས་པ་ལས་ཐར་ནས་བསྐྱང་བའོ། །ཞི་བ་དང་ཞེས་བྱ་བ་ནི། ཀླུ་

ནད་ཐམས་ཅད་ཞི་བའོ། །བདེ་ལེགས་སུ་གྱུར་པ་དང་ཞེས་བྱ་བ་ནི། ཀླུའི་ནད་ཀྱི་སྡུག་བསྔལ་ལས་ཐར་ནས་བདེ་བའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། ཀླུ་རྣམས་ཀྱི་ཆད་པས་མི་ཚུགས་པའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་མཚོན་
ཆའི་འཇིགས་པ་སྤོང་བར་བྱེད་པའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། དུག་བཞི་སྤང་བའོ། །དུག་གསོད་པ་དང་ཞེས་བྱ་བ་ནི། ཀླུའི་དུག་བཞི་རྩ་བ་ནས་མེད་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། དེའི་ནུས་པས་མཚམས་ལས་འགལ་མི་ནུས་པའོ། །ས་བཅིང་བ་དང་ཞེས་བྱ་
བ་ནི། ས་དེ་ནི་གནོད་མི་ནུས་པའོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། རྒས་པ་མེད་ཅིང་ནད་ཐམས་ཅད་དང་བྲལ་བའོ། །སྟོན་བརྒྱ་མཐོང་བར་ཤོག་ཤིག་ཅེས་བྱ་བ་ནི། བུ་དང་ཚ་བོ་ཐམས་ཅད་མཐོང་བ། ཚེ་རིང་བར་གནས་པའོ། །གཙང་སྦྲ་མ་བྱས་པ་དང་། གཙང་སྦྲ་
བྱས་པ་དང་ཞེས་བྱ་བ་ནི། གཙང་སྦྲ་མ་བྱས་པ་ནི་ཆོས་ཉིད་ཡིན་ཏེ། དེ་ཡང་རིག་པའི་རང་བཞིན་ནོ། །གཙང་སྦྲ་བྱས་པ་ནི་ཀྲྀ་ཡའི་ཚུལ་གྱིས་གནས་པ་སྟེ། དེ་ནི་གཙང་སྦྲ་ལ་བརྟེན་པའི་རིག་པའོ། །མྱོས་པ་དང་། རབ་ཏུ་མྱོས་པ་དང་ཞེས་བྱ་བ་ནི། དྲན་པ་སྟོར་བ་སྟེ། རབ་ཏུ་མྱོས་
པ་ནི་དེ་བས་ཀྱང་དྲན་པ་སྟོར་པའོ། །འགྲོ་བ་དང་འགྲེང་བ་ཞེས་བྱ་བ་ནི། ཐག་རིང་བ་དང་། ཐུང་བ་དང་། བསྡད་པའོ། །འགྲེང་བ་ནི་དྲན་པ་མི་རྙེད་ཅིང་འགྲོ་མི་ཤེས་པའོ། །འདུག་པ་དང་ཉལ་བ་དང་ཞེས་བྱ་བ་ནི། ལྡང་བར་མི་ནུས་པར་ནད་ཀྱིས་ཐེབས་པའོ། །ཉལ་བ་ནི་དེ་བཞིན་
དུ་ནད་ཀྱིས་ཐེབས་པའོ། །མི་ཉལ་བ་དང་འོངས་པ་དང་ཞེས་བྱ་བ་ནི། འདུག་སྙིང་མི་འདོད་ཅིང་། མ་རིག་པའི་སེམས་དང་ལྡན་པའོ། །མ་འོངས་པ་དགེ་བར་གྱུར་ཅིག་ཅེས་བྱ་བ་ནི། དེ་ལ་སོགས་པ་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་བདེ་བར་གནས་པའོ། །རྒྱལ་པོའི་འཇིགས་པ་དང་
ཞེས་བྱ་བ་ནི། སྲོག་དང་ནོར་ཤོར་བ་ལས་ཐར་བའོ། །ཆོམ་རྐུན་གྱི་འཇིགས་པ་དང་ཞེས་བྱ་བ་ནི། ལམ་དུ་ཞུགས་པ་དང་། ཁྱིམ་དུ་ནོར་སྟོར་བའི་འཇིགས་པའོ། །མེའི་འཇིགས་པ་དང་ཞེས་བྱ་བ་ནི། རང་གི་ཁྱིམ་དུ་གཞན་དུ་འགྲོ་བའི་སར་རི་ལ་སོགས་པ་ཚིག་པའོ། །ཆུའི་འཇིགས་

པ་དང་ཞེས་བྱ་བ་ནི། གྲུ་དང་གཟིངས་དང་རབ་ཀྱི་དཀྱིལ་ལོ། །མི་མཛའ་བའི་འཇིགས་པ་དང་ཞེས་བྱ་བ་ནི། དགྲ་བོ་དང་ཕྲད་པའོ། །གསོད་པའི་འཇིགས་པ་དང་ཞེས་བྱ་བ་ནི། སྲོག་དང་བྲལ་བར་བྱེད་པའོ། །ཕྱིར་རྒོལ་བ་དང་ཞེས་བྱ་བ་ནི། སྤྲོ་ཐུང་བ་གཤིས་ངན་པ་དང་ཕྲད་པའོ། །དགྲའི་
འཇིགས་པ་དང་ཞེས་བྱ་བ་ནི། དེ་ནི་གནོད་པར་བྱེད་པ་འབའ་ཞིག་གོ། །འཇོམས་པའི་འཇིགས་པ་དང་ཞེས་བྱ་བ་ནི། རྒྱལ་པོ་དང་གཞན་དབང་ཆེ་བ་རྣམས་ཀྱིས་འཇོམས་པའོ། །ཕ་རོལ་གྱི་དགྲའི་ཚོགས་ཀྱིས་འཇོམས་པ་དང་ཞེས་བྱ་བ་ནི། གཞན་ཡང་དཔུང་གིས་བཅོམ་པའི་འཇིགས་
པའོ། །མུ་གེའི་འཇིགས་པ་དང་ཞེས་བྱ་བ་ནི། ཆར་དཀོན་པ་དང་ཆར་ཆེས་པ་དང་། སེམས་ཅན་རྣམས་ཀྱི་ལོ་འཇོམས་པའོ། །དུས་མ་ཡིན་པའི་འཆི་བའི་འཇིགས་པ་དང་ཞེས་བྱ་བ་ནི། ཆུ་དང་། མེ་དང་། མཚོན་དང་། འབྱུང་པོ་དང་། རིམས་དང་། ཐོག་དང་། ལྷུང་བ་
དང་། རྡིབ་པ་དང་། ས་གཡོ་བའི་འཇིགས་པ་དང་ཞེས་བྱ་བ་ནི། རྐྱེན་གྱིས་གཡོ་བ་དང་། རྣམ་པར་སྨིན་པས་གཡོ་བའོ། །གཅན་གཟན་ཁྲོ་བོའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། སྟག་དང་དོམ་ལ་སོགས་པའི་འཇིགས་པ་སྟེ། རིག་སྔགས་ཀྱི་
རྒྱལ་མོའི་གཟི་བརྗིད་ཀྱིས། ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་སྲུང་བ་དང་སྐྱོབ་པར་བྱེད་དོ། །ལྷའི་འཇིགས་པ་དང་ཞེས་བྱ་བ་ནི། གདོན་རིགས་མི་གཅིག་པ་སྟོང་ཕྲག་བརྒྱད་ཅུ། ལྷའི་གདོན་ལ་སོགས་པ་གདོན་རིགས་སྟོང་ཕྲག་བརྒྱད་ཅུ་རྩ་གཉིས་སོ། །དེ་ལ་སོགས་པ་ངན་སོང་བསམ་
གྱིས་མི་ཁྱབ་པའོ། །གནོན་པོའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་གདོན་དེ་རྣམས་ཀྱི་འཇིགས་པ་ལ་བསྲུང་བ་དང་སྐྱབ་པར་འགྱུར་རོ། །གཤེད་བྱེད་དང་བསྒྱུར་བའི་ལས་ལ་སོགས་པ་ཞེས་བྱ་བ་ནི། ལས་བཅུ་བཞི་
ལས་ཐར་པ་སྟེ། དེའི་ལས་ནི་རྣམ་པར་སྨིན་པ་དང་རྐྱེན་གྱིས་བྱུང་བའོ། །སྨད་པའི་འཇིགས་པ་ལས་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་གདོན་དེ་རྣམས་ཀྱི་འཇིགས་པ་ལས་སྲུང་བ་དང་སྐྱོབ་པར་འགྱུར་རོ། །ཤུ་བ་དང་

ཞེས་བྱ་བ་ལ་སོགས་པ། མཛེ་རིགས་མི་མཐུན་པ་བཅོ་བརྒྱད་དོ། །ལྷོག་པའི་འཇིགས་པ་ལས་བདེ་ལེགས་སུ་གྱུར་ཅིག་ཅེས་བྱ་བ་ནི། ཀླུ་ནད་དེ་རྣམས་ནི་རིག་སྔགས་ཀྱི་རྒྱལ་མོའི་གཟི་བརྗིད་ཀྱིས་ཀླུའི་རྒྱལ་པོ་དེ་རྣམས་ཀྱིས་ཀྱང་ནད་དེ་རྣམས་ལས་སྲུང་བ་དང་སྐྱོབ་པར་བྱེད་པའོ། །མཚན་
མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང་། །ཞེས་བྱ་བ་ནི་རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དུས་དེ་གཉིས་ཀྱང་བདེ་བར་གནས་པ་ནད་ཐམས་ཅད་དང་བྲལ་བའོ། །ཉིན་མཚན་ཀུན་གྱི་བདེ་ལེགས་དག །སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །ཞེས་བྱ་བ་ནི་དུས་ཐོ་
རངས་ཀ་དང་། ཕྱི་དྲོ་དང་། རིག་སྔགས་ཀྱི་གཟི་བརྗིད་ཀྱིས་དུས་རྟག་ཏུ་བདེ་བའོ། །སངས་རྒྱས་ཕྱག་འཚལ་བྱང་ཆུབ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྟེན་གྱི་གང་ཟག་གིས་དེ་ལྟ་བུའི་སངས་རྒྱས་དང་བྱང་ཆུབ་ལ་ཕྱག་འཚལ་བའོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །
ཞེས་བྱ་བ་ནི་གཞི་ནས་གྲོལ་བ་སྟེ། གཞི་ནི་འཁོར་བའི་སྡུག་བསྔལ་ལོ། །འཁོར་བའི་སྡུག་བསྔལ་ལས་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་གཞི་ནི་ཐུན་མོང་སྟེ། གཞི་མེད་པ་ནི་ཐུན་མོང་མ་ཡིན་པའོ། །དེ་གཉིས་ལ་ཕྱག་འཚལ་ལོ། །
རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ནི་རྣམ་གྲོལ་ནི་གཟུགས་ལྟ་བུ་སྟེ། གྲོལ་བ་ནི་སྡུག་བསྔལ་ཏེ། སྡུག་བསྔལ་ལས་གྲོལ་བ་རྣམས་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ་ཞེས་བྱ་
བ་ནི། སྡིག་པས་མི་གོས་པ་གཙང་བའི་རིགས་རྣམས་ལ་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་ལ་བསྐྱང་བ་དང་སྲུང་བ་གྱིས་ཤིག་སྭཱ་ཧཱ་ཞེས་བྱ་བ་ནི། གང་ཟག་རིག་སྔགས་ཀྱི་རྒྱལ་མོ་ལ་གུས་པར་བྱས་ནས་རྗེས་སུ་ཡི་རང་ཞིང་ཁ་ཏོན་བྱེད་པར་གྱུར་ན་སྲུང་བ་དང་སྐྱོབ་པ་དང་། སྡུག་
བསྔལ་ཐམས་ཅད་ལས་སྐྱོབ་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་ཀླུའི་རྒྱལ་པོ་བརྒྱ་བདུན་ཅུའི་གནས་སྐབས་ཏེ་བཅུ་གསུམ་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའོ། །རིག་སྔགས་ཀྱི་

རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ཞལ་བཞི་ཕྱག་བརྒྱད་མ་སྐུ་མདོག་སེར་མོ། ཞལ་གཡས་དཀར་བ་གཡོན་དམར་བ། རྒྱབ་མཐིང་གའོ། །སྤྱན་གསུམ་དང་ལྡན་པ། སངས་རྒྱས་ལྔའི་དབུ་རྒྱན་ཅན། ཡེ་ཤེས་ལྔ་དང་ལྡན་པ་ཕྱག་གཡས་རྣམས་ན་རལ་གྲི་དང་
འཁོར་ལོ་དང་ཞགས་པ་དང་ངོ་། །གཡོན་རྣམས་ན་རྨ་བྱའི་སྒྲོ་དང་། དགྲ་སྟ་དང་། རྩེ་གསུམ་མོ། །ཐ་མ་གཉིས་ན་མདའ་གཞུ་འགེངས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་ལ་རྡོ་རྗེས་མཚན་པ། ཐབས་ཤེས་རབ་གཉིས་སུ་མེད་པ་ཞབས་ཕྱེད་སྐྱིལ་དུ་བཞུགས་པ། པདྨ་སྣ་ཚོགས་
ཀྱི་གདན་དང་། ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་པའོ་ཞེས་བྱ་བ་ནི། ནམ་མཁའི་རང་བཞིན་དང་འདྲ་བ་སྐུ་གསུང་ཐུགས་རྣམ་པར་དག་པ་དེ་ལྟ་བུའི་རིག་སྔགས་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་
པར་གཟིགས་ཀྱིས་གསུངས་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ནི་སྐུ་མདོག་གསེར་དང་འདྲ་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གཡོན་གཉིས་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་མཛད་པ་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཟླ་བའི་གདན་དང་ཉི་མའི་འོད་དང་
ལྡན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་པའོ། །རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི་ཨ་ར་ཌེ་ཀ་ར་ཌེ་མ་དེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་
སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། རིག་སྔགས་ཀྱི་རྒྱལ་མོ་ཞལ་བཞི་ཕྱག་བརྒྱད་པ། སྐུ་མདོག་སེར་མོ་གཡས་མཐིང་ག །གཡོན་དམར་བ་རྒྱབ་དཀར་བའོ། །སྤྱན་གསུམ་པ། རིགས་ལྔའི་དབུ་རྒྱན་ཅན། ཡེ་ཤེས་ལྔ་དང་ལྡན་པ། རྒྱན་
ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་གསུམ་ན་རལ་གྲི་དང་། རྡོ་རྗེ་དང་། འཁོར་ལོ་དང་ངོ་། །གཡོན་པ་གསུམ་ན་རྨ་བྱའི་སྒྲོ་དང་། ཞགས་པ་དང་། དགྲ་སྟ་བསྣམས་པའོ། །ཐ་མ་གཉིས་ན་མདའ་གཞུ་འགེངས་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པ། སྣ་ཚོགས་པདྨ་

དང་། ཟླ་བའི་གདན་ལ་ཉི་མའི་འོད་དང་བཅས་པའོ། །ཐབས་དང་ཤེས་རབ་གཉིས་སུ་མེད་པ། དབུ་ལ་འཁོར་ལོས་མཚན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་པའོ་ཞེས་བྱ་བ་ནི། སྟོང་པ་ཉིད་ཀྱི་རང་བཞིན་ནམ་མཁའ་
ལྟ་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད། རིག་སྔགས་ཀྱི་རྒྱལ་མོ་དེ་ལྟ་བུ་གསུངས་སོ། །སངས་རྒྱས་གཙུག་ཏོར་ཅན་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་འཛམ་བུའི་གླིང་གི་གསེར་འདྲ་བ། ཕྱག་མཉམ་གཞག་ཏུ་མཛད་པ། ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་
པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་པའོ། །རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཨིཊྚེ་མི་ཊྚེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བྱང་ཆུབ་ཆེན་པོས་བཀའ་སྩལ་པའོ། །རིག་སྔགས་ཀྱི་
རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ཞལ་བཞི་ཕྱག་བརྒྱད་པ། སྐུ་མདོག་གུར་ཀུམ་གྱི་མདོག་གོ། །གཡས་དཀར་བ། གཡོན་ལྗང་གུ། རྒྱབ་དམར་བ། སངས་རྒྱས་ལྔའི་དབུ་རྒྱན་ཅན། སྤྱན་གསུམ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡེ་ཤེས་ལྔ་དང་ལྡན་པ། གཡས་
རྣམས་ན་རལ་གྲི་དང་། རྡོ་རྗེ་དང་། རིན་པོ་ཆེའོ། །གཡོན་གསུམ་ན་རྨ་བྱའི་སྒྲོ་དང་། རྩེ་གསུམ་དང་། ཞགས་པའོ། །ཐ་མ་གཉིས་ན་མདའ་གཞུ་འགེངས་པའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པའོ། །ཟླ་བའི་གདན་དང་། ཉི་མའི་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པའོ། །
དབུ་ལ་རིན་པོ་ཆེས་བརྒྱན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་པའོ་ཞེས་བྱ་བ་ནི། ཐབས་ཤེས་རབ་གཉིས་སུ་མེད་པ་མི་དམིགས་པའི་ཡེ་ཤེས་ཀྱི་རང་བཞིན་དེ་དེ་ལྟ་བུའི་རིགས་ཀྱི་རང་བཞིན་ནི་སངས་རྒྱས་ཐམས་ཅད་སྐྱོབ་པས་གསུངས་
པའོ། །སངས་རྒྱས་ཐམས་ཅད་སྐྱོབ་པ་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་ལྗང་གུ་གཡས་མཆོག་སྦྱིན། གཡོན་མཉམ་གཞག་གོ། །ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། སངས་

རྒྱས་ཐམས་ཅད་སྐྱོབ་པས་གསུངས་པའི་རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི། མོ་རི་མོ་རི་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། ཐུགས་རྗེ་ཆེན་པོ་གཽ་ཏ་མས་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི་
རིག་སྔགས་ནི་ཞལ་བཞི་ཕྱག་བརྒྱད་པ། སྐུ་མདོག་སེར་པོ་ཞལ་གཡས་དཀར་གཡོན་དམར་རྒྱབ་ལྗང་གུའོ། །སྤྱན་གསུམ་པ། རིགས་ལྔའི་དབུ་རྒྱན་ཅན། གཡས་གསུམ་ན་རལ་གྲི་པདྨ། རྡོ་རྗེའོ། །གཡོན་གསུམ་ན་རྨ་བྱའི་སྒྲོ། ལྕགས་ཀྱུ། དགྲ་སྟའོ། །ཐ་མ་གཉིས་ན་མདའ་
གཞུ་འགེངས་པའོ། །ཡེ་ཤེས་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞབས་ཕྱེད་སྐྱིལ་དུ་བཞུགས་པ། སྣ་ཚོགས་པདྨའི་གདན་དང་ཟླ་བའི་གདན་དང་། ཉི་མའི་འོད་དང་ལྡན་པ། ཐབས་ཤེས་རབ་གཉིས་སུ་མེད་པ། དབུ་ལ་པདྨས་བརྒྱན་པའོ། །ཡང་དག་པར་རྫོགས་པའི་
སངས་རྒྱས་འཁོར་བ་འཇིག་གིས་གསུངས་པའོ་ཞེས་བྱ་བ་ནི། ཡང་དག་པའི་ཡེ་ཤེས་ཀྱི་རང་བཞིན་ཐབས་ཤེས་རབ་གཉིས་སུ་མེད་པའི་ངོ་བོ་ཉིད་དང་བྲལ་བ། དེ་ལྟ་བུའི་རིག་སྔགས་སངས་རྒྱས་འཁོར་བ་འཇིག་གིས་གསུངས་པའོ། །སངས་རྒྱས་འཁོར་བ་འཇིག་ནི་ཞལ་གཅིག་
ཕྱག་གཉིས་པ་སྐུ་མདོག་དམར་སེར། ཕྱག་གཉིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་འཁོར་བ་འཇིག་གིས་གསུངས་པ། རིག་སྔགས་ཀྱི་གསང་སྔགས་བལྟའོ། །རིག་སྔགས་ཀྱི་
གསང་སྔགས་ནི། ཧི་ཌི་མི་ཌི་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ཞལ་བཞི་ཕྱག་བརྒྱད་སྐུ་མདོག་དཀར་སེར། གཡས་མཐིང་ག །གཡོན་དམར་བ། རྒྱབ་ལྗང་གུའོ། །
སྤྱན་གསུམ་པ། རིགས་ལྔའི་དབུ་རྒྱན་ཅན། ཡེ་ཤེས་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་གསུམ་ན་རལ་གྲི་དང་། སྣ་ཚོགས་རྡོ་རྗེ་དང་། འཁོར་ལོའོ། །གཡོན་གསུམ་ན་རྨ་བྱའི་སྒྲོ་དང་། དགྲ་སྟ་དང་། རྩེ་གསུམ་བསྣམས་པའོ། །ཐ་མ་གཉིས་ན་མདའ་

གཞུ་འགེངས་པའོ། །ཞབས་ཕྱེད་ཀྲུང་དུ་བཞུགས་པའོ། །པདྨ་སྣ་ཚོགས་ཀྱི་སྟེང་དུ་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པའོ། །དབུ་ལ་སྣ་ཚོགས་ཀྱི་རྡོ་རྗེས་མཚན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་
ཐུབ་ཀྱིས་གསུངས་པའོ་ཞེས་བྱ་བ་ནི། ཀུན་རྫོབ་དང་དོན་དམ་པ་གཉིས་ཀྱི་རང་བཞིན་ཡེ་ཤེས་རྣམ་པར་དག་པ། ནམ་མཁའི་ངོ་བོ་དེ་ལྟ་བུའི་རིག་སྔགས་སངས་རྒྱས་གསེར་ཐུབ་ཀྱིས་གསུངས་པའོ། །སངས་རྒྱས་གསེར་ཐུབ་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་གསེར་གྱི་མདོག་
ཅན། གཡས་པ་སྐྱབས་སྦྱིན། གཡོན་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། སངས་རྒྱས་གསེར་ཐུབ་ཀྱིས་གསུངས་པའི་རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི་འདི་ལྟ་སྟེ། ཏ་ཏ་
ལེ་ཏ་ཏ་ལེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། བྱང་ཆུབ་ཆེན་པོས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ཞལ་བཞི་ཕྱག་བརྒྱད་པ་སྐུ་མདོག་སེར་པོ་གཡས་དཀར་གཡོན་དམར། རྒྱབ་མཐིང་ག །རིགས་ལྔའི་དབུ་རྒྱན་སྤྱན་
གསུམ་པ། ཡེ་ཤེས་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པ་གསུམ་ན་རལ་གྲི་དང་། རྡོ་རྗེ་དང་འཁོར་ལོའོ། །གཡོན་གསུམ་ན་རྨ་བྱའི་སྒྲོ་དང་། དགྲ་སྟ་དང་། ཞགས་པ་བསྣམས་པ་ཐ་མ་གཉིས་མདའ་གཞུ་འགེངས་པའོ། །ཞབས་ཕྱེད་སྐྱིལ་དུ་
བཞུགས་པ། པདྨ་སྣ་ཚོགས་ཀྱི་སྟེང་ན་ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པ། ཐབས་ཤེས་རབ་གཉིས་སུ་མེད་པའི་དབུ་ལ་མཆོད་སྦྱིན་གྱིས་བརྒྱན་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་གསུངས་པའོ་ཞེས་བྱ་བ་ནི། རིག་པའི་རང་བཞིན་ནམ་
མཁའ་ལྟ་བུ་འཇིག་རྟེན་གྱི་ཁམས་ཁྱབ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དོ། །དེ་ལྟ་བུའི་རིག་སྔགས་སངས་རྒྱས་འོད་སྲུངས་ཀྱིས་གསུངས་པའོ། །སངས་རྒྱས་འོད་སྲུངས་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་པོ་ཕྱག་གཉིས་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱའོ། །

ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི། འདི་ལྟ་སྟེ། སངས་རྒྱས་འོད་སྲུངས་ཀྱིས་གསུངས་པ། རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི་ཨཎྜ་རེ་པཎྜ་རེ་ལ་སོགས་པའོ། །ཀུན་དགའ་བོ་ཞེས་བྱ་བ་ནི། སངས་རྒྱས་ཤཱཀྱ་
ཐུབ་པས་བཀའ་སྩལ་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། མཚོན་པ་མཚོན་བྱེད་དང་ལྡན་པ། མཚོན་པ་ནི་ཡེ་ཤེས་སོ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །མཚོན་བྱེད་ནི་རིག་སྔགས་ཀྱི་རྒྱལ་མོ་བདག་ཉིད་དེ། དེ་ནི་ཐབས་ཀྱི་རང་བཞིན་ནོ། །དེ་ནི་གཉིས་སུ་
མེད་པར་བསྟན་པ་ནི་ཀུན་རྫོབ་དང་དོན་དམ་པ་གཉིས་སུ་མེད་པར་རྣམ་པར་དག་པའོ། །ཞལ་བཞིར་བསྟན་པ་ནི་ཚད་མེད་པ་བཞི་རྣམ་པར་དག་པའོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ་ནི། ཡེ་ཤེས་གསུམ་གྱི་རང་བཞིན་ནོ། །སངས་རྒྱས་ལྔའི་དབུ་རྒྱན་ནི་རིགས་ལྔ་
རྣམ་པར་དག་པའོ། །ཡེ་ཤེས་ལྔ་དང་ལྡན་པ་ནི། སྟོང་པ་ཉིད་ཀྱི་རང་བཞིན་བསྟན་པའོ། །ཞལ་སེར་པོ་དང་། དཀར་པོ་དང་། དམར་པོ་དང་། མཐིང་གར་བསྟན་པ་ནི། ལས་བཞི་རྣམ་པར་དག་པའོ། །སྐུ་མདོག་གསེར་དུ་སྣང་བ་ནི་དུག་བཞི་བཅོམ་པའོ། །ཕྱག་བརྒྱད་
དུ་སྣང་བ་ནི། རྣམ་པར་ཐར་པ་བརྒྱད་རྣམ་པར་དག་པའོ། །ཕྱག་གཡས་ན་རལ་གྲི་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་རྣམ་པར་དག་པའོ། །དེའི་འོག་རྡོ་རྗེ་བསྣམས་པ་ནི། ཡེ་ཤེས་ལྔའི་རང་བཞིན་རྣམ་པར་དག་པའོ། །དེའི་འོག་འཁོར་ལོ་བསྣམས་པ་ནི། མ་
རིག་པའི་རང་བཞིན་འཁོར་བ་རྣམ་པར་འཇོམས་པའོ། །གཡོན་དང་པོ་རྨ་བྱའི་སྒྲོ་བསྣམས་པ་ནི་དུག་བཞི་རྣམ་པར་འཇོམས་པའོ། །དེ་འོག་ཞགས་པ་བསྣམས་པ་ནི་མ་རིག་པའི་བདུད་བཞི་བཅིངས་པའོ། །དེ་འོག་རྩེ་གསུམ་བསྣམས་པ་ནི་སྲིད་པ་གསུམ་རྣམ་པར་འཇོམས་པའོ། །ཐ་མ་
གཉིས་ན་མདའ་གཞུ་འགེངས་པ་ནི། ཐབས་ཤེས་རབ་གཉིས་སུ་མེད་པར་རྣམ་པར་དག་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནི་ཐེག་པ་སྣ་ཚོགས་བསྟན་པའོ། །སྐུ་ལ་ན་བཟའ་གསོལ་བ་ནི། འདོད་པའི་ཡོན་ཏན་ལྔ་སྤོང་བའོ། །ཞབས་ཕྱེད་སྐྱིལ་དུ་བཞུགས་པ་ནི། སེམས་

ཅན་འདུལ་བའི་ངོ་བོར་བསྟན་པའོ། །སྣ་ཚོགས་པདྨ་ཁ་དོག་དྲུག་དང་ལྡན་པ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའོ། །ཟླ་བའི་གདན་ལ་ཉི་མའི་འོད་དང་ལྡན་པ་ནི། ཀུན་རྫོབ་དང་དོན་དམ་པར་དག་པའོ། །ཐབས་ཤེས་རབ་གཉིས་སུ་མེད་པ་ནི། ཡེ་ཤེས་ཀྱི་རང་བཞིན་
ཆོས་ཀྱི་སྐུའི་ངོ་བོ་རྣམ་པར་དག་པའོ། །དབུ་ལ་རྡོ་རྗེས་མཚན་པ་ནི། ནམ་མཁའི་རང་བཞིན་སྟོང་པ་ཉིད་དུ་དག་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ནས་ཞེས་བྱ་བ་ནི། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ་ལ་དེ་གསུམ་ཐ་མི་དད་པའི་རང་བཞིན་སྟོང་གསུམ་གྱི་སྟོང་ཆེན་པོའི་
འཇིག་རྟེན་གྱི་ཁམས་ཁྱབ་པ། ནམ་མཁའ་བཞིན་དུ་རྣམ་པར་དག་པ་སྤྲུལ་པའི་སྐུའི་རང་བཞིན་སེམས་ཅན་གྱི་དོན་བྱེད་པ་སངས་རྒྱས་ཤཱ་ཀྱ་ཐུབ་པ་ནི་ཞལ་གཅིག་ཕྱག་གཉིས་པ། སྐུ་མདོག་འཛམ་བུ་གླིང་གི་གསེར་དང་འདྲ་བ། གཡས་ས་གནོན་གྱི་ཕྱག་རྒྱ་མཛད་པ། གཡོན་
མཉམ་བཞག་གོ། །མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། དབུ་རེག་གཙུག་ཏོར་དང་ལྡན་པ། ཤམ་ཐབས་དང་ཆོས་གོས་སྐུ་ལ་གསོལ་བ། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ། སྨིན་མ་མཛོད་སྤུས་བརྒྱན་པ། པདྨའི་གདན་དང་
ཟླ་བའི་གདན་དང་། རྡོ་རྗེ་སེང་གེའི་ཁྲི་ལ་བཞུགས་པ། ཉི་མའི་འོད་དང་ལྡན་པའོ། །སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་ནི་སངས་རྒྱས་ཤཱཀྱ་ཐུབ་པ་ཇི་བཞིན་ནོ། །སེམས་ཅན་ལ་ཕན་པའི་ཕྱིར་ད་ལྟར་བཤད་པའོ་ཞེས་བྱ་བ་ནི། དེ་ལྟ་བུ་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པས། དགེ་སློང་
ས་རི་དང་། མཐའ་ཡས་ཀྱི་སེམས་ཅན་གྱི་དོན་ལ་དུག་བཞི་རྣམ་པར་སེལ་བའི་ཕྱིར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་སེམས་ཅན་རྣམས་ལ་ཐུགས་རྗེ་ཆེ་བ་དུག་དང་བདུད་དང་འབྱུང་པོ་རྣམས་ཀྱི་གཉེན་པོ་ནད་ཐམས་ཅད་སེལ་བ་འབྱུང་པོ་ཐམས་ཅད་འཇོམས་པ། སྐུ་གསུང་ཐུགས་ཀྱི་
རང་བཞིན་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་རིག་སྔགས་ཀྱི་རྒྱལ་མོ་དེ། སངས་རྒྱས་ཤཱཀྱ་སེང་གེས་རིག་སྔགས་གསུངས་པའོ། །ཏྱད་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཧི་ལི་

མི་ལི་ཀི་ལི་མི་ལི་ཨི་ལི་ལ་སོགས་པའོ། །ཇི་ལྟར་དེ་བཞིན་གཤེགས་པས་བསྟན་ཅིང་རྗེས་སུ་ཡི་རངས་ནས་ཞེས་བྱ་བ་ནི། གཞན་གྱིས་མི་ཐུབ་པ་རྣམ་པར་རྒྱལ་བ་སེམས་ཅན་ཐམས་ཅད་ལ་བཀྲ་ཤིས་པ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་དོ། །དེ་ལྟ་བུའི་རིག་སྔགས་ནི་ཡང་དག་པར་
རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་ད་ལྟར་གསུངས་པའོ། །དགེ་སློང་ཀུན་དགའ་བོས་དགེ་སློང་ས་རི་ལ་བདེ་ལེགས་སུ་འགྱུར་བར་བྱས་པ་དེ་བཞིན་དུ་བདག་ལ་སྲུང་བ་གྱིས་ཤིག་ཅེས་བྱ་བ་ནི། ཁ་རླངས་མཆེ་བའི་དུག་གིས་ཟིན་པ་སྟེ། ཀླུ་གདོལ་པའི་རིགས་ཀྱི་རང་བཞིན་དེའི་དུག་
སེལ་བ་དང་། སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དང་། དེ་བཞིན་དུ་བདག་གིས་ཀྱང་དེ་ལྟར་གྱིས་ཤིག་ཅེས་གསུངས་པའོ། །དེ་ལྟ་བུའི་རིག་སྔགས་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དུག་གི་ནད་ཐམས་ཅད་བཅོམ་པའོ། །སྦ་བ་དང་ཞེས་བྱ་བ་ནི། དུག་གི་འཇིགས་པ་
ལས་སྦ་བའོ། །ཡོངས་སུ་བསྐྱབ་པ་དང་ཞེས་བྱ་བ་ནི། དུག་གསུམ་གྱི་འཇིགས་པ་ལས་བསྐྱབ་པའོ། །ཡོངས་སུ་གཟུང་བ་དང་ཞེས་བྱ་བ་ནི་མི་དགེ་བ་བཅུ་བོར་ནས། དགེ་བ་ལ་གཟུད་པ་སྟེ། ནང་གི་གསུམ་དང་། ཕྱིའི་དུག་གསུམ་སྤངས་པའོ། །ཡོངས་སུ་བསྐྱང་བ་དང་ཞེས་
བྱ་བ་ནི། འཇིགས་པ་ཐམས་ཅད་བཅོམ་ནས། དགེ་བ་ལ་བསྐྱང་བའོ། །ཞི་བ་དང་ཞེས་བྱ་བ་ནི། དུག་ལ་སོགས་པའི་ནད་ཐམས་ཅད་ཞི་བའོ། །བདེ་ལེགས་སུ་འགྱུར་ཞེས་བྱ་བ་ནི། ལུས་ངག་ཡིད་བདེ་བར་བྱེད་པའོ། །ཆད་པ་སྤང་བ་དང་ཞེས་བྱ་བ་ནི། ཀླུ་གདོལ་པའི་
རིགས་ཀྱི་ཆད་པ་ཡང་སྤང་བའོ། །མཚོན་ཆ་སྤང་བ་དང་ཞེས་བྱ་བ་ནི། མཚོན་གྱི་རིགས་སུ་གཏོགས་པ་རྣམས་ཡང་དག་པར་སྤང་བའོ། །དུག་གཞིལ་བ་དང་ཞེས་བྱ་བ་ནི། དུག་གི་རིགས་ཀྱང་དཔག་ཚད་བརྒྱད་ཅུའི་བར་ནས་ཞི་བའོ། །དུག་གསད་པ་དང་ཞེས་བྱ་བ་ནི། བསྡད་
པ་དང་འགྲོ་བ་དང་བྱེད་པའི་དུག་གསུམ་ཡང་དག་པར་འཇོམས་པའོ། །མཚམས་གཅད་པ་དང་ཞེས་བྱ་བ་ནི། རིག་སྔགས་ཀྱི་བཀའ་ལས་མི་འདའ་བའོ། །ས་བཅིང་བ་གྱིས་ཤིག་ཅེས་བྱ་བ་ནི། རྡོ་རྗེའི་སའི་རང་བཞིན་ནོ། །ལོ་བརྒྱ་འཚོ་བར་གྱུར་ཅིག་ཅེས་བྱ་བ་ནི། དེའི་

ནུས་པས་ནད་མེད་ཚེ་རིང་བའོ། །སྟོན་བརྒྱ་མཐོང་བར་ཤོག་ཅིག་ཅེས་བྱ་བ་ནི། དགེ་བའི་རྩ་བ་ལ་བརྩོན་ཞིང་ཕུན་སུམ་ཡང་དག་པར་རྫོགས་པའོ། །ཀུན་དགའ་བོས་ཞེས་བྱ་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཡང་ནས་ཡང་དུ་གསུངས་པའོ། །
རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་ལྗང་གུ། གཡས་དཀར། གཡོན་དམར་བ། སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན། དབུ་ལ་རྒྱན་དང་བཅས་པ། ཤམ་ཐབས་སྐུ་འགག་དང་བཅས་པ། གཡས་པ་ན་པོ་
ཏི་དང་། ཕྲེང་བ་དང་། བུམ་པ་བསྣམས་པ། གཡོན་པ་རྣམས་ན་རྨ་བྱའི་སྒྲོ་དང་། བུམ་པ་སྤྱི་བླུགས་དང་། སྐྱབས་སྦྱིན་ནོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཡེ་ཤེས་ལྔ་དང་ལྡན་པ། བཞེངས་ནས་བཞུགས་པ། ཐབས་ཤེས་རབ་གཉིས་སུ་མེད་པ། ཟླ་བའི་གདན་
ལ་ཉི་མའི་འོད་དང་ལྡན་པ། དབུ་ལ་མཆོད་རྟེན་གྱིས་མཚན་པའོ། །བྱང་ཆུབ་སེམས་དཔའ་བྱམས་པས་བརྗོད་ཅིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཀྱི་རང་བཞིན་སེམས་ཅན་ཐམས་ཅད་དེ་ལྟ་བུས་ཁྱབ་པའི་
རང་བཞིན་ཏེ། དེ་ལྟ་བུའི་རང་བཞིན་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། །བྱང་ཆུབ་སེམས་དཔའ་བྱམས་པས་གསུངས་པའོ། །བྱང་ཆུབ་སེམས་དཔའ་བྱམས་པ་ནི་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་སེར་པོ་རལ་པའི་ཐོར་ཚུགས་ཅན་དབུ་ལ་མཆོད་རྟེན་གྱིས་མཚན་
པའོ། །གཡས་མཆོག་སྦྱིན་གཡོན་བུམ་པ་སྤྱི་བླུགས་བསྣམས་པའོ། །ཕྲག་པ་ན་ཀྲྀཥྞ་ས་ལེའི་པགས་པ་ཡོད་པ། ཤམ་ཐབས་དང་སྐུ་ཨངྒ་རག་གིས་སྐུ་ལ་བརྒྱན་པ། མེ་ཏོག་ནཱ་ག་པུཥྤས་ཕྲག་པ་གཉིས་ལ་མཛེས་པར་བརྒྱན་པ། དེ་ལྟ་བུའི་མཛེས་རྒྱུད་ལྡན་
པའི་བྱམས་པས་ཀྱང་གསུངས་པའོ། །ཏདྱ་ཐཱ་ཞེས་བྱ་བ་ནི་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱམས་པས་གསུངས་པ་རྗེས་སུ་ཡི་རང་བ་རིག་སྔགས་ཀྱི་གསང་སྔགས་བལྟ་བའོ། །རིག་སྔགས་ཀྱི་གསང་སྔགས་ནི། ཤི་རི་ཤི་རི་ལ་སོགས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་

མོ་ལས་འདས་པ་དང་མ་འོངས་པ་དང་ད་ལྟར་ཡོད་པ་རྣམས་ཀྱིས་གསུངས་ཤིང་རྗེས་སུ་ཡི་རང་བའི་གནས་སྐབས་ཏེ་བཅུ་བཞི་པའོ།། །།ཀུན་དགའ་བོ་ཞེས་བྱ་བ་ནི། སེམས་ཅན་གྱི་དོན་དུ་ཡང་ནས་ཡང་དུ་གསུངས་པའོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཞེས་བྱ་བ་ནི།
ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་མོ་སྤྱན་གསུམ་པ་རལ་པའི་ཐོར་ཚུགས་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །གཡས་གཉིས་ན་ཕྲེང་བ་དང་དུང་བསྣམས་པ། གཡོན་གཉིས་ན་རྨ་བྱའི་སྒྲོ་དང་། སྦྲུལ་བསྣམས་པའོ། །བཞེངས་ནས་བཞུགས་པ། ཟླ་བའི་གདན་ལ་
ཉི་མའི་འོད་དང་ལྡན་པ། ཐབས་ཤེས་རབ་གཉིས་སུ་མེད་པའོ། །མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་ཤིང་རྗེས་སུ་ཡི་རང་བའོ་ཞེས་བྱ་བ་ནི། ཐབས་ཤེས་རབ་གཉིས་སུ་མེད་པ་ནམ་མཁའི་རང་བཞིན་རིག་པ་མཐར་ཐུག་པ་དེའི་རང་བཞིན་མི་མཇེད་ཀྱི་བདག་པོ་ཚངས་པས་གསུངས་
པའོ། །མི་མཇེད་ཀྱི་བདག་པོ་ཚངས་པ་ནི་ཞལ་བཞི་ཕྱག་བརྒྱད་པ་སྐུ་མདོག་དཀར་པོ། སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། ཚངས་པར་སྤྱོད་པའི་རང་བཞིན་ཅན། ཕྱག་གཡས་པ་རྣམས་ན་ཕྱག་འཚལ་བ་དང་། ཕྲེང་བ་དང་། བུམ་པ་དང་། མཆོག་སྦྱིན་དུ་མཛད་
པའོ། །གཡོན་རྣམས་ནི་པོ་ཏི་དང་། དབྱུ་གུ་གསུམ་པ་དང་། བུམ་པ་སྤྱི་བླུགས་དང་། མཉམ་གཞག་གོ། །ཞབས་པདྨའི་སྐྱིལ་ཀྲུང་དུ